ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམ་ཐར་བསྡུས་པ།
ཨོཾ་སྭ་སྟི།
།ཆོས་སྐུ་འོད་དཔག་མེད་པའི་ཐུགས་རྗེ་ལས། །རང་བྱུང་གསང་བའི་མཛོད་འཛིན་རྡོ་རྗེ་ཆོས།
།གྲུབ་པའི་སྐྱེས་བུའི་སྐུར་བཞེངས་རིག་པ་འཛིན། །སྐྱེས་རབས་རྨད་བྱུང་མཛད་པ་བསྔགས་པའི་ཡུལ།
ཡོངས་སུ་གྲགས་པའི་སྐྱེས་མཆོག་ཀཿཐོག་རིག་འཛིན་ཆེན་པོ་མཆོག་གི་སྤྲུལ་གཞི།
རྒྱལ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་གཟུགས་ཆོས་སྐུ་འོད་དཔག་མེད་དང་། གསང་བདག་རྡོ་རྗེ་ཆོས་ཨོ་རྒྱན་པདྨ་འབྱུང་གནས་སོགས་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབྱིངས་ལས་འགྲོ་བའི་ཁམས་དབང་དང་བསྟུན་ཏེ་འཇིག་རྟེན་གྱི་ཁམས་སོ་སོར་སྤྲུལ་བའི་སྐུ་ཐ་དད་པར་སྣང་བར་མཛད་པའི་རྣམ་པར་ཐར་བ་མདོ་ཙམ་གླེང་ན། སྟོན་པ་ཤཱཀྱའི་དྲུང་དུ་དགྲ་བཅོམ་ཉེ་བར་འཁོར། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལས་ཨ་ཙཪྱཱ་ནག་པོ་སྤྱོད་པ། འཛམ་གླིང་མཛེས་པའི་རྒྱན་དྲུག་ལས་བསླབ་པའི་རྒྱན་གྱུར་ཡོན་ཏན་འོད། འཕགས་ཡུལ་རིག་འཛིན་རྣམ་བརྒྱད་ལས་ཡང་དག་ཐུགས་ཀྱི་བཀའ་བབས་ཧཱུྃཿཆེན་ཀ་ར། པདྨའི་ཐུགས་སྲས་ལས་ཅན་དག་པའི་འཁོར་ལྔ་ལས་གནུབས་བན་ནམ་མཁའི་སྙིང་པོ། འགྲོ་འདུལ་གཏེར་ཆེན་བརྒྱ་རྩ་ལས་བྱ་སྟོན་བྱང་ཆུབ་གླིང་པ་དང་གྲྭ་པ་བཛྲ། བྱམས་ཆེན་རབ་འབྱམས་ཀུན་མཁྱེན་སངས་རྒྱས་འཕེལ། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན། ཇོ་ནང་ཀུན་མཁྱེན་ཆེན་པོའི་ཐུགས་སྲས་བཅུ་བཞི་ལས་ས་བཟང་མ་ཏི་པཎ་ཆེན། ཀཿཐོག་བསྟན་པའི་སྲོལ་འབྱེད་དམ་གཙང་བྱམས་གསུམ་ལས་གཙང་སྟོན་རྡོ་རྗེ་རྒྱལ་མཚན། ཀཿཐོག་སྡེ་གསུམ་སྙིང་པོའི་ཤིང་རྟ་འབུམ་པ་བཅུ་གསུམ་ལས་སྒྱུ་འཕྲུལ་བཀའ་བབས་ཚུལ་ཁྲིམས་འབུམ་པ་སོགས་གཉིས་མེད་ཡེ་ཤེས་ཀྱི་སྤྲུལ་བའི་རོལ་གར་གྲངས་མེད་པ་བྱུང་མོད་འོན་ཀྱང་འདིར་ནི་ལྗོངས་འདིར་སྐུ་ཕྲེང་བགྲང་བའི་སྲོལ་ཚུགས་ནས་ལོ་རྒྱུས་རྣམས་སུ་འཁོད་པ་ལྟར་སྨྲ་བར་བྱ་སྟེ།
འདིར་ཀཿཐོག་ཞེས་པ་ནི་འཁྲུངས་ཡུལ་ཁམས་ཀཿཐོག་ལྷོ་རྒྱུད་ཡིན་པས་དེ་སྐད་ཅེས་བརྗོད་པ་སྟེ། དཔེར་ན། ཀུན་མཁྱེན་དུས་གསུམ་སངས་རྒྱས་གྱི་འཁྲུངས་ཡུལ་དོལ་པོ་ཡིན་པས། དོལ་པོ་བ་དང༌། རྗེ་བློ་བཟང་གྲགས་པའི་འཁྲུངས་ཡུལ་མདོ་སྨད་ཙོང་ཁ་ཡིན་པས་ཙོང་ཁ་པ་དང༌། དེ་བཞིན་ས་སྐྱ་པཎ་ཆེན་དང༌། གློ་བོ་མཁན་ཆེན། ཞྭ་ལི་ལོ་ཙཱ་བ། རྡོ་གྲུབ་ཆེན་སོགས་ས་མིང་བླ་མ་ལ་གཏགས་པ་ཇི་སྙེད་ཅིག་ཡོད་དོ།
གསལ་བཤད།
[རྩོམ་སྒྲིག]སྐུ་ཕྲེང་འདྲེན་ཚུལ་ཀཿཐོག་ལུགས་ཤིག་དང༌། བཀའ་བརྒྱུད་པའི་ལུགས། ཇོ་ནང་གི་ལུགས་སོགས་ཐ་དད་པ་བྱུང་བ་ལས་འདིར་ནི་སྐུ་ཕྲེང་གཉིས་པའི་བཀའ་ཆོས་བཀའ་རྒྱུད་དང་ཇོ་ནང་གཉིས་ལ་འཕྲིན་ལས་ཆེ་བས་ལོ་རྒྱུས་མཁན་མང་པོས་དེ་གཉིས་ཀའི་ལུགས་གཙོ་བོར་འཛིན་ནོ། །འོན་ཀྱང་བཀའ་བརྒྱུད་ལུགས་ལ་སྐྱེ་ཕྲེང་མང་པོ་ཞིག་བསྒྲང་པས་སྙོག་དྲྭ་ཅུང་ཆེ་བར་བསམ་ཇོ་ལུགས་གཙང་བར་མཐོང་པས་འདིར་དེའི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ཚུལ་གྱི་གསལ་བཤད་སྔོན་དུ་བཏང་ནས་ཞུ་རྒྱུ།
སྐུ་ཕྲེང་དང་པོ། ས་བཟང་མ་ཏི་པཎ་ཆེན།
[རྩོམ་སྒྲིག]༈ སྤྱི་ལོ་༡༢༩༤་་༡༣༧༦་བར་དུ་བྱུང༌། མཚན་གྱི་རྣམ་གྲངས་ལ། མ་ཏི་དྷྭ་ཛ། བློ་གྲོས་རྒྱལ་མཚན། ས་བཟང་ལོ་ཙཱ་སོགས་ཞུའོ། འཁྲུངས་ཡུལ་མངའ་རི་སྐོར་གསུམ་གྱི་ཕྱོགས་ཏེ། བཙས་མ་ཐག་ནས་གོམ་པ་གསུམ་སྤོས་ནས་བྱམས་པའི་སྤྲུལ་བས་འགྲོ་དོན་མཛད་པའི་ཚིག་བཅད་གསུངས། དགུང་ལོ་བཞི་ནས་བྱམས་ཆོས་སྡེ་ལྔ་བློར་ཆུད་ཅིང་ཞལ་འདོན་མཛད། ལོ་བཅོ་ལྔ་སྐོར་ནས་གྲུབ་མཐའ་རིས་སུ་མ་ཆད་པའི་བཤེས་གཉེན་མང་དུ་བརྟེན་ཅིང་མདོ་རྒྱུད་བསྟན་བཅོས་ཁྲིད་དང་དབང་ལུང་རྒྱ་མཚོ་ལྟ་བུ་གསན་སྦྱངས་མཛད་དེ་ཕྱོགས་སོ་སོར་གྲྭ་སྐོར་མཛད་པས་མཁས་གྲགས་འབར། དགུང་ལོ་ཉེར་ལྔར་ཞྭ་ལིར་བྱོན་ནས་མཁན་ཆེན་དྲུང་ནས་བསྙེན་པར་རྫོགས། དེ་ནས་ཀུན་མཁྱེན་ཇོ་ནང་བ་ཆེན་པོས་དབྱར་ཆོས་སུ་རྒྱུད་མཁའ་འགྲོ་རྒྱ་མཚོ་གསུངས་པ་ཞུ་བར་བྱོན་ནས་ཆོས་ཐུན་ལན་གཅིག་ཞུས་པ་ཙམ་གྱིས་བླ་མའི་མཁྱེན་པའི་སྟོབས། རིགས་པའི་རྩལ། ཚིག་གི་སྡེབས་སྦྱོར་སོགས་ཀྱིས་ཡིད་འཕྲོག་ཅིང་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས་ཇོ་མོ་ནང་དུ་རྒྱུན་རིང་བཞུགས། ཀུན་མཁྱེན་ཆོས་རྗེར་དབང་ལུང་གདམས་པའི་རྒྱུན་ཡོད་དོ་ཅོག་ཞུས་ཤིང་མཁས་པའི་ཕུལ་དུ་ཕྱིན་ཏེ་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། གྲུབ་མཐའ་གཞན་གྱི་མཁས་པ་རྣམས་ཀྱིས་ཀྱང་ཐུགས་སྲས་བཅུ་བཞིའི་གཙོ་བོ་མ་ཏི་རྣམ་གཉིས་ཞེས་བསྔགས་པ་བརྗོད་པའི་ཡུལ་དུ་གྱུར། གཞན་ཀུན་སྤང་ཆོས་གྲགས་དཔལ་དང༌། ལོ་ཙཱ་བ་བློ་གྲོས་བརྟན་གཉིས་དང་ཕན་ཚུན་ཆོས་ཀྱི་གནང་སྐྱེས་འབུལ་རེས་བྱས་པས་དགོངས་པ་འོ་ཆུ་བཞིན་དུ་འདྲེས། བླ་མ་རྒྱལ་མཚན་དཔལ་གྱིས་ས་བཟང་དགའ་ལྡན་དགོས་རྟེན་དང་རྟེན་པ་ཕུལ་པས་དེར་གདན་སའི་གཙོ་བོ་མཛད་ཅིང་བཀའ་ཆོས་རྒྱུན་དུ་གསུངས། བྱམས་གླིང་དུ་སྡེ་བ་དོལ་པ་མཆོག་གིས་གཙུག་ཏུ་བཀུར་ཏེ་མཐུན་རྐྱེན་སྦྱར་བས་ཇོ་ནང་དཔལ་གྱི་མཆོད་རྟེན་ཚད་ལྡན་བཞེངས། རྗེ་ཙོང་ཁ་བ་ཆེན་པོས་ཀྱང་འདི་ཉིད་ཀྱི་ཞབས་ལ་བཏུད་དེ་སྒྲ་དང་སྡེབས་སྦྱོར་སོགས་གསན་པ་རྗེའི་རྣམ་ཐར་ཁག་ཏུ་གསལ། གཞན་ཡང་ས་སྐྱ་དང་ཇོ་ནང་བའི་སྐྱེས་མཆོག་མང་པོས་རྗེ་འདི་ཉིད་གཙུག་གི་རྒྱན་དུ་བསྟེན་ཏེ་ཐུན་མོང་དང་ཐུན་མིན་གྱི་གདམས་པ་གསན་པ་སོ་སོའི་མཛད་རྣམ་ཁག་ལ་འཁོད་པ་ལྟར་རོ།
གསུངས་རྩོམ།
[རྩོམ་སྒྲིག]མཛོད་འགྲེལ་པོད་གཉིས། སྤྱོད་འཇུག་འགྲེལ་ཆེན་པོད་གཅིག རྡོ་རྗེ་ཐེག་པའི་ས་ལམ་རྣམ་བཞག་སོགས་ཀཿཐོག་རིག་འཛིན་ཆེན་པོས་བོ་དོང་དུ་དཔར་དུ་བསྐྲུན་པའི་འཕྲིན་ལས་དེང་སང་ཡང་མ་ཆད་ཙམ་དང༌། གཞན་ཡང་སྒྲ་ཊཱིཀ བླང་དོར་རབ་གསལ། རྩིས་གཞུང༌། ཐིག་རྩ་སོགས་ཡོད་པར་གསུངས། ཁོང་ལེགས་སྦྱར་སྐད་ལ་བྱང་ཆུབ་པས་བསྟན་བཅོས་དུ་མ་བོད་དུ་བསྒྱུར་བ་ལས་མིག་སྔར་ཡོད་པ། བསྟན་འགྱུར་ལས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་བ། དཔལ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས། ཀ་ལཱ་པའི་མདོ་དང་འབྲེལ་བའི་སི་ལ་སོགས་པའི་རྣམ་དབྱེ། གཞན་ཡང་ཐོར་བུ་ཡང་མང་དུ་ཡོད་པར་གསུངས་སོ།
དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་དགུང་ལོ་གྱ་གསུམ་བཞེས་པ་མེ་འབྲུག་ལོའི་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ངོ་མཚར་དུ་མ་བཅས་གཤེགས་སོ། སྐད་གཉིས་འགྱུར་བྱང་༣༡༢།ཁ་བསྐང་དགོས།
སྐུ་ཕྲེང་གཉིས་པ། རྗེ་བཙུན་ཀུན་དགའ་མཆོག་གྲུབ།
[རྩོམ་སྒྲིག]༈ ༡༤༢༠་ཙམ་ལ་བྱོན། ཆུང་ངུའི་དུས་ནས་སྐུ་རབ་ཏུ་བྱུང་། ས་སྐྱ། ཇོ་ནང་། བཀའ་བརྒྱུད། རྙིང་མ་སོགས་ཀྱི་མཁས་གྲུབ་བརྒྱ་ཕྲག་བརྟེན། བོད་གངས་ཅན་དུ་བྱོན་པའི་གདམས་པའི་བརྒྱུད་སྲོལ་མཐའ་ཡས་པ་ཐོབ། ས་སྐྱའི་བླ་མ་དུ་མས་ས་བཟང་ལོ་ཙཱ་བ་ཆེན་པོའི་སྤྲུལ་བར་བསྔགས། དགུང་ལོ་ཆུང་ངུའི་དུས་ནས་རྙིང་མའི་བཀའ་བརྒྱད་ཀྱི་དབང་ལུང་མང་དུ་ཞུས་ཏེ་བསྙེན་པ་བཏང༌། ཕྱག་དཔེ་གཙོ་བོ་ཇོ་ནང་པའི་གསུང་རབ་ལ་སྦྱངས་བ་བྱས། སྦྱོར་དྲུག་གི་ཉམས་ལེན་ལོ་བཅུ་གཉིས་ལ་བྱས། བུམ་ཆེན་ཟླ་བ་རེར་ཟིན་པ་བྱུང་། རླུང་ལ་རང་དབང་ཐོབ་པས་མཁའ་སྤྱོད་དང་། བཅུད་ལེན་སོགས་འགྲུབ། ཚེ་ལ་རང་དབང་ཐོབ། ཇོ་ནང་རི་ཁྲོད་སོགས་སུ་ཕེབས་ཤིང་། ངེས་དོན་སྙིང་པོ་གཞན་སྟོང་སེངྒེའི་ང་རོ་བསྒྲགས། གང་དང་ཐུགས་བརྒྱུད་གཅིག་པའི་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་སོགས་ལ་གདམས་པ་ཡོངས་སུ་རྫོགས་པ་གཏད་ཅིང་། གདོས་བཅས་ཀྱི་ལུས་ཇོ་ནང་རི་ཁྲོད་དུ་བཞག་ནས་སྤྲུལ་བའི་ཞིང་མཆོག་ཤམྦྷ་ལར་དུས་ཀྱི་འཁོར་ལོའི་རྒྱུད་འཆད་པར་དངོས་སུ་ཕེབས། ཟླ་གསུམ་འཁོར་རྗེས་སླར་ཡང་སྒྱུ་མའི་ལུས་ལ་ཞུགས་ནས་དགུང་ལོ་༡༣༠་ལྷག་བཞེས་ཚེ་གདམས་པ་ལྷག་ལུས་མེད་པར་ཞལ་སློབ་རྣམས་ལ་བསྩལ། གཉུག་མའི་སེམས་ཕྲ་བ་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་དཔལ་དུས་ཀྱི་འཁོར་ལོའི་ཐུགས་དང་དབྱེར་མེད་དུ་གྱུར་ཏོ། །
