༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།

ཡོང་ཁུངས་Wikipedia

སྤྱི་མཛོད། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། འགོ་བརྗོད། བཀུར་འོས་བའི་ཙུང་ལི་ཀྲོའུ་ཨེན་ལེ་མཆོག་ལ། ཆེད་ཞུ། ཙུང་ལི་སྐུ་ཉིད་རྒྱལ་ཁབ་ཕྱི་ནང་གི་མི་དམངས་ཀྱི་བདེ་ཐབས་དང་གནད་ཆེའི་རྒྱལ་སྲིད་མཛད་དོན་ལ་ཐུགས་བྲེལ་ཤིན་ཏུ་ཆེ་ནའང་གུས་པར་བོང་བ་གསེར་གཟིགས་ཀྱིས་ཐུགས་ཁུར་ཚད་མེད་གནང་སྟེ་མཇལ་འཕྲད་བཀའ་དྲིན་བསྩལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེ་རིང་གི་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་འདི་བརྒྱུད། བདག་གིས་སྒེར་སེམས་སྤངས་ནས་ཏང་གི་མཚན་མཐོང་དང་མི་དམངས་ཀྱི་ཁེ་ཕན་ལ་དམིགས་ཏེ་ང་ཚོ་བོད་ལྗོངས་ཀྱི་གནས་ཚུལ་གལ་ཆེན་ཁག་སྙན་སེང་དང། རང་ཉིད་མཚོ་སྔོན་དང༌། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་ཁག་ནང་འཚམས་འདྲི་ལྟ་སྐོར་བྱེད་རིང་དུ་དངོས་བརྒྱུད་ཅི་རིགས་ནས་རྒྱུས་ལོན་བྱས་བའི་མངའ་ཁུལ་དེ་དག་ནང་བོད་རིགས་ས་ཁུལ་གྱི་བདེ་སྡུག་གི་གནས་ལུགས་རྣམས་ཀྲུང་དབྱང་(དབུས་གཞུང)ལ་སྙན་སེང་ཞུ་དགོས་ཁག་དང༌། དོན་གནད་དེ་དག་གཞིར་བྱས་པའི་དེང་ཕྱིན་གྱི་ལས་དོན་གནང་ཕྱོགས་ཐད་དོ་སྣང་དགོས་ངེས་ཀྱི་བསམ་འཆར་བཅས་དཀྱེལ་ཆེའི་ཐུགས་དགོངས་སུ་མངའ་ཙམ་གནང་སྟེ་སླད་མའི་ལས་དོན་གནང་ཕྱོགས་ཀྱི་དཔྱད་གཞིར་འཛིན་གནང་ཡོང་བ་ཞུ་རྒྱུ་དང༌། ནོངས་ནོར་གྱི་ཆ་ཅི་མཆིས་ཕ་མས་བུ་ལ་འདོམས་པ་བཞིན་ལམ་སྟོན་བཀའ་སློབ་གནང་སྩོལ་མཁྱེན།

