ཀམ་ཀམ་སངས་རྒྱས་འོད་ཟེར

ཡོང་ཁུངས་Wikipedia

ཀམ་ཀམ་སངས་རྒྱས་འོད་ཟེར ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ1346ལོར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ1369ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་མཁན་ཆེན་སེང་གེ་དཔལ་བ་ལས་རབ་ཏུ་བྱུང་ཞིང་མཚན་ལ་སངས་རྒྱས་འོད་ཟེར་ཞེས་གསོལ། གྲོ་སར་ཕེབས་ཏེ་མཁན་ཆེན་འོད་ཟེར་རྒྱལ་པོ་ལས་བསྙེན་པར་རྫོགས། དེ་ནས་ཆོས་འཁོར་གླིང་པའི་སློབ་དཔོན་བྱམས་པ་དང་། སྤྱན་སྔ་རིན་ཆེན་སངས་རྒྱས་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་པས་ཤེས་རབ་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ1363ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་དྲུག་གི་རིང་དུ་གདན་ས་བསྐྱངས། དགུང་ལོ་ཉི་ཤུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་ནས་ལོ་ངོ་སུམ་ཅུ་རྩ་དགུའི་བར་དུ་ཀམ་ཀམ་གྱི་གདན་ས་སྟོངས། ཁོང་ནི་ཀམ་ཀམ་གྱི་གདན་རབས་བརྒྱད་པ་ཡིན་ནོ།།