སྐུ་ཕྲེང་གསུམ་པ། གཏིང་སྐྱེས་རྒྱལ་སྲས།
[རྩོམ་སྒྲིག]༈ སྤྱི་ལོ་༡༥༨༥ཡས་མས་སུ་བྱུང༌། མཚན་གྱི་རྣམ་གྲངས་ལ། གཏིང་སྐྱེས་བླ་ཆེན། བླ་ཆེན་ཡེ་ཤེས་རྒྱ་མཚོ། འཇམ་དཔལ་ཡེ་ཤེས་རྒྱ་མཚོ་བཅས་ཞུའོ། འཁྲུངས་ཡུལ་གཏིང་སྐྱེས་སུ་འཁྲུངས་ཤིང་དགུང་ལོ་ཆུང་ངུའི་དུས་ནས་ཇོ་ནང་རྗེ་བཙུན་ཆེན་པོ་༧ཏཱ་ར་ནཱ་ཐའི་ཞབས་ལ་བཏུད་དེ་ཆོས་བཀའ་ཅི་རིགས་པ་གསན། རྗེ་བཙུན་ཆེན་པོས་ས་བཟང་མ་ཏི་པཎ་ཆེན་གྱི་སྤྲུལ་བར་ལུང་བསྟན་ཅིང་ཁྲི་འདོན་མངའ་གསོལ་སོགས་རྒྱ་ཆེན་པོ་བྱས། རང་དང་ཐུགས་རྒྱུད་གཅིག་པར་ཡང་ཞལ་གྱིས་བཞེས། ས་རྙིང་དགེ་ལྡན་གྱི་མཁས་གྲུབ་མང་པོ་དང་ཆོས་གསན་རེས་བྱས་པས་བློ་གྲོས་རབ་ཏུ་རྒྱས་ཏེ་མཁས་པའི་སྙན་པ་རྒྱས། རྗེ་བཙུན་ཆེན་པོའི་མདུན་ནས་དུས་འཁོར་སྦྱོར་དྲུག་གི་ཁྲིད་གསན་ནས་སྒོ་འདམ་སྦྱར་བྱས་ནས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཚད་དང་ལྡན་པ་བགྱིས་ཏེ་ལས་རླུང་དབུ་མར་ཞུགས་པའི་རྟགས་བཅུ་སོགས་བྱུང༌། ཉམས་སྣང་དུ་ཤམྤ་ལའི་ཞིང་དུ་ཕེབས་ཏེ་ཆོས་རྒྱལ་རྣམས་ནས་དུས་འཁོར་གྱི་རྒྱུད་འགྲེལ་ཞུས་པའི་ཉམས་བྱུང་བའི་ཚུལ་ཡི་གེ་རྒྱས་པར་བྲིས། ཁྱད་པར་དུ་རྗེ་བཙུན་མཆོག་གི་དྲུང་ནས་བདེ་མཆོག་གི་མན་ངག་ཡོངས་སུ་རྫོགས་པ་མནོས་ཏེ་ཉམས་སུ་བླང་པས་ཁམས་དྲུག་ཉི་ཟླ་དག་པའི་ཡོན་ཏན་བརྒྱད་སོགས་མངོན་དུ་གྱུར། རྗེ་བཙུན་ཆེན་པོས་ཐུན་མོང་མ་ཡིན་པའི་བདེ་མཆོག་གི་བཀའ་བབས་སུ་དབང་བསྐུར། གཏིང་སྐྱེས་དགོན་འབངས་ཐམས་ཅད་རྗེ་བཙུན་ཆེན་པོ་ལ་ཕུལ་བས་དམ་གཙང་གི་གདན་ས་ཁྱད་པར་དུ་འཕགས་པ་ཡིན་གསུངས། ཁོང་ནི་རྗེ་བཙུན་ཏཱ་ར་ནཱ་ཐའི་འཕྲིན་ལས་སྤེལ་བའི་གཙོ་བོ་ཞིག་ཡིན་ནོ།
སྐུ་ཕྲེང་བཞི་པ། རིག་འཛིན་པདྨ་ནོར་བུ།
[རྩོམ་སྒྲིག]༈ སྤྱི་ལོ་༡༥༩༩་་༡༦༧༩་བར་དུ་བྱུང༌། མཚན་གྱི་རྣམ་གྲངས་ལ། སྟག་རས་པ། རྡོ་རྗེ་གཟི་བརྗིད། ཀུན་བཟང་དྲི་མེད། འཕྲིན་ལས་འགྲོ་འདུལ་རྩལ་བཅས་ཟེར། མདོ་ཁམས་སྡེ་དགེའི་ཕྱོགས་སུ་འཁྲུངས་ཤིང་རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་ཀྱི་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྤྲུལ་བར་ངོས་འཛིན་མཛད། ཀཿཐོག་དམ་གཙང་བྱམས་གསུམ་ལས་བྱམས་པ་འབུམ་དང་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་རྗེ་བཙུན་འཕྲིན་ལས་དབང་མོ་དང༌། ས་བཟང་མ་ཏི་པཎ་ཆེན་སོགས་ཀྱི་སྤྲུལ་བར་སྐྱེས་མཆོག་དུ་མས་བསྔགས། མཁས་གྲུབ་པདྨ་བློ་གྲོས་མདུན་ནས་ས་ལམ་གྱི་རིམ་པ་ལ་སྦྱངས་ཤིང་གནས་ནང་རི་ཁྲོད་དུ་ལོ་བདུན་ལ་བྱང་ཆུབ་སེམས་ཁོ་ན་སྦྱང་པས་རྩོལ་མེད་ཤུགས་འབྱུང་གི་སྙིང་རྗེ་ཆེན་པོ་རྒྱུད་ལ་འཁྲུངས། བཅོས་དཀའ་བའི་ནད་པ་རྣམས་ལ་བདག་གཞན་གཏོང་ལེན་གྱི་དམིགས་པ་རེ་བྱས་པས་ནད་ལས་གྲོལ་བ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན། གཏེར་ཆེན་བདུད་འདུལ་རྡོ་རྗེ། རིག་འཛིན་ཀློང་གསལ་སྙིང་པོ་སོགས་ཀྱི་མདུན་ནས་སྔ་འགྱུར་མདོ་རྒྱུ་སེམས་གསུམ་གྱི་ཀྱི་སྐོར་ལ་སྦྱང་པས་གྲུབ་པའི་གོ་འཕང་མཐོན་པོར་སླེབས། གླིང་ཁ་བཞི་བ་ཆིབས་བསྒྱུར་སྐབས་ཇག་ཚོགས་ཀྱིས་བསྐོར་ཏེ་གསོད་པར་བརྩམས་ཚེ་རྟ་ལས་གྲུ་གང་ཙམ་འཕགས་ཤིང་སྡིག་མཛུབ་བསྟན་པས་རྐུན་ཇག་རྣམས་སྨྱོ་ཞིང་རྒྱལ་བར་བྱས་ཏེ་ཆོས་བཤད་ནས་སློབ་མར་གྱུར། ཁ་བ་ཆེན་པོ་བབས་ཏེ་མི་རྟ་བཅས་རྦབ་ཏུ་འགྲིལ་ཚེ་ཕྱག་གཉིས་ཀྱིས་རྟ་བཏེགས་ཏེ། བྲག་གཟར་མེ་ལོང་ལྟ་བུའི་ངོས་སུ་བྱོན་ཏེ་ཞབས་རྗེས་བཀོད་པ་དེང་སང་ཡང་ཡོད། རྗེས་སྒྲུབ་ཁང་གི་ཕྱི་རོལ་དུ་འཇའ་འོད་ཤར་ཞིང་རོལ་མོའི་སྒྲ་བཅས་སྐུ་གཤེགས་ཚེ། སྐུ་ལུས་བྱིས་པ་ལོ་བརྒྱད་ཙམ་དུ་གྱུར་ཏེ་འཇའ་ལུས་སུ་དྭངས་ཉེ་ཚེ་དད་སློབ་རྣམས་ཀྱིས་ཞུགས་སུ་ཕུལ་བས་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ།
སྐུ་ཕྲེང་ལྔ་པ། རིག་འཛིན་ཚེ་དབང་ནོར་བུ།
[རྩོམ་སྒྲིག]༈ སྤྱི་ལོ་༡༦༩༨་་༡༧༥༥བར་དུ་བྱུང༌། མཚན་གྱི་རྣམ་གྲངས་ལ། རིག་འཛིན་གཏེར་བཞད་རྩལ། འཇམ་དཔལ་རྒྱ་མཚོ། འོད་གསལ་བདེ་གཤེགས་སྙིང་པོ། རྡོ་རྗེ་དྲག་པོ། ཀུན་བཟང་འཕྲིན་ལས་འགྲོ་བ་ཡོངས་འདུས་རྩལ། བསོད་ནམས་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་མཚན་བརྒྱ་ལྷག་ཡོད་པར་གསུངས། ཁོང་ནི་རིས་མེད་བསྟན་པའི་སྲོལ་འབྱེད་དུ་ཡོངས་སུ་གྲགས། འཁྲུངས་ཡུལ་མདོ་ཁམས་ས་ངན་རེ་ཁེར་འཁྲུངས་ཤིང་ཆུང་ངུའི་དུས་ནས་རོང་སྟོན་པདྨ་བདེ་ཆེན་གླིང་པ་སོགས་ཀྱིས་སྐུ་གོང་མའི་སྤྲུལ་བར་ངོས་འཛིན་མཛད། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལ་གཙུག་ཕུད་ཕུལ་བས་བསོད་ནམས་ཐེག་མཆོག་བསྟན་པའི་རྒྱལ་མཚན་ངེས་གསང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ། ཀཿཐོག་དུ་གདན་དྲངས་ནས་གསེར་ཁྲིར་མངའ་གསོལ་ཏེ་དགོན་མ་ལག་བརྒྱ་རྩའི་བསྟན་པའི་བདག་པོར་དབང་བསྐུར། དེ་སྐབས་དགོན་སྡེ་ཁག་ལ་འཚེ་བའི་ཇག་ཚོགས་ཞིག་གིས་བྲག་དམར་དང་གནས་ནང་སོགས་ཀྱི་ལྷ་རྟེན་འཕྲོག་བཅོམ་དང་གྲྭ་མང་པོ་བསད་རྨས་བྱུང་བར། གཏེར་སྟོན་བདེ་ཆེན་གླིང་པས་ད་རེས་བསྟན་དགྲ་ཚར་གཅོད་པའི་འཕྲིན་ལས་རིག་འཛིན་ཚེ་དབང་ནོར་བུ་ལ་གཏད་པ་ཡིན་གསུངས་པ་དང༌། ཁོང་གི་དྲང་སྲོང་གཟའ་ནག་གི་ཆོས་སྐོར་གཏེར་ནས་བཞེས་ཏེ། གཏོར་ཟོར་འཕང་པས་ཇག་པ་བདུན་ཅུ་རྩ་ལྔ་ཙམ་གྲིབ་གྱིས་ནོན་ནས་ཤི། དེར་དགོན་ཆེན་གྱི་མི་ཆོས་བྱེད་པ་ལ་ཐུགས་སུན་ནས་བྱ་བྲལ་གྱི་མཛད་པ་བསྐྱངས། ཟུར་མང་བཀའ་བརྒྱུད་ཏྲེ་ཧོར་ཆོས་ཀྱི་དབང་པོ་དང་མཇལ་བས། ཨ་ལེ། ས་བཟང་པ་དེ་འདི་ན་འདུག་གསུངས་ནས་ཐུགས་མཉེས་པ་ཆེན་པོས་རྗེས་སུ་བཟུངས་ཤིང་བཀའ་རྙིང་ཇོ་གསུམ་གྱི་ཟབ་ཆོས་མང་གསུངས་ནས་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། ཁོང་ནི་ལུང་བསྟན་ལྟར་དབུས་གཙང་གི་ཕྱོགས་སུ་ཕེབས་ཏེ་ཆོས་ལུང་བྱང་རྩེར་ཇོ་ནང་ཆོས་རྗེ་ཀུན་བཟང་དབང་པོ་དང་མཇལ་ཞིང་ཆོས་འབྲེལ་ཐོག་མ་ཞུས། དགུང་ལོ་སུམ་ཅུ་རྩ་གྲངས་སྐབས་སྔ་རྗེས་དུ་མར། གྲོལ་མཆོག་ཞབས་ཀྱི་ཁྲིད་བརྒྱ། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ། ཏཱ་ར་ནཱ་ཐའི་གསུང་འབུམ་སོགས་ཇོ་ནང་ལུགས་ཀྱི་ཆོས་སྐོར་གྱི་རྒྱུན་ཅི་བཞུགས་ལྷག་ལུས་མེད་པར་ཞུས་ཤིང་བླ་མ་ལ་བཀའ་དྲིན་གསོ་བའི་ཕྱིར་མཎྜལ་དགུ་ཚན་དུ་མ་ཕུལ། ཆོས་རྗེ་མཆོག་གིས་ས་བཟང་མ་ཏི་པཎ་ཆེན་གྱི་ཡང་སྲིད་དངོས་ཡིན་ཞེས་པའི་བཀའ་གནང་ཏེ་ཇོ་ནང་རི་ཁྲོད་དུ་ཆོས་ཁྲིར་མངའ་གསོལ་མཛད། དེ་ནས་བཟུང་ཇོ་ནང་གི་ཆོས་སྐོར་འཆད་སྤེལ་རྒྱུད་མི་ཆད་པ་བགྱིས་པ་དང༌། མང་ཡུལ་གྱི་ཕུག་པ་ཞིག་ཏུ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་ཡུན་རིང་མཛད་པས་བྲག་ངོས་ནས་བདུད་རྩི་ཆུ་ལྟར་བབས། དགུན་གྱི་དུས་སུ་ནམ་མཁར་འཇའ་ཤར། ཡུལ་དེའི་གནས་བདག་ཞིང་སྐྱོང་རྒྱ་གར་ལྷ་མོ་དངོས་སུ་མི་ལ་ཕེབས་ཤིང་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས། ཕུག་པ་དེར་ཀཿཐོག་བདུད་རྩི་ཕུག་ཅེས་གྲགས་པ་དེང་སང་ཡང་ཡོད་དོ། ཇོ་ནང་རི་ཁྲོད་དུ་རྟེན་བཞེངས་རྒྱ་ཆེན་པོ་བྱས། རྟག་བརྟན་དགོན་དུ་དུས་འཁོར་ལྷ་དགུའི་སྦྱོར་འཇག་སྤྱི་རྫས་ཕུལ་ཏེ་བསྐལ་བ་མ་སྟོང་བར་དུ་མི་ཆད་པའི་ཡི་གེ་བྲིས་པ་ད་ལྟའི་གསུངས་འབུམ་དུ་གསལ། སྡེ་དགེར་ངེས་དོན་སྙིང་པོའི་མདོ་བཅུའི་ཤིང་པར་བཞེངས་ཤིང་དཀར་ཆག་མཛད། གཏིང་སྐྱེས་དགོན་པ་འང་ཉམས་གསོ་དང་བདེ་མཆོག་སྒྲུབ་པ་སོགས་བཙུགས། ཀུན་མཁྱེན་དོལ་པོ་བའི་ཆོས་ཁྲིའི་ཁར་བཞུགས་ནས་ངེས་དོན་སྙིང་པོའི་བཀའ་ཁྲིད་རྒྱ་ཆེར་གནང་བའང་རྣམ་ཐར་ཆེན་མོར་གསལ། ཀོང་པོ་ནས་སྒྲོལ་མ་དམར་མོ་དང་རིག་བྱེད་མའི་སྐོར་གཏེར་ནས་དྲངས་ཏེ་༧རྒྱལ་དབང་སྐལ་བཟང་རྒྱ་མཚོ་ལ་ཕུལ་བས་ཁོང་གི་གསང་བའི་དབུ་བླར་གྱུར་བའི་སྐོར་གསང་རྣམ་དང་ཀོང་སྤྲུལ་གསུང་དང༌། གུ་རུ་བཀྲ་ཤིས་ཀྱི་ཆོས་འབྱུང་སོགས་སུ་གསལ། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི་བླ་མར་བཀུར་ཏེ་ཁོང་ལ་སྒོས་སུ་གསུང་བའི་བཀའ་གཏེར་ཁ་ཡར་ཡང་བཀའ་འབུམ་དུ་བཞུགས། བོད་ཀྱི་དུས་འགྱུར་ལེགས་པར་གསལ་བའི་ལུང་བསྟན་ཆེན་མོ་མཛད། ནཻ་པཱལ་རྒྱལ་པོ་དང་ཀོརྵ་རྒྱལ་པོ་སོགས་ཀྱིས་གདན་དྲངས་པ་ལྟར་བལ་ཡུལ་དུ་ཕེབས་ནས་རྒྱལ་པོ་ཁག་་གི་ཆེད་དུ་དུས་འཁོར་ཆོ་ག་དང༌། ཕུར་བའི་ཆོ་ག་མཛད། མཆོད་རྟེན་བྱ་རུང་ཁ་ཤོར་དང༌། འཕགས་པ་ཤིང་ཀུན་བཅས་ཉམས་གསོ་རྒྱ་ཆེན་པོ་མཛད་པའི་ཚུལ་གསལ་བོར་འཁོད་པའི་རྡོ་རིང་ད་ལྟ་འཕགས་པ་ཤིང་ཀུན་ཏུ་ཡོད། གཞན་གློ་བ་རྒྱལ་པོ་དང་མང་ཡུལ་གུང་ཐང་རྒྱལ་པོ། ས་སྐྱོང་སྡེ་དགེ་རྒྱལ་པོ་སོགས་ཆེ་དགུ་ཡོངས་ཀྱི་བླ་མར་གྱུར། ༧རྒྱལ་དབང་སྐལ་བཟང་རྒྱ་མཚོའི་སྐུ་ཚབ་བྱས་ཏེ་ལ་དྭགས་ཡུལ་དུ་ཆིང་སྒྲིག་ལ་ཕེབས་ནས་རྫུ་འཕྲུལ་སྣ་ཚོགས་ཀྱིས་༧གོང་ས་མཆོག་གི་བཀའ་འགྲུབ་པར་བགྱིས། ཧེ་མི་དགོན་པ་སོགས་སུ་བཅའ་ཁྲིམ་གཏན་ཁེལ་བ་བྱས་པ་དང་ལ་དྭགས་རྒྱལ་པོ་ཁག་གི་བླ་མར་གྱུར། གཞུང་ས་ནས་ཀོང་པོ་ལྗོན་པ་ལུང་དགོན་འབངས་བཅས་པ་རིག་འཛིན་ཆེན་པོར་མཆོད་གཤིས་སུ་བསྩལ་ཡང་ཁོང་དགོངས་པ་རྫོགས་རྗེས་བཀའ་བརྒྱུད་པའི་བདག་པོ་བྱས་ཡོད་པས་ཞྭ་དམར་བའི་དོན་རྐྱེན་གྱིས་ཕྱིར་རྩིས་བཞེས་མཛད་པ་ཡིན། བལ་ཡུལ། འབྲུག འབྲས་ལྗོངས། བོད་ཡུལ་སོགས་ཀྱི་དགོན་སྡེ་བརྒྱ་ཕྲག་ལྷག་ཉམས་གསོ་དང་གསར་བཞེངས་མཛད། ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་དང་ཞྭ་དམར་བཅུ་བ་སོགས་ཁོང་གི་ལུང་བསྟན་ལྟར་ངོས་འཛིན་མཛད་ཅིང་ཁྲིར་བཀོད། ཁོང་གི་ཞལ་སློབས་སུ་གྱུར་པ་ནི། གོང་གསལ་ལྟར། ཀརྨ་པ་ཞྭ་དམར་ནག སི་ཏུ་ཆོས་ཀྱི་འབྱུང་གནས། འབྲུག་ཆེན་དཔག་བསམ་བཟང་པོ། གནས་ནང་དཔའ་བོ་རིན་པོ་ཆེ། ཀརྨ་འཕྲིན་ལས་བདུད་འཇོམས། སྐྱེས་མཆོག་འབའ་ར་བ། ཀཿཐོག་ལྕགས་བླ་ཆོས་སྐྱོང་མགོན་པོ། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ། འབྲུག་ལྷོ་བྲག་སྡེ་སྲིད། བཀའ་བློན་རྩེ་མགྲོན་ཇ་སག་ཉི་མ་རྒྱལ་མཚན། སྨིན་གླིང་མཁའ་འགྲོ་འཕྲིན་ལས་དཔལ་སྒྲོན་ལྕམ་སྲིང༌། བལ་ཡུལགྱི་དབུ་བླ་བཛྲ་ཨ་ཙཱརྻ། ལྕགས་ཟམ་ཆོས་རྗེ། འདོད་དཔལ་མཁན་ཆེན་སོགས་བཀའ་རྙིང་གི་བླ་ཆེན་ཕལ་མོ་ཆེ་སྐུའི་ཞལ་སློབ་ཏུ་མ་གྱུར་བ་མེད་ལ་ཆོས་རྒྱུན་གཞན་གྱི་སྐྱེས་ཆེན་མང་པོས་ཡང་རྗེ་འདི་ཉིད་ཀྱི་ཞལ་གྱི་བདུད་རྩི་མྱོང་བའོ། རྗེ་འདི་ཆོས་རྒྱུན་སྤྱི་དང་ཁྱད་པར་ཤང་པ་བཀའ་བརྒྱུད་དང་ཇོ་ནང་པ་གཉིས་ལ་བཀའ་དྲིན་ལྷག་པར་ཆེ་སྟེ། ཤང་ཆོས་ཕལ་ཆེར་ཁོང་ལ་མ་བརྒྱུད་པ་མེད་ལ། ཇོ་ནང་གི་གྲོལ་མཆོག་ཞབས་ཀྱི་ཁྲིད་བརྒྱ་དང༌། ཏཱ་ར་ནཱ་ཐའི་གསུངས་འབུམ་སོགས་ཀྱི། དབང་ལུང་ཁྲིད་ཀྱི་བརྒྱུད་པ་མདོ་ཁམས་ལ་ཡོངས་སུ་ཁྱབ་པ་ཁོང་གི་བརྒྱུད་པ་ལ་མ་འདུས་པ་ཕལ་ཆེར་མེད་དོ། ཁྱད་པར་ཟུར་མང་ཚེ་དབང་ཀུན་ཁྱབ། འཇམ་མགོན་གོང་སྤྲུལ། ཇུ་མི་ཕམ་གྱི་དུས་འཁོར་བརྒྱུད་པའང་རིག་འཛིན་ཚེ་དབང་ནོར་བུ་ལ་གཏུག་པ་ཤ་སྟག་ཡིན་ལ། བཀའ་བརྒྱུད་ཕྱོགས་ལ་ཇོ་ནང་གི་ཉམས་ལེན་ཁྱབ་བརྡལ་དུ་སྤེལ་བའི་གཙོ་བོ་འང་རྗེ་འདི་ཉིད་དེ། དཔེར་ན། ནཻ་པཱལ་ཡུལ་གྱི་འཕགས་པ་ཤིང་ཀུན་ཏུ་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་ངེས་དོན་སྙིང་པོའི་མདོ་རྣམས་བཀའ་ཁྲིད་གནང་ཞིང་ལྟ་བ་གཞན་སྟོང་བྱས་ན་མཛད་འཕྲིན་ཕྱོགས་ཀུན་རྒྱས་པ་དང། བསྟན་དང་འགྲོ་ལ་ཕན་པ་རྒྱ་ཆེར་འབྱུང་བ། སྐུ་ཚེ་ཡང་མཐར་ཕྱིན་པའི་བཀའ་བབས་པ་སི་ཏུའི་རང་རྣམ་དུ་གསལ་ལོ།ཕྱིས་སུ་སི་ཏུས་ཀྱང་བླ་མའི་བཀའ་བཞིན་བགྱིས་པས་ཇོ་བསྟན་མདོ་ཁམས་ཡོངས་དང་འཇང་ཡུལ་ཚུན་ལ་དར་བ་ཡིན་ནོ། །ད་ལྟའི་འཛམ་ཐང་དགོན། འབྲོག་དགེ་དགོན། སྭེ་དགོན་སོགས་སུ་གཙང་པ་དགེ་སློང་གི་བརྒྱུད་པའང་ཅུང་ཟད་ཡོད་མོད། གདམས་ངག་མང་ཆེ་ཤོས་ཀྱི་བརྒྱུད་པ་རིག་འཛིན་ཆེན་པོ་མཆོག་ནས་བྱུང་བ་ཇོ་ནང་ཆོས་འབྱུང་དང་ཐོབ་ཡིག བླ་བརྒྱུད་གསོལ་འདེབས་སོགས་བསྡུར་ན་ཤེས་ཏེ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེའི་ལྷན་ཐབས་སུ། རྗེ་འདི་ཉིད་ཆོས་ལུགས་རྙིང་མ་པ་ཡིན་ཡང་རང་རེའི་ཆོས་བཀའ་ཆེན་པོའི་སྲོལ་བཟུང་གི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་རླབས་པོ་ཆེའི་མཛད་བཟང་ཉེ་བར་མངའ་བས་བཀའ་དྲིན་ལྷག་པར་ཆེ་བ་རྗེ་འདི་གཏེར་ཆེན་བརྒྱ་རྩའི་གྲས་སུའང་བཞུགས། ཞེས་འཁོད་ཡོད་དོ། དེ་ལྟར་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་ནས་མཐར་ཕག་ལོ་ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་ཉིན་ཚོགས་འཁོར་བསྐོར་ཞིང་རྡོ་རྗེའི་གླུ་ལེན་པ་སོགས་སོགས་ངོ་མཚར་བའི་ལྟས་དུ་མ་བཅས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་བཞུགས་སྟངས་ཀྱིས་གཤེགས་སོ།
གསུང་རྩོམ་སྐོར་ལ།
[རྩོམ་སྒྲིག]ཀཿཐོག་ཁྲིད་ཆེན་བཅུ་གསུམ་གྱི་ཡ་གྱལ་ཁྲིད་ཡིག་གུ་རུའི་དགོངས་བརྒྱན། རིག་འཛིན་གྲུབ་རྩིས། དབྱངས་ཅན་སྒྲ་མདོའི་བསྡུས་འགྲེལ། ཕྱག་ཆེན། རྫོགས་ཆེན། ཆོ་ག་ཆོས་སྤྱོད། ཆོག་འགྲིག ཟིན་བྲིས། བོད་ཀྱི་རྒྱལ་རབས། བསྟན་རྩིས། ཆབ་ཤོག གཏེར་ཆོས། མགུར་འབུམ་སོགས་ད་ལྟ་བསྡུས་ཡོད་པ་པོད་བརྒྱད་ལྷག་ཡོད་དོ། །
༈ ཁོང་གིས་བསྐྱང་པའི་དགོན་སྡེ་ཐམས་ཅད་ལ་ཆོས་ལུགས་རིས་མེད་བྱེད་དགོས་པའི་བཀའ་གནང་ཞིང༌། སློབ་སྦྱོང་བྱེད་ཚུལ་ཡང༌། ཚད་མ་དགེ་ལུགས་ལྟར། དབུ་མ་དང་མཛོད་ཇོ་ནང་དང་ས་སྐྱའི་ལུགས་ལྟར། འདུལ་བ་མཚོ་སྣ་པ་ལྟར། དུས་འཁོར་དང་བདེ་མཆོག་སོགས་སྔགས་གསར་ཕྱོགས་ཀྱི་རྒྱུད་སྡེ་ཐམས་ཅད་རྗེ་ཏཱ་ར་ནཱ་ཐའི་དགོངས་པ་གཙོ་བོར་བཟུང༌། ཕྱག་ཆེན་ལ་ཤངས་པའི་གའུ་མ་སོགས་དང༌། བཀའ་བརྒྱད་སོགས་སྔ་འགྱུར་ལྟར་མཛད། རྫོགས་ཆེན་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་རྩལ་དུ་བཏོན། ཆོ་ག་ཆོས་སྤྱོད་སྐོར་ལ། སྔ་འགྱུར་ཀྱི་བཀའ་མ་དང༌། གཏེར་མའི་ཕྱོགས་ལ་པདྨ་བདེ་ཆེན་གླིང་པ་བདུད་ཀློང་རྣམ་གཉིས་མཛད། ཕྱི་འགྱུར་ཕྱོགས་ལ་ཏཱ་ར་ནཱ་ཐ་ཤ་སྟག་ཡིན། དེ་ལྟར་ཁོང་ཕྱོགས་ཞེན་བྲལ་བའི་མཛད་པ་ལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རིས་མེད་བསྟན་པའི་སྲོལ་འབྱེད་ཆེན་པོ་ཞེས་བསྔགས་པ་བརྗོད། ཕྱིས་སུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཀྱང་རིག་འཛིན་ཆེན་པོས་མཛད་པའི་གཞི་ལམ་འབྲས་བུའི་རྣམ་བཞག་པད་དཀར་འཕྲེང་ལ་དཔེ་བྱས་པའམ། རྒྱས་སུ་བཏང་ཏེ་ཤེས་བྱ་ཀུན་ཁྱབ་མཛད་པ་ཡིན་ལ། གཏེར་བརྒྱའི་རྣམ་ཐར་སོགས་སུའང་འདི་ཉིད་ལ་བསྔགས་པ་ཡང་ཡང་བརྗོད་ཡོད་དོ། །ཁོང་གི་རྣམ་ཐར་སྐོར་ད་ལྟ་ཡོད་པ། དག་སྣང༌། ལམ་ཡིག གསང་བའི་རྣམ་ཐར་གཉིས་སོགས་རང་གིས་མཛད་པ་ཆེ་ཆུང་བརྒྱད་ཙམ་དང༌། བྲག་དཀར་རིན་པོ་ཆེས་མཛད་པའི་རྣམ་ཐར་རྒྱས་པ་སྡེབས་སུམ་བརྒྱ་ལྷག་ཡོད་པ་དང༌། བསྡུས་པ་གཉིས་བཅས་བཞུགས་སོ། །གཞན་འབའ་ར་བ་ངག་དབང་ཡེ་ཤེས་དང༌། རྟ་ནག་པ་པདྨ་འོད་གསལ་སོགས་ཀྱིས་མཛད་པའི་རྣམ་ཐར་ཡོད་པ་གསལ་ཡང་དུས་འགྱུར་གྱིས་དབང་གིས་ཀུན་ཀྱིས་ཐུན་མོང་གི་ཡུལ་དུ་མ་གྱུར་པའོ།།