      རི་ཀླུང་བརྗིད་ཆགས་ཡིད་དུ་འོངས་ཤིང༌།  ས་འོག་གཏེར་རྫས་ཕུན་སུམ་ཚོགས་པ་སྟེ་སྐྱེ་འགྲོས་གཅེས་སུ་རུང་བའི་རླབས་ཆེན་ཀྲུང་ཧྭ་ཡངས་བའི་འཛིན་མའི་ཁྱོན་དུ།  རིགས་སོ་སོའི་མི་དམངས་ཀྱི་མགོན་སྐྱབས་ཆེན་པོ་རླབས་ཆེན་གཟི་བརྗིད་ཀྱི་ཀྲུང་གོ་གུང་ཁྲན་ཏང་དང༌།  མི་དམངས་ཀྱི་གཙོ་འཛིན་ཆེན་མོ་རླབས་ཆེན་ཡང་དག་མཁས་མཛངས་ཀྱི་མའོ་ཀྲུའུ་ཞིས་དབུ་ཁྲིད་པའི་ཀྲུང་གོ་བཟོ་བའི་གྲལ་རིམ་གཙོར་བྱས་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོའི་རླབས་ཕྲེང་དགུང་ཏུ་བཏེག་ཅིང༌།   རྒྱལ་ཁབ་ཕྱི་ནང་གི་ལོག་སྤྱོད་རུ་ཚོགས་ལ་གྲལ་རིམ་གྱི་གཡུལ་འགྱེད་རིམ་པར་བྱས་པ་དང་ །  ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གསར་བརྗེའི་འཐབ་རྩོད་བསླངས་ཏེ།   མཐར༡༩༤༩ལོར་ཀྲུང་གོའི་ས་ཐོག་ནས་བཙན་རྒྱལ་རིང་ལུགས་དང༌།  དེའི་རྒྱུགས་ཁྱི་སྟེ་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱི་ངོ་ཚབ་མ་རུང་བ་ཅང་ཅེ་ཧྲེ་རུ་ཚོགས་ཀྱི་ལོག་སྤྱོད་སྟོབས་ཤུགས་རྩ་མེད་དུ་བཏང་ནས༌།  རྒྱལ་ཡོངས་ཀྱི་མངའ་ཁོངས་ཕལ་མོ་ཆེ་བཅིངས་འགྲོལ་བཏང་བ་དང༌།  ཟླ༡༠ ་ཚེས༡ཉིན་གཟི་བརྗིད་ལྡན་པའི་ངང་མི་རིགས་སོ་སོའི་མི་དམངས་བདེ་སྐྱིད་འདྲ་མཉམ་དང་ཕུན་སུམ་ཚོགས་པའི་རླབས་ཆེན་གྱི་ཁྱིམ་ཚང་ཆེན་པོ་སྟེ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད།  དེ་ནས་བཟུང་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས༌།  དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱིས་མེས་རྒྱལ་དུ་ལོག་སྤྱོད་དབང་སྒྱུར་གྱི་མཐའ་མའི་སྐྱོ་གར་རྦད་དེ་མཇུག་བསྒྲིལ་ཅིང༌།  འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྐྱོང་བའི་ངལ་རྩོལ་མི་དམངས་རང་ཉིད་ཀྱི་རྒྱལ་ཁབ་མ་ལག་བཙུགས་པ་དང༌།  ཀྲུང་གོའི་ལོ་རྒྱུས་འོད་སྟོང་འཕྲོ་བའི་ལེ་ཚན་གསར་བ་ཞིག་འགོ་ཚུགས་པ་རེད།  རླབས་ཆེན་གྱི་ཏང་དང་གསར་བརྗེའི་སློབ་དཔོན་མའོ་ཀྲུའུ་ཞིའི་དབུ་ཁྲིད་འོག་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཡར་ལངས་ཐོབ་པ་དང༌།  གསར་བརྗེའི་རྨང་གཞིའི་ཐོག་སྔར་མ་གྲགས་པའི་འདོད་བློ་གཅིག་གྱུར་དང་རྡོ་རྗེ་ལྟར་གཞིག་པ་མེད་པའི་མཐུན་སྒྲིལ་བྱུང་བ་དང༌།  རླབས་ཆེན་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་འོད་འཕྲོ་བའི་དམངས་གཙོ་བཅོས་བསྒྱུར་དང༌།  སྤྱི་ཚོགས་རིངས་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིངས་ལུགས་ཀྱི་འཛུགས་སྐྲུན་བཅས་རྒྱལ་ཁའི་ངང་སྤེལ་ནས་འཛམ་གླིང་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང༌།  རང་རྒྱལ་གྱི་རྗེས་ལུས་ཀྱི་རྣམ་པ་ཐམས་ཅད་རིམ་བཞིན་དེང་རབས་ཀྱི་བཟོ་ལས་དང་ཞིང་ལས། ཚན་རིག་རིག་གནས་དང་རྒྱལ་སྲུང༌།  དེ་བཞིན་དད་པའི་སྟོབས་ཤུགས་དང་མཛད་མཐའ་མེད་པའི་རྒྱུ་ནོར།  བདེ་སྐྱིད་འོད་སྣང་གིས་ཡོངས་སུ་ཁེངས་ཤིང༌།  མི་སྨོན་རང་སྐྱིད་ཀྱི་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་ཐུབ་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད།
   ང་ཚོ་བོད་ཀྱི་ས་ཁུལ་ལ་མཚོན་ན།  ཏང་དང་མའོ་ཀྲུའུ་ཞིའི་རླབས་ཆེན་གྱི་དགོངས་པའི་གཟི་འོད་འཕྲོས་འོག  ༡༩༥༡ལོར་དངོས་སུ་ཞི་བའི་བཅིངས་འགྲོལ་ཐོབ་སྟེ་བོད་ལྗོངས་དེ་སྐབས་ཤིག་རིང་མེས་རྒྱལ་དང་ཁ་བྲལ་ཏེ་བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་ཕྱེད་ཙམ་ལ་བསྒྱུར་རྒྱུའི་དམིགས་ཡུལ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ལོག་པ་དང༌།  དེ་ནས་བཟུང་བོད་ལྗོངས་མི་དམངས་ཀྱིས་མེས་རྒྱལ་གྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་དམངས་གཙོ་དང༌།  སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་ལམ་ཆེན་དུ་བསྐྱོད་རྒྱུའི་སེམས་ཐག་བཅད་ཡོད།  བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་དང་རིགས་སོ་སོའི་ལས་བྱེད་པ་བོད་དུ་འབྱོར་རྗེས།  ཚང་མས་ཏང་དང་མའོ་ཀྲུའུ་ཞི་དང༌།  ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་ཀྲུང་དབྱང་བོད་སྡོད་སྐུ་ཚབ་ཀྲང་ཅིང་ཝུ་གཙོར་བྱས་བའི་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐད་ཀའི་སྣེ་ཁྲིད་དང་སྟངས་འཛིན་བྱས་ཏེ།  བློ་གཅིག་སེམས་གཅིག་ངང་བོད་ལྗོངས་མི་དམངས་ལ་རང་ཉིད་བློས་བཏང་གིས་དོན་བཟང་གྲངས་མེད་བསྒྲུབས་ཡོད།  འདི་ནི་བདག་སོགས་བོད་ལྗོངས་ཕོ་མོ་རྒན་གཞོན་ཚང་མས་མཐོང་ཆོས་སུ་གྱུར་ཡོད་པ་སྟེ།  གཙོ་ཆེར་ང་ཚོ་བོད་མི་ཚོས་སྲོག་ལྟར་གཅེས་པའི་ཆོས་ལུགས་ལ་དད་མོས་དང་ །  རང་ཉིད་ཀྱི་མི་རིགས་དང་མི་རིགས་ཀྱི་སྐད་ཡིག  ཆས་གོས།   བཟང་བོའི་ཡུལ་གོམས་གཤིས་ལུགས་སོགས་ལ་བརྩི་འཇོག་གནང་བ་དང་ཆབས་ཅིག   མི་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཆེད་དུ་སྨན་ཁང་ཆེ་ཕྲ་མང་པོ་བཙུགས་ཏེ་རིན་མེད་ཐོག་སྨན་བཅོས་གནང་བ་དང༌།   ཞིང་འབྲོག་སོགས་ཀྱི་ཐོན་སྐྱེད་ཐབས་སུ་སྐྱེད་ཀ་མེད་པར་སོན་འབྲུ་དང་དངུལ་བུན་བཏང་བ།   ཉམ་ཐག་ལ་རོགས་སྐྱོར་སྣ་ཚོགས་དང༌།  གསར་འཛུགས་ཀྱིས་མི་དམངས་ཀྱི་བུ་ཕྲུག་མང་བོར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་མ་ཟད་ད་དུང་སློབ་ཕྲུག་མང་པོ་ཞིག་(རྒྱ་ནག)ནང་སར་བཏང་སྟེ་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་གནང་སྟེ།  འཛམ་གླིང་སྟེང་སྙན་གྲགས་ལྡན་པའི་གཞུང་ལམ་གསུམ་དང༌།  ལྗོངས་ནང་ཁུལ་གྱི་གཞུང་ལམ་བཟོ་སྐྲུན་དང༌།  དེ་བཞིན་ད་དུང་བཟོ་གྲྭ་སོགས་འོས་འཚམས་ཀྱིས་འཛུགས་སྐྲུན་བྱས་ཡོད།   
    ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མཐོ་རིམ་མི་སྣར་ཐུགས་ཁུར་གཟིགས་སྐྱོང་ཐད།  ༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོནལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང༌།  བདག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བཀོད་སྒྲིག་བྱས་བ་དང༌། གཤམ་འོག་གི་མཐོ་རིམ་བླ་སྤྲུལ་དང་དཔོན་རིགས་ཁག་ལའང་ཀྲུང་དབྱང་དང༌།  རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་ནམ་ཀྲོན་ཆུས་རིམ་པ་དང་བོ་སོགས་སུ་སོ་སོ་སྒེར་གྱི་གནས་ཚུལ་དང་མཐུན་པའི་བཀོད་སྒྲིག་གནང་བ་དང༌།   ཕོགས་ཐོབ་ཀྱང་མཐོན་པོ་གནང་བ་སོགས་ཆབ་སྲིད་ཀྱི་གོ་གནས་དང་འཚོ་བའི་ཐད་སོགས་ལ་་གཟིགས་རྟོགས་ཆེན་པོ་གནང་ཡོད།   
   གྲོས་མཐུན་དོན་ཚན་བཅུ་བདུན་ནང་གསལ་གྱི་ཀྲུང་དབྱང་ནས་ལག་བསྟར་དགོས་པ་ཁག་འཛེམས་ལུས་མེད་པར་གནང་ཡོད་ནའང༌།  དེ་སྔའི་བོད་ས་གནས་སྲིད་གཞུང་ནས་ལག་བསྟར་དགོས་རིགས་དཔེར་ན་བོད་དམག་བཅོས་སྒྲིག་སོགས་ཉིན་ཞག་རིམ་བསྟུད་ཀྱིས་འཕར་འགྱངས་བྱས་ཡོད།  ༡༩༥༤ལོར་བདག་སོགས་པེ་ཅིང་དུ་སླེབས་སྐབས་ཀྲུང་དབྱང་གི་སྐུ་ཚབ་དང་བོད་ཀྱི་བཀའ་ཤག་སྐུ་ཚབ།   ནང་མ་སྒང་གི་སྐུ་ཚབ་ཚོས་རྒྱུན་རིང་གྲོས་མོལ་བྱས་རྗེས།  ཚང་མའི་མོས་མཐུན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཐེངས་བདུན་པའི་རྒྱས་འཛོམས་ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གྲོས་བསྡུར་བཀའ་འཁྲོལ་ཐོབ་སྟེ། ༡༩༥༦ལོར་ཙུང་ལུ་གཞོན་པ་ཁྲུན་དབྱི་དང་ཀྲུང་དབྱང་བོད་སྡོད་སྐུ་ཚབ་ཀྲང་ཅིང་ཝུ་ཡི་འགོ་ཁྲིད་ལམ་སྟོན་འོག་ལྷ་སར་དངོས་སུ་བཙུགས་པ་དང༌།  ཚོགས་འདུ་ཐོག་བོད་ལྗོངས་མི་དམངས་ཀྱི་འཕྲལ་ཕུགས་ཀྱི་བདེ་རྩ་དང་རེ་འདུན་ལྟར་ཐག་བཅད་པའི་བོད་ལྗོངས་བཅོས་བསྒྱུར་ལག་བསྟར་གྱི་གྲ་སྒྲིག་དང་ཚོད་ལྟ་བྱེད་རྒྱུ་སོགས་དོན་སྙིང་ལྡན་པའི་ལས་དག་ལ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་མཐོ་རིམ་ཁྲོད་ཀྱི་ལོག་སྤྱོད་པ་ཚོས་ངོ་ལྐོག་རྒྱབ་འགུལ་འགོག་རྐྱེན་སྣ་ཚོགས་བཟོས་བརབརྟེན།  ཀྲུང་དབྱང་གིས་ཡང་བསྐྱར་བོད་ཀྱི་མཐོ་རིམ་མི་སྣ་བཟོད་སྒོམ་ངང་སྒུག་གིས་ལམ་ནོར་ལྡོག་ཤེས་ཀྱི་གོ་སྐབས་སྤྲད་དེ།   བོད་ལྗོངས་སུ་ལོ་དྲུག་ལ་བསྒྱུར་བཅོས་མི་བྱེད་རྒྱུ་དང༌།  རྗེས་སོར་བཅོས་བསྒྱུར་གྱི་དུས་ཚོད་སྨིན་སྐབས་བོད་ལྗོངས་ཀྱི་འགན་ཁུར་མི་སྣ་ཚོ་དང་གྲོས་མོལ་མཐིལ་ཕྱིན་བྱས་ཏེ་རིམ་པས་བཅོས་བསྒྱུར་ལག་བསྟར་བྱ་རྒྱུའི་ལམ་སྟོན་གནང་བ་རེད།
 ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་གཟབ་བརླིང་བརྟན་སྐྱོང་དང༌།  མཐོ་རིམ་ལ་ཐུགས་ཁུར་གཟིགས་སྐྱོང་དང་གུ་ཡངས་བཟོད་སྒོམ་ཚད་ལས་བརྒལ་བ་གནང་བ་དང༌།  ངང་རིང་གིས་སློབ་གསོ་རོགས་རམ་བྱས་ཡོད།  འདི་ནི་ང་ཚོ་བོད་ལྗོངས་ཀྱི་མཐོ་རིམ་ཚང་མས་ཤེས་གསལ་ཡིན།  བོད་ཀྱི་མཐོ་རིམ་ལོག་སྤྱོད་པ་ཚོས་ཀྲུང་དབྱང་གིས་ཁོ་ཚོར་གུ་ཡངས་དང་བཟོད་སྒོམ།  རེ་སྒུག  ངང་རིང༌།  གཟིགས་སྐྱོང་གནང་བར་གོ་བ་ལོག་བསྒྲུབས་ཀྱིས་ཀྲུང་དབྱང་ཉམ་ཆུང་ཐུབ་ཚོད་གཏོང་ཆོག་ཏུ་འདོད་ཅིང༌།  དེ་མཚུངས་སུ་ཁོ་ཚོས་རང་ཉིད་ཀྱི་གྲལ་རིམ་དེ་གང་ལྟར་ཀྱང་མཐར་ལོ་རྒྱུས་ཀྱི་གར་སྟེགས་ཐོག་རྩ་མེད་དུ་འགྲོ་རྒྱུ་དང༌།  ངལ་རྩོལ་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་རྗེས།   བཤུ་གཞོག་པ་ཉུང་ཤས་མུ་མཐུད་ངལ་རྩོལ་མི་དམངས་ཀྱི་མགོ་ཐོག་ཏུ་ཞོན་ཏེ་གཉའ་གནོན་བཤུ་གཞོག་གི་རུལ་སུངས་ཀྱི་འཚོ་བ་སྐྱེལ་ཐབས་མེད་པ་ཁོ་ཚོས་ཤེས་ཀྱི་ཡོད་པར་བརྟེན།  མི་དེ་དག་བཤུ་གཞོག་གྲལ་རིམ་དུས་གཏན་དུ་གནས་ཐབས་སུ་གསར་བརྗེར་དགའ་གི་མེད་པས་ཟིང་འཁྲུག་གི་བསམ་བློ་ཤར་བ་དང༌།  དེ་བཞིན་བཙན་རྒྱལ་རིང་ལུགས་དང་རྒྱ་གར་ལོག་སྤྱོད་ཤོག་ཁག་ཚོས་ང་ཚོའི་མེས་རྒྱལ་གྱི་གསར་བརྗེའི་ལས་དོན་དང༌།  ལྷག་པར་དུ་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་བཤུ་གཞོག་གྲལ་རིམ་རྩ་མེད་དང༌།  རྒྱ་ཆེ་བའི་ངལ་རྩོལ་མི་དམངས་བཅིངས་འགྲོལ་བཏང་རྗེས་རྗེས་ལུས་མུན་ནག་གི་བོད་ལྗོངས་དེ་ཡར་ཐོན་འོད་གསལ་གྱི་དམངས་གཙོ་དང༌།  སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ཁམས་ཤིག་ཏུ་བསྒྱུར་ན།  དེའི་ལེགས་ཆའི་ཤུགས་རྐྱེན་རྣམས་མ་ལས་ཀྱང་འགོག་མི་ཐུབ་པར་སྡུག་བསྔལ་གྱིས་གཟིར་བའི་རྒྱ་གར་མི་དམངས་རྨོངས་མུན་ལས་བསླངས་ཏེ་རྒྱ་གར་གྱི་ཡངས་བའི་ཡུལ་ཁམས་སུ་གསར་བརྗེའི་རྦ་རླབས་དཀྲུགས་ཚེ།  བཙན་རྒྱལ་རིང་ལུགས་དང་རྒྱ་གར་གྱི་ལོག་སྤྱོད་པ་ཚོར་མི་ཕན་སྟབས།  ཁོ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་མི་སྣ་ཤོག་ཁག་དང་ངན་འབྲེལ་བྱས་ཏེ་བོད་འདི་མེས་རྒྱལ་ལས་ཁ་བྲལ་གཏོང་རྒྱུ་དང༌།  རང་བཙན་གྱི་མིང་གཡར་ནས་མི་སེར་སྤེལ་ཡུལ་ཕྱེད་ཙམ་ལག་བསྟར་གྱིས་སྔར་བཞིན་ཆེས་གདུག་རྩུབ་དང༌།  མུན་ནག  རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་བསྒྱུར་འོག་བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་བྱེད་འདོད་ཡོད།  ཕྱི་ནང་གི་ལོག་སྤྱོད་ཤོག་ཁག་ཚོས་རང་ཉིད་ཀྱི་སྟོང་སེམས་སྣ་ཚོགས་མངོན་དུ་འགྱུར་ཆེད།  མེས་རྒྱལ་ལ་རྒྱབ་འགལ་དང༌།  གསར་བརྗེ་ལ་རྒྱབ་འགལ།  མི་དམངས་ལ་རྒྱབ་འགལ།  དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་འགལ་གྱིས་དྲག་པོའི་ཟིང་འཁྲུག་བསླང་རྩིས་བྱེད་ཀྱི་ཡོད།  ཡིན་ནའང་གལ་སྲིད་ཟིང་འཁྲུག་གི་དམིགས་ཡུལ་ངོ་མ་གསལ་རྗེན་དུ་བསྟན་ཚེ།   རྒྱ་ཆེའི་མང་ཚོགས་དང་བཤུ་གཞོག་གྲལ་རིམ་ཁྲོད་ཀྱི་བཙན་རྒོལ་རྒྱལ་གཅེས་ཀྱི་མཐོ་འབྲིང་རིམ་གྱི་མི་སྣ་མི་ཉུང་བ་ཞིག་གིས་ལོག་སྤྱོད་ཤོག་ཁག་གི་ལྐོག་ཇུས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ་ཁོ་ཚོའི་སྟོང་སེམས་འགྲུབ་ཐུབ་མེད་པ་བཟོ་ངེས།  དེ་ལྟ་ནའང་ང་ཚོ་བོད་རིགས་ནི་སོ་སོའི་ཆོས་ལུགས་དང༌།  སོ་སོའི་མི་རིགས་ལ་དད་མོས་དང་དགའ་ཞེན་ཆེ་མཐོང་ཡོད་པའི་དཔའ་མཛངས་ལྡན་ཞིང་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན་སྟབས།  ཁོ་བ་ཚོས་དངོས་ཡོད་ཀྱི་བསམ་བློའི་སྟོབས་ཤུགས་འདི་བེད་སྤྱོད་བཏང་སྟེ།  གུང་ཁྲན་ཏང་གིས་ང་ཚོའི་ཆོས་ལུགས་དང་མི་རིགས་རྩ་མེད་བཟོ་གི་ཡོད་ན།  ང་ཚོ་གངས་ལྗོངས་ཀྱི་རྩམ་ཟན་མ་ཎི་བགྲང་མཁན་ཐམས་ཅད་རྡོག་རྩ་གཅིག་སྒྲིལ་གྱིས་དྲག་ཆས་སྤྲས་ཏེ། སོ་སོའི་ཆོས་ལུགས་དང་མི་རིགས་ཀྱི་ཆེད་དུ་རང་བཙན་བརྩོན་ལེན་བྱེད་དགོས་སོགས་བསླུ་བྲིད་གཏོང་བྱེད་ཀྱི་ཁ་མཁས་ཚིག་སྙན་མང་དག་བཤད་པ་དང༌།  མང་ཚོགས་དང་མཐོ་འབྲིང་རིམ་མི་སྣ་མང་བོས་དངོས་ཡོད་ཀྱི་གནས་ཚུལ་རྒྱུས་ལོན་མ་བྱུང་བར་མགོ་སྐོར་འོག་གནས་སྟབས།   ཟིང་འཁྲུག་ང་ཚོ་བོད་ཀྱི་ས་ཁུལ་ཕལ་མོར་ཆེར་ཡོངས་ཁྱབ་ཏུ་ཕྱིན་པ་རེད།
    ཁམས་དང༌། དེ་ནས་ཨ་མདོ། རྗེས་སོར་བོད་ལྗོངས་བཅས་སུ་ཟིངའཁྲུག་གི་མེ་ལྕེ་མཆེད་པ་དང་ །  མཐར༡༩༥༩ལོའི་ཟླ་༣ཚེས༡༠ཉིན་ལྷ་སར་མི་དམངས་རྣམས་རང་དགར་འདུ་འཛོམས་ཀྱིས་ཟིང་འཁྲུག་འགོ་བས་དེ་རིང་ནས་བོད་རང་བཙན་ཐོབ་སོང་རྒྱ་མི་བོད་ནས་མཐར་སྐྲོད་གཏོང་དགོས་སོགས་བརྗོད་དེ་ངོ་ལོག་ཟིང་འཁྲུག་ཡོངས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད་ལྷ་སའི་མི་དམངས་ལ་ལོ་༡༨ནས་༦༠བར་གྱི་དམག་སྐུལ་ངོ་ལོགས་ཟིང་འཁྲུག་དམག་དཔུང་བསྡུ་རུབ་ཀྱིས་ཏཱ་ལའི་བླ་མ་རྒྱ་གར་ཕྱོགས་སུ་གདན་འདྲེན་ཞུས་པ་དང༌།  ཟླ་དེའི་ཚེས༡༩དགོང་མོར་ལྷ་ས་ནས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང༌།  དམག་ཁུལ་ཁང་སོགས་ཀྲུང་དབྱང་གི་ལས་ཁུངས་དང་དམག་དཔུང་ལ་སྨྱོ་ཧམ་ཆེན་པོའི་དྲག་ཤུགས་ཀྱིས་ཚུར་རྒོལ་བྱས།   དེར་བརྟེན་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་ས་གནས་བདེ་འཇགས་ལ་འགན་ལེན།  གསར་བརྗེའི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད།  ཀྲུང་དབྱང་ནས་སྟོབས་ཆེན་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དམག་དཔུང་ལ་གསར་བརྗེ་ངོ་ལོག་གི་དྲག་པོའི་ཟིང་འཁྲུག་དྲག་གནོན་ལྷིང་འཇགས་གཏོང་དགོས་པའི་བཀའ་བརྒྱ་གནང་ཞིང༌།  དེ་སྔའི་བོད་ས་གནས་སྲིད་གཞུང་གིས་མེས་རྒྱལ་ལ་རྒྱབ་འགལ་བྱས་སྟབས།  ཁ་གཏོར་བཏང་སྟེ་དེའི་འགན་དབང་ཐམས་ཅད་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ལ་བསྩལ་བ་དང༌།  དེ་བཞིན་དུ་བོད་ལྗོངས་ཀྱི་སེར་སྐྱ་མང་ཚོགས་ཡོངས་རྗོགས་ལ་ཟིང་འཁྲུག་གི་ནག་ཉེས་ཐེར་འདོན་དང༌།  ཁོ་ཚོ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་ལས་འགུལ་ནང་ཞུགས་རྒྱུའི་འབོད་སྐུལ་བྱས།  དུས་མཚུངས་སུ་ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་ཚོའི་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཟིང་འཁྲུག་སློང་བ་དེ་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ཆེད་མ་ཡིན་པར།  ཕྱི་ནང་གཉིས་ཀྱི་ལོག་སྤྱོད་ཤོག་ཁག་ཚོའི་ལྐོག་གཡོ་ངན་ཇུས་འགྲུབ་ཐབས་རང་ཡིན་པ་དངོས་ཤུགས་ཅི་རིགས་ནས་གསལ་རྗེན་དུ་བཏོན་སྟབས། བོད་ལྗོངས་ཀྱི་རྒྱ་ཆེའི་སེར་སྐྱ་མི་དམངས་དང། མཐོ་འབྲིང་རིམ་ཁྲོད་ཡིད་གཞུང་དྲང་ལ་ཚང་མར་སྤྱི་སྙོམས་སུ་བདེ་སྐྱིད་ལྡན་འདོད་ཡོད་མཁན་གྱི་མི་སྣ་ཚོས་ཀྱང་རིམ་པས་གནད་འདི་གསལ་བོར་ཤེས་ཤིང༌། ཟིང་འཁྲུག་འགོ་གཏེ་དང་རྒྱབ་སྐྱོར་བྱེད་མཁན་གྱི་བཙན་རྒྱལ་རིང་ལུགས་དང༌།  རྒྱ་གར་གྱི་ལོག་སྤྱོད་པ་ཁ་ཤས་ཀྱིས་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་སྦར་ཏེ།  བློ་ཐག་རྦད་བཅད་ཀྱིས་མི་དམངས་བཅིངས་འགྲོལ་དམག་གིས་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ཁྲོད་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་པ་དང༌།  ཏང་གི་འགོ་འདྲེན་འོག་དམག་དམངས་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་རུབ་ཐོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་སྟེ་ཟིང་འཁྲུག་པ་ཁེར་རྐྱང་དུ་ཕུད་པ་དང༌།  དུས་ཡུན་ཐུང་ངུའི་ནང་ལྷ་ས་ཁུལ་གྱི་ཟིང་འཁྲུག་ཞོལ་འཇགས་སུ་བཏང་བ་མ་ཟད།  སྔ་རྗེས་སུ་ལྷོ་ཁ་སོགས་ས་ཁུལ་གྱི་ཟིང་འཁྲུག་ལྷིང་འཇགས་སུ་བཟོས་ནས་ཕྱི་ནང་གི་དགྲ་བོའི་ལྐོག་ཇུས་སྟོང་ཟད་དུ་བཏང་ཞིང༌།  ཁོ་བ་ཚོ་སྐེ་འཁྱེར་ཞགས་གཟེད་ཀྱི་ལམ་ལ་སྔ་ཙམ་འཇུག་རྒྱུར་སྐུལ་འདེད་བྱས་བ་དང༌།  བོད་ལྗོངས་ས་མཐོའི་སྟེང་བཀས་བཀོད་རྒྱུད་འཛིན་གྱི་བྲན་བདག་གྲལ་རིམ་རྩ་གཏོར་བཏང་བ་སོགས།  རླབས་ཆེན་གྱི་དོན་གནད་གལ་ཆེ་ཁག་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཡོད་པ་རེད།
    དེའི་རྗེས་བོད་ལྗོངས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་གང་མགྱོགས་ལག་བསྟར་དགོས་བ་དང༌།  ཏང་གི་འགོ་ཁྲིད་འོག་སོ་སོའི་ལུས་སྟེང་དུ་བཀལ་བའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ལྕགས་སྒྲོག་ཡོད་ཚད་སོ་སོས་གཏོར་ཏེ།   ཡར་ལངས་བཅིངས་འགྲོལ་ཐོབ་ཐབས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་བཏོན།
     བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་བརྒྱད་རིང༌།  བོད་ལྗོངས་བཙན་རྒོལ་རྒྱལ་གཅེས་ཀྱི་མཐོ་འབྲིང་རིམ་གྱི་སྔོན་ཐོན་གྲོགས་པོ་རྣམས་ལ་ཀྲུང་དབྱང་ནས་གང་ཅིའི་ཐད་ཐུགས་ཁུར་གཟིགས་སྐྱོང་དང་བསམ་བློར་སློབ་གསོ་གནང་བར་བརྟེན།  རང་ཉིད་ཀྱི་སྐྱེ་ཁུངས་ཏེ་བཤུ་གཞོག་གྲལ་རིམ་གྱི་ནག་ཉེས་ལ་ཚད་མི་འདྲ་བའི་ངོས་འཛིན་གང་འཚམས་ཡོད་པ་དང༌།  རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་སྡུག་བསྔལ་ལ་སེམས་ཁུར་དང༌།  ཁོང་ཚོ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་འཚོ་བ་གསར་བར་ལོངས་སུ་སྤྱོད་ཐུབ་རྒྱུའི་རེ་འདུན་ཡོད་པ་སོགས་གསར་བརྗེའི་བསམ་བློའི་རྨང་གཞི་བཏིང་ཡོད།
     བོད་ལྗོངས་སུ་ངོ་ལོག་ཟིང་འཁྲུག་བྱུང་རྗེས་སུ།   ཀྲུང་དབྱང་གིས་༡༩༥༦ལོར་ཁྱབ་བསྒྲགས་པའི་བོད་ལྗོངས་སུ་༡༩༦༢བར་ལོ་དྲུག་རིང་བཅོས་བསྒྱུར་མི་བྱེད་རྒྱུའི་བཀའ་རྩ་ཕྱིར་འཐེན་བྱས་ཏེ་བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་སྤེལ་རྩིས་སྐབས།  ང་ཚོའི་རྒྱལ་གཅེས་སྔོན་ཐོན་འབྲིང་རིམ་མི་སྣ་ཚོས་ཀྱང་བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང༌།  བདག་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ་ང་ཕོད་སོགས༡༩༥༩ལོའི་ཟླ༤བར་པེ་ཅིང་དུ་འབྱོར་སྐབས།  བོད་ལྗོངས་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་དབྱང་གི་འགོ་ཁྲིད་ཚོ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བོད་ལྗོངས་སུ་གང་མགྱོགས་ངང་དམངས་གཙོ་བཅོས་བསྒྱུར་ལག་བསྟར་དགོས་པའི་རེ་འདུན་དང༌།  རྒྱལ་གཅེས་སྔོན་ཐོན་གྱི་མཐོ་འབྲིང་རིམ་མི་སྣ་ཚོས་ཀྱང་བཅོས་བསྒྱུར་ལག་བསྟར་ལ་རྒྱབ་སྐྱོར་གྱིས་དམངས་གཙོ་བཅོས་བསྒྱུར་ཁྲོད་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འབུལ་འདོད་ཡོད་པའི་རྣམ་འགྱུར་བཅས་གསལ་བོར་ཞུས་ཡོད།   སྐབས་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཐུན་མོང་ངམ་རེ་ཟུང་ལ་གྲོས་མོལ་གནང་བའི་ཚུལ་གྱིས་དམངས་གཙོ་བཅོས་བསྒྱུར་ཐད་ལམ་སྟོན་དང༌།  ང་ཚོར་དེའི་སྐོར་གྱི་བསམ་འཆར་བསྡུས་སོང༌།  དེའི་རྗེས་རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི་སྐུ་ཉིད་ནས་ཀྱང་ང་ཚོར་དམིགས་བསལ་མཇལ་འཕྲད་གནང་སྐབས་གསུངས་གསལ།  དེ་སྔའི་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་བཙན་རྒྱལ་རིང་ལུགས་དང༌། ཕྱི་རྒྱལ་ལོག་སྤྱོད་ཤོག་ཁག་ལ་ངན་འབྲེལ་བྱས་བ་མ་ཟད།  དེ་དག་གི་བཀོད་བྱུས་འོག་མེས་རྒྱལ་ལ་རྒྱབ་འགལ་དང་མི་དམངས་ལ་རྒྱབ་འགལ།  གསར་བརྗེ་ལ་རྒྱབ་འགལ་གྱི་ངོ་ལོག་ཟིང་འཁྲུག་བསླངས་བ་དང༌།  ད་ཆ་ཟིང་འཁྲུག་ཧ་ལམ་ཞོད་འཇགས་སུ་བཏང་ཟིན་ལ།  བོད་ལྗོངས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དམངས་གཙོ་བཅོས་བསྒྱུར་ལག་བསྟར་བྱས་ཏེ་བོད་ལྗོངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་དང༌།  ངལ་རྩོལ་མི་དམངས་བཅིངས་འགྲོལ་གཏོང་རྒྱུའི་རེ་འདུན་ཤུགས་ཆེར་ཡོད་གནས་གསུངས་བ་དང༌།  དེ་ལས་འགུལ་འདི་རིགས་ཀྱི་ཁྲོད་སྤྱད་དགོས་བའི་ཁ་ཕྱོགས་དང་སྲིད་ཇུས།  ལས་འགན།  བྱེད་ཕྱོགས་དབྱེ་མཚམས་དང་གོ་རིམ་བཅས་བསྟན་པ་མ་ཟད།  བོད་ཀྱི་དགོན་སྡེ་ཁག་ལའང་དམངས་བསྒྱུར་ལག་བསྟར་དགོས་བ་དང༌།  བཀས་བཀོད་རྒྱུད་འཛིན་གཙོ་བཅོས་ཀྱི་ལམ་ལུགས་དང་བཤུ་གཞོག་གཉའ་གནོན་ཆ་ཚང་རྨེག་མེད་དང༌།  ངོ་ལོག་ཟིང་འཁྲུག་གི་བྱ་འགུལ་ཚར་གཅོད།  གྲྭ་གྲངས་གང་འཚམས་ཉུང་དུ་བཏང་ནས་གྲྭ་བ་བྱེད་འདོད་མེད་པར་སྐྱ་སར་ཕབ་འདོད་ཡོད་རིགས་ཁྱིམ་ཐབ་འཛིན་དུ་བཅུག་སྟེ།  མི་འབོར་དང་དངོས་ཟོག་ཐོན་སྐྱེད་ཀྱི་ལས་ལ་འཇུག་དགོས།  འོན་ཀྱང་རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེ་དང་ཆོས་ཀྱི་རྗེས་འཇུག་ཚོར་ཏང་གི་ཆོས་དད་རང་མོས་ཀྱི་རྩ་དོན་འོག་སྲུང་སྐྱོབ་དང༌།  གྲྭ་བའི་གྲང་འབོར་གང་འཚམས་ཤིག་དགོན་པར་བཞག་སྟེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཏུ་འཇུག་རྒྱུ།  རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཆོས་ལུགས་བྱེད་སྒོ་རང་དབང་དུ་སྤེལ་ཆོག་རྒྱུ་སོགས་དང༌།  མཐོ་འབྲིང་རིམ་གྱི་མི་སྣའི་ཐད།  ངོ་ལོག་ཟིང་འཁྲུག་ཏུ་མ་ཞུགས་པའི་མངའ་བདག་དང་མངའ་ཚབ་ཀྱི་ཐོན་སྐྱེད་རྒྱུ་ཆ་ཁག་བླུ་ཉོ་དང༌།  ཆབ་སྲིད་ཀྱི་མདུན་ལམ་སྤྲད་དེ་ངེས་པར་དུ་ལྟ་སྐྱོང་བྱེད་དགོས་བ་དང༌།  དམངས་གཙོ་བཅོས་བསྒྱུར་གྱི་འགག་སྒོ་བརྒལ་བའི་ཐད།  ཆེས་ལོག་སྤྱོད་ཀྱི་མངའ་བདག་དང་མངའ་ཚབ།  ཟིང་འཁྲུག་པ། གསར་བརྗེ་ངོ་ལོག་པ་བཅས་ལ་གདོང་གཏུགས་ཀྱི་འཐབ་རྩོད་བྱེད་དགོས་བ་ཕུད།  གཞན་དམངས་གཙོ་བཅོས་བསྒྱུར་ལ་ངོས་ལེན་རྒྱབ་སྐྱོར་བྱེདམཁན་ཞིག་ཡིན་ཕྱིན་ཏང་གིས་སྲུང་སྐྱོབ་བྱས་ཆོག་པ་དང༌།   བར་གནས་པ་དང་གཡས་ཕྱོགས་པ་ཚོ་ཚུར་འགུག་བྱེད་དགོས་བ་སོགས་ཀྱི་ལམ་སྟོན་གནང་བ་དང༌།   དེ་བཞིན་ང་ཚོར་བོད་ལྗོངས་བཅོས་བསྒྱུར་གྱི་བྱེད་ཐབས་ཐོག་བསམ་འཆར་འདོན་དུ་བཅུག་སོང༌།  དེར་བརྟེན་ང་ཚོའི་སོ་སོའི་འདོད་ཚུལ་གསལ་བོར་བརྗོད་པའི་གོ་སྐབས་ཐོབ་སྟེ།   བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་ཁྱོན་ཡོངས་ནས་ཞོད་འཇགས་དང༌།   དམངས་གཙོ་བཅོས་བསྒྱུར་ལག་བསྟར་བྱེད་རྒྱུ་ནི་ཡང་དག་པ་དང་དགོས་ངེས་ཤིག་ཡིན་སྟབས།   ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས་གོང་དུ་བརྗོད་ཟིན་པ་ལྟར་ཞུ་རྒྱུ་བྱུང༌།  དེ་མིན་ཆོས་ལུགས་དགོན་སྡེ་སོགས་ལའང་རང་ཉིད་ཀྱི་འདོད་ཚུལ་ངོ་མ་ཞུས་ཡོད། 
     ང་རང་བོད་དུ་ལོག་རྗེས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག   བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཐོག་ཀྲུང་དབྱང་དང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་་ཁང་གི་མཛད་ཕྱོགས་དང་སྲིད་ཇུས།  ལམ་སྟོན་གཞིར་བཟུང་ནས་སྔ་རྗེས་སུ་བོད་དུ་དམངས་གཙོ་བཅོས་བསྒྱུར་ལག་བསྟར་སྐོར་གྱི་གྲོས་ཆོད་ཁ་ཤས་ཤིག་བཞག་ཡོད།  དེར་བརྟེན་བོད་ལྗོངས་སྟོད་སྨད་བར་གསུམ་དུ་རིམ་པ་སོ་སོའི་ཏང་གི་འགོ་ཁྲིད་འོག  ཞིང་ལས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་གྱི་གོམ་པ་དང་པོ་གསུམ་རྒོལ་(༡ཟིང་འཁྲུག་ལ་ངོ་རྒོལ། ༢བྲན་གཡོག་ལམ་ལུགས་ལ་ངོ་རྒོལ༌། ༣བཀས་བཀོད་རྒྱུད་འཛིན་གྱི་དམིགས་གསལ་ཁྱད་དབང་ལ་ངོ་རྒོལ། བསྒྱུར་མཆན།)གཉིས་ཆག་( སྐྱེད་ཀ་དང་བོགས་མ་ཆག་ཡང༌།  བསྒྱུར་མཆན།) དང༌།  གོམ་པ་གཉིས་པ་ས་ཞིང་བགོ་འགྲེམས་ལག་བསྟར། འབྲོག་ལས་ཁུལ་དུ་གསུམ་རྒོལ་གཉིས་ཕན་(འབྲོག་བདག་དང་འབྲོག་བྲན་གཉིས་ཀར་ཕན་པ། བསྒྱུར་མཆན། )དང་དགོན་སྡེའི་ནང་གསུམ་རྒོལ་གསུམ་རྩིས་(༡ ཆབ་སྲིད་ཐོག་གནོད་འཚེ་རྩིས་རྒྱག  ༢གྲལ་རིམ་གྱི་གཉའ་གནོན་་རྩིས་རྒྱག ༣དཔལ་འབྱོར་ཐོག་བཤུ་གཞོག་རྩིས་རྒྱག་བཅས།  བསྒྱུར་མཆན།)ཀྱི་ལས་འགུལ་སྤེལ།
     མང་ཚོགས་སྐུལ་སློང་བྱས་སྟབས།  ལོ་ངོ་སྟོ་ཕྲག་ཏུ་མའི་རིང་མངའ་བདག་ཆེན་པོ་གསུམ་གྱི་དབང་བསྒྱུར་འོག  གཉའ་གནོན་དང་བཤུ་གཞོག་སྣ་ཚོགས་ཀྱི་སྡུག་བསྔལ་མྱོང་བཞིན་པའི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་རྨོངས་གཉིད་ལས་སད་དེ།  གསར་བརྗེའི་སྤྲོ་སྣང་དང་གྲལ་རིམ་གྱི་གོ་རྟོགས་རྒྱས་བ་དང༌།  ཁོ་ཚོས་སྡུལ་བསྔལ་གྱི་རྩ་བ་དྲུས།   སྡུལ་བསྔལ་གྱི་མྱོང་བ་བགྲངས།   མངའ་བདག་གྲལ་རིམ་གྱི་ནག་ཉེས་ཐེར་འདོན་བྱས་བ་དང༌།  ཐེངས་འདིའི་ཁྱོད་ཤི་ང་གསོན་དང་ཛ་དྲག་རྣོ་ངར་གྱི་གྲལ་རིམ་འཐབ་རྩོད་ཀྱི་རླབས་རྒྱུན་ས་ཆེན་ཁྱོན་ལ་འཕྱུར་ཞིང༌།  དེ་ནས་བཟུང་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བ་རེད།  ཡར་ལངས་ཐོབ་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས།   མི་རབས་ནས་མི་རབས་བར་ཁོ་ཚོའི་མགོ་ཐོག་ཏུ་ཞོན་ཏེ་ཁོ་ཚོའི་རྔུལ་ཁྲག་ལས་བསྐྲུན་པའི་ངལ་རྩོལ་འབྲས་བུ་བཤུ་གཞོག་དང༌།  ཁོ་ཚོའི་མི་ལུས་ཀྱི་རང་དབང་སོགས་འཕྲོག་སྟེ་བྲན་དུ་བཀོལ་མཁན་ངན་དགུ་ཚང་བའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དང༌།  མངའ་བདག་ཆེན་པོ་གསུམ་གྱིས་དབང་བསྒྱུར་པའི་ཁུར་བོ་རྩ་བ་ནས་རྟིང་ཉིལ་ཏེ་རྨེག་མེད་དུ་བཏང་ཞིང༌།  དེ་བཞིན་དུ་རང་ཉིད་ཀྱི་ལུས་སྟེང་དུ་བཀལ་བའི་བཀས་བཀོད་རྒྱུད་འཛིན་གྱི་ལྕགས་སྒྲོག་ཆ་ཚང་གཏོར་ནས་ཡར་ལངས་བ་དང༌།  རྦད་དེ་བཅིངས་འགྲོལ་ཐོབ་སྟེ་སྤྱི་ཚོགས་གསར་བ་དང་ས་ཞིང་གི་བདག་པོར་གྱུར་ཡོད། 
    ཏང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག  ངལ་རྩོལ་མི་དམངས་རང་ཉིད་ཀྱི་རིམ་པ་སོ་སོའི་སྲིད་དབང་བཙུགས་ཏེ།  མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ལག་བསྟར་གྱིས་དེ་སྔའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་བོད་ལྗོངས་དེ་མདུན་ལམ་འོད་སྟོང་ལྡན་པའི་མི་དམངས་དམངས་གཙོའི་བོད་ལྗོངས་གསར་བ་ཞིག་ཏུ་བསྒྱུར་ཡོད།  འདི་ནི་ཆེས་རླབས་ཆེན་གཟི་བརྗིད་ཀྱི་ལས་དོན་ཞིག་དང༌།  མིའི་རིགས་འཕེལ་རྒྱས་ཁྲོད་ཀྱི་དགའ་འོས་བའི་དོན་ཆེན་ཞིག་ཀྱང་རེད།  བོད་ལྗོངས་རང་སྟེང་ལ་ཆ་བཞག་ན།  དེ་ནི་རྙིང་བ་ནས་གསར་བ་དང༌།  མུན་ནག་ནས་འོད་སྟོང་ལྡན་པ།  སྡུག་བསྔལ་ནས་བདེ་སྐྱིད།  བཤུ་གཞོག་ནས་འདྲ་མཉམ།  དབུལ་ཕོངས་ནས་དར་རྒྱས་སུ་བསྐྱོད་པའི་འགྱུར་མཚམས་ཤིག་དང།  ལོ་རྒྱུས་ཐོག་གཟི་འོད་འཕྲོ་བའི་དུས་རབས་གསར་བ་ཞིག་གི་འགོ་ཚུགས་པ་རེད།
     བོད་ལྗོངས་དེ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་པ་ནི་མེས་རྒྱལ་གྱི་མི་རིགས་གཞན་དང་འདྲ་བར།  གང་ཅིའི་ཐད་ཕུན་ཚོགས་བདེ་སྐྱིད་ཀྱི་ཉི་འོད་ཕྱོགས་གཞིར་ཁྱབ་སྟེ།  མི་དམངས་རྣམས་བཀྲ་ཤིས་བདེ་ལེགས་དང༌། འདྲ་མཉམ་བདེ་སྐྱིད་ཀྱི་ངང་ཚུལ་ནི་མངོན་པར་བཞད་པའི་པད་མའི་ཚལ་ལྟར་མཛེས་སྡུག་བརྗོད་ལས་འདས་ཤིང་ །  བཀྲ་ཤིས་རྫོགས་ལྡན་གསར་བའི་མི་ཡུལ་གྱི་བདེ་བ་ཅན་ཏེ་སྡེ་བཞིའི་མངའ་ཐང་དར་ཞིང༌།   མི་སྨོན་རང་སྐྱིད་ཀྱི་བོད་ལྗོངས་གསར་བ་ཞིག་མངོན་དུ་འགྱུར་རྒྱུ་ནི་གཏན་འཁེལ་བ་ཞིག་རེད།  འདི་ལྟའི་གནམ་ས་བླ་འོག་བསྒྱུར་ཅིང་བཟང་ངན་གྱི་དབྱེ་མཚམས་ཆོད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཅོས་བསྒྱུར་ལས།  འཐབ་ཕྱོགས་སོ་སོར་གཞི་རྩའི་འགྱུར་ལྡོག་བྱུང་སྟེ།  ཐོན་སྐྱེད་ནུས་ཤུགས་ཡོད་ཚད་ལ་བཅིངས་འགྲོལ་ཐོབ་པ་མ་ཟད།  རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ས་ཞིང་དང་སྤྱི་ཚོགས་ཀྱི་བདག་པོའི་སྙིང་སྟོབས་ཀྱི་ལྗོན་པ་རྒྱས་ཏེ་དུས་མཚུངས་བོད་ལྗོངས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བ་དང༌།  ཡིད་འོངས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་འདོད་ཀྱི་རེ་བའི་མེ་ཏོག་མངོན་པར་བཞད་པས།  ཏང་གི་འགོ་ཁྲིད་འོག་རོགས་རེས་ཆེ་ཆུང་བཙུགས་པ་དང༌།  ཐོན་སྐྱེད་ཁྲོད་ཀྱི་དཀའ་ངལ་སེལ་ཐབས་དང༌།  སྔོན་ཐོན་ཉམས་མྱོང་བརྗེ་རེས།  ལག་རྩལ་ལེགས་བཅོས་དང་གསར་གཏོད་སོགས་འོས་འཚམས་ཀྱི་བྱེད་ཐབས་རིམ་པར་བྱས་ཏེ་བོད་ལྗོངས་སུ་བསྟུད་མར་ལོ་གསུམ་ལ་ལོ་ལེགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་བ་དང༌།  དེ་བཞིན་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང༌།  རིག་གནས།  འཕྲོད་བསྟེན།  བཟོ་ལས།  འགྲིམ་འགྲུལ་དང་སྦྲག་ཏར་སོགས་ཀྱི་ལས་དོན་ལའང་གྲུབ་འབྲས་རྒྱ་ཆེར་ཐོབ་ཡོད།  ལྷག་པར་དུ་ཏང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག  བོད་ལྗོངས་བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞི་སྲ་བརྟན་བྱུང་བ་དང༌།  གསར་རྗེའི་རྨང་གཞི་ཐོག་རྒྱ་བོད་མི་རིགས་དབར་དང་ལས་བྱེད་དང་མི་དམངས་དབར།  བཟོ་ཞིང་དབར།  འགོ་ཁྲིད་དང་མང་ཚོགས་དབར་འབྲེལ་ལམ་གསར་བ་བཙུགས་ཏེ།  ཚང་མ་གཅིག་མཐུན་གྱི་འགོ་ཁྲིད་འོག་དམིགས་ཡུལ་གཅིག་མཐུན་དང་མདུན་ལམ་གཅིག་མཐུན་གྱིས་རྣོ་ལྕགས་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ཅིང་དགྲ་བོ་སུས་ཀྱང་གཏོར་ཐབས་ལ་རི་རབ་ལྟར་གཡོ་བ་མེད་པའི་མཐུན་སྒྲིལ་བྱུང་ཡོད།  འདས་ཟིན་པའི་ལོ་ཤས་ནང་བོད་ལྗོངས་སུ་བྱུང་བའི་འགྱུར་ལྡོག་དང་རྒྱལ་ཁའི་གྲུབ་འབྲས་ནི་ཤིན་ཏུ་རླབས་ཆེན་དང།  ཤིན་ཏུ་གཟི་བརྗིད།  ཤིན་ཏུ་དོན་སྙིང་ལྡན་པ་ཞིག་ཡིན་ལ།  དེ་ནི་གཞན་དུ་འགྲན་ཟླ་དང་བསུབ་ཐབས་མེད་པ་ཞིག་རེད།
     ལོ་ངོ་གསུམ་གྱི་དུས་ཡུན་ཐུང་ངུའི་ནང༌།  ལོ་ངོ་སྟོང་ཕྲག་དུ་མའི་རིང་བྱུང་མ་མྱོང་བའི་འགལ་རྐྱེན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་དང་གྲུབ་འབྲས་ཆེན་པོ་ཐོབ་པ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་རེད།  འདི་ནི་གཙོ་ཆེར་རླབས་ཆེན་གཟི་བརྗིད་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང༌།   རླབས་ཆེན་ཡང་དག་དང་སྐྱེས་སྦྱངས་ཡོན་ཏན་གྱི་འབྱུང་གནས།  རིགས་སོ་སོའི་མི་དམངས་བདེ་སྐྱིད་ཀྱི་ལམ་ལ་ཁྲིད་མཁན་གཙོ་འཛིན་ཆེན་མོ་མའོ་ཙེ་ཏུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག  ཏང་གི་མི་རིགས་སྲིད་ཇུས་དང་ཏང་གིས་བོད་ལྗོངས་སུ་གཏན་འབེབས་བྱས་པའི་ཡང་དག་པའི་སྲིད་ཇུས་ཁག་གི་གཟི་འོད་འཕྲོས་འོག་ཏུ།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཐའ་གཅིག་ཏུ་ཀྲུང་དབྱང་གི་བྱེད་ཐབས་དང༌།  སྲིད་ཇུས།  ལམ་སྟོན་སློབ་གསོ་ཡང་དག་པའི་སྒོ་ནས་ལག་ལེན་མཐིལ་ཕྱིན་བསྟར་བ་དང༌།  བོད་ཀྱི་ལས་དོན་སྣ་ཚོགས་ལ་ཐད་ཀར་འགོ་ཁྲིད་འོག་གྲུབ་འབྲས་ཆེན་པོ་ཐོབ་པ་ཞིག་ཡིན་ལ།   དེ་བཞིན་དུ་རྒྱ་རིགས་གཙོས་བའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང༌།  སྤུན་ཟླའི་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ནས་མི་ཤུགས་དང་རྒྱུ་དངོས་ཀྱི་རོགས་རམ་རྒྱ་ཁྱབ་གནང་བ་མ་ཟད།  བསམ་བློའི་ཐོག་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང༌།  བོད་བསྐྱོད་རིགས་སོ་སོའི་འགོ་ཁྲིད་དང་ལས་བྱེད་དཀྱུས་མ།  བཅིངས་འགྲོལ་དམག་གི་དཔོན་དམག་བཅས་ཚང་མས་ཏང་དང་མི་དམངས་ཀྱི་ཆེད་དུ་ཧུར་ཐག་འབད་ཐག་གིས་ལས་དོན་སྣ་མང་བསྒྲུབས་ཏེ་ཐོབ་པ་ཞིག་ཀྱང་ཡིན།  དེར་བརྟེན་བོད་ལྗོངས་ཀྱི་རིམ་པ་སོ་སོའི་སེར་སྐྱ་མི་དམངས་ཀྱིས་རང་ཉིད་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྡུག་བསྔལ་ལས་བསྐྱབས་ཏེ་མི་དམས་དམངས་གཙོའི་བདེ་སྐྱིད་དུ་འགོད་མཁན་ཀྲུང་གོ་གུང་ཁྲན་ཏང་དང༌།  རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཡི་བཀའ་དྲིན་དུས་གཏན་དུ་བརྗེད་མི་སྲིད་ལ།  དགའ་གུས་རྒྱབ་སྐྱོར་ཚད་མེད་ཞུ་གི་ཡོད་པ་དང༌།  རྒྱ་རིགས་གཙོས་པའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང༌།  བོད་བསྐྱོད་མི་དམངས་བཅིང་འགྲོལ་དམག་དང༌།  བོད་བསྐྱོད་རིགས་སོ་སོའི་ལས་བྱེད་ལ་དགའ་མོས་བརྩི་བཀུར་ཞུ་གི་ཡོད། 
    གསར་བརྗེ་དང༌།  གྲལ་རིམ།  ཆབ་སྲིད་ཀྱི་བརྩེ་དུང་དང་ལྡན་ལ།  རྣམ་པ་གསར་ཞིང་སྲ་བརྟན་གྱི་གཞལ་ཡས་ཁང་ཞིག་བཞེངས་བསྐྲུན་ཐུབ་པར་བརྟེན།  ད་ཆ་བོད་ལྗོངས་སྟོད་སྨད་བར་གསུམ་གྱི་གྲོང་དང་གྲོང་ཁྱེར།  གྲོང་བརྡལ་ལ་སོགས་པའི་ཕོ་མོ་རྒན་གཞོན་ཚང་མས།  ང་ཚོའི་རླབས་ཆེན་གཟི་བརྗིད་ཀྱི་ཏང་དང་རྒྱལ་ཡོངས་མི་དམངས་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་མཁན་རླབས་ཆེན་གྱི་མའོ་ཀྲུའུ་ཞི་ཡིས་ཁོ་ཚོ་སྡུག་བསྔལ་གྱི་གཡང་རོང་ནས་བསྐྱབས་ཏེ་བདེ་སྐྱིད་ཀྱི་ལམ་ལ་བཀོད་པའི་བཀའ་དྲིན་སྙིང་བཅངས་ཀྱིས་བསྟོད་བསྔགས་རྒྱུན་མི་ཆད་ཅིང༌།  མི་དམངས་རང་ཉིད་ནས་ཡིད་དབང་རབ་ཏུ་བཀུག་པའི་བསྟོད་གླུ་མང་པོ་བརྩམས་ཤིང་འཁྲབ་སྟོན་བྱས་ཏེ་སོ་སོའི་སེམས་ནང་གི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་དགའ་སྤྲོའི་རྣམ་པ་མཚོན་པར་བྱེད་པ་དང༌།  དེ་བཞིན་དུ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་སྤྲོ་སྐྱིད་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་པ་འབུལ་བཞིན་པར་མ་ཟད།  དགའ་སྤྲོའི་ངང་ནས་རྒྱ་རིགས་གཙོས་པའི་རིགས་སོ་སོའི་མི་དམངས་ཀྱི་བོད་ལྗོངས་བཅིངས་འགྲོལ་དང་གསར་བརྗེའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་རོགས་འདེགས་དང༌།  བོད་བསྐྱོད་བཅིངས་འགྲོལ་དམག་མི་དང་ལས་བྱེད་པ་ཚོས་ཏང་དང་མི་དམངས་ཀྱི་ཆེད་འབད་བརྩོན་བྱས་བར་བསྔགས་བརྗོད་བྱས་བ་དང༌།  དེ་བཞིན་དུ་དེང་ཕྱིན་མཐའ་གཅིག་ཏུ་ཏང་གི་གསུང་ལ་མཉམ་འཇོག་དང༌།  ཏང་གི་རྗེས་སུ་འབྲང་རྒྱུ།  མེས་རྒྱལ་རིགས་སོ་སོའི་མི་དམངས་དང་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང༌།  གང་མགྱོགས་སུ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་རྒྱུའི་བསམ་བློ་སོགས་བསྟན་ཡོད།  བོད་ལྗོངས་ཡོངས་སུ་དཔྱིད་དཔལ་རྒྱས་པ་བཞིན།  གང་སར་ཕུན་ཚོགས་བདེ་ལེགས་དང་འོད་ཟེར་སྟོང་ལྡན་གྱི་རྣམ་པ་གསར་བས་ཁྱབ་ཡོད།  དེར་བརྟེན་གྲུབ་འབྲས་ནི་གཙོ་བོ་ཡིན།  ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་མཉམ་དུ་སྤེལ་བའི་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་ནི་གཞི་རྒྱ་ཆེ་ལ་མྱུར་ཚད་མགྱོགས་ཤིང་གནམ་ས་བླ་འོག་བསྒྱུར་བ་ལྟར་ཚ་ཚ་འུར་འུར་དང༌།  ཁྱོད་ཤི་ང་གསོན་གྱི་རྣོ་ངར་ལྡན་པའི་གྲལ་རིམ་འཐབ་རྩོད་ཅིག་ཡིན་སྟབས།  ཟློག་ཐབས་མེད་པའི་སྐྱོན་ཆ་ནོར་འཁྲུལ་རེ་ཟུང་ནི་འབྱུང་སྲིད་པ་ཞིག་རེད།  འོན་ཀྱང་ལས་འགུལ་ནང་འབྱུང་མི་དགོས་པའི་སྐྱོན་ཆ་ནོར་འཁྲུལ་ཡང་བྱུང་ཡོད།  དེའི་ནང་ཕྲན་གྱིས་རྒྱུས་ལོན་བྱས་པའི་ཡིག་ཆ་ཁ་ཤས་ནང་གི་རྩ་དོན་རང་བཞིན་གྱི་གནས་ཚུལ་དང་དཔེ་མཚོན་རང་བཞིན་ལྡན་པའི་དོན་གནད་ཚབས་ཆེན་ཁག་ཅིག་སྙན་སེང་ཞུ་རྒྱུར།


罢稗拜︽车稗︽拜爸︽冲﹀

ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་སྐོར།

བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་ནི་ཏང་དང་མེས་རྒྱལ་དང༌། མི་དམངས་དང་དམངས་གཙོ། སྤྱི་ཚོགས་རིང་ལུགས་བཅས་ལ་ངོ་རྒོལ་གྱི་གསར་བརྗེ་ངོ་ལོག་གི་རང་བཞིན་ལྡན་པ་དང་ཉེས་པ་ཚབས་ཆེན་ཡིན་པས། ཏང་གིས་ཟིང་འཁྲུག་ཞོད་འཇགས་སུ་གཏོང་རྒྱུའི་སྲིད་ཇུས་ནི་ཧ་ཅང་ཡང་དག་དང༌། དགོས་ངེས་འོས་འཚམས་ཤིག་ཡིན་པར་མ་ཟད། ཏང་གིས་ད་དུང་མཁས་མཛངས་ལྡན་པའི་སྒོ་ནས་ཟིང་འཁྲུག་ཞོད་འཇགས་སུ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་དམག་དོན་གྱི་རྒོལ་རྡུང་དང༌། ཆབ་སྲིད་ཐོག་ཚུར་འགུག མང་ཚོགས་ལ་སྐུལ་སློང་བཅས་སྲིད་ཇུས་གསུམ་འབྲལ་མེད་དུ་ལག་བསྟར་དགོས་ཚུལ་བསྟན་ཡོད། དེའི་ནང་ནས་ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་ལ་ཆབ་སྲིད་ཐོག་ཚུར་འགུག་བྱེད་རྒྱུའི་ཐད། མགོ་འདོགས་ཞུ་མཁན་ཚོར་འགོ་དམངས་དབྱེ་བ་མེད་པར་མིན་བཞི་ཡི་སྲིད་ཇུས་ཉ ༡གྲལ་རིམ་མི་དབྱེ་བ། ༢ གཞུང་བཞེས་མི་གཏོང་བ། ༣འཐབ་རྩོད་མི་བྱེད་པ། ༤ འཛིན་བཟུང་མི་བྱེད་པ་བཅས་ལ་ཟེར། བསྒྱུར་མཆན། ཏ ལག་བསྟར་བྱེད་རྒྱུ་དང་གཅིག འཛིན་བཟུང་བྱས་པའི་ཟིང་འཁྲུག་པ་མི་སྒེར་སོ་སོའི་གནས་ཚུལ་ལ་རྟོག་ཞིབ་མཐིལ་ཕྱིན་བྱས་ཏེ་དབྱེ་བ་ཡོད་པ་དང་གང་ཐུབ་གུ་ཡངས་ཐག་གཅོད་བྱས་ནས་མདུན་ལམ་སྤྲོད་རྒྱུ་དང་གཉིས། ཕྱི་ནངགི་ལོག་སྤྱོད་པ་ཚོས་ཟིང་འཁྲུག་སློང་བའི་ལྐོག་གཡོ་ངན་ཇུས་ཐེར་འདོན་དང༌། ཟིང་འཁྲུག་གི་ཉེས་པ་སྒྲོག་སྦྱངས། ང་ཚོའི་ལས་དོན་ཁྲོད་ཟིང་འཁྲུག་པ་ཚོས་དཀྲོག་གཏམ་བཟོ་གཞིར་འགྱུར་བའི་ཞན་ཆ་ནོར་འཁྲུལ་ཡོད་ཚེ། ཞིབ་བཤེར་གྱིས་མཐའ་གཅིག་ཏུ་ཡོ་བསྲང་ལེགས་བཅོས་དགོས་པ་དང༌། དེང་ཕྱིན་གནད་དོན་དེའི་རིགས་མི་འབྱུང་བའི་སྟངས་འཛིན་གང་གཟབ་ཀྱིས་དུས་ཡུན་གང་འཚམས་ཤིག་རིང་ལོག་སྤྱོད་ཤོག་ཁག་གི་མགོ་སྐོར་འོག་ཚུད་པའི་རིམ་པ་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐེ་ཚོམ་ཡིད་དོགས་རྣམས་དོན་དངོས་ཀྱི་ཐོག་ནས་རིམ་བཞིན་སེལ་རྒྱུ་དང་གསུམ་ལས་དེ་མིན་གཞན་ཅི་ཡང་མེད། འོན་ཀྱང་ལག་ལེན་དུ་བསྟར་སྐབས། ༡ དྲག་ཆས་སྤངས་ཏེ་ལམ་ནོར་ལྡོག་ཤེས་ཀྱིས་མགོ་བཏགས་ཞུ་མཁན་ལ་མིན་བཞི་ཡི་སྲིད་ཇུས་ཇི་བཞིན་ལག་བསྟར་མ་བྱས་པར་མི་མང་པོ་ཞིག་ལ་ཛ་དྲག་གི་འཐབ་རྩོད་དང༌། འཛིན་བཟུང༌། བཙོན་འཇུག་སོགས་བྱས་ཏེ་རྡུང་རྡེག་ཆེན་པོ་ཕོག་ཡོད།

  ༢ འཛིན་བཟུང་བྱས་པའི་ཟིང་འཁྲུག་པ་ཐག་གཅོད་སྐབས།  ལས་བྱེད་ཚོས་འཁོན་སྡང་མཐོང་ཆུང་དང་སླ་བཅོས་ཀྱི་བྱེད་ཐབས་ཀྱིས་ཟིང་འཁྲུག་པ་དེ་དག་གི་གནས་ཚུལ་ཞིབ་བཤེར་བྱས་པ་ཁ་མི་ཚང་ཞིང་གཏིང་མི་ཟབ་པས་འོས་འཚམས་ཀྱིས་དབྱེ་འབྱེད་བྱེད་ཐུབ་མེད་པར་གྱུར་ཡོད།  གོང་དུ་བརྗོད་པ་བཞིན་ཕྱི་ནང་གི་ལོག་སྤྱོད་ཤོག་ཁག་ཚོས་ཆོས་ལུགས་དང་མི་རིགས་ཀྱི་དར་ཆ་འཕྱར་ཏེ་ཟིང་འཁྲུག་སློང་གི་ཡོད་སྟབས། ཟིང་འཁྲུག་པའི་ནང་གི་མི་མང་པོ་ཞིག་ནི་ལོག་སྤྱོད་པ་ཚོའི་མགོ་སྐོར་འོག་ཚུད་པའི་མི་བཟང་བོ་ཡིན་པ་དང༌།  ཁ་ཤས་ནི་མཐོ་རིམ་ལོག་སྤྱོད་པའི་དབང་ཤེད་དང་དྲག་པོའི་འཇིགས་སྐུལ་འོག་འུ་ཐུག་སྟེ་ཟིང་འཁྲུག་ནང་ཞུགས་པ་ཞིག་ཡིན།  སྔ་མའི་ཕལ་ཆེ་བདང༌།  ཕྱི་མའི་མི་ཉུང་བ་ཞིག་ལ་ཟིང་འཁྲུག་པའི་ཞྭ་མོ་གཡོགས་ཏེ་ཐག་གཅོད་བྱས་པ་དང་གུ་ཡངས་ཐོབ་མེད།  ༣ ཕྱི་ནང་གི་ལོག་སྤྱོད་པ་ཚོའི་ལྐོག་གཡོ་ངན་ཇུས་ཐེར་འདོན་དང༌།    ཟིང་འཁྲུག་གི་ཉེས་བ་སྒྲོག་སྦྱངས་ཐད་མ་གཞི་ཡག་པོ་བསྒྲུབས་ཡོད་མོད།  ཡིན་ནའང་ལོག་སྤྱོད་པ་ཚོས་མི་དམངས་ལ་མགོ་སྐོར་གཏོང་བྱེད་གཙོ་བོ་ནི།  ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་ཡིན་ལུགས་བརྗོད་ཀྱི་ཡོད་སྟབས།  ང་ཚོས་ངེས་པར་དུ་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ཁག་ཐེག་བྱས་ཏེ་དེར་སྐྱོན་གང་ཡང་མི་ཐེབས་པ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།  འདིའི་ཐད་བྱུང་བའི་མང་པོ་ཞིག་དགྲ་དགའ་གཉེན་སྡུག་ཏུ་གྱུར་བའི་འབྱུང་རྩ་ངས་འོག་ཏུ་འཆད་ཀྱི་ཡིན།  དེ་ལྟ་བས་ན།  ཆབ་སྲིད་ཐོག་ཚུར་འགུག་འཐུས་སྒོ་མ་ཚང་བར་ཟིང་འཁྲུག་གཞི་རྒྱ་ཆེ་ལ་མི་གྲངས་མང་བ་དང༌།  དུས་ཡུན་རིང་ཞིང་ལངས་ཕྱོགས་མཁྲེགས་འཛིན།   ཟིང་འཁྲུག་མཐར་གཏུགས་སོགས་ཀྱིས་ཟིང་འཁྲུག་ཞོད་འཇགས་ལ་དགོས་མེད་ཀྱི་རྙོག་དྲ་འཕར་མ་ཞིག་བཟོས་ཡོད།


罢稗拜︽车稗︽罢册邦︽斑﹀

དམངས་གཙོ་བཅོས་བསྒྱུར་གྱི་སྐོར།

དང་པོ། ཞིང་ལས་ས་ཁུལ་གྱི་གསུམ་རྒོལ་གཉིས་ཆག་གི་སྐོར། ཟིང་འཁྲུག་ལ་ངོ་རྒོལ་བྱེད་སྐབས་ཟིང་འཁྲུག་གི་ཚབས་ཆེའི་ནག་ཉེས་སྒྲོག་སྦྱངས་དང༌། རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་སུ་ཞིག་ང་ཚོའིདགྲ་བོ་ཡིན་པ་དང༌། སུ་ཞིག་ང་ཚོའི་གྲོགས་པོ་ཡིན་པ་སོགས་ཀྱི་གྲལ་རིམ་སློབ་གསོ་གཏིང་ཟབ་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་བཙན་རྒོལ་རྒྱལ་གཅེས་དང༌། ཟིང་འཁྲུག་པར་འཁོན་འགྲས་ཀྱི་བསམ་བློ་སྐུལ་སྤེལ་བྱས་ཏེ་ཟིང་འཁྲུག་གི་རྨང་གཞི་གཏོར་བཅོམ་གཏོང་བ་ནི་ཡང་དག་དགོས་ངེས་ཤིག་ཡིན། ཟིང་འཁྲུག་པ་དང་ཟིང་འཁྲུག་པར་ངན་འབྲེལ་ཡོད་མེད་ཞིབ་བཤེར་བྱེད་པའི་ཐད། ས་ཁུལ་སོ་སོའི་ཟིང་འཁྲུག་གི་རྒྱུ་རྐྱེན་དང༌། གནས་ཚུལ་དང་ཁྱད་ཆོས། དེ་བཞིན་ཟིང་འཁྲུག་ནང་ཞུགས་མཁན་མི་རེ་རེ་ཟིང་འཁྲུག་ཏུ་ཞུགས་པའི་རྒྱུ་རྐྱེན་དང་གནས་ཚུལ། ཁྱད་ཆོསསོགས་འདྲ་མིན་སྣ་ཚོགས་ཡོད་ངེས་ཤིང༌། གཏིང་ཟབ་ཀྱི་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། དེ་བས་མང་ཚོགས་རྣམས་སྐུལ་སློང་གང་ཐུབ་བྱེད་དགོས་པ་སྟེ། ལས་བྱེད་ཚོས་ནན་ཏན་ཞིབ་ཚགས་དབྱེ་ཞིབ་དང་ཕྱོགས་ཡོང་ནས་ཐག་གཅོད་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན།

     ཡིན་ནའང་ལག་བསྟར་སྐབས་ཚོགས་འདུ་ཐེངས་རེ་གཉིས་བསྐོངས་པ་དང་བྲེལ་ཟིང་གིས་སློབསྦྱོང་ཕྲན་ཙམ་སྤྲད་པ་དེ་མང་ཚོགས་སྐུལ་སློང་བྱས་པར་བརྩིས་ཤིང༌།  ཧུར་བརྩོན་ཅན་གྱིས་བཤད་ཚུལ་ཚང་མ་བདེན་པར་བཟུང་བ་དང༌།  གལ་སྲིད་ལས་འགུལ་ཁྲོད་ཟིང་འཁྲུག་དང་འབྲེལ་ཡོད་ཀྱི་གནད་དོན་མང་བོ་ཞིག་བཟོས་བ་ཡིན་ན།   ལས་བྱེད་པ་ཚོས་ལས་དོན་གཏིང་ཟབ་ཞིབ་ཚགས་ཤིག་ཏུ་ཡིན་པར་འདོད་པ་དང༌།  རླུང་འཚུབ་དཀྲིགས་ཏེ།  ཏང་གི་ཉེས་ཅན་པ་གཅིག་ཀྱང་ཐར་བ་མི་གཏོང་ལ་ཉེས་མེད་གཅིག་ལའང་ངན་ཁག་མི་དཀྲི་རྒྱུའི་ཡང་དག་པའི་རྩ་དོན་ཇི་བཞིན་ལག་བསྟར་མ་བྱས་པས།  བསམ་བློ་ལོག་སྤྱོད་ཀྱིས་ཟིང་འཁྲུག་ཏུ་ཞུགས་པ་དང༌།  མགོ་སྐོར་འོག་ཚུད་དེ་ཞུགས་པ།  འཇིགས་སྐུལ་བཙན་ཤེད་ཀྱིས་ཟིང་འཁྲུག་ཏུ་ཞུགས་པ་བཅས་གསུམ་གྱི་དབྱེ་མཚམས་ཏག་ཏག་འབྱེད་མ་ཐུབ་པ་དང༌།   མི་ལ་ལ་ཟིང་འཁྲུག་སྐབས་ཟིང་འཁྲུག་ལངས་ཡུལ་དུ་བསྡད་ཡོད་པའམ་ཟིང་འཁྲུག་སློང་ཁུལ་དུ་འགྲོ་མྱོང་བ།   ཡང་ན་ཟིང་འཁྲུག་སློང་ཁུལ་བརྒྱུད་ནས་འགྲོ་སྐབས་གནས་ཚང་གཡར་བ་ཙམ་གྱིས་ཟིང་འཁྲུག་པའི་ཞྭ་མོ་གཡོགས་ཡོད།
    ཟིང་འཁྲུག་པ་དང་འབྲེལ་གཏུགས་ཀྱི་ཐད།  དཀར་ནག་དབྱེ་འབྱེད་མེད་པར་༡༩༥༧དང་༡༩༥༨ལོར་ཁམས་པ་དང་ཨ་མདོ་བར་སྔ་ཕྱིའི་འགྲོ་འོང་གི་འབྲེལ་བ་ཡོད་པ་དང༌།  ཐ་ན་ལམ་འགྲུལ་གྱི་ཁམས་པ་དང་ཨ་མདོ་བར་གནས་ཚང་གཡར་བའང་ཟིང་འཁྲུག་པར་ངན་འབྲེལ་ཡོད་མཁན་དུ་བརྩི་བ་དང༌།   ཞེད་སྣང་གིས་ཟིང་འཁྲུག་པར་རྒྱུ་ནོར་སྤྲད་མྱོང་མཁན་དང༌།  ཇག་ཚོགས་ཀྱིས་འཕྲོག་བཅོམ་བྱས་མྱོང་མཁན།  དེ་བཞིན་དེ་སྔའི་བོད་ས་གནས་སྲིད་གཞུང་དང༌།  རྫོང་གཞིས་དཔོན་རིགས་སམ་ས་གནས་ཀྱི་ཟིང་འཁྲུག་འགོ་གཙོའི་བཀོད་མངགས་ལྟར་མི་བྱེད་ཀ་མེད་ཀྱིས་ཟིང་འཁྲུག་པར་རོགས་རམ་བྱས་པའང་རང་འགུལ་གྱིས་ཟིང་འཁྲུག་པར་རོགས་རམ་བྱས་པ་དང་གཅིག་མཚུངས་ཀྱི་ཞྭ་མོ་གཡོགས་པ་དང༌།  དེ་ལས་ཚབས་ཆེ་བ་ཞིག་ནི་མི་ཁ་ཤས་ཤིག་ལ་རྒྱུ་རྐྱེན་གང་ཡང་མེད་པར་ལས་བྱེད་དང༌།  ཧུར་བརྩོན་ཅན་ཚོས་གང་བྱུང་དུ་ནག་ཉེས་རྫུན་བཟོ་བྱས་ཏེ་ཟིང་འཁྲུག་པ་དང་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ཡོད།   དཔེར་ན་བདག་དང་བདག་འདྲ་བའི་སྐད་གྲགས་ཅན་རྒྱལ་གཅེས་སྔོན་ཐོན་མི་སྣ་ཡང་མི་བདེན་རྫུན་བསྒྲིགས་ཀྱིས་གསར་བརྗེ་ངོ་ལོག་པར་བགྲང་གི་ཡོད་ན༌།  མི་གཞན་དེ་བས་ཀྱང་སྨྲོས་མ་དགོས་པ་རེད།  མདོར་ན་ཟིང་འཁྲུག་པའི་ཞྭ་མོ་གཡོག་ཆོག་དང་མི་ཆོག་པའི་མི་ཕལ་མོ་ཆེ་ལ་ཞྭ་མོ་གཡོག་མི་རུང་བའི་མི་བཟང་བོ་མི་ཉུང་བ་ཞིག་ལ་མ་ཉེས་ཁག་གཡོགས་ཀྱིས་ཞྭ་མོ་ཆེན་པོ་བསྐོན་པ་དང༌།  འཛིན་བཟུང་བཙོན་འཇུག་དང༌།  དེ་དག་ལ་དབང་བའི་རྒྱུ་དངོས་གཞུང་བཞེས་བཏང་བ་སོགས་ཟིང་འཁྲུག་བྱེད་གཏེ་དང་གཅིག་མཚུངས་ཀྱི་ཐག་གཅོད་བྱས་སྟབས་མི་རྣམས་ཧ་ལས་ཧང་སངས་ཡོད།

མི་ལུས་གཞན་བརྟེན་ལ་ངོ་རྒོད་དང༌། འུ་ལག་ཁྲག་རྒྱུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་གྱིས་བོགས་ཆགས་སྐྱེད་ཆག་བཏང་སྟེ། རྒྱ་ཆེ་བའི་ཞིང་བྲན་དངབྲན་གཡོག་ཁྲི་སྟོང་མང་པོ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱ་ཡོད་ཚད་ལས་བཅིངས་འགྲོལ་དང༌། བཤུ་གཞོག་གཉའ་གནོན་གྱི་འོག་ནས་ཡར་ལངས་ཏེ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་སྟབས། ངལ་རྩོལ་མིདམངས་ཤིན་ཏུ་དགའ་སྤྲོ་སྐྱེ་ཡོད། འོན་ཀྱང་༢༨བོགས་ཆགས་སྲིད་ཇུས་(ས་བོགས་བརྒྱ་ཆ༢༨གཅོག་རྒྱུ། བསྒྱུར་མཆན ) དེ་ས་ཁུལ་འགའ་ཤས་སུ་ལག་ལེན་དུ་བཀལ་དང་མ་བཀལ་བའི་གནས་ཚུལ་སྣ་ཚོགས་ཤིག་ཡོད་པས། མང་ཚོགས་ཁྲོད་དུ་ཁྲལ་སྤྲོད་མཁན་དང་མི་སྤྲོདམཁན་དབྱེ་བ་བྱུང་འདུག འོན་ཀྱང་འདིའི་ཐད་མང་ཚོགས་ནང་ཁུལ་དང་མངའ་བདག་ནང་ཁུལ་དུ་ཁེ་ཕན་ཆ་སྙོམས་མིན་པ་མ་གཏོགས་གནད་དོན་ཆེན་པོ་གཞན་བྱུང་མེད།

  མ་རྩ་འདོར་སྤོང་དང་སྐྱེད་ཆག་ཐད།   མངའ་བདག་དང་མངའ་ཚབ་ཀྱིས་༡༩༥༨ལོའི་སྔོན་ངལ་རྩོལ་མི་དམངས་ལ་བཏང་བའི་བུ་ལོན་གྱི་མ་རྩ་དང་སྐྱེད་ཀ་ཆ་ཚང་རྩིས་མེད་བཏངབས།   ལག་བསྟར་གནད་དོན་ཆེན་པོ་བྱུང་མེད། ༡༩༥༩ལོར་བཏང་བའི་བུ་ལོན་གསར་བ་ཁག་གི་སྐྱེད་ཀ་ཆག་ཀྱང་བཏང་སྟེ་མ་རྩ་ཚང་མ་འཇལ་དགོས་པ་དང༌།  ངལ་རྩོལ་མི་དམངས་ནང་ཁུལ་གྱི་བུ་ལོན་གསར་རྙིང་རྣམས་མཐུན་སྒྲིལ་ལ་དམིགས་ཏེ་གན་རྒྱའི་གཏན་འབེབས་གཞིར་བཞག་གིས་སྒྲུབ་དགོས་སོགས་ཀྱི་སྲིད་ཇུས་དེ་ས་ཁུལ་ལ་ལར་ལག་བསྟར་ཡག་པོ་དེ་ཙམ་བྱས་མེད།

གཉིས་པ། ས་ཞིང་བགོ་འགྲེམས་སྐོར༌། ཞིང་བྲན་བདག་པོའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་རྣམས་དོ་བདག་སོ་སོ་ཟིང་འཁྲུག་ནང་ཞུགས་ཡོད་མེད་གཞིར་བཟུང་གཞུང་བཞེས་དང་བླུ་ཉོ་བྱས་ཏེ་ལས་ཁུལ་གྱི་མི་ཚང་མར་བགོ་འགྲེམས་ཀྱིས། བོད་ལྗོངས་ས་ཞིང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོར་དབང་བའི་ལམ་ལུགས་རྩ་མེད་བཟོས་ནས་ཞིང་བ་ལ་དབང་བའི་ལམ་ལུགས་བཙུགས་སྟབས། ས་ཞིང་དབང་བའི་ལམ་ལུགས་དེ་གཞི་རྩའི་ཐོག་འགྱུར་བ་བྱུང་ཡོད༌། ཡིན་ནའང༌། གཞུང་བཞེས་དང་བླུ་ཉོ་དེས་མི་ཚང་མའི་འདོད་བློ་ཁེངས་ཤིང་དྲང་བདེན་ཡོད་མེད་དེ། ཐམས་ཅད་ཟིང་འཁྲུག་ཏུ་ཞུགས་ཡོད་མེད་ཀྱི་བརྟག་དཔྱད་དབྱེ་འབྱེད་ཡང་དག་ཡིན་མིན་ལ་རག་ལས་ཡོད། ངོ་ལོག་ཟིང་འཁྲུག་པ་ཡིན་མིན་དང་ཟིང་འཁྲུག་ལ་རོགས་སྐྱོར་ངན་འབྲེལ་བྱས་ཡོད་མེད་བརྟག་དཔྱད་སྐབས་རྒྱུས་ལོན་ནན་ཏན་མཐིལ་ཕྱིན་དགོས་པ་དང། དངོས་ཡོད་གནས་ཚུལ་གཞིར་བཟུང་ཐག་གཅོད་བྱེད་སྐབས། གལ་སྲིད་གུ་ཡངས་གང་ཐུབ་དང་ཟིང་འཁྲུག་པའི་ཞྭ་མོ་ཉུང་ཙམ་་གཡོགས་ཏེ་རྡུང་རྡེག་གཏོང་ཡུལ་གང་ཐུབ་ཇེ་ཉུང་དང་མི་གང་མང་ཚུར་འགུག་བྱེད་རྒྱུ་དེ་ནི་རང་ཉིད་ཀྱི་སྟོབས་ཤུགས་སྤེལ་རྒྱུ་དང༌། དགྲ་བོའི་སྟོབས་ཤུགས་ཉམས་དམས་སུ་བཏང་ནས་ཁེར་རྐྱང་དུ་འབུད་པར་དགེ་མཚན་ཆེན་པོ་ཡོད།

   ཡིན་ནའང་གོང་དུ་བདག་གིས་བརྗོད་མ་ཐག་པ་བཞིན་ཞིབ་བཤེར་གཏིང་མི་ཟབ་པ་དང་ཞིབ་མི་ཚགས་པ།  དངོས་ཡོད་དང་མི་འཚམས་པའི་སྒོ་ནས་ཞྭ་མོ་ནག་པོ་མང་དག་གཡོགས་པ་དང༌།  རྡུང་རྡེག་གཏོང་ཡུལ་རྒྱ་ཆེ་དྲགས་པ་སོགས་བྱུང་བའི་ཉེར་ལེན་ལས་གཞུང་བཞེས་གཏོང་མི་འོས་པའི་ཁྱིམ་དུད་མི་ཉུང་བ་ཞིག་ལ་གཞུང་བཞེས་བཏང་སྟབས།  མི་དམངས་ཀྱིས་ང་ཚོར་ཐེ་ཚོམ་ཡིད་དོགས་དང་བློ་ཕམ་བྱུང་ཡོད།  བླུ་ཉོའི་ཐད་དེ་སྔོན་ང་ཚོའི་རྒྱལ་གཅེས་སྔོན་ཐོན་མི་སྣའི་འགོ་དཔོན་ཚོས་བླུ་ཉོ་མི་དགོས་བའི་བསམ་ཚུལ་དང་རྣམ་འགྱུར་བསྟན་ཡོད།

འདིའི་རྒྱུ་མཚན་ནི་བོད་ལྗོངས་ཀྱི་ས་ཞིང་དེ་མི་དམངས་ཀྱི་ངལ་རྩོལ་ལས་བསྐྲུན་པ་དང༌། མི་ཉུང་ཤས་ཤིག་གི ས་བདག་བཟུང་བྱེད་མི་འོས་བ་ཞིག་རེད། ད་ལྟ་ངལ་རྩོལ་མི་དམངས་ལ་དབང་བའི་སྐབས་ང་ཚོས་རྒྱལ་ཁབ་ཀྱིས་དུས་བཅད་ལྟར་བླུ་ཉོ་གནང་རྒྱུ་ཁས་ལེན་བྱས་པ་དེ་ཤིན་ཏུ་མི་འོས་པ་ཞིག་རེད།

  ཕྱོགས་གཞན་ཞིག་ལ།   ཐོག་མའི་ས་ཞིང་བདག་དབང་གི་འབྱུང་ཁུངས་རྩད་ཞིབ་དང་བདག་པོ་གཏན་འབེབས་བྱེད་རྒྱུ་དེའང་དོན་དག་རྙོག་དྲ་ཞིག་དང་བསྒྲུབ་ཁག་པོ་ཡོད།  གནས་ཚུལ་འདི་དག་སྙན་སེང་ཞུས་ཡོད་ནའང༌།  ཏང་གིས་བཙན་རྒོལ་རྒྱལ་གཅེས་ཀྱི་མཐོ་འབྲིང་རིམ་མི་སྣར་གཟིགས་སྐྱོང་དང༌།  ཟིང་འཁྲུག་ནང་མ་ཞུགས་མཁན་ཚོར་གཟིགས་བཟོས་སླད་བླུ་ཉོའི་སྲིད་ཇུས་མུ་མཐུད་ལག་ལེན་གནང་སྟབས།   མཐོ་འབྲིང་རིམ་མི་སྣ་ཚོས་བཀའ་དྲིན་བསམ་ཤེས་དང་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་ཡོད།  ཡིན་ནའང་ཚར་གསུམ(༡ གོ་མཚོན་ཚར་བ། ༢ ཇག་པ་ཚར་བ། ༣ ངོ་ལོག་དཔང་ཡིག་ཚར་བ།  བསྒྱུར་ཆེན)སྲིད་ཇུས་ལག་བསྟར་ལ་དགའ་བ་དང༌།  གཟབ་ནན་དང་སྟངས་འཛིན་བྱེད་རྒྱུ་མ་འདང་བས།  ལོག་སྤྱོད་ཀྱི་ཡིག་ཆའི་ཁྲོད་ས་ཞིང་བདག་དབང་གི་གན་རྒྱ་མང་བོ་ཞིག་ཀྱང་མེར་བསྲེགས་པ་དང༌།  དེའི་ཉེར་ལེན་ལས་བདག་པོ་ངོ་མ་སུ་ཡིན་དང་རྒྱ་ཁྱོན་ཆེ་ཆུང༌། འབྲེལ་ཆགས་ཅི་ཡོད་སོགས་འཚོལ་ཐབས་མེད་པའམ་འཚོལ་དཀའ་བའི་གནས་ཚུལ་བྱུང་བ་དང༌།  དེའི་ཁར་ལྗོངས་ཡོངས་ཀྱི་ལས་བྱེད་ཚོས་ལག་བསྟར་བྱེད་ཐབས་ཀྱང་མི་འདྲ་བས།   བླུ་ཉོ་འོས་འཚམས་མིན་པའི་གནས་ཚུལ་ཐོན་ཏེ་མངའ་བདག་ནང་ཁུལ་དུ་བསམ་ཚུལ་འགའ་རེ་བྱུང་ཡོད།  འོན་ཀྱང་འདི་དག་ནི་སྤྱིའི་མི་འབོར་ནང་གི་ཉུང་ཤས་ཡིན་སྟབས་གནད་འགག་ཆེར་མེད།
    གྲལ་རིམ་དབྱེ་འབྱེད་སྐབས་བདག་གིས་འོག་ཏུ་འཆད་འགྱུར་གྱི་ཞིང་བྲན་ཁ་ཤས་མངའ་ཚབ་ཀྱི་གྲས་སུ་བརྩི་བ་དང༌།  དེའི་ཁར་བོད་ལྗོངས་སུའང་སྤྱོད་ཚུལ་ལྔ(དཔོན་སྤྱོད།  ཉོབ་སྤྱོད།  རྒྱས་སྤྱོད།  དྲེགས་སྤྱོད།  སྒེག་སྤྱོད་བཅས་ལ་ཟེར།  བསྒྱུར་ཆེན)ཡི་རླུང་ཡན་ཅུང་ལྡང་ནས་ཞིང་བྲན་འབྲིང་ཕྱུག་གི་ས་ཞིང་དང༌།  ཐོན་སྐྱེད་རྒྱུ་ཆ།  ཁང་ཁྱིམ་དང་འབྲུ་ལྷག་སོགས་ལ་གྱོང་གུད་གང་ཙམ་སྤྲད་ཡོད།  དུས་འཚུངས་སུ་ཞིང་བྲན་འབྲིང་ཕྱུག་གིས་གལ་སྲིད་གཏམ་སྤྱོད་ཐོག་ཅུང་ཙམ་མཉམ་འཇོག་མ་བྱས་ཚེ་ལམ་སེང་རྡུང་རྡེག་བཏང་སྟེ།   མི་དམངས་ཀྱིས་མཐོང་ཆུང་དང་བརྙས་བཅོས་བྱེད་ཡུལ་ཆགས་ཀྱི་ཡོད།   ང་ཚོས་ཞིང་བྲན་ཕྱུག་པོ་ཐེ་བའི་འབྲིང་རིམ་ཞིང་བྲན་ལ་མཐུན་སྒྲིལ་བྱེད་རྒྱུ་འཐུས་སྒོ་ཚང་བོ་མ་བྱུང་སྟབས་ང་ཚོར་དངངས་སྐྲག་དང་བློ་དོགས་སྐྱེ་གི་ཡོད།
     གསུམ་པ། འབྲོག་ཁུལ་གྱི་གསུམ་རྒོལ་དང་གཉིས་ཕན་གྱི་སྐོར།  གསུམ་པ།  ལས་དོན་ལག་བསྟར་གྱི་གནས་སྟངས་དེ་ཕལ་ཆེར་གོང་དུ་བརྗོད་ཟིན་པའི་ཞིང་ལས་ཁུལ་གྱི་གནས་ཚུལ་དང་གཅིག་མཚུངས་རེད།  གཉིས་ཕན་ཐད་འབྲོག་ལས་ཐོན་སྐྱེད་དང་འབྲོག་ལས་དཔལ་འབྱོར་ཞིང་ལས་དང་ཁྱད་པར་ཅུང་ཆེ་སྟབས།  སྒོ་ཟོག་ལ་ཤི་གོད་མི་འབྱུང་བ་དང་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་འབྱུང་ཆེད།  ཏང་གིས་བོད་ལྗོངས་འབྲོག་ཁུལ་ལས་དོན་ལ་གྲལ་རིམ་མི་དབྱེ་བ་དང༌།  འཐབ་རྩོད་མི་བྱེད་པ།  དབྱེ་འབྱེད་མི་བྱེད་པའི་རྩ་དོན་འོག་འབྲོག་བདག་དང་འབྲོག་བྲན་ལ་གཉིས་ཕན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ།  ཕྱོགས་གཅིག་ནས་འབྲོག་བྲན་རྣམས་ཕྱུགས་རྫིར་བསྒྱུར་རྒྱུ་དང༌། (མ་ཡིག་ཏུ་ཤོག་གྲངས་གཅིག་ཆད)ཀྱི་ལས་ཁུར་ཡོད་པ་དང༌།  དེ་ལས་ཐོབ་པའི་ཁེ་ཕན་ཡོད་པ་སོགས་འདི་དག་མངའ་ཚབ་ཏུ་བགྲང་ཆོག་ཡིན་ནའང་ཁ་ཤས་དེ་ལྟར་མིན་པར་ལས་ཁུར་བརྗེ་རེས་བྱས་ཏེ།  མང་ཚོགས་རང་ཉིད་ནས་འོས་འཚམས་ཀྱི་མི་ལ་རེ་སྐུལ་དང་འདེམས་སྒྲིག་བྱས་པ་ཡིན་སྟབས་ཁེ་ཕན་མེད་པར་ད་དུང་གྱོང་རག་གི་ཡོད་པ་དང༌།  དཔོན་ངན་གྱིས་ཉེས་རྡུང་སོགས་སྡུག་བསྔལ་མྱོང་མཁན་ཡིན་ཞིང༌།  ཁོ་ཚོ་མངའ་ཚབ་ཏུ་བགྲང་བ་ཡིན་ན་གྲལ་རིམ་གྱི་དབྱེ་བ་འཁྲུག་པ་རེད།  དགོན་པའི་ལས་སྣེའི་གནས་སྟངས་ཀྱང་དེ་དང་འདྲ་མཚུངས་ཡིན།  ཞིང་བྲན་འབྲིང་ཕྱུག་གི་མཐུན་སྒྲིལ་ཡག་ཉེས་སྐོར་བདག་གིས་གོང་དུ་བརྗོད་ཟིན་པ་དང༌།  དེ་མིན་རྡུང་རྡེག་དང་མཐུན་སྒྲིལ་གྱི་ཁག་གཉིས་འོག་དུ་འཆད་རྒྱུ་ཡིན།
      ལྔ་བ།  མང་ཚོགས་སྐུལ་སློང་དང་འཐབ་རྩོད་ཀྱི་སྐོར།  དམངས་གཙོའི་བཅོས་བསྒྱུར་ནི་ཏང་གི་འགོ་ཁྲིད་འོག་དེ་སྔ་སྡུག་བསྔལ་མྱོང་མཁན་ངལ་རྩོལ་མི་དམངས་ཡར་ལངས་ཏེ་རང་ཉིད་ཀྱི་མགོ་ཐོག་ཏུ་མནན་པའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དང༌།  གདུག་རྩུབ་ཀྱི་དབང་སྒྱུར་མཁན་ཞིང་བྲན་བདག་པོའི་གྲལ་རིམ་མགོ་རྟིང་བསློགས་པ་དང༌།  རང་ཉིད་རྦད་དེ་བཅིངས་འགྲོལ་བཏང་ནས་ས་ཞིང་དང་སྤྱི་ཚོགས་ཀྱི་བདག་པོ་ཆགས་པ་ཞིག་ཡིན།  དེར་བརྟེན་དེའི་ངོ་བོ་ནི་ངེས་པར་དུ་རྒྱ་ཆེའི་མང་ཚོགས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་གཉིད་ཡོད་ཚད་ལས་བསླངས་བ་དང༌།  བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་ཞིང་བྲན་བདག་པོ་གྲལ་རིམ་ལ་ངོ་རྒོལ་དང་རྩ་མེད་བཏང་སྟེ་གསར་བརྗེ་བྱེད་པ་དང༌།  འོད་ལྡན་བདེ་སྐྱིད་ཀྱི་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་མངོན་དུ་འགྱུར་བར་རེ་སྨོན་ཤུགས་ཆེར་བྱེད་པ་སོགས་ཚད་ངེས་ཅན་གྱི་གསར་བརྗེའི་སྤྲོ་སྣང་དང་གྲལ་རིམ་གྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན་སྟབས།  མང་ཚོགས་སྐུལ་སློང་ནི་མ་བརྒྱུད་མཐུ་མེད་ཀྱི་གོ་རིམ་ཞིག་ཡིན།