སྐུ་ཕྲེང་དྲུག་པ། རིག་འཛིན་ཚེ་རིང་བཀྲ་ཤིས།
[རྩོམ་སྒྲིག]༈ སྤྱི་ལོ། ༡༧༦༩་་༡༧༨༠་བར་དུ་བྱུང༌། སྐུ་གོང་མ་གཤེགས་ནས་ལོ་འཁོར་བཅུ་གཉིས་ལོན་པ་ན་ལྷོ་བྲག་ཕྱོགས་སུ་འཁྲུངས། སྐུ་གོང་མའི་ཞལ་ཆེམས་དང༌། ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དང༌། བྱམས་མགོན་ཏཱ་ཡི་སི་ཏུ། རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་སོགས་ཀྱི་གཟིགས་སྣང་རྩེ་མཐུན་དང༌། ཁྱད་པར་གནས་ནང་དཔའ་བོ་རིན་པོ་ཆེ་ཀོང་པོ་འཇའ་ཚོན་ཕུག་ཏུ་བཞུགས་པའི་ལུང་བསྟན་ལྟར་ངོས་འཛིན་བགྱིས་ནའང༌། དམ་སེལ་འགའ་ཞིག་གི་རྐྱེན་གྱིས་དགུང་ལོ་བཅུ་གྲངས་ལོན་སྐབས་གློ་བུར་དུ་དགོངས་པ་རྫོགས། ཁོང་གི་རྣམ་ཐར་བྲག་དཀར་རིན་པོ་ཆེའི་རྣམ་ཐར་ཆེན་མོའི་མཇུག་དང་ཞྭ་དམར་པའི་རྣམ་ཐར་སོགས་སུ་ཐོ་རེ་བ་ཞིག་ལས་རྒྱས་པ་མེད་དོ། །
སྐུ་ཕྲེང་བདུན་པ། རིག་འཛིན་ལས་ཀྱི་རྡོ་རྗེ།
[རྩོམ་སྒྲིག]༈ སྤྱི་ལོ་༡༧༩༢་་༡༨༧༢་བར་དུ་བྱུང་ཟེར་ཡང་བཞེད་སྲོལ་དུ་མ་འདུག མདོ་ཁམས་མགོ་ལོག་ཏུ་འཁྲུངས། ཆུང་ངུའི་དུས་སུ་བྱ་བྲལ་ཏེ་དབུས་སུ་ཕེབས་བཀྲ་ཤིས་ལྷུན་པོར་ཞྭ་དམར་པ་དང་མཇལ་ནས་རིག་འཛིན་ཆེན་པོའི་སྤྲུལ་བར་ངོས་འཛིན་མཛད། ཁོང་གི་བདུན་ནས་ཇོ་ནང་དང་བཀའ་བརྒྱུད་རྙིང་མ་སོགས་ཀྱི་ཆོས་སྐོར་ཅི་རིགས་གསན། སྐུ་སྔོན་མའི་དངོས་པོ་དང་ཞབས་ཕྱི། ཞལ་ཆེམས་གནང་ཡུལ་རྣམས་རེ་རེ་བཞིན་བཤད་པས་དབུས་ཕྱོགས་ཀྱི་རིག་འཛིན་ཆེན་པོའི་ཞལ་སློབ་ཀྱི་ཁོངས་སུ་གཏོགས་པ་རྣམས་ཀྱིས་གཙུག་ཏུ་བཀུར། ཀོང་པོའི་ཕྱོགས་ནས་གུ་རུ་ཞི་དྲག་གི་གཏེར་ཁ་བཏོན་ཅིང་བྲག་ལ་ཞབས་རྗེས་བཞག འགའ་ཞིག་གིས་བོད་གཞུང་དང་ཨམ་བན་གྱི་བར་གྱི་འགལ་བ་མང་པོ་ཞིག་རྫུ་འཕྲུལ་གྱིས་ཞི་བར་བྱས་ཟེར་ཡང་འབྲེལ་ཡོད་ཀྱི་ཡིག་ཆ་ལ་མི་གསལ་པས་མཚན་གཞན་པ་ཞིག་ཡོད་ལས་ཆེ། དེ་ལྟར་གུ་ཡངས་བྱ་བྲལ་གྱི་སྤྱོད་པས་འབྲུག འབྲས་ལྗོངས། མོན་ཡུལ་སོགས་ཀྱི་གདུལ་བྱ་གཙོ་བོར་བསྐྱངས་ཏེ་མཐར་ཀློ་ཡུལ་ནས་དགོངས་པ་བསྡུས་པར་སྣང༌། འདིའི་རྣམ་ཐར་མགོ་ལོག་ཕྱོགས་ངག་སྒྲོས་ཐོར་བུ་ལས་མི་འདུག་ཀྱང་རེབ་གོང་སྔགས་པ་རྡོ་རྗེ་རྣམ་རྒྱལ་གྱི་གསུངས་ཏུ་གསལ།
སྐུ་ཕྲེང་བརྒྱད་པ། རིག་འཛིན་འཇིགས་མེད་རབ་བརྟན
[རྩོམ་སྒྲིག]༈ སྤྱི་ལོ་༡༨༨༥་་༡༩༥༩་བར་དུ་བྱུང༌། མཚན་གྱི་རྣམ་གྲངས་ལ། འགྲོ་འདུལ་རྡོ་རྗེ་སེམས་དཔའ། མུ་རའི་གྲུབ་ཆེན་ནག་པོ་པ་ཡང་ཟེར། མདོ་ཁམས་མུར་བྱའི་ཕྱོགས་སུ་འཁྲུངས། ཁྲག་འཐུང་བདུད་འཇོམས་གླིང་པས་གྲུབ་ཆེན་ནག་པོ་བའི་རྣམ་རོལ་རིག་འཛིན་ཚེ་དབང་ནོར་བའི་སྐྱེ་བ་ཡིན་ཞེས་ངོས་འཛིན་མཛད་ཅིང་ཁོང་གི་གཏེར་བྱོན་ཕུར་བུ་དང༌། ང་འདྲ་མ་ཞེས་པའི་སྐུ་བརྙན་གནང་ཞིང་ཟབ་ཆོས་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ། སྐུ་གོས་དཀར་ལྕང་ལོ་ཅན་གྱི་ཚུལ་དུ་བཞུགས། ཀཿཐོག་ཏུ་ཕེབས་ཤིང་ཡང་ཕུར་གྱི་གདམས་པ་མང་དུ་ཞུས་ཞིང་ཕྱིར་ཕེབས་ཚེ་ཀཿཐོག་སི་ཏུ་རིན་པོ་ཆེས་ཀྱང་འཇམ་མགོན་ཀོང་སྤྲུལ་ནས་བརྒྱུད་པའི་རིག་འཛིན་དབང་ནོར་བུའི་གསུང་འབུམ་གྱི་དབང་ལུང་ཆེད་དུ་གསུང་ཞིང་དབུ་ཞྭ་དང་རྡོར་དྲིལ་བླ་ཆས་ཆ་ཚང་གནང་ཏེ་རིག་འཛིན་ཆེན་པོའི་མཚན་གྱི་ཅོད་པཎ་བྱིན། ཛཾ་ཐང་ཛ་མགོའི་རི་ཁྲོད་སོགས་སུ་བཞུགས་ནས་སྦྱོར་དྲུག་ཉམས་ལེན་བགྱིས། གཙང་པ་གྲུབ་ཆེན་དང་མཇལ་ཚེ་ཁོང་གིས་གྲུབ་ཆེན་ནག་པོ་བས་གདུགས་བདུན་ནམ་མཁའི་མཐོངས་ལ་བཞག་པ་རེད། ཁྱོད་ཀྱིས་འཇོག་ཐུབ་བམ་གསུངས་ཚེ། ཁོང་གི་གདུགས་མི་ཤེས་ཏེ་ཞྭ་ཇ་ཕོར་བ་གང་འདེགས་ནུས་གསུངས་ཤིང་བཞེས་སྣོད་ཇ་དང་བཅས་ནམ་མཁར་འཕང་པ་གཡོ་བ་མེད་པར་བསྡད། དེ་ནས་གཙང་པ་གྲུབ་ཆེན་གྱིས་ང་གྲུབ་ཆེན་ཤ་ཝ་རི་དེ་ཙམ་ལ་ངོ་མཚར་མི་འཛིན་གསུངས་ཤིང་བྱེའུ་ཞིག་ནམ་མཁར་འཕུར་བ་ལ་སྡིག་མཛུབ་མཛད་པ་ས་ལ་ལྷུང་ཏེ་ཤི། ཡང་སེ་གོལ་གཏོགས་པས་ནམ་མཁར་འཕུར་ཏེ་སོང་བ་སོགས་ངོ་མཚར་བའི་རྫུ་འཕྲུལ་སྟོན་རེས་བྱས། ཁང་སར་ཚང་གི་དགུན་སར་མེ་ཤོར་ཚེ་ཕཊཿསྒྲ་བསྒྲགས་ཤིང་ཞྭ་མོ་ས་ལ་བསྡབ་པ་ཙམ་གྱིས་མེ་རང་སར་ཞི་བ་དང༌། མཛེ་ནད་གྱི་གདུང་བ་ཁ་ཤས་ལ་ལྗགས་མཆིལ་བཏབ་པ་ཙམ་གྱིས་ནད་ལས་གྲོལ་བ་དང༌། ཁྲོ་ཁོའི་དབལ་ཤུལ་ཚང་ལ་གཏད་དཀྲུགས་བྱེད་ཚེ་འགྲམ་གྱི་མཚོ་འཕྱུར་ཞིང་གཏད་རྫས་ལྕགས་སྒམ་བཅས་མཚོ་ཁར་བཏོན་པ་དང༌། ཇག་ཚོགས་མང་པོར་བལྟ་སྟངས་བྱས་པ་ཙམ་གྱིས་བརྒྱལ་ཞིང་རེངས་ཏེ་བཤགས་པ་བྱས་པ་སོགས་ངོ་མཚར་གྱི་ལོ་རྒྱུས་མང་པོ་ཡོད། མདོ་སྨད་ཡུལ་གྱི་བླ་ཆེན་ཨ་མཆོག་རིན་པོ་ཆེ་ཁོང་གི་མདུན་དུ་ཕེབས་ནས་ཁྲོས་ནག་གི་དབང་ཞུས་ཤིང་ཕན་ཚུན་བླ་སློབ་ཏུ་གྱུར་ནས་ཁོང་དང་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས། ཁོང་གི་ཞལ་སློབ་གཙོ་བོ་ནི། རེབ་སྐོང་སྔགས་པ་རྡོ་རྗེ་རྣམ་རྒྱལ། ཨ་མཆོག་མཚན་ཉིད་དགོན་གྱི་གསེར་ཁྲི་ཁེ་ཚང་རྡོ་རྗེ་འཆང༌། དབལ་མང་པཎྜི་ཏའི་ཡང་སྤྲུལ། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་མཁས་པའི་ཡང་རྩེ་རྭ་ཕུག་ཇུན་གསུམ་གྱི་ཡ་གྱལ་ཇུན་གར་མཁན་པོ། གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན། གཞི་ཆེན་པ་རིག་འཛིན་ཀུན་བཟང་ཉི་མ། གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ། རྒྱ་རོང་ཅོག་ཚེ་རྒྱལ་པོ་སོགས་སྐྱེས་མཆོག་མང་པོ་བཞུགས་སོ། གསུངས་ཆོས་སྐོར་ལ། རྡོར་སེམས་རྒྱལ་བ་ཀུན་འདུས་སྐོར་དང༌། དབང་ཕྱུགས་ཆེན་པོའི་སྒྲུབ་སྐོར། ནག་པོ་པའི་དོ་ཧ་འབྲུ་འགྲེལ་བཅས་ཡོད། ཁོང་གི་རྣམ་ཐར་རེབ་གོང་སྔགས་པ་རྡོ་རྗེ་རྣམ་རྒྱལ་གྱི་མཛད་པ་ཚིག་བཅད་མ་ཞིག་བཞུགས་སོ། །
སྐུ་ཕྲེང་དགུ་བ། རིག་འཛིན་པདྨ་དབང་ཆེན།
[རྩོམ་སྒྲིག]༈ སྤྱི་ལ་༡༩༧༣་ལོར་འཁྲུངས། མཚན་གྱི་རྣམ་གྲངས་ལ། འཇའ་ལུས་རྡོ་རྗེ། བདུད་འདུལ་དཔའ་རྩལ་རྡོ་རྗེ། དགེ་ལེགས་རབ་གསལ། བཤད་སྒྲུབ་ཉི་མ། ཀུན་དགའ་དགེ་ལེགས་རབ་གསལ་སོགས་ཤིན་དུ་མང་པོ་ཞིག་སྣང༌། འཁྲུངས་ཡུལ་མགོ་ལོག་ཕྱོགས་མུ་ར་ལྷ་སྡེ་ཡིན། ཁོང་གི་ཁྱིམ་རྒྱུད་ཀྱི་བུ་རྣམས་ཆུང་དུས་ཤི་བའི་སྲི་ངན་ཞིག་ཡོད་པས། སྐུ་མ་འཁྲུངས་སྔོན་དུ་རྔ་ཡུལ་ཕྱོགས་ཀྱི་དགུང་ལོ་༡༢༠་བཞུགས་པའི་ཚེ་རིག་འཛིན་པ་རྡོག་གྲུབ་རིན་པོ་ཆེ་ལུང་བསྟན་ཞུས་ཚེ། ཁོང་གིས། ཨེ་ཨེ། པད་འབྱུང་ནམ་མཁའི་སྙིང་པོའི་བྱིན་རླབས་ཤིང༌། །འཕགས་མ་ཨརྻཱ་ཏཱ་རེའི་རྗེས་བཟུང་པའི། །རྡོ་རྗེའི་མཚནཅན་ཁྱེའུ་གླང་ལོ་པ། །བསྟན་དང་འགྲོ་བའི་རྩ་ལག་དམ་པ་འབྱུང༌། །བཅུ་དྲུག་ཉེར་ལྔ་སོ་ལྔ་སོ་བདུན་ལ། །དམ་ལོག་བདུད་ཀྱི་བར་ཆད་མ་བྱུང་ན། །སྐལ་ལྡན་གྲངས་མེད་སྨིན་གྲོལ་ལམ་ལ་འགོད། །བཟང་ངན་འབྲེལ་བཅས་པདྨ་འོད་དུ་འདྲེན། །ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་བརྒྱར་སྤེལ། །ཞེས་པའི་ལུང་བསྟན་དང༌། བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་ལས། སྔགས་ཀྱི་རྣལ་འབྱོར་རིག་འཛིན་ཧཱུྂཿདགའ་ཁྱོདཿ དཔའ་བོ་གྱད་ཀྱི་སྟོབས་ཅན་མངའ་གསོལ་ཞིང་ཿ གསང་མཚན་རྡོ་རྗེ་པདྨ་དབང་ཆེན་རྩལཿ ལན་ཅིག་བསྐལ་བ་དུས་ཀྱི་སྙིགས་མ་ལཿ ཕྱི་ནང་སྡེ་སྣོད་གསང་སྔགས་ཟབ་དོན་སྤྱོདཿ སྟག་ཤམ་འཁོར་མ་སྐུ་གསུང་ཐུགས་རྨེས་སྤྲསཿ ཞེས་པའི་ཧཱུྂཿདགའ་ནི་ནམ་མཁའི་སྙིང་པོའི་མཚན་གཞན་ཡིན་ཞིང་དེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མས་གསང་སྔགས་ཀྱི་ཟབ་དོན་ལ་སྤྱོད་པར་འགྱུར་ཞེས་ལུང་བསྟན་པའི་ཤླཽ་ཀའི་ནང་ལ། སྤྲུལ་བའི་སྐུའི་ཆུང་མིང་དུ་ཡོངས་གྲགས་སུ་དཔའ་རྩལ་རྡོ་རྗེ་ཟེར་བ་ཡོངས་སུ་ཚང༌། ཆོས་མིང་པདྨ་དབང་ཆེན་དངོས་སུ་ཡོད། སྐུ་ལ་སྟག་ཤམ་ཀྱི་རི་མོ་ཁོར་མར་ཡོད་པའི་ཤ་རྟགས། རྨེ་བ་བཅས་མི་འགྱུར་བའི་རྟགས་མ་ལུས་པར་རྫོགས་པའོ། ། ཨཿསྐྱ་གཏེར་སྟོན་གྱི་ལུང་བསྟན་དུ། ནམ་སྙིང་སྤྲུལ་བ་རྨ་རྒྱུད་མཐིལ་དུ་འབྱུང་༔ པདྨའི་མཚན་ཅན་བརླ་ལ་སྟག་རས་བཀྲཿ སྙིགས་སྤྱོད་རྟེན་འབྲེལ་སབྟས་མ་བསྒྲིབ་ནཿ ཟབ་མོའི་གཏེར་སྤྱོད་འབྲེལ་ཚད་བདེ་འགྲོར་འདྲེནཿ །ཞེས་འཁྲུངས་ཡུལ། ཤ་རྟགས། མཚན་སྒྲ་བཅས་བསྟན་པ་དང༌། རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྐུ་འཕྲེང་གསོལ་འདེབས་ལས། ལྷོ་བྲག་ཕྱོགས་ནས་ཐུགས་གཏེར་གསང་བ་ཆེ། །ཞལ་ཕྱེས་སྐལ་ལྡན་སྨིན་གྲོལ་དོན་ལ་འགོད། །དུས་སྙིགས་བཟློག་པའི་བརྟུལ་ཞུགས་པདྨའི་མཚན། །འབྱུང་འགྱུར་མཆོག་སྤྲུལ་དེ་ལ་གསོལ་བ་འདེབས། །ཞེས་རྨ་ཆུའི་ལྷོ་རྒྱུད་རྟ་རྔོག་བྲག་དཀར་ཞེས་གེ་སར་སྐྱེས་བུ་ཆེན་པོའི་སྒྲུབ་གནས་ཁྱད་པར་བ་སྟེ་སྐུའི་འཁྲུངས་ཡུལ་ཕྱོགས་དང༌། ཁོང་དགུང་ལོ་བཅུ་གཉིས་སྐབས་སུ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་བཅུད་གཅིག་ཏུ་འདུས་པའི་གསང་མཛོད་ཟེར་བའི་དགོངས་གཏེར་ཕབས་པའི་མཛད་པ་དང༌། པདྨ་དབང་ཆེན་ཞེས་པའི་མཚན་སོགས་ཤིན་དུ་གསལ་བོར་འཁོད་ཡོད་དོ། །ཨ་པཾ་གཏེར་ཆེན་གྱི་སྲས་མོ་ཏཱ་རེ་ལྷ་མོ་དང་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཟུང་གིས་གཏེར་ཆོས་ཡོངས་རྫོགས་ཀྱི་ཆོས་བདག་དུ་ལུང་གིས་བསྟན་པ་འདི་ལྟར། ཁ་བྱང་སྣང་གསལ་སྒྲོན་མེ་ལས། རྨ་ཀླུང་གསེར་ལྡན་དལ་གྱིས་འབབས་པའི་སརཿ སྐྱབས་མཆོག་པདྨའི་ཐུགས་སྲས་རིན་པོ་ཆེཿ གསལ་བྱེད་སུརྻའི་མཚན་འཆང་སྦས་པའི་ཚུལཿ གངས་ལྗོངས་ཡུལ་ནས་འཕགས་ཡུལ་ཙི་ནའི་བརཿ ལས་སྨོན་རྟེན་འབྲེལ་བཟང་པོའི་འཕྲོ་སད་དེཿ རྡོ་རྗེའི་འགྲོས་སྟངས་བདུན་གྱིས་གར་བྱེད་ཚེཿ བསྟོད་སྨད་ཐེ་ཚོམ་སྒྲོ་སྐུར་མང་བྱེད་ཀྱངཿ རིག་འཛིན་པདྨའི་ཐུགས་རྗེ་གཟི་བྱིན་གྱིསཿ སྙན་གྲགས་དབྱར་རྔའི་སྒྲ་དབྱངས་ཕྱོགས་བཅུར་གྲགསཿ མགོན་དེར་སྐྱེ་མང་སྨོན་ལམ་ཟབ་མོའི་འབྲེལཿ ཟབ་པ་དགུ་དང་ཟླ་གམ་དགུ་རྫོགས་དངཿ ཁྱད་པར་མཐིང་འོད་འབར་མའི་ཆོས་སྐོར་རྣམསཿ ཆོས་ཀྱི་བདག་པོ་དེ་ལ་ལེགས་འཕྲོད་ནཿ གང་གི་མཛད་འཕྲིན་སྐུ་ཚེ་རབ་བརྟན་ཅིངཿ བསྟན་དང་འགྲོ་བའི་རྒུད་པ་ལེགས་སྐྱོབས་ཏེཿབཟང་ངན་འབྲེལ་ཚད་རྔ་ཡབ་དཔལ་རིར་བསྒྲོདཿ ཡབ་ཡུམ་མཛད་འཕྲིན་རྒྱས་པའི་གྲོགས་སུ་འགྱུརཿ ཟབ་གཏེར་བསྟན་པ་མཐའ་ནས་མཐའ་རུ་རྒྱསཿ དུས་དང་རྟེན་འབྲེལ་རྒྱུད་ལུགས་མ་བྱེད་པརཿ མཁའ་འགྲོའི་ལུང་བྱང་ཅི་བཞིན་བུ་ལ་སྤྲོདཿ ས་མ་ཡཿ ཞེས་འཁྲུངས་ཡུལ་དང༌། གྲྭ་མིང་ལ་བཤད་སྒྲུབ་ཉི་མ་ཟེར་བའི་མཚན་སྒྲ། མཛད་པ་སོགས་རྒྱས་པར་གསུངས་ཤིང་གདམས་གཏད་ཕྱག་རྒྱ་ལྡན་པ། སྐུ་གསུངས་ཐུགས་རྟེན། ཨཿགཏེར་དང་ཁོང་རྣམ་གཉིས་ཀྱི་གཏེར་ཆོས་པོད་ཉི་ཤུ་བཅས་གནང་ཤིང་བཀའ་བབས་སློབ་མའི་གྲས་སུ་མངའ་གསོལ། སྔ་ཕྱིར་ཐུགས་བརྩེ་ཤིན་ཏུ་ཆེ་བའི་ཕྱག་བྲིས་ཉི་ཤུ་ཙམ་གནང་། གཏེར་ཆེན་ཡབ་ཡུམ་གྱིས་གུ་རུའི་ལུང་བསྟན་དུ་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་སྔ་བདོ་དུས་སུ་གསལ་བར་བྱེད་པའི་སྒྲོན་མེ་ཡིན་ཞེས་བཀའ་ལུང་གཟེངས་མཐོར་བསྒྲགས། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་ལུང་བསྟན་ལས། མདོ་སྨད་ཕྱོགས་ནས་ཕྱུར་འགོང་ལྕགས་སྦྲུལ་ལོཿ གཏེར་ཁ་གསར་རྙིང་ཀུན་ལ་བར་ཆད་རྩོམཿ དེ་ཚེ་རྔ་ཡབ་གླིང་ནས་པད་འབྱུང་གིཿ ཐུགས་སྤྲུལ་དཔའ་བོ་དྲག་པོ་རྩལ་གྱིས་འདུལཿ གྲུབ་ཐོབ་བྱང་སེམས་མཁའ་འགྲོའི་ཚོགས་གྲངས་མེདཿ བྱོན་ནས་བཀའ་གཏེར་དག་སྣང་ཆོས་རྒྱུན་སྤེལཿ ཅེས་པའི་གུ་རུའི་ཐུགས་སྤྲུལ་ཡིན་ཚུལ་གོང་འོག་དུ་མ་ནས་བྱུང་བ་ལྟར་ལ། སྐུ་ཆུང་ངུའི་དུས་སུ་མངོན་སྤྱོད་ཀྱི་ལས་ལ་བརྟེན་ནས་བར་ཆད་དེ་ཉིད་བཟློག་པའི་པའི་བརྟུལ་ཞུགས་ཀྱི་མཛད་པ་མང་དུ་བསྟན་ཚུལ་སྐུའི་འཁྲུངས་ཡུལ་དང་རྒྱུས་ཡོད་ཀུན་ལ་ཡོངས་སུ་གྲགས་སོ། དཔའ་བོ་དྲག་པོ་རྩལ་ཞེས་པ་ཆུང་དུས་མཚན་ཀྱི་རྣམ་གྲངས་ཏེ་ཉེ་འབྲེལ་རྒན་རིམ་ཕལ་མོ་ཆེས་ད་ལྟ་ཡང་དེ་ལྟར་འབོད་དོ། །གཞན་ཡང་ལྕགས་བདུད་པདྨ་བདུད་འདུལ་གྱི་ལུང་བསྟན་ལས། །མི་འཇིགས་སེངྒེའི་ཁྲི་མཆོག་ལཿ གདོང་ལྔའི་དབང་པོས་ངར་སྐད་འབྱིནཿ པདྨའི་ཐུགས་སྤྲུལ་པདྨའི་མཚནཿ རྒྱལ་བསྟན་སྤྱི་དང་བྱེ་བྲག་གིཿ དགེ་ལེགས་ཡོན་ཏན་ཉིན་མོར་བྱེདཿ བཤད་སྒྲུབ་བསྟན་པ་སྤེལ་བ་ཡིསཿ པད་གཞོན་མང་པོས་འདབ་སྟོང་འཛུམཿ ཞེས་པའི་ཚིག་རེ་རེའི་སྤྲུལ་བའི་སྐུ་འདི་ཉིད་ཀྱི་མཛད་པ་དང་མཚན་ཀྱི་རྣམ་གྲངས་རེ་བསྟན་ཡོད་ཅིང༌། དོན་དངོས་བསྟན་ནི། ཕས་རྒོལ་ཝ་སྐྱེས་ལྟ་བུ་དག་གིས་ནམ་ཡང་རྒོལ་བ་མི་ནུས་པའི་མི་འཇིགས་པ་མེད་པ་སེང་གེའི་ཁྲི་ལས། ལུང་རིགས་གདོང་ལྔའི་གད་རྒྱང་བསྒྲོགས་ཏེ་གང་ལ་གཤེ་ཞིང་འཁུ་བའི་སྡེ་རིས་ཐལ་བར་བརླག་པར་འགྱུར་བའི་སྐྱེས་བུ་ཞིང་མ་འོང་པར་འབྱུང་བ་དེ་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསང་གསུམ་སྤྲུལ་པར་ངེས་ཤིང༌། དེའི་མཚན་ཡོངས་གྲགས་ལ་པདྨ་ཞེས་པའི་མིང་མཐའ་ཡོད་དོ། ཁོང་གིས་ས་དགེ་བཀའ་བརྒྱུད་སོགས་ཀྱི་བསྟན་པ་སྤྱི་དང༌། བྱེ་བྲག་སྔ་འགྱུར་རྙིང་མ་དང་ཇོ་ནང་གི་སྒྲུབ་བརྒྱུད་ཀྱི་དགེ་མཚན་ལེགས་ཚོགས་ཐམས་ཅད་ཉི་མ་ཤར་བས་མཚན་མོའི་སྣང་བ་ཞི་ཞིང་ཉིན་མོ་གསལ་བ་བཞིན་བྱེད་པ་དང་བཤད་པ་སྒྲུབ་པའི་བསྟན་པ་སྤེལ་བའི་མཐུ་ལས་བརྒྱུད་འཛིན་ཀྱི་སློབ་བུ་པད་མ་གཞོན་ནུ་ལྟ་བུ་ཕྱོགས་ཀུན་ནས་འཛུམ་ཞིང་བཞད་དེ་རྒྱས་པར་འགྱུར་ཞེས་པའི་དོན་ནོ། ། སྦས་དོན་ནི། སེངྒེའི་ཁྲི་ཞེས་པ་འཁྲུངས་ཡུལ་ཏེ། ཡུལ་འདིར་གེ་སར་བཞུགས་ཁྲིར་གྲགས་པ་ཡོད་ཅིང༌། གཞན་ཡང་རྨ་ཡུལ་མཐོན་པོ་དགུ་བསྒྲིལ་ཀྱི་ཡ་གྱལ་དཀར་པོའི་ཆོས་ལུང་མཐོན་པོ་ནི། རོང་ཆེན་ཀིརྟི་བློ་བཟང་འཕྲིན་ལས་ཀྱིས། སེང་ཆེན་མཁའ་ལ་འཕྱོ་འདྲའི་གནས་རི་ལ། །བསྟེན་པའི་ལྷ་ཆེན་དཔའ་དར་གཉན་གྱི་རྒྱལ། །ཞེས་དང༌། མདོ་རིན་པོ་ཆེས། གྲུབ་བརྙེས་མང་པོ་འོད་སྐུར་གྲོལ་བའི་གནས། །ཕྱག་ཆེན་ལུང་བར་སེང་ཆེན་འགྱིང་འདྲའི་བྲག །བཻདཱུར་མདོག་འདྲ་ཧཱུཾ་ཡིག་གསལ་བཀྲ་དེར། །རྫོགས་ཆེན་སྡེ་གསུམ་ཀློང་དགུའི་སྐོར་རྣམ་ཡོད། །ཞེས་པའི་གནས་མཆོག་འདི་སྤྲུལ་བའི་སྐུ་འཁྲུངས་པའི་ཡུལ་ཡིན་ནོ། པདྨའི་ཐུགས་སྤྲུལ་པདྨའི་མཚན་ཞེས་པ་འདིས་སྤྲུལ་གཞི་དང་མཚན་དངོས་སུ་བསྟན་ཏེ། གོང་གི་རྗེ་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཡབ་ཡུམ་ཀྱིས་ཁོང་ལ་གནང་པའི་ལུང་བསྟན་ལས། སྐྱབས་མཆོག་པདྨའི་ཐུགས་སྲས་རིན་པོ་ཆེཿ ཞེས་དང༌། རིག་འཛིན་པདྨའི་ཐུགས་རྗེའི་གཟི་བརྗིད་ཀྱིསཿ སྙན་གྲགས་དབྱར་རྔའི་སྒྲ་དབྱངས་ཕྱོགས་བཅུར་གྲགསཿ ཞེས་བསྟན་པ་དང༌། གཏེར་སྟོན་བཀྲ་ཤིས་ཕུན་ཚོགས་ཀྱིས་ཁོང་ལ་གནང་པའི་ཞབས་བརྟན་སྨོན་ཚིག་ཏུ། དྲི་མེད་མཚོ་བྱུང་ཨོ་རྒྱན་རྡོ་རྗེ་འཆང༌། །གསང་གསུམ་ཟློས་གར་མཁས་དང་གྲུབ་པའི་མགོན། །བསྟན་འགྲོའི་གཙུག་བརྒྱན་བཤད་སྒྲུབ་བྱེ་བའི་ཉི། ། མ་གྱུར་འགྲོ་བའི་མགོན་དུ་རྟག་བཞུགས་ནས། །མཛད་འཕྲིན་ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པར་གུ་རུའི་གསང་གསུམ་བྱིན་རླབས་ཀྱི་ཟློས་གར་དུ་གསུངས་པ་དང་། ༧ས་སྐྱ་གོང་མ་བདག་ཆེན་རིན་པོ་ཆེས། རྒྱལ་ཀུན་གསང་མཛོད་པདྨ་ཀཱ་ར་ཡི། །བསྟན་པའི་གདུང་འཚོབས་ངག་ལ་དབང་འབྱོར་པ། །ཞེས་དང་། རྒྱལ་དབང་པདྨའི་རིང་ལུགས་ཆེན་གྱི། །ཕྱོགས་མཐར་སྤེལ་བའི་བྱེད་པོ་ཞབས་བརྟན་གསོལ། །ཞེས་པས་མཚོན་ནོ། །དགེ་ལེགས་ཡོན་ཏན་ཉིན་མོར་བྱེདཿ ཅེས་པའི་དགེ་ལེགས་ཀྱང་མཚན་གྱི་རྣམ་གྲངས་ཏེ། སྐུ་ཆུང་ངུའི་སྐབས་ལ་ཇོ་ནང་བླ་མ་མཁས་བཟང་ཚང་ཞེས་པཎ་ཆེན་སྐུ་ཕྲེང་བཅུ་བས་ཐུགས་རྗེ་ཆེན་པོའི་སྤྲུལ་བར་བསྔགས་པ་དེས། གཟན་སེར་ཞིག་གནང་ཏེ་མཚན་ཏུ་ཀུན་དགའ་དགེ་ལེགས་རབ་གསལ་ཞེས་བཏགས་ཤིང་རབ་ན་ཁྱོད་རྩི་ནང་དགོན་དུ་སྡོད་ལ་ལོ་གསུམ་ཞིག་ཆོད། མིན་ཡང་ཇོ་ནང་ལུགས་ལ་སྦྱང་བ་བྱེད་རྒྱུ་མ་རྗེད་ཅེས་གསུངས་སྐབས་བསྩལ་བའི་མཚན་ནོ། །བཤད་སྒྲུབ་བསྟན་པ་སྤེལ་བ་ཡིསཿ ཞེས་པའི་བཤད་སྒྲུབ་ནི་གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ་ལས་སོ་ཐར་གྱི་བསླབ་པ་མནོས་སྐབས། བཤད་སྒྲུབ་ཉི་མ་ཞེས་མཚན་དུ་གནང་པ་དེའོ། པད་གཞོན་མང་པོས་འདབ་སྟོང་འཛུམཿ ཞེས་པའི་འཛུམ་ཡང་བརྡ་སྤྲོད་ཀྱི་མཚན་ལ་འཇམ་དཔལ་དགྱེས་པའི་འཛུམ་ཟེར་ཞུ་བ་དེ་བསྟན་ནམ་སྙམ། དབུས་ཟ་མཁའ་འགྲོའམ་སེ་ར་མཁའ་འགྲོའི་གཏེར་བྱོན་གནད་བྱང་གསེར་གྱི་ལྡེ་མིག་ལས། དུས་ངན་དེ་འདྲ་ཤར་ཚེ་ན་པད་འབྱུང་གིཿ སྤྲུལ་བའི་སྐྱེས་བུ་སེངྒེ་སྒོམ་ཆུང་ནཿ ༼སྒོམ་ཁང་དང་ཁུང་ཟེར་བ་སོགས་ཡི་གེ་འདྲ་མིན་ཅུང་འདུག་མཆན༽སུརྻའི་མིང་འཛིན་ཟབ་མོའི་གཏེར་ལ་དབང་༔ ནག་པོ་བདུད་ཀྱི་འབངས་སུ་མ་གྱུར་ནཿ གང་འབྲེལ་པདྨ་འོད་དུ་འདྲེན་པར་ངེསཿ ཞེས་དུས་ངན་བསྟན་པ་ཉམས་རྒུད་དང༌། པད་འབྱུང་སྤྲུལ་བ་གོང་དུ་བཤད་མ་ཐག་པ་དང༌། སེངྒེའི་སྒོམ་ཆུང་དཀར་པོའི་ཆོས་ལུང་བྲག་སེངྒེ་མཁའ་ལ་འཕྱོ་འདྲ་དེའི་སྒོམ་ཁང་སོགས་གནས་དང༌། ནག་པོ་བདུད་ཀྱི་འབངས་སུ་འགྱུར་ལ་དགུང་ལོ་ཉི་ཤུར་ཉེ་བའི་དུས་སུ་སྐུ་ཚེ་ལ་བར་ཆད་ཆེན་པོ་བྱུང་ཡང་དེ་ལས་ཐར་བ་དང༌། གང་འབྲེལ་པདྨ་འོད་ཅེས་པ་གོང་གི་མཁའ་འགྲོ་ཏཱ་རེ་ལྷ་མོ་ཡབ་ཡུམ་གྱི་ལུང་དུ། བཟང་ངན་འབྲེལ་ཚད་རྔ་ཡབ་དཔལ་རིར་བསྒྲོདཿ ཅེས་པ་དང་ཤིན་ཏུ་མཐུན་པ་ཡིན་ནོ། ། གསན་བསམ་མཛད་པའི་ཚུལ་ཡང༌། གཞན་ཡང་སྨྱོ་ཤུལ་མཁན་འཇམ་དབྱངས་རྡོ་རྗེས་ཤིན་ཏུ་ཟབ་པའི་གདམས་པ་དུ་མ་བསྩལ། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དབུ་ཐོད། གུ་རུའི་ཚེ་རིལ་ཨ་ཐམ་མ། ཀཿཐོག་སི་ཏུའི་སྐུ་ཆིང་སོགས་གཏད་ཅིང་དེང་ནས་བཟུང་ཕ་ནོར་བུ་ལ་སྤྲད་པ་ཡིན་པས་དོན་རྒྱུད་འོད་གསལ་སྙིང་པོའི་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་ནུས་པ་ཞིག་བྱེད་དགོས་ཞེས་ཕྱག་བྲིས་དང་ཞལ་པར་གྱི་ལམ་ནས་ཡང་ཡང་བསྐུལ། གོང་གསལ་གྱི་སྐྱེས་མཆོག་དེ་དག་དང་ཇོ་ནང་ཚ་སྤྲུལ་དགེ་ལེགས་ཚང་དང༌། གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ། ཁམས་གཙང་གཏེར་སྟོན། བྱ་བྲལ་སངས་རྒྱས་རྡོ་རྗེ། རྡོ་གྲུབ་ཆེན་རིན་པོ་ཆེ། གུང་ཐང་འཇམ་པའི་དབྱངས། ཨ་ལག་དགོན་ཚང༌། གླིང་རྒྱ་རིན་པོ་ཆེ། ཀརྨ་ཆགས་མེད་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་བཀའ་ཆོས་རྒྱ་མཚོ་ལྟ་བུ་གསན་པ་ལས་ཆ་ཤས་ཙམ་བརྗོད་ན། འཕགས་ཡུལ་དུ་༧ལྷ་མིའི་རྣམ་འདྲེན་པད་དཀར་འཆང་བ་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་དང༌། ལྔ་བ་ཆེན་པོའི་འཇམ་དཔལ་མཚན་བརྗོད་ཁྲིད། སྤྱོད་འཇུག ལེའུ་བདུན་མ། བདེ་གསང་གི་དབང་སོགས་ཅི་རིགས་པ་བསོད་ནམས་གྱི་དཔལ་དུ་དྲངས་པ་དང༌། ཁོང་གི་དགོན་པར་ཆེད་དུ་བླ་ཆེན་དང་སྒྲུབ་པ་པོ་ཉམས་རྟོགས་ཀྱི་བརྒྱན་པ་མང་པོ་གདན་དྲངས་ཤིང་བཀའ་ཆོས་ཞུས། དཔེར་ན་ས་སྐྱ་གོང་མ་རྣམ་གཉིས། ཁལ་ཁ་རྗེ་བཙུན་དམ་པ། གྲུབ་དབང་པདྨ་ནོར་བུ། རྡོ་གྲུབ་ཆེན། འབྲི་གུང་འགར་ཆེན་རིན་པོ་ཆེ། ས་སྐྱ་དཔེ་ཝར་སྤྲུལ་སྐུ། རྡོ་བྲག་ཆུ་བཟང་རིན་པོ་ཆེ་སོགས་གདན་དྲངས་ཤིང་བཀའ་ཆོས་ཟབ་མོ་གསན་བཞེས་གནང་། སོག་ཁལ་ཁ༧རྗེ་བཙུན་དམ་པ་ཞེས་ཡོངས་སུ་གྲགས་པའི་སྐྱེས་མཆོག་དེ་ཉིད་ཀྱི་མདུན་ནས། སྒྲོལ་མའི་ཁྲིད་དང༌། རིམ་པ་གཉིས་ཀྱི་སྨོན་ལམ་གྱི་ཁྲིད་སོགས་གསན། བཀའ་ལྟར་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གྱི་ལུང་སོགས་མཎྜལ་དུ་ཕུལ། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་ལས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་། ལམ་འབྲས་ཚོགས་བཤད། དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་དབང་། དུས་འཁོར་དབང་ཆེན། ས་ལུགས་ཕུར་བ་སོགས་ཟབ་པ་དང་རྒྱ་ཆེ་བའི་བཀའ་ཆོས་དུ་མ་དང་ཞུས། ༧གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ལས། ཀྱེ་རྡོར་རྒྱུ་ལམ་གྱི་དབང་། མགོན་པོ་དང་ལྷ་མོའི་སྲོག་དབང་། གསང་ཁྲིད། རྣམ་སྲས་ཐུན་མོང་དང་ཐུན་མིན་དབང་རྗེས་གནང་། རྣམ་སྲས་བེ་བུམ་ལུང་། དམར་པོ་སྐོར་གསུམ་གྱི་དབང་ལུང་བེ་བུམ་སོགས་དབང་ལུང་ཤིན་ཏུ་མང་པོ་གསན། ཞབས་བརྟན་གསོལ་འདེབས་དང་གདམས་ངག་སྤེལ་དགོས་པའི་བཀའ་ཤོག་གནང་། བཀའ་ལྟར་ས་དགོན་བརྩེ་ཆེན་གླིང་ཏུ་བླ་མ་གསང་འདུས་ཀྱི་དབང་དང་བར་དོ་དྲུག་ཁྲིད་གནང་། བླ་མ་མ་ཏི་རིན་པོ་ཆེ་ལས་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་ཆོས་སྐོར། བླ་མ་དགོངས་འདུས་ཆ་ཚང་། ཤངས་ཆོས་ཆ་ཚང་སོགས་ཉེར་མཁོའི་གདམས་ངག་མང་པོ་གསན། རིག་འཛིན་ཚེ་དབང་ནོར་བུའི་རྟེན་རྙིང་དམ་རྫས་ཡོངས་རྫོགས་གཏད། བརྒྱུད་འཛིན་ཀྱི་སྐྱེས་བུ་མཆོག་ཏུ་མངའ་གསོལ། གྲུབ་དབང་པད་ནོར་རིན་པོ་ཆེ་ཐེངས་མང་པོར་སྒྲུབ་སྡེར་གདན་འདྲེན་ཞུས་ཏེ་བཀའ་ཆོས་གནང་། ཨོ་རྒྱན་པད་ཞྭ་མཐོང་གྲོལ་དང་གུ་རུའི་སྐུ། ནབ་བཟའ་ཆ་ཚང་། ངལ་གསོ་སྐོར་གསུམ་སོགས་ཀྱི་ཕྱག་དཔེ་གནང་། ཀཿདཔལ་སྐྱིད་སྡུག་གཅིག་ཡིན། ངས་ཁྱོད་ཚོར་ཕན་ཅི་ཐོགས་བྱེད་རྒྱུ་མཁན་ལེགས་བཤད་འབྱོར་ལྡན་སོགས་བླ་མ་གོང་མ་རྣམས་ཀྱིས་བཀའ་ཡོད། རིང་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཅི་ཐུབ་ཀྱིས་ཞེས་པའི་གསུང་བཤད་དང་ཟེར་ལྡེར་ད་ལྟའང་བཞུགས། བྱ་བྲལ་སངས་རྒྱས་རྡོ་རྗེའི་མདུན་ནས་སྔོན་འགྲོ་ནས་དངོས་གཞིའི་བར་ཀྱི་གདམས་པ་དང་། རྫོགས་ཆེན་ཁྲིད་ཡིག་ཡེ་ཤེས་བླ་མ་སྙན་བརྒྱུད་དང་འབྲེལ་བར་ཞུས། རྟོགས་འབུལ་བྱས་པས་ཞལ་ནས་རིག་པ་ངོ་འཕྲོད་འདུག ད་ནས་བཟུང་ཉམས་ལེན་ལ་ཧུར་ཐག་གྱིས། བྱམས་སྙིང་རྗེ་བྱང་ཆུབ་སེམས་གོང་འཕེལ་དུ་འགྲོ་བའི་སྒོམ་ཞིག་ཡིན་ཕྱིན་སུ་ལ་ཡང་རྟོགས་འབུལ་བྱེད་མི་དགོས། ཐག་རང་གིས་ཆོད། ཁྲེགས་ཐོད་ཉམས་ལེན་དང་འབྲེལ་བླ་སྒྲུབ་ཐིག་ལེ་རྒྱ་ཅན་བསྙེན་པ་ཚར་བཅུ་གསུམ་ཐོངས། དེ་ནས་གནས་དུས་དང་བསྟུན་ལ་བརྒྱུད་པ་རིན་པོ་ཆེ་སྤེལ་ཅི་ཐུབ་ཀྱིས་ཞེས་བཀའ་བསྩལ། ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ་གྱི་དཔེ། སྔ་ཕྱིར་སྐུ་གསུང་ཐུགས་རྟེན་ལན་གསུམ། སངས་རྒྱས་འོད་སྲུང་གི་རིང་བསྲེལ། འབྲུག་རྒྱལ་ཡུམ་ཆེན་མོས་ཕུལ་བའི་གདན། གུ་རུ་བདེ་བ་ཆེན་པོའི་སྐུ། ཡི་གེ་དཔེ་སྒམ་སུམ་བཅུ་ལྷག་བཀའ་དྲིན་དུ་བསྩལ། དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཀྱེ་རྡོར་རྒྱུ་དབང་ཚར་ལྔ། མགོན་པོ་དང་ལྷ་མོའི་སྲོག་དབང་། ས་སྐྱའི་གསེར་ཆོས་བཅུ་གསུམ། གདམས་ངག་མཛོད་དབང་ལུང་ཆ་ཚང་། དེའི་ནང་གི་ཤངས་ཆོས། སྔ་འགྱུར་ཇོ་ནང་གསུམ་ཚར་གཅིག་ལྷག་མ། གཏེར་མཛོད་ནང་གི་སྲུང་མའི་སྲོག་གཏད་ཁ་ཤས། སྒྲུབ་ཐབས་ཀུན་བཏུས་སུ་བཞུགས་པའི་སྒྲོལ་མ་དང་། འཇམ་དབྱངས། རྟ་མགྲིན། ས་ལུགས་ཡང་ཕུར། ཛམ་དམར། མགོན་དཀར་སོགས་ཀྱི་སྐོར་ཆ་ཚང་དབང་ལུང་ཁྲིད་བཅས། མཁའ་སྤྱོད་མའི་བེ་བུམ་ཆ་ཚང་། མཁའ་སྤྱོད་མའི་ཚར་ལུགས་བཞི་ཁྲིད། དུས་འཁོར་དབང་ཆེན་ཚར་གསུམ། ཇོ་ལུགས་ཐུན་མིན་དུས་འཁོར་མཆོག་དབང་ཚར་གསུམ། མཁྱེན་བརྩེའི་བཀའ་བབས་སོགས་དབང་ལུང་ཐོར་བུ་སྣ་ཚོགས། འདོད་ཆོས་ཀྱང་རྒྱ་ཆེར་གསན་ནོ། ། རྡོ་རྗེ་བྲག་༧སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་ལས། རྡོ་བྲག་ཆོས་སྤྱོད་རབ་གསལ་གྱི་ལུང་གིས་ཐོག་དྲངས། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་སངས་རྒྱས་སྟོང་དབང་དང་འབྲེལ་བ། བྱང་ཆུབ་སྤྱོད་དབང་ཚར་གཉིས། བཀའ་བརྒྱད་རྣམ་གསུམ་གྱི་དབང་ཆེན། བཀའ་བརྒྱད་རྣམ་བཤད་ཉི་ཟེར། སྨན་ལུང་བའི་ཁྲིད་ཡིག་ཁག་གཉིས། རིག་འཛིན་པད་ཕྲིན་བསྙེན་ཡིག