ཡིན་ནའང་ལས་དོན་འདི་ལས་སླ་བོ་ཞིག་མིན་པར། ང་ཚོས་ལས་དོན་དེ་སྐུལ་སློང་བྱེད་འོས་པའི་མི་འབོར་གྱི་བརྒྱ་ཆའི་དགུ་བཅུ་ཡན་གྱི་ཀླད་པའི་ནང་ནུས་ཤུགས་ཐེབས་སུ་འཇུག་དགོས་པ་མ་ཟད། དེའི་ནང་གི་བརྒྱ་ཆའི་བདུན་ཅུ་ནས་བརྒྱ་ཆའི་དགུ་བཅུ་ཡན་གྱི་མི་འབོར་དེ་ཕྱི་ཚུལ་ཙམ་མ་ཡིན་པར་དོན་དངོས་ཀྱི་སྟོབས་ཤུགས་སུ་བསྒྱུར་དགོས་པ་དང༌། ལས་བྱེད་པས་དམངས་གཙོ་བཅོས་བསྒྱུར་སྐབས་གཟབ་ནན་གྱིས་ཏང་གི་འགོ་ཁྲིད་དང་བཀོད་འདོམས་སྲིད་ཇུས་གཞིར་བཟུང་སྟེ། འཆར་གཞི་ལྡན་པའི་སྒོ་ནས་གཡས་ལྷུང་དང་གཡོན་ལྷུང་གི་ནོར་འཛོལ་མི་འབྱུང་བའི་སྟངས་འཛིན་གྱིས། དམངས་གཙོ་བཅོས་བསྒྱུར་གྱི་ལས་འགན་ཆེན་པོའི་ལས་དོན་རྣམས་ཏང་གི་མཛད་ཕྱོགས་སྲིད་ཇུས་ལྟར། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གནད་འགག་ལ་བསམ་གཞིགས་ཀྱིས་དོན་དག་གི་ཆེ་སར་ལྟ་བ་དང༌། འབྲས་བུའི་ཕུགས་རྒྱང་ལ་དམིགས་པ། བྱེད་སྟངས་གང་ཐུབ་ཀྱིས་ཡང་དག་དང༌། ཕྱོགས་ཡོངས་ནས་ཕན་ཐོགས་མེད་པ་དགྲ་དགའ་གཉེན་སྡུག་གི་འབྱུང་རྐྱེན་སྔོན་འགོག་དང༌། མང་ཚོགས་སྐུལ་སློང་དང་འཐབ་རྩོད་སོགས་ལས་དོན་ཡོད་ཚད་འབད་བརྩོན་གྱིས་སྔར་ལས་གཏིང་ཟབ་པ་དང་ཞིབ་ཚགས་པ། རྒྱུ་སྤུས་མཐོ་བ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཡིན་ནའང༌། ས་ཁུལ་མི་ཉུང་བ་ཞིག་ཏུ་སྲིད་ཇུས་གཞིར་བཟུང་ལས་དོན་བསྒྲུབ་པར་མི་ཕན་པ་དང་མི་འོས་པའི་མངོན་རྟགས་ལྔ་འདུག་པ་སྟེ།

༡ སྒྲོག་སྦྱངས་ཚོགས་འདུ་བསྐོངས་ནས་དམངས་གཙོ་བཅོས་བསྒྱུར་དང་སྐུལ་སློང་སོགས་ཀྱི་སྐོར་ལ་གཏམ་བཤད་དང་སློབ་སྦྱོང་བྱས་རྗེས། མི་དམངས་མང་ཚོགས་མང་ཆེ་བས་བཅོས་བསྒྱུར་གྱི་དགོས་ངེས་དང་སྐུལ་སློང་གི་གལ་ཆེའི་རང་བཞིན་ལ་རྒྱུས་ལོན་ཡོད་མེད་མི་བལྟ་བར། རྣམ་པ་སྣ་ཚོགས་ཀྱི་ཧུར་བརྩོན་ཅན་བྱུང་བ་ཡིན་ན་མང་ཚོགས་སྐུལ་སློང་མཐིལ་ཕྱིན་པ་བྱུང་སྙམ་པའི་མངོན་རྟགས་ཤིག་དང༌།

༢ ཧུར་བརྩོན་ཅན་གྱི་རྒྱུ་སྤུས་ལ་མི་ལྟ་བར་གྲངས་འབོར་ལ་བལྟ་བའི་མངོན་རྟགས།

༣ བསམ་བློ་བཙན་ཤེད་ཀྱིས་བཀོད་འདོམས་བྱེད་པའི་མངོན་རྟགས།

༤ ཧུར་བརྩོན་ཅན་ཁག་གཅིག་གི་བསམ་བློ་དང་བྱ་སྤྱོད་དེ་མི་དམངས་མང་ཚོགས་ཐམས་ཅད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ངོས་འཛིན་པའི་མངོན་རྟགས།

༥ བསམ་འཆར་ཁག་གི་བདེན་རྫུན་ལ་མི་དཔྱོད་པར་སླ་འཆོས་ཧམ་ཤེད་ཀྱི་ཐག་གཅོད་སྣ་ཚོགས་བྱེད་པའི་མངོན་རྟགས་བཅས་ལྡན་པ་དང༌། ད་དུང་དགའ་བ་དྲུག་ཡོད་པ་ནི། ཟང་ཟིང་ལ་དགའ་བ། སླ་འཆོས་ལ་དགའ་བ། བསྟོད་བསྔགས་ལ་དགའ་བ། ཀླན་ཀ་འཚོལ་བར་དགའ་བ། རྙོག་དྲ་བཟོ་བར་དགའ་བ། གང་བྱུང་རྡུང་རྡེག་ལ་དགའ་བ་བཅས་ཡིན།

    འདི་ནས་མངོན་རྟགས་ལྔའི་སྐོར་ཅུང་ཟད་བརྗོད་པར་བྱ་སྟེ།  མང་ཚོགས་སྐུལ་སློང་སྐབས་མང་ཚོགས་བསྐོངས་ཏེ་བཅོས་བསྒྱུར་སྐུལ་སློང་སོགས་ཀྱི་ཐད་སྙན་སྒྲོན་དང་གཏམ་བཤད་སྤེལ་ཡོད་ནའང༌།  མང་ཚོགས་ཀྱིས་ནང་དོན་རྟོགས་པ་ཧ་ཅང་ཉུང་ཉུང་ཡིན།  རྒྱུ་མཚན་ནི།

༡ གཞི་རིམ་ས་ཁུལ་སོ་སོར་བོད་ཡིག་གི་བཅོས་སྒྱུར་ཡིག་ཆ་མེད་པའམ་ཆ་མི་ཚང་བ་དང་ཡོད་ནའང་འཐུས་སྒོ་མི་ཚང༌།

༢ སྐད་བསྒྱུར་གྱི་ཆུ་ཚད་དམའ་བ།

༣ མང་ཚོགས་ཀྱི་ཆབ་སྲིད་ཤེས་བྱ་དང་རིག་གནས་ཆུ་ཚད་ཧ་ཅང་ཞན་པ།

༤ ལས་བྱེད་ཚོས་མང་ཚོགས་ཚང་མས་གནད་དོན་ཇི་ལྟར་ཤེས་རྟོགས་འབྱུང་ཐབས་སྐོར་ལ་དོ་སྣང་མི་བྱེད་པ་དང༌། ངང་རྒྱུན་མི་བསྲིངས་པ། འབད་བརྩོན་མི་བྱེད་པའམ་བྱས་ཚད་མི་འདང་བ་དང༌། སློབ་སྦྱོང་ཡང་ཕལ་ཆེར་འདི་དང་འདྲ་བར་ཨུ་ཚུགས་དང་བཙན་ཤེད་ཀྱི་བྱ་སྤྱོད་བྱུང་ཡོད། དུ་དུང་འོག་ཏུ་འཆད་ཆོག

    རྒྱུ་རྐྱེན་འདི་དག་གི་རྐྱེན་པས་མི་མང་ཆེ་བས་བཅོས་སྒྱུར་གནད་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དཀའ་བ་ཆགས་ཡོད།  ཕྱོགས་གཞན་ཞིག་ནས།   ལས་བྱེད་ཚོས་མང་ཚོགས་སྐུལ་སློང་སོགས་ཀྱི་བཅོས་སྒྱུར་ལས་འགུལ་དེ་སྤེལ་ཚད་མགྱོགས་པོ་དང་འཐབ་རྩོད་རྣོ་ངར་དང་ཚ་ཚ་འུར་འུར་བྱས་བ་ཙམ་གྱིས་ལས་འགན་འགྲུབ་པར་བསམ་གྱི་ཡོད།   རླུང་འཚུབ་ལྟ་བུའི་ཕྱི་ཚུལ་འདིའི་འོག་ཐོག་མར་ཧུར་བརྩོན་ཅན་གསོ་སྐྱོང་བྱེད་སྐབས།  ཏང་གི་སྲིད་ཇུས་ཀྱི་དགོངས་དོན་ལྟར་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་དང་གྲལ་རིམ་ངོས་འཛིན་གོང་མཐོར་གཏོང་བའི་རྨང་གཞིའི་ཐོག  དམངས་གཙོ་བཅོས་བསྒྱུར་ལས་འགུལ་གྱི་འཐབ་རྩོད་ཀྱི་མདུན་གྲལ་དུ་ལངས་བའི་དངོས་འབྲེལ་རྒྱུ་སྤུས་བཟང་བའི་ཧུར་བརྩོན་ཅན་གྱི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་རྒྱུར་དོ་སྣང་མ་འདང་བའམ་དོ་སྣང་བྱས་མེད།   དེའི་ཁར་ལས་བྱེད་ཚོས་དགེ་སྐྱོན་བདེན་རྫུན་ལ་མི་བལྟ་བར།   རྣོ་ངར་དང་འཇིགས་དངངས་ཀྱི་འཐབ་རྩོད་བྱེད་ཕོད་པའི་ཧུར་བརྩོན་ཅན་ཁག་ཅིག་འབྱུང་ཐབས་ཁོ་ནར་དམིགས་པ་དང༌།  གྲངས་འབོར་ཐད་མི་གཞན་ལ་ངོམ་ཆོག་པ་གཙོ་བོ་བྱས་ཏེ།  མང་ཚོགས་ནང་འདོད་ཚུལ་འདི་དག་ཡོད་མཁན་ཚོར་བརྗོད་པར།   ཁྱོད་ཚོས་ལས་འགུལ་ཁྲོད་མངའ་བདག་དང་མངའ་ཚབ།  ཐ་ན་ཞིང་བྲན་འབྲིང་ཕྱུག་ཁ་ཤས་ལའང་དཀར་ནག་གི་དབྱེ་བ་མེད་པར་ཁག་འདོགས་ས་མང་ཙམ་འཚོལ།   ཁྱོད་ཚོས་བསམ་འཆར་མང་པོ་ཐོན།  འཐབ་རྩོད་ཀྱི་མདུན་གྲལ་དུ་ལོངས།  ཁྱོས་ཚོས་འདི་ལྟར་བྱས་བ་ཡིན་ན་ད་གཟོད་གཞུང་བཞེས་མང་ཙམ་གཏོང་ཐུབ་པ་དང་ཁྱོད་ཚོར་རྒྱུ་ནོར་མང་ཙམ་ཐོབ་ཐུབ་སོགས་དཔལ་འབྱོར་གྱི་ཁེ་ཕན་སྤྱད་ནས་སྐུལ་སློང་བྱེད་ཀྱི་ཡོད།  མི་ཁ་ཤས་ཀྱིས་བསམ་འཆར་མེད་ཅེས་བརྗོད་སྐབས།   ཁྱོད་ནི་མངའ་བདག་གི་རྒྱུགས་ཁྱི་རེད་ཟེར་བའམ།   མངའ་བདག་གི་ལངས་ཕྱོགས་རེད་ཅེས་ཞྭ་མོ་སྣ་ཚོགས་གཡོགས་ཏེ་གནོན་ཤུགས་སྤྱོད་པ་སོགས་གསར་བརྗེའི་དགོངས་དོན་དང་མི་འཚམས་པ་སྨོས་ཅི།   ཐ་ན་འཇིག་རྟེན་མི་སྲོལ་བྱེད་སྟངས་དང་ཡང་མི་འཚམས་པའི་ཞི་དྲག་གི་བྱེད་ཐབས་སྣ་ཚོགས་ལག་ལེན་བྱས་པར་བརྟེན།  གྲངས་འབོར་ཁོ་ནའི་ཐོག་རྣམ་པ་སྣ་ཚོགས་ཀྱི་ཧུར་བརྩོན་ཅན་མི་ཉུང་བ་ཞིག་ཡོད།
     ལས་བྱེད་ཚོས་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་ལ་བསམ་གཞིགས་མ་བྱས་པ་དང༌།  མང་ཚོགས་ཀྱི་བསམ་བློའི་ཐོག་སྐུལ་སློང་གི་གནད་དོན་ཐག་ཆོད་མེད་ནའང༌།  མང་ཚོགས་རྦད་དེ་སྐུལ་སློང་བྱས་ཟིན་ཤག་ཏུ་བརྩིས་ཏེ་ལས་འགུལ་སྤེལ་སྟབས།  བོད་ལྗོངས་ཀྱི་ཧུར་བརྩོན་ཅན་གྱི་དཔུང་སྡེ་ཆེ་ནའང་རྒྱུ་སྤུས་ཡང་དག་མིན་་སོགས་ཀྱི་གནས་ཚུལ་ནི་ཧ་ཅང་རྙོག་འཛིང་ཡིན།  ཧུར་བརྩོན་ཅན་རང་ཉིད་མ་གཞི་སྡུག་བསྔལ་མྱོང་བའི་ངལ་རྩོལ་མི་དམངས་ལས་བྱུང་བ་དང༌།  དེ་སྔ་སྤྱི་ཚོགས་རྙིང་བའི་ཞིང་བྲན་བདག་པོའི་འོག་སྡུག་བསྔལ་སྣ་ཚོགས་མྱངས་བ་དང༌།  གྲལ་རིམ་གྱི་འཁོན་འཛིང་ཡོད་ལ།  ད་ཆ་དཔའ་ངར་ཡང་དག་གི་སྒོ་ནས་ངལ་རྩོལ་མི་དམངས་གྱི་བདེ་སྡུག་ངོ་མ་བགྲང་རྒྱུ་དང་གྲལ་རིམ་འཐབ་རྩོད་ཀྱི་མདུན་གྲལ་དུ་ལངས་ཏེ།  མི་ངན་པ་འགེབས་སྲུང་དང་མི་བཟང་བོར་ཀླན་འདེབས་སོགས་ཕྱོགས་ལྷུང་གི་བྱ་སྤྱོད་ཀྱིས་མི་སེམས་མི་དཀྲུགས་པ་དང༌།  ནོར་འཛོལ་དང་རྙོག་དྲ་མི་བཟོ་བའི་ཧུར་བརྩོན་ཅན་ནི་ཏང་གི་རྩ་ཆེའི་རྒྱུ་ནོར་ཡིན་ལ།  དྲང་བདེན་གྱི་མི་ཚོས་གཅེས་བཀུར་བྱེད་ཡུལ་ཡང་ཡིན།  མི་འདིའི་རིགས་གྲངས་འབོར་ངེས་ཅན་ཞིག་ཡོད་མོད།  ཧུར་བརྩོན་ཅན་གྱི་བསྡོམས་འབོར་ནང་ཁོ་ཚོས་བརྒྱ་ཆའི་བཅུའི་གྲངས་ལས་ཟིན་མེད།  མང་ཆེ་ཤོས་ནི་སྐྱེ་ཁུངས་ཡག་སྡུག་དབྱེ་འབྱེད་དཀའ་ཞིང༌།  དཔལ་འབྱོར་གྱི་ཁེ་ཕན་ཆེན་པོར་ཆགས་ཞེན་ཆེད་ཞུགས་མཁན་ཡོདལ།  ལས་བྱེད་ཀྱི་དགོས་འདོད་ལྟར་ལས་ཀ་སྒྲུབ་གང་ཐུབ་བྱས་ཏེ་དགའ་མོས་བྱུང་མཚམས་གཞི་རིམ་སྲིད་དབང་ནང་ཞུགས་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་ཡོད་པ་དང༌།  ལ་ལས་སོ་སོའི་ཉེས་བ་འགེབས་གང་ཐུབ་ཀྱིས་བཅོས་སྒྱུར་གྱི་འགག་སྒོ་སྒྲོལ་ཐབས་དང༌།  འགའ་ཤས་ཤིག་དགྲ་བོའི་ངོ་ཚབ་པའི་དམིགས་འདུན་འགྲུབ་ཆེད་འཆར་གཞི་ལྡན་པའི་སྒོ་ནས་ཧུར་བརྩོན་ཅན་རྫུན་བཟོ་བྱེད་མཁན་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཧུར་བརྩོན་ཅན་ཡང་སྣ་ཚོགས་བྱུང་ཡོད།
    ལས་བྱེད་ཚོས་མི་འདི་དག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ནི་གནད་འགགདང་དུས་ཐུང་ནང་གྲངས་འབོར་མི་ཉུང་བའི་ཧུར་བརྩོན་ཅན་ཐོབ་པ་དང༌།  ལས་འགུལ་ཁྲོད་སྐད་ཅོར་འུར་ཅོར་བརྒྱབ་པ་ཙམ་ལ་བློ་ཚིམས་ཏེ་ལས་འགན་གྲུབ་ཡོད་ཤག་གིས་ང་རྒྱལ་དང་ངོམས་ཁྱེར་བྱེད་པ་སོགས་དཔེར་ན།   ས་ཁུལ་ཞིག་ལ་ཕྱིན་ནས་ཁྱེད་ཚོས་མང་ཚོགས་སྐུལ་སློང་བྱས་པ་ག་འདྲ་ཡིན་མིན་ང་ཚོའི་ལས་བྱེད་པའི་སྐུལ་སློང་ཡག་པོ་བྱས་ཡོད་ལུགས་དང༌། ཧུར་བརྩོན་ཅན་གྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ག་ཚོད་ཟིན་ཡོད་མེད་དང༌།  ལས་འགུལ་ག་འདྲའི་འཁྲུག་པོ་དང་ག་འདྲའི་རྣོ་ངར་ཡིན་ལུགས་ཙམ་བརྗོད་པ་ལས།  མང་ཚོགས་དཀྱུས་མས་བཅོས་བསྒྱུར་ལས་འགུལ་གྱི་ངོས་འཛིན་དང༌།  དགྲ་གཉེན་དབྱེ་མཚམས།  གསར་བརྗེའི་དགོས་འདུན་དང་གྲལ་རིམ་གྱི་གོ་རྟོགས་ཅི་ཙམ་ཡོད་མེད།  ལས་འགུལ་ཁྲོད་ཧུར་བརྩོན་ཅན་བསམ་པ་རྣམ་དག་ཡིན་མིན།  ཏང་དང་མི་དམངས་ལ་དགའ་མོས་ག་ཚོད་ཡོད་མེད།  ལས་དོན་དྲང་བདེན་ཡིན་མིན།  དཀར་ནག་གོ་ལྡོག་གི་རྙོག་དྲ་བཟོ་གི་ཡོད་མེད་དང༌།  ལྷག་པར་དུ་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དངོས་འབྲེལ་དགའ་བསུ་དང་བསྟོད་བསྔགས་བྱེད་པའི་ཧུར་བརྩོན་ཅན་ཞིག་ཡིན་མིན་སོགས་དེ་ཚོའི་རྒྱུ་སྤུས་ལ་ཞིབ་འཇུག་གཏིང་ཟབ་དང༌།  དོན་དངོས་དང་འཚམས་པའི་ཚོད་དཔག་གིས་དགེ་སྐྱོན་གྱི་གནས་ཚུལ་བརྗོད་ཐུབ་མཁན་ནི་ཉུང་ཤས་ཡིན།  དེ་ལས་གནས་ཚུལ་མང་པོ་ཞིག་མཐོང་ཐུབ།
    ཏང་གིས་ང་ཚོར་སློབ་སྟོན་ཡང་ཡང་གནང་དོན།  མིའི་བསམ་བློ་བཅོས་སྒྱུར་ཐད་སློབ་གསོ་རོགས་རམ་ཁོ་ནར་བརྟེན་དགོས་བ་ལས་བཙན་ཤེད་དང་ཨུ་ཚུགས་བྲེལ་ཟིང་བྱས་མི་ཆོག་པ་དང༌།  མི་སྒེར་སོ་སོར་རང་རྟོགས་དང་རང་འགུལ་གྱི་སྒོ་ནས་བཅོས་བསྒྱུར་དང་གོང་འཕེལ་གཏོང་ཐུབ་པ་བྱེད་དགོས་བ་དང༌།   དེ་ནི་ང་ཚོའི་རྒྱང་རིང་རྙོག་འཛིང་གི་གལ་ཆེའི་ལས་འགན་ཞིག་ཏུ་བརྩི་དགོས་ཞེས་བསྟན་པ་འདི་ནི་མཁས་མཛངས་དང་ཡང་དག་པ་ཞིག་རེད།   ང་ཚོའི་བོད་ལྗོངས་བཅོས་བསྒྱུར་སྐབས་ས་ཁུལ་མང་ཆེ་བར་དགོངས་དོན་འདི་ཇི་བཞིན་དོན་འཁྱོལ་བྱེད་ཐུབ་མེད་པ་དཔེར་ན།  ལོ་ན་དར་མའི་བསམ་བློའི་ནང་གི་ཆོས་ལུགས་དད་མོས་སོགས་གཡོན་ལྷུང་བའི་མིག་ལ་མི་མཛེས་བ་དང་སྣང་བར་མི་འགྲོ་བ་ཞིག་ཡིན་ཕྱིན།  ལས་བྱེད་དང་ཧུར་བརྩོན་ཅན་ཚོས་མཉམ་གཅིག་ཏུ་བཙན་ཤེད་ཀྱིས་སྲིད་དབང་བེད་སྤྱད་སྒོས་ཞི་དྲག་ཟུང་འབྲེལ་གྱི་བྱེད་ཐབས་བཀོལ་བ་དང༌།  ཐ་ན་འཐབ་རྩོད་དང་ཞྭ་མོ་ནག་པོ་གཡོགས་པ་དང་ཉེས་ཁྲིམས་གཅོད་པ་སོགས་བཙན་ཐབས་ཀྱིས་དུས་ཐུང་ནས་བསམ་བློའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད།   དེར་བརྟེན་སྐབས་དེར་ཕྱི་ཚུལ་ཐོག་ཧ་ལམ་ཚད་ངེས་ཅན་གྱི་ཐག་གཅོད་བྱས་ཡོད་པ་ལྟར་སྣང་ཡང༌།   དོན་དངོས་སུ་མི་མང་པོ་ཞིག་གི་བསམ་བློའི་ནང་ཐེ་ཚོམ་དང་ཡིད་དོགས།   སེམས་ཤུགས་ཆག་པ།   འདོད་པ་མ་ཁེངས་པ་བྱུང་ནས་བསམ་བློའི་གནད་དོན་སྔར་བས་རྙོག་ཟིང་ཅན་དུ་བསྒྱུར་ཡོད།
    ཧུར་བརྩོན་ཅན་ཁག་ཅིག་གི་བསམ་བློ་དང་བྱ་སྤྱོད་ལ་དོན་དངོས་ཁྲོད་དཔྱད་ཞིབ་མ་བྱས་པར་མི་དམངས་མང་ཚོགས་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་དུ་རྩིས་ཡོད་པ་སྟེ།  དང་པོ་གཙོ་ཆེར་ཆོས་ལུགས་གནད་དོན་ཐོག་དང༌།  གཉིས་པ་དོན་དངོས་དང་མི་འཚམས་པའི་མ་ཉེས་ཁ་གཡོགས།   གསུམ་པ་འཐབ་རྩོད་སྐབས་ཐལ་དྲགས་བྱུང་ཡོད།   དེ་མིན་འདི་རིགས་ཀྱི་གནད་དོན་ད་དུང་མང་བ་དང༌།   འོག་ཏུ་སྐབས་མཚམས་བརྗོད་ཀྱི་ཡིན།  ང་ཚོའི་ལྟ་ཚུལ་མདོར་དྲིལ་ན།  ལས་བྱེད་དང་ཧུར་བརྩོན་ཅན་ནམ།   དེ་མིན་གཞན་སུ་ཡིན་རུང་ཁོའི་བསམ་བློ་དང་བྱ་སྤྱོད་ཅི་ལྟར་ཡང༌།  བརྒྱ་ཆའི་བདུན་ཅུ་ནས་དགུ་བཅུ་ཡན་གྱི་མང་ཚོགས་ཀྱི་བསམ་བློའི་ཐོག་ནས་འདོད་མོས་དང་རྒྱབ་སྐྱོར་ཐོབ་པ་ཡིན་ན་ད་གཟོད་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དུ་རྩིས་ཆོག་པ་དང༌།   གལ་སྲིད་འདི་ལྟར་མིན་པར་དེ་མང་ཚོགས་ཀྱི་བསམ་སྤྱོད་ལ་རྩིས་ཚེ་དེ་ནི་དངོས་ཡོད་དང་མི་འཚམས་པ་དང་མི་འོས་བ།  ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད།  ལས་འགུལ་སྤེལ་ཕྱོགས་ཀྱི་མངའ་བདག་དང་མངའ་ཚབ་སོགས་ཀྱི་ནག་ཉེས་ཐེར་འདོན་བྱེད་པའི་ནང་དོན་དངོས་འབྲེལ་ཡིན་མིན་དེ་ངེས་པར་དུ་ཞིབ་བཤེར་ནན་ཏན་བྱེད་དགོས།  འདི་ནི་གལ་ཆེན་པོ་ཡིན།  ཡིན་ནའང་མང་ཚོགས་ཀྱི་མིག་ནི་གསལ་བོ་ཡིན་ཞེས་བརྗོད་སྟངས་འདིར་འཇུས་ཏེ་དངོས་ཡིན་མིན་པའི་གནད་དོན་མང་པོ་ཞིག་དངོས་ཡོད་ལ་རྩིས་ནས་འོལ་ཚོད་ཀྱིས་ནག་ཉེས་མེད་མཁན་མི་ཉུང་བ་ཞིག་ལ་ནག་ཉེས་ཚབས་ཆེན་གྱི་ཞྭ་མོ་གཡོགས་ཏེ་རྡུང་རྡེག་གཏོང་བ་ནི་ཧང་སངས་དགོས་བ་ཞིག་དང༌།  རྡུང་རྡེག་གཏོང་ནོར་མང་པོ་བྱུང་བའི་གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།
    མང་ཚོགས་ཀྱི་མིག་ནི་གསལ་བོ་ཡིན་པ་དངོས་འབྲེལ་ཡིན་ནའང༌།  བསམ་འཆར་འདོན་མཁན་ཀྱི་ལྟ་བ་དེས་མི་དམངས་མང་ཚོགས་དང་མང་ཚོགས་ཀྱི་བསམ་བློ་མཚོན་ཐུབ་ཀྱི་ཡོད་མེད་ལ་ཞིབ་འཇུག་ངེས་པར་དུ་བྱེད་དགོས་པ་ལས། བཤད་ཚད་ཚང་མ་མང་ཚོགས་ཀྱི་བསམ་འཆར་ཡིན་ཤག་གིས་ཡང་དག་པར་བརྩི་མི་རུང༌།  འདིའི་སྐོར་གོང་གི་མངོན་རྟགས་བཞི་བའི་གསལ་བཤད་ནང་བརྗོད་ཟིན།

འཐབ་རྩོད་ཀྱི་སྐོར། དམངས་གཙོ་བཅོས་བསྒྱུར་གྱི་འཐབ་རྩོད་ནི་གྲལ་རིམ་འཐབ་རྩོད་ཀྱི་ནང་དོན་ཁྲོད་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན། ཞིང་བྲན་དང་བྲན་གཡོག་བརྒྱུད་ནས་ཡར་ལངས་བཅིངས་འགྲོལ་དང་ཁྱོད་ཤི་ང་གསོན་གྱི་གྲལ་རིམ་འཐབ་རྩོད་སྤེལ་ཏེ། ངལ་རྩོལ་མི་དམངས་ལ་མི་རབས་ནས་མི་རབས་བར་སྡུག་བསྔལ་སྣ་ཚོགས་མྱོང་དགོས་བའི་རྒྱུ་རྐྱེན་གཙོ་བོ་ནི་ཡོད་ཚད་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འོག་ཞིང་བྲན་བདག་པོས་གདུག་རྩུབ་བཙན་ཤེད་ཀྱིས་གཉའ་གནོན་བཤུ་གཞོག་བྱས་བའི་འབྲས་བུ་ཡིན་པ་ཤེས་སུ་འཇུག་དགོས་བ་དང༌། ཁོ་ཚོར་གྲལ་རིམ་འཁོན་སྡང་གི་ཁོང་ཁྲོའི་མེ་ལྕེ་འབར་དུ་བཅུག་ནས་འཐབ་རྩོད་སྤེལ་ཏེ་སོ་སོའི་སྡུག་བསྔལ་གྱི་ཞེ་འཁོན་སངས་བ་དང༌། སྦྱོང་བརྡར་ཐོབ་པ། གྲལ་རིམ་གྱི་གོ་རྟོགས་མཐོར་འདེགས། གསར་བརྗེའི་སྤྲོ་སྣང་སྐུལ་སྤེལ་སོགས་ངལ་རྩོལ་མི་དམངས་གོམ་གང་ཇེ་མཐོར་བཏང་སྟེ། ཞིང་བྲན་བདག་པོའི་གྲལ་རིམ་རྩ་མེད་དང༌། གྲལ་རིམ་འདིའི་ནང་གི་མི་རྣམས་ཀྱི་བཤུ་གཞོག་གྲལ་རིམ་གྱི་ལྟ་བ་དང༌། ངོས་འཛིན། ལངས་ཕྱོགས་བཅས་མི་དམངས་ཀྱི་ལྟ་བ་དང་ངོས་འཛིན། ལངས་ཕྱོགས་སུ་བསྒྱུར་ཏེ་མི་གསར་བ་ཞིག་ཏུ་བསྒྱུར་དགོས་བ་མ་ཟད། འཐབ་རྩོད་ཐོག་གཏད་ཡུལ་དབྱེ་འབྱེད་དང་འཐབ་རྩོད་བྱེད་ཐབས་ཀྱང་མི་འདྲ་བ་དགོས་པ་སྟེ། ཞིང་བྲན་བདག་པོའི་གྲལ་རིམ་དང་གྲལ་རིམ་འདིའི་མི་ལ་དབྱེ་བ་འབྱེད་དགོས་ལ། མིའི་ཁྲོད་དུའང་གཡོན་ཕྱོགས་པ་དང་བར་གནས་བ། གཡས་ཕྱོགས་པ་བཅས་དང༌། གསར་བརྗེ་ངོ་ལོག་པའམ་ཆེས་གཡོན་ལྷུང་བ་སོགས་ཀྱི་དབྱེ་བ་ཡོད།

    ནག་ཉེས་ལ་ཆབ་སྲིད་རང་བཞིན་ཡིན་མིན་གྱི་དབྱེ་བ་དང།  དེ་བཞིན་གསར་བ་དང་རྙིང་བ།  ཚབས་ཆུང༌།  དུས་ཡུན་རིང་ཐུང༌།  དེར་བསམ་འཆར་འདོན་མཁན་གྱི་མིའི་མང་ཉུང་སོགས་ཀྱི་དབྱེ་བ་མེད་ལ།   ལྷག་པར་དུ་དེའི་སྔར་འགྱོད་ཕྱིས་འདོམས་ཀྱི་རྣམ་འགྱུར་བཟང་ངན་ལ་ལྟ་དགོས།  བྱེད་ཐབས་དེར་སྲུང་སྐྱོབ་བམ།   ཚུར་འགུག་གམ་རྡུང་རྡེག་གི་ཐབས་ཤེས་གང་རུང་སྤྱོད་རྒྱུ་དང༌།  གདོང་དང་གདོང་གཏུགས་མིན་དང༌།  གཞི་རྒྱ་ཆེ་ཆུང༌།  འཐབ་རྩོད་ཀྱི་གྲངས་འབོར་མང་ཉུང་སོགས་ཟུང་འབྲེལ་གྱི་ཐད་ལའང་མི་སྒེར་སོ་སོའི་དངོས་ཡོད་གནས་སྟངས་འདྲ་མིན་ཡོད་ཅིང།  མི་ལ་འཐབ་རྩོད་གཏོང་སྐབས་ངེས་པར་དུ་ཉེས་ཅན་གྱི་དངོས་ཡོད་ནག་ཉེས་སྣ་ཚོགས་ཀྱི་དཔང་རྟགས་ཁུངས་འཕེར་དང་མང་ཚོགས་ཀྱི་ར་སྤྲོད་དགོས་པ་ལས།   ཁག་འདོགས་དང་འཐབ་རྩོད་བྱེད་ཡུལ་དུ་གཅར་རྡུང་མི་ཆོག་པ་སོགས་འདི་དག་ནི་ཏང་གི་སྲིད་ཇུས་ཡིན།  དེ་ལྟ་ནའང༌།  འཐབ་རྩོདལས་འགུལ་དངོས་ཀྱི་ཁྲོད་ཡོད་ཚད་ཏང་གི་སྲིད་ཇུས་ལྟར་ལག་ལེན་བྱས་བ་ཉུང་ཉུང་ཡིན།

འབྲིང་མི་སྣ་དང༌། ཞིང་བྲན་འབྲིང་ཕྱུག་ཚོའང་ཞེད་སྣང་དངངས་སྐྲག་སྐྱེས་ཡོད་པ་དང༌། ཉེས་མེད་ཀྱི་མི་མང་པོ་ཞིག་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པ་དང༌། བྲོས་མ་ཐུབ་མཁན་གྱི་ནང་ནས་ཆུར་ལྕེབས་པའམ། རང་སྲོག་བཅད་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་བྱུང་སྟབས། དྲང་བདེན་གྱི་མི་དམངས་ལའང་ཐེ་ཚོམ་དང་བློ་ཕམ་སོགས་བྱུང་ཡོད་པདང༌། དགྲ་དགའ་གཉེན་སྡུག་དང་མཐུན་སྒྲིལ། ལས་དོན་ལ་མི་ཕན་ཞིང་རྙོག་དྲ་འབྱུང་གཞིའི་སྐྱོན་ནོར་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། ས་ཁུལ་སོ་སོར་ཚབས་ཆེ་ཆུང་དང༌། རང་བཞིན་གྱི་ཁྱད་པར། སྣེ་རིགས་མང་ཉུང་སོགས་ཕན་ཚུན་གཅིག་མཚུངས་མིན། གོང་འཁོད་དགའ་བ་དྲུག་གི་གནས་སྟངས་དེ་སྙན་ཞུ་འདིའི་གནད་དོན་གཞན་མང་པོའི་ཁྲོད་མཁྱེན་རྟོགས་ཐུབ་ངེས་ཡིན་པས་ཆེད་དུ་འགྲེལ་བཤད་ཞུ་གི་མིན།

དྲུག་པ། བདུན་བཤེར་གྱི་སྐོར། བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་ལ་ཡང་བསྐྱར་ཞིབ་བཤེར་གྱི་དགོངས་དོན་བདུན་པོ་ནི་ཆ་ཚང་དགོས་ངེས་དང་ཡང་དག་པ་ཞིག་དང༌། ལས་དོན་ཐོག་གྲུབ་འབྲས་དགེ་མཚན་ཡང་གང་མཚམས་ཐོབ་ཡོད། ང་ཚོའི་བསམ་པར་བསྐྱར་ཞིབ་དེ་བཅོས་བསྒྱུར་སྐབས་ལས་གོམ་གང་མདུན་སྤོས་དང་གནད་དོན་ཐད་སྔར་བས་ཁ་གསལ་ནན་ཏན་དང༌། གཏིང་ཟབ་ཞིབ་ཚགས། རྒྱུ་སྤུས་མཐོ་བ་དགོས་པ་དང༌། ཁྱོན་ཡོངས་ནས་མང་ཚོགས་སྐུལ་སློང་གིས་ཏང་གི་སྲིད་ཇུས་གཞིར་བཟུང༌། མཐའ་གཉིས་སུ་མི་ལྷུང་བ་དང༌། ཡང་དག་ཅིང་མི་རྣམས་དགའ་མགུ་ཡི་རང་དང་བརྟན་ལྷིང་འོས་མཚམས་སྒོས་དམངས་གཙོ་བཅོས་བསྒྱུར་ཁྲོད་ལྷག་པའི་གནད་དོན་ཐག་བཅད་དེ་མང་ཚོགས་ཀྱི་གྲལ་རིམ་གོ་རྟོགས་དང༌། གསར་བརྗེའི་སེམས་ཤུགས་གོང་འཕེལ་དང༌། ལས་བྱེད་ལ་ཞིབ་བཤེར། རྙོག་དྲ་བཟོ་མཁན་ཕན་ཐོགས་མེད་པ་དེ་ཚོ་ཐག་གཅོད་དང༌། ང་ཚོའི་ལས་བྱེད་དཔུང་སྡེ་གཙང་སེལ་ཤུགས་སྣོན། བཅོས་བསྒྱུར་གྱི་གྲུབ་འབྲས་དང་རྒྱལ་ཁ་སྲ་བརྟན། ལས་དོན་མཐའ་དག་འཐུས་སྒོ་ཚང་བའི་རྨང་གཞིའི་ཐོག་མུ་མཐུད་མདུན་བསྐྱོད་བྱེད་པར་ཁག་ཐེག་བྱེད་རྒྱུ་ལས་གཞན་གང་གི་ཆེད་དུའང་མིན།

འོན་ཀྱང་དེ་འདྲའི་འཐུས་སྒོ་ཚང་བ་ཞིག་བསྒྲུབས་ཐུབ་མེད། དཔེར་ན་བཅོས་བསྒྱུར་གྱི་ལས་འགུལ་དངཔོ་མཇུག་མ་སྒྲིལ་གོང་ལས་འགུལ་གཉིས་པ་བསླངས་བ་དང༌། ཐེངས་དང་པོའི་ལས་འགུལ་སྐབས་ཀྱི་གཡས་ལྷུང་གི་སྐྱོན་ནོར་དེ་ནང་དོན་གཙོ་བོར་བཞག་ཡོད་སྟབས། ཛ་དྲག་གི་ཞིབབཤེར་ལས་འགུལ་སྤེལ་ནས་གཡས་ལྷུང་གི་གནད་དོན་ཡོད་མཁན་གྱི་ལས་བྱེད་སོགས་རྡུང་རྡེག་ཅུང་ལྕི་མོ་བཏང་སྟེ་ཚབས་ཆེའི་གཡོན་ལྷུང་གི་རྣམ་པ་དེ་སྔར་ལས་འཕེལ་དུ་བཅུག་ཡོད། དེར་བརྟེན་ད་ལྟ་བཤད་ཟིན་པའམ་འཆདའགྱུར་གྱི་སྐྱོན་ནོར་གྱི་གནས་ཚུལ་རྣམས་སྙན་ཞུ་འདིའི་གནད་དོན་རེ་རེའི་ནང་བརྗོད་ཡོད་ནའང༌། དེའི་ནང་གི་གཡོན་ལྷུང་རང་བཞིན་གྱི་སྐྱོན་ནོར་མང་ཆེ་བའམ་ཕལ་མོ་ཆེ་ནི་བསྐྱར་ཞིབ་ཁྲོད་བྱུང་ཡོད། དེ་བས་མི་མི་ཉུང་བ་ཞིག་གིས་བསྐྱར་ཞིབ་སྦོ་ལུག་སོང་ཞེས་པའམ་ཡག་པོ་བྱུང་མི་འདུག་ཅེས་བརྗོད་པའི་རྒྱུ་རྐྱེན་ཡང་དེར་ཐུག་ཡོད།



罢稗拜︽车稗︽罢碉扳︽斑﹀

                  ཞིང་འབྲོག་ལས་སོགས་ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བའི་སྐོར།

ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང༌། ལྷག་པར་དུ་ཐོན་སྐྱེད་ཐོག་ཏང་གི་རྒྱ་ཆེའི་ངལ་རྩོལ་མི་དམངས་རྩ་འཛུགས་ཀྱིས་རོགས་རམ་ཚོགས་ཆུང་བཙུགས་པ་དང༌། ཐོན་སྐྱེད་བཀོད་སྒྲིག དཀའ་ངལ་སེལ་བ་དང་རྒྱལ་གཅེས་ཐོན་སྤེལ་ལ་སྐུལ་སློང་སློབ་གསོ་རྒྱག་པ་སོགས་སྤེལ་ནས། ཐོན་སྐྱེད་རྗེས་ལུས་མི་ཐེབས་ཆེད་འཐུས་སྒོ་ཚང་བའི་བྱེད་ཐབས་དམིགས་བསལ་ཅན་རིམ་པར་སྤྱད་པ་དང༌། ང་ཚོ་གཞི་རིམ་གྱི་རིགས་སོ་སོའི་ལས་བྱེད་མང་ཆེ་བས་ཏང་གི་གསུང་ལ་མཉམ་འཇོག་དང༌། མང་ཚོགས་ལ་འགོ་ཁྲིད། མང་ཚོགས་དང་མཉམ་དུ་སྡོད་པ་དང༌། མཉམ་དུ་ངལ་རྩོལ་བྱས་ཏེ་ཐོན་སྐྱེད་ལ་ནུས་པ་ཆེན་པོ་བཏོན་ཡོད། དུས་མཚུངས་སུ་མང་ཚོགས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ས་ཞིང་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད་སྟབས། བདག་པོའི་བསམ་བློ་ཁྱེར་ནས་རང་ཉིད་ཀྱི་ཁེ་ཕན་གཅེས་སྤྲས་ཐུབ་པ་དང༌། ཐོན་སྐྱེད་ཐོག་གནམ་སྔོན་དབྲལ་བའི་ངར་ཤུགས་བསླངས་ནས་ཐོན་སྐྱེད་ཀྱི་མདུན་གྲལ་དུ་ནུས་པ་ཆེན་པོ་ཐོན་ཡོད།

    ཕྱོགས་གཞན་ཞིག་ནས་གནམ་རྒན་མས་ཀྱང་རྙོག་དྲ་མ་བཟོས་པར་ང་ཚོ་བོད་ལྗོངས་ལ་ལོ་གསུམ་བསྟུད་མར་ལོ་ལེགས་བྱུང་ཡོད།  འོན་ཀྱང་དེའི་ཁྲོད་དུའང་གནད་དོན་མི་ཉུང་བ་ཞིག་བྱུང་ཡོད་པ་སྟེ་མགྱོགས་མྱུར་ངང་བོད་ལྗོངས་རྗེས་ལུས་ཀྱི་རྣམ་པ་ཡོད་ཚད་གཙང་སེལ་དང༌།  བདེ་སྐྱིད་འོད་སྣང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལམ་སེང་བགྲོད་རྒྱུའི་བསམ་བློའི་བཀོད་སྤྱོད་འོག   བོད་ལྗོངས་སུ་མཉམ་ལས་ཁང་གི་རླུང་བུ་ཐོག་མར་ལངས་ཡོད་མོད།  བོད་ལྗོངས་ཀྱི་ངལ་རྩོལ་མི་དམངས་ལ་ད་ཆ་དམངས་གཙོ་གསར་བརྗེའི་བསམ་བློ་ལས།  སྤྱི་ཚོགས་རིང་ལུགས་གྱི་བསམ་བློའི་ཆུ་ཚད་དམའ་བ་དང༌།  རེ་འདུན་ཁ་ཚ་དགོས་གཏུགས་སུ་མེད་སྟབས།  བཅོས་བསྒྱུར་སྐབས་ཐོབ་པའི་ས་ཞིང་སོགས་ཅུང་མ་འགོར་བར་རང་ཉིད་ལ་མི་དབང་བར་སྙམ་སྟེ་བློ་བག་མི་ཕབ་པ་དང༌།  ཐོན་སྐྱེད་ཀྱི་སེམས་ཤུགས་ཆག་ཡོད་ཁར་དོ་དམ་ཏན་ཏན་མེད་པ་དང༌།  སྔ་ཕྱིར་ཐོབ་པའི་རྒྱུ་ནོར་རྣམས་རང་འགར་བེད་སྤྱོད་བྱེད་པའི་གནས་ཚུལ་བྱུང་ཡོད།  རོགས་རམ་ཚོགས་ཆུང་ནས་ཀྱང་ཡོད་ཚད་རང་མོས་གཉིས་ཕན་གྱི་རྩ་དོན་སྟར་ལག་ལེན་བྱས་མེད་པར།  རོགས་རེས་ཚོགས་ཆུང་དུ་འཛུལ་འདོད་མེད་མཁན་ལ་མ་ཞུགས་ཀ་མེད་དང༌།  འཛུལ་འདོད་ཡོད་མཁན་ཁ་ཤས་ཞུགས་མི་ཐུབ་པ་དང༌།  རོགས་རེས་ཚོགས་ཆུང་ཆེ་དྲགས་པ་དང།  ངལ་རྩོལ་གླ་ཐོབ་ཀྱི་བགོ་འགྲེམས་བྱེད་སྟངས་ཀྱང་འོས་འཚམས་མིན་པར།  ད་དུང་སྤྱི་གསོག་དང་གཞུང་བཀོལ།   གཞན་གྱི་གཅོག་འཐེན་སོགས་མང་དྲགས་པས་སྒེར་གྱི་ཁེ་ཕན་ལ་གྱོང་སྤྲད་ཡོད།