མི་ཕམ་རྣམ་བཤད། ཕུར་བ་སྤུ་གྲི་རྣམ་གསུམ་གྱི་དབང་ཆེན། ཡོལ་མོ་པའི་བསྙེན་ཡིག ཤུགས་འབྱུང་སྤྲུལ་ཚུལ་ཁྲིམས་བཟང་པོའི་ཕུར་བའི་བསྙེན་ཡིག་གསུམ། གཤིན་རྗེ་ཚེ་བདག་གི་དབང་རྒྱས་པ། རྒྱལ་དབང་ལྔ་བ་དང་འཇུ་མི་ཕམ་ཁྲིད་ཡིག ཚེ་བདག་མཆོད་རྟེན་གྱི་ཐིག་རྩ། ལྕགས་མཁར་ལག་ལེན། རྟ་མགྲིན་དང་འབྲེལ་བའི་དུག་དབང་རྡོ་རྗེ་ཕ་ལམ་ཚར་གཉིས། ཀུན་བཟང་དགོངས་པ་ཟང་ཐལ་གྱི་དབང་བསྡུས། དེའི་ཁྲིད་ཤུགས་འབྱུང་ཚུལ་ཁྲིམས་བཟང་པོའི་གསུངས། རྫོགས་ཆེན་ལྟ་བ་དམར་འབྱིན་ཀུན་བཟང་དགོངས་རྒྱན་ཁྲིད། རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས་རྒྱས་པར་གསུང་། མཛོད་བདུན་དང་ངལ་གསོ་སྐོར་གསུམ་ལུང་གནང་། ཐུན་མོང་མ་ཡིན་པའི་སྐོར་ཀྱང་། ཚེ་བདག་གི་ཆོ་ཀའི་ལག་ལེན། གཤིན་རྗེ་ཀི་ཀང་དགྲ་མནན་ལག་ལེན། ཚེ་སྒྲུབ་ལྕགས་སྡོང་མའི་དབང་། ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་དབང་དང་ཁྲིད། ཀློང་ཆེན་གཟའ་པོད་དམ་གཟའ་བདུད་དུག་གི་སྤུ་གྲིའི་དབང་ལུང་དང་རྒྱུ་དུས་མཆོད་པའི་ཁྲིད། མདོས་ནག་གི་ལག་ལེན། བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་ལྗགས་ལུང་། མགོན་པོ་ལེགས་ལྡན་ཁམས་ལུགས་མའི་ལྗགས་ལུང་། སླེ་ལུང་དམ་ཅན་རྒྱ་མཚོའི་རྣམ་ཐར། ཙིའུ་དམར་ཆོས་སྐོར། སྤྲུལ་ཚུལ་ལོའི་གསུང་བློ་སྦྱོང་དང་། གུ་རུའི་མན་ངག་ལྟ་ཕྲེང་གི་ཁྲིད་ལུང་། སྡོམ་གསུམ་ཁྲིད། རྡོ་གྲུབ་གཟུངས་རྣམ། ལྟ་མགུར་སྐོར་སོགས་དབང་ལུང་མང་པོ་བརྩེ་བ་ཆེན་པོས་གནང་། རྡོ་བྲག་ལུགས་ཀྱི་གངས་ཞྭ་གསུམ་ཆེད་དུ་ཕྱག་བཟོ་བྱས་པ་གསུམ་དང་། ཕྱག་ཕྲེང་། དགོངས་པ་ཟངས་ཐལ་ཁྲིད་ཡིག་རྗེ་རང་གི་ཕྱག་བྲིས་མ། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་རིན་ཅེན་རིལ་བུ། དངོས་གྲུབ་ལྡིང་བལ་པོ་བྷ་སུ་དྷ་རའི་མགུལ་ཕུར། དེའི་གདུང་བརྒྱུད་བལ་པོ་སྨོན་ལམ་སེངྒེའི་སྡེ་བརྒྱད་བླ་རྡོ་སོགས་གནང་ཞིང་། ཆོས་བརྒྱུད་འཛིན་སྐྱོངས་སྤེལ་བའི་བཀའ་བསྒོ་གཟེངས་བསྟོད་གནང་ངོ། །གྲུབ་དབང་གླིང་རྒྱ་རིན་པོ་ཆེ་ལས། སྒྲོལ་མ་རྣལ་འབྱོར་མའི་དབང་། ཁྲ་དགེ་སློང་ནས་བརྒྱུད་པའི་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། དེའི་ཁྲིད་དང་ལུང་། རིག་བྱེད་མའི་ཐུན་མོང་དང་ཐུན་མིན་གྱི་རྗེས་གནང་ཚར་ལྔ་། རིག་བྱེད་མའི་བསྟོད་འགྲེལ་ཆེན་མོ་རྡོ་རྗེ་གསུམ་གྱི་སྒྲ་དབྱངས་ཀྱི་ཁྲིད་དང་ལུང་། བསྙེན་སྒྲུབ་ལས་གསུམ་ཁྲིད། བེ་བུམ་སྐོར། རྒྱལ་མཁན་ཆེན་གྱི་རིག་བྱེད་མའི་སྐོར་ལས་ཆ་ཤས་གསུང་། དཔེ་མགོ་ཐོག་ཏུ་བཞག་ནས་གདམས་པ་གཏད། ཇོ་ནང་སྒྲུབ་ཐབས་རིན་འབྱུང་བརྒྱ་རྩའི་དབང་རྗེས་གནང་ལུང་ཡོངས་རྫོགས། ཞིང་སྟོན་པའི་སྒྲོལ་མའི་རླུང་རྟའི་སྐོར། ལམ་རིམ་ཁག་གཉིས། ལམ་རིན་ཁོང་སྲན་འདོན་པའི་སྐྱུགས་སྨན་སོགས་རྒྱ་ཆེ་བ་ལེགས་པར་མནོས། བཀའ་གདམས་མཆོད་རྟེན་རྙིང་པ་དང་། དམ་རྫས་བརྒྱ་རྩ་ལྷག ཁྲ་དགེ་སློང་གི་ཕྱག་བྲིས་མཁའ་སྤྱོད་མའི་ཡང་གསང་གི་གདམས་པའི་དཔེ་བཅས་བསྩལ། ཆོས་བརྒྱུད་འཛིན་པའི་སྐྱེས་བུར་བསྔགས། ནམ་ཞིག་ངའི་ལུས་ཀྱིས་མི་ལྕོགས་པ་ཞིག་བྱུང་དུས་ཁྱོད་ཀྱིས་ངའི་ཚབས་བྱས་ཏེ་ལོ་རེ་བཞིན་རིག་བྱེད་མའི་རྗེས་གནང་རེ་འདོན་རྒྱུ་མ་བརྗེད་གསུངས་ཏེ། བདེ་ཆེན་མཆོག་གྲུབ་ཉི་མ་ཞེས་མཚན་གསོལ་ལོ། །འབྲི་གུང་གྲུབ་དབང་འགར་ཆེན་རིན་པོ་ཆེ་ལས། ཕྱག་ཆེན་གྱི་དབང་དང་ཁྲིད། རྫོགས་ཆེན་སེམས་ཁྲིད། གཤིན་རྗེ་ཚེ་བདག་གི་དབང་སོགས་གུས་པས་ཞུས་ཏེ་ཉམས་སུ་བླངས་སོ། །མདོར་ན་དགུང་ལོ་བཅུ་གཅིག་དང་བཅུ་གཉིས་སྐབས་ནས་བཟུང་དགོངས་གཏེར་དང་། ས་གཏེར་བཞེས། ཆོ་ག་དང་བསྟོད་པ་སོགས་མང་དུ་བྲིས་ཤིང་དགུང་ལོ་ཉེར་གསུམ་བར་དེབ་བཅུ་གཉིས་ཙམ་བྲིས་ཡོད་པའི་ནང་གི་དེབ་ཆུང་དྲུག་འགྲེམ་སྤེལ་བགྱིས་པ་ནི་ཚིག་སྙན་ལ་དོན་ཟབ་པ། གཟུ་བོའི་བློ་གྲོས་ལྡན་པའི་རང་རྟགས་རྗེན་པར་གསལ་བ་ཡིན་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མས་བསྔགས་བརྗོད་བྱས་པ་དཔེར་ན། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་བདུད་འཇོམས་གདུང་སྲས་འཕྲིན་ལས་ནོར་བུས། ཁྱོད་ཀྱི་གསུང་རྩོམ་ནང་ནས་ཆ་ཤས་གང་མཇལ་བ་དེ་དག་རང་གི་ཨ་མྱེས་ཀྱི་གོ་བ་ལྷན་པ་འདྲ་བའི་ཐོག་ནས་གཞལ་ཚེ་བརྗོད་བྱ་མཆོག་ཏུ་ཟབ་ལ་བརྗོད་བྱེད་ཤིན་ཏུ་སྙན་ཞིང་འཇེབས་པ། གང་དག་བློ་གཟུ་བོར་གནས་ཤིང་རྣམ་དཔྱོད་ཡངས་བ་རྣམས་ནས་མཇལ་ན་སྒོ་ཀུན་ནས་ཐལ་མོ་སྦྱར་བའི་འོས་སུ་གྱུར། ཁྱད་པར་ལྟ་མགུར་སྐོར་རྣམས་ཤིན་ཏུ་བྱིན་རླབས་ཆེ་འདུག་པས་སྙིང་ནས་རྗེས་སུ་ཡི་རང་གི་མེ་ཏོག་ལན་བརྒྱར་འཐོར། སྤྲུལ་ཉིད་ཀྱི་ཐུགས་རྒྱལ་པ་ཀཿཐོག་པ་ཁོ་ནའི་ཞེན་གོག་གིས་མི་འཆིང་བར་སྔ་འགྱུར་སྤྱི་ལ་སྨན་པའི་བཤད་སྒྲུབ་བསྟན་པའི་ཁུར་ཆེན་བདག་གིར་བཞེས་ན་ཅི་མ་རུང་སྙམ་པས་དེ་ལུགས་ཀྱིས་ཐུགས་རྗེའི་དཔུང་སྟོབས་བླ་ལྷག་ཏུ་བསྐྱེད། ཅེས་ཞལ་གདམས་ཤོག་ལྷེ་གསུམ་པ་ཞིག་དང་དར་མཚོན་སྣ་ལྔ་སྐྱེམ་ཆང་སོགས་བསྩལ་ཞིང་མཁས་དབང་ཆེན་པོར་མངའ་གསོལ་བ་ཡིན་ཞེས་གཟེངས་བསྟོད་དང་། སྔ་པྱིར་ཕྱག་བྲིས་ལན་བཅུ་ཙམ་དང་གསེར་ཞུན་མ་ལས་གྲུབ་པའི་གུ་རུའི་སྐུ་དང་ཞབས་བརྟན་གསོལ་འདེབས་གནང་ཞིང་མཛད་པ་ཕྱོགས་བཅུར་རྒྱས་པའི་ཐུགས་སྨོན་གནང་། རྡོ་ཁོ་སྤྲུལ་སྐུ་སྐལ་བཟང་ཕུན་ཚོགས་ལས་ས་སྐྱའི་ནཱ་རོ་མཁའ་སྤྱོད་བེ་བུམ་སྐོར་ཐོབ། །དེ་བཞིན་ཕུལ་དུ་བྱུང་བའི་ལོ་རྒྱུས་ཆེན་མོ་རྫོགས་ཆེན་ཆོས་འབྱུང་གི་རྩོམ་པ་པོ། རྒྱལ་གསུང་སྡེ་སྣོད་ཀུན་གྱི་དོན་མ་འདྲེས་པར་ཐུགས་སུ་ཆུད་པའི་མཁས་དབང་གསུམ་ལྡན་རྡོ་རྗེ་འཛིན་པ། ཁྱད་པར་ས་ཆེན་པོའི་སྟེང་གི་རྫོགས་པ་ཆེན་པོའི་བསྟན་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་ཁྲོད་ན་མངོན་པར་བརྗིད་པ། སྨྱོ་ཤུལ་མཁན་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་མཆོག་གིས། དེང་དུས་རང་རེ་ཀཿཐོག་པའི་ཁྲོད་དུ་མདོ་སྔགས་རིག་པའི་གནས་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་ཆོས་སྡེ་རང་དགར་སྨྲ་བའི་ཤེས་རབ་ཀྱིས་ཕྱུག་པ། ཤེས་ཡོན་ཙམ་མ་ཡིན་པར་བསྟན་དང་འགྲོ་ལ་སྨན་པའི་ཐུགས་སྟོབས་མེ་ལྟར་འབར་བ་ཁྱོད་ལྟ་བུ་བཞུགས་ཤིང༌། ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་དང་རྗེས་སུ་མཐུན་པའི་གསུང་རྩོམ་རྨད་དུ་བྱུང་བ་གནང་ནུས་པ་སོགས་དམ་པའི་རང་རྟགས་སྙོན་དུ་མེད་པ་གསལ་བར་མཛད་པས་གློ་བ་དགའ། སྔོན་བྱོན་གྱི་སྐྱེས་བུ་དམ་པ་སུ་ཡིན་ཡང་བདུད་དང་བླུན་པོ་ཕྲག་དོག་ཅན་རྣམས་ཀྱིས་མངོན་དང་ལྐོག་ནས་སྨོད་པ་བཏང་བའི་ལོ་རྒྱུས་གསར་དུ་བྱུང་བ་ཞིག་མིན་པས་གཞན་གྱིས་ཅི་བཤད་ཀྱང་རུང༌། རང་ལ་ཁུར་དུ་བབ་པའི་འཆད་རྩོད་རྩོམ་པའི་བྱ་བ་བླ་ནས་བླར་འདེགས་པ་ལས་གཞན་གྱི་ཟེར་སྒྲོས་ཙམ་ལ་བསམ་ནས་བརྩོན་པ་ལྷོད་དུ་འཇུག་མི་རུང༌། ཁྱད་པར་ཉིད་ཀྱིས་བརྩམས་པའི་ལྟ་མགུར་དང་སྙན་ངག་རྣམས་ཚིག་སྙན་ཞིང་དོན་ཟབ་པ་གཞན་གྱི་རྗེས་བརྗོད་དང་སྐྱར་བཟློས་ཙམ་མིན་པའི་ཁྱད་ཆོས་བླ་ན་མེད་པ་འདུག་པས་རྗེས་སུ་བཀའ་རྩོམ་མང་དུ་གནང་དགོས། ཞེས་དང༌། དམ་རྫས་རྟེན་གསུམ་རིན་ཐང་དང་བྲལ་བ་མང་པོགནང་ཞིང་དེང་ནས་ཕ་ནོར་བུ་ལ་འཕྲོད་པ་ཡིན་པས་དོན་བརྒྱུད་འོད་གསལ་སྙིང་པོའི་བསྟན་པ་བཤད་སྒྲུབ་ཀྱིས་སྒོ་ནས་འཛིན་ནུས་པ་ཞིག་བྱེད་དགོས། ཅེས་ཡང་དང་ཡང་དུ་ཕྱག་བྲིས་དང་གློག་སྐད་གནངས་ཤིང་བཀའ་སློབ་མང་དུ་བསྩལ་བ་དང༌། ན་གཞོན་རྩོམ་པ་པོ་གླུ་སྨྱོན་ཧེ་རུ་ཀས།