དེ་བཞིན་དུ་ལས་བྱེད་པ་ཁ་ཤས་ཀྱི་རྙིངབ་ཐམས་ཅད་རྗེས་ལུས་དང༌། གསར་བ་ཐམསས་ཅད་སྔོན་ཐོན་གྱི་བསམ་སྤྱོད་ལ་བརྟེན་ནས། ཐོན་སྐྱེད་ཐད་མགོ་ཚོས་ལ་མ་ཚོས་ཀྱིས་གནད་དུ་མ་སྨིན་པའི་བཀོད་འདོམས་སྣ་ཚོགས་བྱས་པ་དང༌། གང་བྱུང་མང་བྱུང་བྱེད་པ། རང་སྣང་གི་ཉམས་མྱོང་སྤེལ་བ། བཙན་ཤེད་ཀྱིས་ངལ་རྩོལ་དུས་ཡུན་ཇེ་རིང་དུ་གཏོང་བ་སོགས་དངོས་ཡོད་གནས་ཚུལ་ལ་རྒྱབ་འགལ་དང༌། མང་ཚོགས་ཀྱི་སེམས་ཤུགས་ཆག་གཞིའི་དོན་དག་མི་ཉུང་ཞིག་བསྒྲུབས་ཡོད།

ང་ཚོའི་བོད་ལྗོངས་སུ་ཏང་གིས་ཁྲལ་ཆག་གཟིགས་རྟོག་གནང་བ་དང༌། རྒྱལ་གཅེས་སྤྱི་འབྲུ་འཇལ་ཚད་མི་ལྕི་མོད། ཐོན་སྐྱེད་ཆེན་པོའི་འགྲན་རྩོད་ལས་འགུལ་ཁྲོད། འུད་སྒྲོག་གི་རླུང་ཡན་གྱི་རྐྱེན་པས་དངོས་དོན་དང་མི་འཚམས་པའི་ཐོན་སྤེལ་རྫུན་ཞུ་དང༌། ཁ་ཤས་རང་ཉིད་ཀྱི་རྫུན་གཏམ་འགེབ་སྲུང་ཆེད་རྫུན་ཞུས་ཀྱི་ཐོན་འབབ་དམིགས་ཚད་གཞིར་བཟུང་སྟེ། རྒྱལ་གཅེས་སྤྱི་འབྲུ་བསྡུས་རྗེས་མང་ཚོགས་ལ་ས་བོན་དང་ཟ་འབྲུ། གཟན་ཆགས་མ་གཏོགས་ལྷག་འཕྲོའི་འབྲུ་རིགས་ཕལ་ཆེར་བསྡུ་ཉོ་བྱས་པ་མ་ཟད། དེ་སྔའི་གསོག་འབྲུ་སོགས་ཀྱང་བསྡུས་ཡོད། འབྲུ་རིགས་དམ་འཛིན་བྱེད་ཐབས་ཐལ་དྲགས་པས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་བྱུང་བ་དང༌། ལས་དོན་ཁྲོད་མང་ཚོགས་ཀྱི་ཐོན་སྐྱེད་སེམས་ཤུགས་འདོན་སྤེལ་དང༌། ཐོན་སྐྱེད་དམ་འཛིན་དང་ཐོན་སྐྱེད་འཕེལ་རྒྱས་བཅས་ལ་དགོས་ངེས་མིན་པ་དང་མི་ཕན་པའི་རྒྱུ་རྐྱེན་ཁ་ཤས་གནས་ཡོད་པའི་སྐོར་དེ་རིང་ཞིབ་ཏུ་བརྗོད་ཀྱི་མིན།

མཐའ་མཚམས་ས་ཁུལ་དུ། གོང་འཁོད་ལས་གཞན་དམངས་གཙོ་བཅོས་སྒྱུར་དང་བསྐྱར་ཞིབ་སྐབས་བྱུང་བའི་སྐྱོན་ནོར་གྱི་གནོན་ཤུགས་དང་ཤུགས་རྐྱེན་འོག་དེ་གའི་མངའ་བདག་དང་མངའ་ཚབ་པ་སྨོས་ཅི། ཞིང་བྲན་འབྲིང་ཕྱུག་དང་ཐ་ན་དབུལ་ཕོངས་ཀྱི་ཞིང་བྲན་དང་བྲན་གཡོག དེ་བཞིན་འབྲོག་པ་སོགས་སྐྱེ་ཁུངས་རིམ་པ་སོ་སོའི་མི་མང་པོ་ཞིག་དངངས་སྐྲག་ཞེད་སྣང་གིས་ཕྱི་རྒྱལ་དུ་བྲོས་པ་དང༌། མི་མེད་ན་ཐོན་སྐྱེད་སྤེལ་ཐབས་མེད་སྟབས་ཞིང་འབྲོག་ཐོན་སྐྱེད་ལ་གནོད་ཚབས་ཆེ་བ་དང༌། དེའི་ཁར་བྲོས་བྱོལ་ཇག་ཚོགས་ཕྱིར་འཛུལ་གྱིས་འཕྲོག་བཅོམ་མང་བ་བཅས་ནི་མཐའ་ཁུལ་གྱི་དམིགས་གསལ་གནས་ཚུལ་ཡིན།

འབྲོག་ཁུལ་དུ། འབྲོག་ཁུལ་གྱི་ཟིང་འཁྲུག་དུས་ཡུན་ཅུང་རིང་སྟབས་སྒོ་ཕྱུགས་ཀྱི་གྱོང་གུད་ཆེ་བ་དང༌། སྒོ་ཕྱུགས་འབོར་ཆེན་གྱི་བདག་དབང་གཏན་འབེབས་ཕྱིར་འགྱངས་བྱས་པ་དང༌། གཉིས་ཕན་ཡང་ཆ་ཚང་ལག་བསྟར་ཐུབ་མེད། དེའི་ཁར་༡༩༥༩ནས་༡༩༦༠ལོའི་བར་ཞིང་འབྲོག་བརྗེ་ཚོང་མཚམས་ཆད་རྗེས། དེའི་ཚབ་དུ་སྲིད་གཞུང་གིས་འབྲོག་ཁུལ་གྱི་ཟ་འབྲུ་མཁོ་འདོན་བྱེད་ཀྱི་ཡོད་མོད། དེས་འདང་གི་མེད་ལ་ཡོངས་ཁྱབ་མིན་པས་ཟ་འབྲུར་དཀའ་ངལ་འཕྲད་དེ་སྒོ་ཕྱུགས་མང་པོ་མི་བཤའ་ཀ་མེད་ཆགས་ཤིང༌། འདི་དག་ཚང་མས་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།

    གྲོང་ཁྱེར་དུ། བོད་ལྗོངས་ཀྱི་གྲོང་ཁྱེར་དུ་མི་འབོར་དང་ལས་རིགས་ཉུང་མོད། བཀས་བཀོད་རྒྱུད་འཛིན་རིང་ལུགས་ནས་མ་རྩ་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང༌།  ཚོང་ལས་དང་ལག་ཤེས་བཟོ་ལས།  ཞིང་ལས་གསུམ་གཙོ་བོ་ཡིན་ལ།  སྡོད་དམངས་མི་ཉུང་བ་ཞིག་ལ་གཏན་འཇགས་ཀྱི་ལས་ཀ་མེད་པར།  ཁེ་འབབ་ཆེ་བའི་ལས་རིགས་ནས་ཁ་སྤོས་ཏེ་ཕར་འགྱུར་ཚུར་འགྱུར་བྱེད་ཀྱི་ཡོད་པ་འདིས་ལས་རིགས་ཀྱི་གཏན་འཇགས་མ་ཡིན་པའི་རང་བཞིན་མཚོན་ཐུབ་པ་སོགས་གནས་སྟངས་ཅུང་རྙོག་འཛིང་ཡིན།  དེ་བས་ལས་དོན་མཐའ་དག་ལ་བརྟག་དཔྱད་ཞིབ་འཇུག་གཟབ་ནན་དང༌།  དངོས་ཡོད་གནས་ཚུལ་སྟངས་འཛིན་གྱི་རྨང་གཞིའི་ཐོག་འགོ་ཁྲིད་ཡོད་པ་དང་ཚད་འཛིན་ཡོད་པ།  འཆར་གཞི་ཡོད་པ།  གོ་རིམ་ཡོད་པ།  གཙོ་སྐྱོང་ཡོད་པ་དང༌། རམ་འདེགས་ཡོད་པའི་བྱེད་ཐབས་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་རྒྱུ་ཤིན་ཏུ་གལ་ཆེ།
  ༡ ལག་ཤེས་བཟོ་ལས་ཐད།  རྡོ་ཤིང་ལྕགས་སོགས་ཀྱི་ལག་ཤེས་བཟོ་ལས་གཙོ་ཆེ་བ་ཁག་ཕུད།  ང་ཚོས་དེ་མིན་གྱི་ལག་ཤེས་བཟོ་ལས་ཐད་དོ་སྣང་འདང་གི་མེད་པས།  ཁོ་ཚོའི་སེམས་སུ་རང་ཉིད་ཀྱི་ལག་རྩལ་དེ་སྤྱི་ཚོགས་གསར་བའི་ནང་བེད་སྤྱོད་མེད་པར་བསམ་སྟེ་ལས་བསྒྱུར་དང་ཁ་ཤས་ལས་ཀ་ཤོར་བ་སོགས་ཁོ་ཚོའི་འཚོ་བར་དཀའ་ངལ་དང༌།  མང་ཚོགས་ཀྱི་དགོས་མཁོ་ཡང་སྐོང་མི་ཐུབ་པ་ཆགས་ཡོད།  དེ་མིན་དུས་རིམ་ཞིག་གི་ནང་གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་ཞོར་ལས་ཐོན་སྐྱེད་ལ་དོ་སྣང་མ་འདང་བ་དང་སྤྱི་ཡོངས་ཀྱི་བཀོད་འདོམས་སོགས་མེད་སྟབས།  ཐོན་སྐྱེད་འཐབ་ཕྱོགས་སྟེང་གཙོ་སྐྱོང་ཡོད་པ་ལས་རམ་འདེགས་མེད་པ་དང༌།  ཡོངས་ཁྱབ་སྤྱི་སྙོམས་མིན་པའི་གནས་ཚུལ་བྱུང་ཡོད།
     ༢ ཚོང་ལས་ཐད།  བོད་ལྗོངས་ཀྱི་ཚོང་བ་ཆེན་པོ་མང་པོ་ཞིག་ལས་ཁ་ཤས་ཟིང་འཁྲུག་ཏུ་ཞུགས་པ་དང༌། ཁ་ཤས་བྲོས་བྱོལ་དུ་ཕྱིན་ཡོད།  ང་ཚོའི་ཚོང་ལས་སྡེ་ཁག་གི་ནུས་བར་ཚད་བཀག་ཡོད་པ་དང༌།  ཕྱི་ཡི་ཚོང་ཟོག་ནང་འདྲེན་མི་ཐུབ་པ་སོགས་ཀྱི་རྐྱེན་པས་ཚོང་རའི་ཐོག་ཚོང་རྫས་དཀོན་པ་དང༌།  སྣ་ཁ་མི་ཚང་བ།  ཉེར་སྤྱོད་དངོས་ཟོག་གི་མཁོ་འདོན་མི་འདང་པའི་གནས་ཚུལ་བྱུང་ཡོད།  ང་ཚོའི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་རྒྱལ་ཁབ་ཀྱི་བདག་དབང་བཀོད་སྤྱོད་དང༌།  མི་སེར་གྱིས་འོས་འགན་སྒྲུབ་རྒྱུར་དམིགས་ཏེ་བོད་ལྗོངས་སུ་བཟོ་ཚོང་ལས་རིགས་ཀྱི་དཔྱ་ཁྲལ་བསྡུས་ཏེ་ཁྲིམས་སྲུང་གི་བཟོ་ཚོང་ལས་རིགས་ལ་རོགས་སྐྱོར་སྐུལ་སློང་དང༌། ཁྲིམས་འགལ་ལ་བཀག་འགོག་ཚད་འཛིན་བྱ་རྒྱུ་གཏན་འབེབས་བྱས་ཡོད།
      འོན་ཀྱང་ལག་བསྟར་སྐབས།  ས་ཁུལ་འགར་ཐོག་མར་ཚོང་བ་ཚོར་རང་ཞུས་ཀྱི་སྤྱི་གྲོས་ཀྱི་ཚུལ་དུ་སོ་སོའི་མ་དངུལ་ཐོ་འགོད་དུ་འཇུག་པའི་ཚེ།  ལས་བྱེད་ཚོས་དོ་བདག་སོ་སོས་ཞུས་བའི་བདེན་རྫུན་གྱི་གནས་ཚུལ་སྣ་ཚོགས་ལ་ཞིབ་བཤེར་བྱས་ནས་རྫུན་ཞུ་མཁན་སྐོར་ཞིག་ཐེར་འདོན་བྱེད་ཐུབ་པ་ནི་ཡག་པོ་ཡིན་མོད།  དེ་ནས་བཟུང་ལས་བྱེད་ཚོས་ཚོང་བ་ཡོད་ཚད་ལ་ཡིད་ཆེས་མེད་པར་ཟེར་སྒྲོས་སུ་འབྲངས་བ་དང༌།  འོལ་ཚོད་ཀྱིས་ཚོད་དཔག་བྱས་ཏེ།  དངོས་འབྲེལ་མ་དངུལ་ནང་རྩིས་མི་དགོས་པ་ཁག་གཅིག་ཀྱང་མ་དངུལ་དུ་རྩིས་བ་དང༌།  ཨུ་ཚུགས་ཀྱིས་ཁྱོད་ལ་མ་དངུལ་འདི་འདྲ་མང་པོ་ཡོད་ཚུལ་བརྗོད་ཀྱི་ཡོད།  དེ་ལྟའི་མ་དངུལ་མེད་མཁན་ཚོས་གནས་ཚུལ་ཞུ་གཏུགས་སྐབས་ཁྱོད་ཀྱི་ཀླད་པར་སྐྱོན་འདུག་ཟེར་བ་སོགས་ཀྱིས་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་པ་དང༌།  དེ་དུས་བཅོས་བསྒྱུར་འཐབ་རྩོད་ཀྱི་རྫིག་ཉམས་འགོག་ཐབས་མེད་པའི་སྐབས་དང་ཏག་ཏག་འཁེལ་ཡོད་པས་ཁས་ལེན་མི་བྱེད་རང་བྱེད་ཆགས་ཡོད།
      ཚོང་ལས་དཔྱ་ཁྲལ་དེ་ཡང་མ་དངུལ་གཞིར་བཞག་གིས་བརྒྱ་ཆའི་འབབ་ལྟར་བསྡུ་གི་ཡོད་སྟབས།  མ་དངུལ་དངོས་འབྲེལ་དེ་ལྟར་མེད་མཁན་གྱི་ཚོང་བ་ཚོ་ཁྲལ་འབོར་གྱི་ཁུར་བོ་ཆེ་དྲགས་ཏེ།  བཙོང་ཟིན་པའི་ཅ་དངོས་ཡོད་ཚད་ཀྱི་ཁེ་འབབ་ཆ་ཚང་སྤྲད་ནའང་མི་འདང་བར།  མ་དངུལ་ནས་ཁ་གསབ་དགོས་བ་ཆགས་པ་དང༌།  ཚོང་ལས་ཁེ་མེད་མ་རྩ་རྡིབ་སྟེ་ཚོང་བ་མི་ཉུང་བ་ཞིག་གི་ལས་འཚམས་འཇོག་རྒྱུའི་རེ་སྐུལ་ཞུ་དགོས་བྱུང་ཡོད།  ཕྱོགས་གཞན་ཞིག་ནས།  མགོ་བདེ་གླགས་འཚོང་དང་ཚོང་རར་གཏོར་བཤིག་གཏོང་མཁན་གྱི་ཚོང་བ་ཁ་ཤས་བྱུང་ཡོད་པས།  ཟོག་གོང་འཕར་ཚད་བརྟན་པོ་མེད་པ་དང༌།  ཁ་ཤས་ལ་བཤུ་གཞོག་ཆེན་པོ་ཐེབས་ཏེ་བོད་ལྗོངས་ཀྱི་ཐོན་སྐྱེད་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་བ་བརྟན་པོ་བཟོ་བར་འགལ་རྐྱེན་བཟོས་ཡོད།
མང་ཚོགས་ཀྱི་འཚོ་བའི་སྐོར། ཟིང་འཇགས་བཅོས་བསྒྱུར་རྗེས་འཚོ་བ་རིམ་པར་ལྷུང་འཇགས་དང་ལེགས་འགྱུར་བྱུང་བས།  མི་ཚང་མས་ཤིན་ཏུ་དགའ་ཚོར་བྱེད་པར་མ་ཟད།  དུས་མཚུངས་སུ་མི་རྣམས་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ།  གསར་བརྗེའི་སྤྲོ་སྣང་སྐུལ་སྤེལ་དང༌།  གྲལ་རིམ་གྱི་གོ་རྟོགས་མཐོར་འདེགས།  ཧུར་བརྩོན་གྱིས་ཐོན་སྐྱེད་བྱེད་པ་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་ཆགས་ཡོད།  ཡིན་ནའང་ལས་དོན་ཁྲོད་གྱི་སྐྱོན་ནོར་དང་ལས་བྱེད་རེ་ཟུང་གི་བྱ་སྤྱོད་ལས་ས་ཁུལ་འགའ་ཤས་ཀྱི་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་བྱུང་ཡོད།   ཞིང་ལས་ས་ཁུལ་དུ་སྤྱོད་ཚུལ་ལྔ་བྱུང་བ་དང་འབྲུ་རིགས་ཐད་དམ་འཛིན་བྱེད་ཐབས་ཐལ་དྲགས་བ་དང༌།  མང་ཚོགས་ལ་འབྲུ་རིགས་འཇོག་ཚད་ཉུང་བས་ཟ་འབྲུ་ཤིན་ཏུ་དཀོན་པོ་ཆགས་པ་དང༌།  དེའི་ཁར་མང་ཚོགས་ལ་ལས་འབྲུ་རིགས་སྤྱོད་ཉེས་བྱུང་བ་སོགས་ལ་བརྟེན་ནས་ཁྱིམ་དུད་མི་ཉུང་བ་ཞིག་ལ་ཟ་འབྲུ་ཆད་ཡོད།  ཡིན་ནའང་འདིའི་ཐད་སྐད་རྒྱག་མཁན་ལ་མཚོན་ན་ཁ་ཤས་ནི་དངོས་འབྲེལ་ཟ་འབྲུ་ཆདདེ་སྐད་རྒྱག་གི་ཡོད་པ་དང༌།  ཁ་ཤས་ཀྱིས་སོ་སོར་འབྲུ་ལྷག་ཡོད་པ་གཞན་གྱིས་མི་ཤེས་པའི་ཆེད།  འབྲུ་ཆད་བྱུང་ལུགས་སྐད་རྒྱག་པ་སོགས་ཀྱི་གནས་ཚུལ་སྣ་ཚོགས་བྱུང་ཡོད།
    དེར་བརྟེན་མང་ཚོགས་ཀྱི་གོ་རྟོགས་མཐོར་འདེགས་གཏོང་བའི་རྨང་གཞིའི་ཐོག་གཏིང་ཟབ་ནན་ཏན་གྱི་སྒོ་ནས་ཕྱོགས་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་དང༌། འབྲུ་ཆད་ཐེམ་དུད་ལ་རོགས་སྐྱོར་གྱིས་མང་ཚོགས་བཀྲེས་ལྟོགས་མ་དགོས་པ་དང༌།  ཟ་འབྲུ་ཡོད་མཁན་ལ་དོན་མེད་གཞུང་འབྲུ་མི་སྤྲོད་པ་ནི་གལ་ཆེན་པོ་རེད།  འོན་ཀྱང་ལས་བྱེད་ཁག་ཅིག་གིས་འདི་ལྟར་བྱེད་ཐུབ་མེད་པར་ཁྱིམ་ཚང་རེ་ཟུང་གི་གནས་ཚུལ་ལ་བལྟས་ཏེ་མི་ཚང་ཡོད་ཚད་ལ་ཚོད་དཔག་ཕྱོགས་བསྡོམས་བྱས་པས།  ཐེམ་དུད་ལ་ལས་གཞུང་ནས་ཁེ་བཟང་ཟོས་པ་དང༌།  ཐེམ་དུད་ལ་ལ་དངོས་གནས་དྲང་གནས་ཀྱི་ཟ་འབྲུ་ཆད་ཡོད་ན་རོགས་སྐྱོབ་མ་ཐོབ་པ་དང༌།  སྐབས་དེར་འབྲུ་རིགས་དཀོན་པོ་ཛ་དྲག་ཡིན་སྟབས།  ཟ་འབྲུ་ཆད་མཁན་ཚོས་གཞན་ནས་འབྲུ་རིགས་མ་རག་པར་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་མི་རེ་ཟུང་ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་ཡོད།  འདི་ནི་ཤིན་ཏུ་མི་འོས་པ་ཞིག་དང༌།  ཐབས་སྡུག་དང་ཚབས་ཆེན་རེད།

དེ་སྔའི་བོད་ལྗོངས་ནི་མུན་ནག་དང་ཀླ་ཀློའི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་སྤྱི་ཚོགས་ཤིག་ཡིན་ནའང་འབྲུ་རིགས་དེ་ལྟར་དཀོན་པོ་མེད། ལྷག་པར་ནང་ཆོས་སྤེལ་ཡུལ་ཤིན་ཏུ་རྒྱ་ཆེ་སྟབས། མི་མཆོག་དམན་སུ་ཡིན་རུང་ཚང་མར་དབུལ་ཕོངས་ལ་སྦྱིན་གཏོང་གི་གོམས་གཤིས་བཟང་བོ་ཡོད་ཅིང་སློང་མོ་བརྒྱབ་ནའང་འཚོ་ཐབས་འཁྱོངས་ངེས་ཡིན་པ་དང༌། ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡོང་མི་སྲིད་ལ། ང་ཚོས་ཀྱང་མི་ལ་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཁྱོན་ནས་གོ་མྱོང་མེད། བོད་ལྗོངས་སུ་༡༩༥༩དང་༡༩༦༠ལོ་གཉིས་ནང་ཞིང་འབྲོག་ཐོན་རྫས་ཀྱི་རང་དབང་གི་བརྗེ་ཚོང་རྣམས་ཧ་ལམ་ཆ་ཚང་མཚམས་ཆད་པས། འབྲོག་པར་འབྲུ་རིགས་ཤིན་ཏུ་དཀོན་པ་དང་ཞིང་བ་ལའང་ཤ་རིགས་དང༌། མར། ཚྭ་དང་བུལ་ཏོག་སོགས་དཀོན་པོ་ཆགས་ཏེ་ཞིང་འབྲོག་ཁུལ་གྱི་འཚོ་བར་དཀའ་ངལ་བྱུང་ཡོད། འཚོ་བའི་དཀའ་ངལ་སེལ་ཆད་སྒོ་ཕྱུགས་མང་པོ་ཟ་དགོས་ཆགས་སྟབས། ཐོན་སྐྱེད་འཕེལ་རྒྱས་ལ་གནོན་སྐྱོན་བཟོས་ཡོད།