ཁྱོད་ཡོན་རྟ་ལྗང་འཕྲུལ་གྱི་རྩེ་དགའ་ཡིས། །སྔ་འགྱུར་རིང་ལུགས་སྲིད་པའི་སྒྲོན་མེ་ཆེ།
།གདུལ་བྱའི་མཁའ་རུ་དྲངས་བའི་གྲགས་དཀར་གླུ། །ལེན་ལ་ཚངས་བའི་ན་ཆུང་ཇི་ཡང་ངལ།
།ཐོས་བསམ་གྲུ་ཆར་སྣུམ་པོས་ཡོངས་བཏང་ནས། །གྲགས་སྐམ་དབྱར་རྔ་ཙམ་གྱིས་ཆོག་ཤེས་ཅན།
།དུས་མཐའི་སྐྱེ་སྤྲུལ་ཐན་སྤྲིན་མང་མཐོང་ཡང༌། །ངེས་དོན་དབྱར་གྱི་དཔལ་མོ་ཁྱོད་ལ་དད།
།སྣང་སྟོང་འོ་མའི་རོ་ལ་རྗེས་ཆགས་པའི། །རང་རིག་བུས་པ་སྐྱོངས་བའི་མ་མ་ཁྱོད།
།རིག་འཛིན་བྱེ་བའི་ཕ་སར་གཤེགས་པ་འདིས། །གདོལ་སྤྱོད་བགྲང་ཡས་སྙིང་ལ་མྱ་ངན་བྱིན།
།ན་ཚོད་གང་བུ་ཇི་ལྟར་གཞོན་ན་ཡང༌། །འཁྲུངས་རབས་དུ་མར་འཇམ་དཔལ་དཔའ་བོ་ཡིས།
།རྗེས་བཟུང་བརྡ་རྟགས་འཆད་རྩོད་རྩོམ་པའི་ཕྲེང༌། །རྫོགས་ལྡན་མཚོ་རླབས་འཕྱུར་བའི་དཔལ་ལས་བརྒལ།
།ཚངས་སྲས་རིག་པ་བཻཌཱུའི་མཚོ་ཀློང་ནས། །ལེགས་འོང་སྙན་རྩོམ་རྒྱ་མཚོའི་མར་གསར་ཕོན།
ཁོ་བོའི་འདྲེན་བྱེད་མཁའ་དབྱིངས་དྭངས་པའི་ངོར། །འཕོས་པས་དད་གུས་སྦྲང་ཆར་འདོད་རྒུར་འཇོ།
ཞེས་སོགས་བློ་གཟུ་བོར་གནས་པའི་བསྟོད་པ་དུ་མ་གནང་པས་མཚོན། ན་སོ་བགྲེས་གཞོན་དང༌། །ཆོས་རྒྱུན་གྱི་ཕྱོགས་རིས། མི་རིགས་ཀྱི་དབྱེ་འབྱེད་མེད་པར་བོད་ཕྱི་ནང་སོགས་ཀྱི་རྩོམ་པ་པོ་དང་སློབ་མ་སྟོང་ཕྲག་གྲངས་བརྒལ་བས་དངོས་དང་བརྒྱུད་ནས་ཁ་པར་དང་ཡི་གེའི་ལམ་ནས་གང་གི་རྩོམ་ལ་བསྔགས་པའི་ཚུལ་གཞན་དུ་ཤེས་པར་བྱ། ཁོང་ནི་ནང་བསྟན་གྱི་ཆོས་རྒྱུན་ཡོད་དོ་ཅོག་ལ་དད་གུས་དང་ལྡན་ཞིང་བློ་མིག་ཡངས་བ། ཆུང་ངུའི་དུས་ནས་རང་སྟོབས་ཀྱིས་མདོ་སྔགས་རིག་གནས་ཕལ་མོ་ཆེར་སྦྱང་བརྩོན་ལ་མ་ལྟོས་པར་ཤེས་ཤིང་གསུངས་རྩོམ་གང་ཡང་དཔེ་ཀློག་དང་འདྲ་བཤུས། འབྲི་སྣོག་དང་བཟོ་བཅོས། ཨུ་ཚུག་གིས་བཙན་སྦྱོར། རྒྱུན་རིང་བར་བསམ་བློ་སོགས་གཏོང་མི་དགོས་པའི་ཁྱད་ཆོས་ལྡན་པ་ནི་རྒྱུས་ཡོད་ཀུན་གྱི་ཁ་ན་རླངས་འཁོར་གྱི་སྒྲ་བཞིན་སྡིར། ལྷག་པར་ཁོང་ནི་རིག་གནས་ལ་དགྲ་རུ་བརྩི་བའི་སྤྱི་ཚོགས་སུ་སྐྱེས་ཀྱང་དེའི་བག་ཆགས་ཆ་ཕྲ་མོ་ཙམ་ཡང་མེད་པར་མ་ཟད། རིག་གནས་སྤྱི་དང་ཁྱད་པར་ལོ་རྒྱུས། ཚན་རིག ཁྲིམས་ལུགས། གནའ་རྫས་ཞིབ་འཇུག་བྱེད་པ་སོགས་ལ་ཤིན་ཏུ་དགའ་ཞིང༌། དེ་བཞིན་སྐད་ཡིག་སློབ་སྦྱོང་གི་སྐོར་ལ། རྒྱ་ནག་ཡིག་གེ་སོགས་སྦྱང་བ་མི་དམན་པར་བྱས།
གསུང་རྩོམ་སྐོར་ལ།
[རྩོམ་སྒྲིག]༈ དགུང་ལོ་༡༡་ནས་༢༣་བར་མཛད་པ་དེབ་༡༢་ཕལ་ཆེར་གཏེར་ཆོས་སམ་དག་སྣང་སོགས་བཞུགས། དེབ་ཏུ་འཁོད་པ་ཕལ་ཆེར་གསུང་ཐོར་བུའི་སྐོར་ཡིན། གློག་ཀླད་དུ་བཅུག་གྲུབ་པ། སྔོན་འགྲོའི་ཁྲིད་ཡིག མན་ངག་བཅུ་གསུམ་གྱི་ལྷ་ཁྲིད། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གྱི་འགྲེལ་བ། རྫོགས་ཆེན་སྐོར་གྱི་ཟིན་བྲིས། རྫོགས་རིམ་ཁྲིད་ཡིག་རྒྱས་པ། གཞན་ཡང་མགུར་ཚོགས། བསྟོད་ཚོགས། གཏམ་ཚོགས། དཔྱད་རྩོམ། ཆོ་ག་ཆོས་སྤྱོད་སོགས་དང་། གཞན་ཡང་རྣམ་ཐར་ལོ་རྒྱུས། སྔགས་ཀྱི་འགྲེལ་བ་མང་དུ་བཞུགས་སོ།།
སྒྲུབ་པ་མཛད་པའི་ཚུལ་རྒྱ་ཆེ་ཡང་མདོ་ཙམ་བརྗོད་ན།
[རྩོམ་སྒྲིག]༈ དགུང་ལོ་བཅུ་དྲུག་ནས་ཀློང་སྙིང་སྔོན་འགྲོ་འབུམ་སྔ་ཚང་བར་བསགས། ཚིག་བདུན་གསོལ་འདེབས་འབུམ་གྱི་དབུ་བཙུག འཇམ་དབྱངས་སྨྲ་སེང་གི་ཟླ་མཚམས། ཁམས་གཙང་གུ་རུའི་ཐུགས་བསྒྲུབ་ཀྱི་བསྙེན་པ། ཀློང་ཆེན་སྙིང་ཐིག་གི་རྩ་གསུམ་ཆ་ཚང་། རིག་འཛིན་ཚེ་དབང་ནོར་བུའི་ལུགས་རྩ་གསུམ། བདུད་འདུལ་ཕུར་བ། ཀློང་གསལ་གུར་དྲག བཀའ་བརྒྱད་བདེར་འདུས་བསྙེན་པ་རྒྱས་པ། གཞན་རྣམས་དུས་བསྙེན། བཀའ་བརྒྱད་སྙིང་པོ་དུང་ཕྱུར། རིན་ཆེན་གཏེར་མཛོད་བསྙེན་པ་ཀོང་སྤྲུལ་དང་ཀཿཐོག་མཁན་ངག་དགའི་རྣམ་ཐར་ལྟར་བཏང་། རིན་གཏེར་ཏུ་བཞུགས་པའི་རྟ་མགྲིན་ཡོད་ཚད་ལ་འབྲེལ་འཇོག རྟ་ནག་དུས་བསྙེན། མ་ཤིན་ཕུར་གསུམ་ལ་སྒོས་བསྙེན། སྒྲོལ་མའི་རིགས་ལ་ཆེད་དུ་འབྲེལ་འཇོག སྲུང་མའི་རིགས་ཀྱང་ཅི་རིགས་ལ་བསྙེན་པ་བཏང་། ཡང་ས་ལུགས་ཀྱེ་རྡོར་ལས་རུང་། མཁའ་སྤྱོད་མའི་བསྙེན་ཆེན། ཤངས་ལུགས་རྒྱུད་སྡེ་ལྔའི་བསྙེན་པ། ལྷ་བཞི་དྲིལ་སྒྲུབ་ལས་རུང་། སྐྱེར་སྒང་རྟ་མགྲིན་བསྙེན་པ་རྒྱས་པ། མགོན་པོ་དཀར་མཐིང་ཟུང་གི་བསྙེན་པ་བཏང་། ཇོ་ནང་ལུགས་དུས་འཁོར་ལྷན་སྐྱེས་བསྙེན་པ། སྦྱོར་དྲུག་བསྡུས་པ། ནག་པོ་ལུགས་བདེ་མཆོག་ལ་ལས་རུང་བཏང་བ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་སྲོལ་ཕལ་མོ་ཆེར་འབྲེལ་འཇོག་དང་། རྙིང་མ་དང་། ས་སྐྱ། ཇོ་ནང་། ཤངས་པ་བཀའ་བརྒྱུད་ཀྱི་བཀའ་སྲོལ་གྲགས་ཆེ་བ་ཕལ་ཆེར་ལ་བསྙེན་པའམ་ལས་རུང་། ཐ་ན་ཡང་བསྙེན་འབྲེལ་ཞག་བདུན་དུ་བཏང་ངོ་། ། འཕགས་ཡུལ་རྡོ་རྗེ་གདན་དང་བལ་ཡུལ་བྱ་རུང་ཁ་ཤོར་ཏུ་ཕྱག་འབུམ་དང་འབྲེལ་རིག་འཛིན་ལུགས་སྔོན་འགྲོ་བཏང་། གཞན་ཡང་འཕགས་ཡུལ་གནས་སྐོར། བལ་ཡུལ་གནས་ཆེན་ཁག་ལ་གནས་འབྲེལ། བལ་ཡུལ་དུ་ལོ་གཉིས་དང་ཕྱེད། དེ་ནས་དགུང་ལོ་ལོ་༢༥་ནས་༣༥་བར་དགུན་དུས་ཕལ་ཆེར་ལ་སྐུ་མཚམས་དང་བསྙེན་པས་དུས་འདའ་བར་མཛད་དོ། །
༈ མཛད་པ། ཁོང་གི་རེ་བ་ནི། རྒྱལ་ཁམས་ཉུལ་བའི་སྤྲང་པོ་དབྱུག་འཛིན་ཞིག་བྱེད་རེ་ཆེ་ཡང་ལས་ལྡན་གྱི་སློབ་མ་རྣམས་ཀྱིས་སྨོན་པ་དོན་ལྡན་ཡོང་ཆེད་རེ་ཞིག་ཐཱེ་ཝན་གྱི་དགོན་སྡེ་རིག་འཛིན་དགའ་ཚལ་གླིང་། རིག་འཛིན་ཕལ་ཆེན་གླིང་། དབེན་གནས་ཡེ་ཤེས་ཀུན་ཁྱབ་དང་ཆོས་ཚོགས་ཁག སིངྒ་པུར། ཨ་མེ་རི་ཀ ཧྥ་རན་སི་སོགས་ཀྱི་སློབ་འབངས་རྣམས་ལ་མདོ་སྔགས་ཀྱི་ཆོས་འཁོར་སྐོར་བཞིན་ཡོད་ལ། ཐེ་ཝན་དུ་ཐེག་མཆོག་རིག་པ་འཛིན་པའི་དགའ་ཚལ་རྟེན་དང་བརྟེན་པ་བཞེངས་པ་དང༌། བོད་ཡུལ་མུ་ར་དགོན་དུ། སྒྲུབ་སྡེ་ཆོས་དབྱིངས་འོད་གསལ་གླིང་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་བྱས་ཤིང་སྒྲུབ་ཁང་ཉི་ཤུ་ལྷག་སྤུས་གཙང་གྲུབ་པ་དང༌། ཟངས་གསེར་ལས་གྲུབ་པའི་ཐུགས་ཆེན་ཕྱག་སྟོང་སྤྱན་སྟོང་ཐོག་བརྩེགས་གཉིས་ཙམ་ལོན་པ་བཞེངས་གྲུབ་པ་དང༌། སྨན་པ་གྲྭ་ཚང་སྐྱེ་འགྲོ་ཀུན་ཕན་ཚེ་དབང་རིག་པ་འཛིན་པའི་དགའ་ཚལ་ཡང་ལེགས་པར་གྲུབ་པའོ། །དེ་ལྟར་རྒྱ་ཆེ་བའི་མཛད་པ་ཚིག་ཉུང་དོན་བསྡུས་སུ་བཀོད་པ་འདི་གཟིགས་ནས་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྒྱས་པ་རང་རྣམ་དང་གསུང་མགུར་སློབ་མ་རྣམས་ཀྱིས་བྲིས་པའི་རྟོགས་བརྗོད་དང་ལོ་རྒྱས་སོགས་ལས་ཤེས་པར་བྱའོ། །སྤྱིར་ཀཿཐོག་ལུགས་དང་ཇོ་ནང་ལུགས་ལ་སྐུ་ཕྲེང་བཤད་སྲོལ་ཐ་དད་པ་དང་། རིག་འཛིན་ཚེ་དབང་ནོར་བུའི་སྐྱེས་རབས་རྣམ་ཐར་དུ་དུས་གཅིག་དུ་བྱུང་བ་ཡང་དུ་མ་འདུག་མོད། འདིར་དམ་པ་གོང་མ་རྣམས་ཀྱི་གསུངས་དང་མུ་ར་དགོན་གྱི་ལོ་རྒྱུས་སོགས། ཡིག་སྣ་གང་འབྱོར་ལས་བཏུས་ཏེ་ཤིན་ཏུ་མདོར་བསྡུས་ཏེ་འགོད་པ་པོ་ནི་ཡུལ་མདོ་སྨད་ཀླུ་ཆུའི་ཡུལ་དུ་སྐྱེས་ཤིང་ཚེ་ཕྱེད་ཕྱི་གླིང་དུ་རྫོགས་པའི་སྨན་མིང་པ་མཆོག་ཚང་ལུང་རྟོགས་སུ་འབོད་པས་ཧྤ་རན་སིའི་རྒྱལ་ས་པཱ་རི་སི་ནས་རགས་ཟིན་བྱས་པ་དགེའོ། །