དམངས་གཙོ་བཅོས་བསྒྱུར་སྐབས། དངོས་ཟོག་འབྲུ་རིགས་སོགས་ཕར་ཚུར་འགྲུལ་སྐྱེལ་བཀག་སྡོམ་དང། མི་དམངས་ཕར་ཚུར་འགྲུལ་བཞུད་ལའང་ཚད་བཀག་ནན་པོ་བྱས་སྟབས། གྲོང་ཁྱེར་དུ་མཁོ་བའི་གྲོང་གསེབ་ཀྱི་དངོས་ཟོག་ཐམས་ཅད་ཧ་ལམ་མཚམས་ཆད་པ་དང༌། གྲོང་ཁྱེར་དུའང་འབྲུ་ལྷག་བསྡུ་ཉོ་མང་བའམ་ཐལ་དྲགས་པ་དང༌། ཐ་ན་བསངས་ཁུག་ནང་གི་འབྲུ་དང་རྩམ་པའང་བསྡུས་པ་དང༌། འབྲུ་རིགས་དང་རྩམ་པ་སྲང་གང་དོ་སྦས་སྐུང་བྱས་ཡོད་པའི་མི་ཞིག་སྔོག་ཐུབ་ནའང་འཐབ་རྩོད་གཏོང་བ་བཅས་ཤིན་ཏུ་བྱབ་ཆུང་དང་ཐབས་སྡུག་རེད། ཐེམ་དུད་ཕལ་མོ ་ཆེར་སྔོག་བཤེར་བྱས་ཏེ་སྡོད་དམངས་སོ་སོས་གསོག་འཇོག་བྱས་པའི་ཟ་འབྲུ་དང༌། ཤ་རིགས། མར་སོགས་ཧ་ལམས་ཚང་མ་བསྔོགས་ཚར་ཡོད། སྲིད་གཞུང་གིས་གྲོང་ཁྱེར་གྱི་ཟ་འབྲུ་དང་ཟ་སྣུམ། མར་སོགས་སྐབས་འཕྲལ་མཁོ་འདོན་མ་ཐུབ་པའམ་མཁོ་འདོན་མ་འཚམས་སྟབས། སྡོད་དམངས་མི་ཉུང་བ་ཞིག་ལ་ཟ་འབྲུ་དཀོན་པོ་ཆགས་པ་དང༌། ཁ་ཤས་ཟ་འབྲུ་ཆད་པ་དང་ཤ་རིགས་དང་མར། སྣུམ་སོགས་ཤིན་ཏུ་དཀོན་པོར་གྱུར་ནས་སྒྲོན་སྣུམ་ཙམ་ཡང་མེད་ལ། ཐ་ན་བུད་ཤིང་ཙམ་ཡང་ཉོ་མི་ཐུབ་པར་མི་ཚོ་དངངས་སྐྲག་འཚབ་འཚུབ་དང༌། སྡུག་སྐད་ཚད་མེད་རྒྱག་པ་དང༌། འཚོ་ཆས་མི་གཉེར་བར་གྲོང་ཁྱེར་གྱི་གནས་སྟངས་ཛ་དྲག་ཆགས་པ་དང༌། མིང་དོན་གཉིས་ཀར་སྐྱོན་ཤས་བཟོས་ཡོད། དེ་མིན་དུས་རིམ་ཞིག་གི་རིང་ལྗོངས་ཡོངས་ཀྱི་ཁྱིམ་དུད་ཀྱི་འཁེལ་འཐག་བར་མཚམས་བཞག་སྟབས། མང་ཚོགས་ཀྱི་གྱོན་ཆས་ལའང་དཀའ་ངལ་བྱུང་ཡོད།










罢稗拜︽车稗︽搬得︽搬﹀

                            འཐབ་ཕྱོགས་གཅིག་གྱུར་གྱི་སྐོར།

གོང་དུ་བརྗོད་པ་བཞིན། ང་ཚོ་བོད་ལྗོངས་ཀྱི་བཙན་རྒོལ་རྒྱལ་གཅེས་ཀྱི་མཐོ་འབྲིང་མི་སྣ་ཚོར། ཏང་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང༌། ཐུགས་ཁུར་གཟིགས་སྐྱོང༌། སློབ་གསོ། བསྒྱུར་བཅོས། མཉམ་འབྲེལ་སོགས་ཕྱོགས་ཡོངས་ནས་སྲུང་སྐྱོབ་གཅེས་སྤྲས་བྱས་ཡོད། འཐུས་སྒོ་མ་ཚང་བའི་ཆ་གང་ཡང་བརྗོད་རྒྱུ་མེད། ང་ཚོ་མཐོ་འབྲིང་རིམ་པ་འདི་དག་ཆབ་སྲིད་ཐོག་བཙན་རྒོལ་རྒྱལ་གཅེས་དང་སྔོན་ཐོན་ཡིན་མོད། སྐྱེ་ཁུངས་ཀྱི་ཆ་ནས་བཤད་ན། ངན་རྒུ་ཚང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཞིང་བྲན་བདག་པོ་གྲལ་རིམ་ནས་ཡོང་སྟབས། དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་ཁྲོད་སོ་སོའི་གྲལ་རིམ་གྱི་ནག་ཉེས་ངོས་འཛིན་ཐུབ་པ་དང༌། སྤྱི་ཚོགས་རྙིང་བའི་ནང་སོ་སོས་ངལ་རྩོལ་མི་དམངས་ཐོག་ཤིན་ཏུ་མ་འཚམས་པ་དང་འཁོན་སྡང་འབྱུང་གཞིའི་ལས་ཅི་བྱས་ལ་དགོངས་དག་ཐུགས་བདེན་ཞུ་བ་དང༌། སྔར་འགྱོད་ཕྱིས་འདོམས་དང༌། བཅོས་བསྒྱུར་ལ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་བཅས་ནི་ངེས་པར་དུ་བྱེད་དགོས་པ་ཞིག་རེད།

བོད་ལྗོངས་ཀྱི་བཅོས་བསྒྱུར་ཐད། ཞི་བའི་བཅོས་བསྒྱུར་གྱི་བྱེད་ཐབས་བཟུང་སྟབས། རྒྱལ་གཅེས་སྔོན་ཐོན་གྱི་མཐོ་འབྲིང་རིམ་པ་ཚོར་ཡང་གདོང་གཏུགས་ཀྱི་འཐབ་རྩོད་མི་བྱེད་པ་སོགས་ཏང་སྲུང་སྐྱོབ་འོག་དམངས་གཙོ་བཅོས་བསྒྱུར་གྱི་འགག་སྒོ་ལས་སྒྲོལ་ཐུབ་པའི་བླ་མེད་ཀྱི་བཀའ་དྲིན་གཟིགས་སྟོང་གནང་ཡོད་མོད། ཡིན་ནའང་མཐོ་རིམ་ཁྲོད་གཙོ་བོའམ་གནད་དོན་ཅན་ཁ་ཤས་ལ་གདོང་ཐུག་གི་འཐབ་རྩོད་སོགས་ཛ་དྲག་གི་ལས་འགུལ་སྤེལ་མ་དགོས་པར་ཅུང་བདེ་བླག་ངང་དམངས་གཙོ་བཅོས་བསྒྱུར་གྱི་འགག་སྒོ་ལས་བརྒལ་ཐུབ་ཙམ་མ་གཏོགས། དེ་བྱིངས་གྲོགས་པོ་མི་ཉུང་བ་ཞིག་བཅོས་བསྒྱུར་ཁྲོད་དཀའ་ངལ་དང་དངངས་འཚབ་ཆེ་ཙམ་བྱུང་ཡོད་སྟབས། སྲུང་སྐྱོབ་དང་མཐུན་སྒྲིལ། ཚུར་འགུག་གི་རྩ་དོན་དང་མི་འཚམས་པ་དང༌། མི་རྣམས་སེམས་འཚབ་ཞེད་སྣང་དང༌། བློ་ཕམ་ཡིད་ཆད། ཉི་མ་འཁྱོལ་ཐབས་དང་མི་འདོད་པའི་བསམ་ཚུལ་བྱུང་སྟེ། སོ་སོ་མདུན་བསྐྱོད་ཀྱི་བསམ་བློར་ཤན་ཤུགས་ཐེབས་ཡོད་པ་དང༌། ཁྲལ་མངོན་སླ་བཅོས་ཀྱི་བྱེད་ཐབས་འོག་མི་བཟང་བོ་མང་པོ་ཞིག་ལ་རྡུང་རྡེག་ཐེབས་པའི་སྤྱིའི་གནས་ཚུལ་རྣམས་གོང་དུ་བརྗོད་ཟིན།

 རྒྱ་ཆེའི་གྲོང་གསེབ་ཁག་ཏུ་གང་བྱུང་རྡུང་རྡེག་གཏོང་དགའ་བའི་བྱེད་ཐབས་འོག་མངའ་བདག་དང་མངཚབ་བམ། ཞིང་བྲན་འབྱོར་ལྡན་ཁ་ཤས་ལ་ལུགས་མཐུན་གྱི་དཀར་ནག་དབྱེ་འབྱེད་མེད་པར།  རྡུང་རྡེག་ནན་ཙམ་གཏོང་ཐུབ་མཁན་དཔའ་བོར་བགྲངས་ཏེ།   རྒྱུག་པ་ལེབ་རྡུང་གིས་རྡུང་རྡེག་གཏོང་བ་དང༌།   ནམ་རྒྱུན་ཡང་གནག་སེམས་ཀྱི་བྱ་ཐབས་སྣ་ཚོགས་སྤྱོད་པ་དང༌།  ལྷག་པར་ངལ་རྩོད་མི་དམངས་རྣམས་མངའ་བདག་དང་མངའ་ཚབ་ལ་འབྲེག་གཏུགས་རྩ་བ་ནས་མི་ཆོག་པའི་བཀོད་པ་དངོས་སུ་བཏང་སྟེ།  དམ་བསྒྲགས་ཤིན་ཏུ་ཆེ་སྟབས།  མངའ་བདག་དང་མངའ་ཚབ་པ་མི་ཚོགས་ལས་ལོགས་སུ་བཀར་ནས་ཁོ་ཚོར་ཆབ་སྲིད་ཐོག་མདུན་ལམ་མེད་པ་དང༌། འཚོ་བའི་ཐད་དཀའ་ངལ་ཆེན་པོ་བཟོས་ཏེ་འཇིག་རྟེན་འདིར་ཡིད་སྨོན་ཆེར་མེད་པར་ཡིད་སྐྱོ་བའི་སྣང་ཚུལ་བྱུང་ཡོད༌།  དེར་བརྟེན་མི་དེ་དག་དངོས་འབྲེལ་ཚུར་འགུག་དང་བསྒྱུར་བཀོད་བྱེད་དཀའ་ཞིང༌།  ལོག་སྤྱོད་ཤོག་ཁག་གི་གསང་བའི་རྟེན་གཞི་རྒྱ་བསྐྱེད་ཀྱི་ཆ་རྐྱེན་སོགས་སུ་འགྱུར་སྲིད་པ་ཞིག་རེད།  འདི་ནི་དགེ་མཚན་མེད་པར་རྙོག་དྲ་འཕར་རྣོན་དང༌།   མི་སྔར་ལས་མང་བ་ཞིག་ཏང་གི་ཉེ་འཁྲིས་སུ་མཐུན་སྒྲིལ་དང༌།  མི་མང་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར་རྒྱ་བསྐྱེད་སྲ་བརྟན་གྱིས་དགྲ་བོ་ཁེར་རྐྱང་དུ་ཕུད་དེ་གང་འགྱོགསརྩ་གཏོར་གཏོང་བ་དང༌། དམངས་གཙོ་བསྒྱུར་བཅོས་ལ་ཁག་ཐེག་དང༌། མི་མང་ཆེ་བ་བློ་བག་ཕབ་པོ་དང་སེམས་ཤུགས་སྤར་བ།   ངར་ཤུགས་ཆེར་བསྐྱེད་ཀྱིས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་ལྡན་པའི་ལམ་ཆེན་སྟེང་གོམ་ཆེན་སྤོས་ཏེ་མདུན་བསྐྱོད་བྱེད་རྒྱུར་འཚམས་པོ་མེད་པ་ཞིག་རེད།  འདི་རིགས་ཀྱི་གཡོན་ལྷུང་གི་སྐྱོན་དང་ནོར་འཁྲུལ་གྱི་རྐྱེན་པས་འཐབ་ཕྱོགས་གཅིག་གྱུར་ནང་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད།


罢稗拜︽车稗︽布︽搬﹀

དམངས་གཙོ་གཅིག་སྡུད་ཀྱི་སྐོར།

དམངས་གཙོ་གཅིག་སྡུད་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ནང་གི་ཆེས་གལ་ཆེན་པོ་ཞིག་ཡིན་པར་མ་ཟད། མི་དམངས་ནང་ཁུལ་གྱི་ལས་དོན་ཚང་མའི་ནང་གི་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཀྱང་ཡིན། འདི་ནི་ཏང་གི་སྲིད་ཇུས་ཁག་དང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ཁག་ནང་ཡང་ཡང་གསལ་བོར་གཏན་ལ་ཕབ་ཡོད་པ་ཞིག་དང༌། མའོ་ཀྲུའུ་ཞིས་རང་རྒྱལ་གྱི་ཆབ་སྲིད་གནས་བབ་ཐད་གསུང་བཤད་གནང་སྐབས། གཅིག་སྡུད་ཡོད་པ་དང་དམངས་གཙོ་ཡོད་པ། སྒྲིག་ལམ་ཡོད་པ་དང་རང་དབང་ཡོད་པ། གཅིག་གྱུར་གྱི་བསམ་བློ་ཡོད་པ་དང་མི་སོ་སོ་སྣང་བ་སྐྱིད་པོ་ཡོད་པ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཡོད་དགོས་ཞེས་གསུངས་ཡོད་པ་རེད། ཞིབ་ཕྲར་བཤད་ན་འདི་ནི་དམངས་གཙོ་རབ་ཏུ་དར་བའི་རྨང་གཞིའི་ཐོག་གཅིག་སྡུད་རབ་ཏུ་དར་བ་ཞིག་ཀྱང་ཡིན། དེར་བརྟེན་ང་ཚོའི་ལམ་ཕྱོགས་དང་སྲིད་གཟིགས་རེ་འདུན། ཉམསམྱོང་གཞིར་བཟུང་སྟེ་གཏན་ལ་ཕབ་པའམ་དབབ་དགོས། ཏང་གིས་རྒྱུན་དུ་བཤད་པ་གནང་བཞིན། ང་ཚོར་དེ་སྔ་ཐོབ་པའི་རྒྱལ་ཁའི་གྲུབ་འབྲས་དང༌། ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་མཐོང་མཁན་ནི་མི་དམངས་མང་ཚོགས་ཡིན་ན། ངེས་པར་དུ་མང་ཚོགས་ཀྱི་བསམ་པ་དང་རེ་འདུན། དགེ་སྐྱོན་གྱི་ཉམས་མྱོང་ལས་བཏོན་པའི་བསམ་འཆར་དང༌། དེ་བཞིན་ལས་དོན་ལྟ་ཞིབ་སོགས་དང་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རེ་བ་དང་དངོས་ཡོད་གནས་ཚུལ། འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་གཞིར་བཟུང་སྟེ་ང་ཚོའི་ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་སེལ་ཐབས་དང་ཕན་བདེ་བསྐྲུན་རྒྱུ་ནི་ང་ཚོའི་དོན་ཚང་མ་ལེགས་འགྲུབ་དང་མི་མཐུད་དུ་མདུན་བསྐྱོད་བྱེད་པའི་དམངས་གཙོ་དེ་ཡིན། དམངས་གཙོ་འདིར་འགོ་འཇུག་ཡོད་པ་དང་གཅིག་གྱུར་བྱེད་ཐབས་ལ་གཅིག་སྡུད་ཀྱང་ལག་བསྟར་ཡག་པོ་བྱེད་དགོས་པ་སོགས་ཀྱི་དགོངས་དོན་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ཡང་དག་འཁྲུལ་མེད་རེད། ང་ཚོས་བོད་ལྗོངས་སུ་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལག་ལེན་བྱེད་དགོས་པ་ནི་བཤད་མི་དགོས་པ་ཞིག་ཡིན། ལག་ལེན་བྱེད་སྐབས་གཞི་རྩའི་ཐོག་ལེགས་ངེས་ཡོད་ཀྱང་ཞིབ་ཏུ་བལྟས་ན་ལག་ལེན་བྱས་པ་ཕྱོགས་ཡོངས་མིན་པ་དང་ཡོངས་ཁྱབ་མིན་པ། འཐུས་སྒོ་མི་ཚང་བ་སོགས་གནད་དོན་མི་ཉུང་བ་ཞིག་འདུག དེ་བས་དམངས་གཙོ་དང་གཅིག་སྡུད་ཕྱོགས་གཉིས་ནས་བཤད་ན།

དང་པོ། དམངས་གཙོའི་ཐད།  རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་དང༌།  མི་ཁག་ཅིག་གིས་དམངས་གཙོ་དང་འགལ་བའི་བྱ་སྤྱོད་བྱུང་ཡོད་པདང༌།  ལས་དོན་ལེགས་འགྲུབ་དང་གོང་འཕེལ་གཏོང་བར་འགལ་རྐྱེན་མི་ཉུང་བ་ཞིག་བཟོས་ཡོད།  ཏང་གི་སྲིད་ཇུས་དང་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ཏེ་ལས་དོན་བསྒྲུབ་རྒྱུནི་ང་ཚོའི་ལས་དོན་དངའགན་ཁུར་ཚང་མ་འགྲུབ་ཐུབ་པའི་རྩ་བའི་འགན་ལེན་ཡིན།  གལ་སྲིད་འདི་ནི་སྐད་ཆ་བཤད་པ་གཅིག་པུ་ཞིག་ཡིན་ན།  ལས་དོན་ནང་ཏང་གི་སྲིད་ཇུས་དང་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱེད་པའི་ཕན་ནུས་འདོན་སྤེལ་བྱེད་ཐུབ་ཀྱི་མེད་པདང༌།  དངོས་ཡོད་གནས་ཚུལ་དང་བྲལ་ན་དེ་ནི་རྐང་ནད་ལ་མགོ་སྨན་བེད་སྤྱོད་བཏང་བ་དང་འདྲ་བས་ནད་ངོ་མ་ལ་ཕན་ཐོགས་མེད་པ་མ་ཟད་ད་དུང་ནད་གཞན་པ་འབྱུང་སྲིད་པས་ཉེན་ཁ་ཡོད།
   བོད་ལྗོངས་ཀྱི་གནས་ཚུལ་ནི་ཁྱད་ཆོས་མང་པོ་ཡོད་ལ་རྙོག་འཛིང་ཡང་ཧ་ཅང་ཆེ། འདི་ནི་མི་སུ་ཡིན་རུང་ལས་སླ་བོར་རྒྱུས་ལོན་བྱེད་མི་ཐུབ།  དེ་རྒྱུས་ལོན་དགོས་ན་ང་རྒྱལ་དང་རང་ཤེད་སྤངས་ཏེ་རིམ་པ་སོ་སོའི་མི་དམངས་དང་མཉམ་དུ་གྲོས་བསྡུར་དང་བརྟག་དཔྱད་ཞིབ་འཇུག་མང་པོ་བྱེད་དགོས་བ་མ་ཟད།  བསམ་འཆར་མང་པོར་ཉན་པ་དང་རྒྱུས་མངའ་ཡོད་པའི་མི་རྣམས་ལ་དྲི་བསྡུར་བྱེད་དགོས་བ་བཅས་ཀྱི་ཐབས་ཤེད་བེད་སྤྱོད་བཏང་ནས། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་བོད་ལྗོངས་མི་དམངས་ཀྱི་བསམ་པ་དང་རེ་འདུན་རྒྱུས་ལོན་བྱེད་ཐུབ་དགོས།  འདི་འདྲ་བྱེད་དགོས་ན།  དང་ཐོག་རིམ་པ་སོ་སོའི་མི་སྣ་དང་མང་ཚོགས་ནང་དུ་སོང་སྟེ་གཡས་གཡོན་བར་གསུམ་གྱི་བསམ་བློ་ཡོད་པ་རྣམས་ལ་སོ་སོའི་ལྟ་ཚུལ་དང་མཐོང་སྣང༌།  ངོས་འཛིན་ལྟར་བཏོན་པའི་སྔོན་ཐོན་དང༌། བར་གནས།  རྗེས་ལུས་སོགས་ཀྱི་བསམ་འཆར་ལ་ཉན་འདོད་ཡོད་མེད་དང༌།  བློ་དང་མཐུན་པ་ཡིན་མིན་གང་ཡིན་རུང་ཚང་མས་ཕོ་ཁྱོ་གའི་ཁོག་པར་མདའ་ཤོང་མདུང་ཤོང་ཟེར་བའི་གཏམ་དཔེ་བཞིན།   ཁོག་ཡངས་དཀྱེལ་ཆེའི་བསམ་བློ་དང་ངང་རིང་ཞིབ་ཚགས་ཀྱི་སྒོ་ནས་བཟང་ངན་འཚོལ་བ་དང༌།   ཡང་དག་པའི་བསམ་པ་ཚང་མ་ཕྱོགས་བསྡུས་བྱས་ཏེ་མ་འོངས་བའི་ཏང་གི་སྲིད་ཇུས་དང༌།  བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ།  མི་དམངས་ཀྱི་བསམ་པའི་རེ་འདུན་སྔར་ལས་ལྷག་པར་གཅིག་གྱུར་དང༌།  ལས་དོན་ཁྲོད་ཀྱི་ནོར་འཛོལ་སེལ་ཐབས་དང་སོན་འགོག་བྱས་ཏེ།  ཕྱོགས་སོ་སོ་ནས་བཟང་ཕྱོགས་དར་སྤེལ་བྱེད་པ་ནི་ཆེས་ཧ་ཅང་གལ་ཆེན་པོ་ཡིན་པ་བཤད་མི་དགོས་བ་ཞིག་རེད།  ཡིན་ན་ཡང་དཔོན་ཉམས་རིང་ལུགས་པ་ཚོ་འོག་རིམ་ལ་ཟབ་ཞུགས་ཉུང་བ་དང༌།  བསམ་འཆར་ལ་སྤྱོད་ཚུལ་འཛིན་སྟངས་ནི་ཉན་འདོད་ཡོད་མེད་དང༌།  བློ་དང་འཚམས་མིན་ལ་གཞིགས་ནས་ཕྱོགས་ལྷུང་བྱེད་བཞིན་ཡོད་པ་དང༌།  ཉན་འདོད་མེད་པ་དང་བློ་དང་འཚམས་མིན་གྱི་བསམ་འཆར་འདོན་མཁན་ལ་མི་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་པ་མ་ཟད།  ད་དུང་ཁྱོད་ཀྱི་ཀླད་པ་ལ་སྐྱོན་འདུག   སློབ་སྦྱོང་བྱས་མྱོང་མི་འདུག་སོགས་བརྗོད་དེ།  ཐ་ན་ཁོང་ཚོར་ལོག་སྤྱོད་པའི་ཞྭ་མོ་གཡོགས་པ་དང༌། ངན་སེམས་བཅངས་ཏེ་རྡུང་རྡེག་གཏོང་བཞིན་ཡོད་པས།  ཁོང་ཚོར་ལས་དོན་ཁྲོད་ཀྱི་ནོར་འཛོལ་ཐེར་འདོན་བྱེད་པའི་གོ་སྐབས་མེད་པ་དང༌།  དོན་ལ་ཕན་ཐོགས་ཡོད་རུང་མདུན་མཆོང་དང་ཧུར་བརྩོན་གྱི་བྲོ་བ་ལྡན་པའི་བསམ་འཆར་འདོན་ཐབས་མེད་པའི་གནས་སུ་ལྷུང་ཡོད།
    ཕྱོགས་གཞན་ཞིག་ནས་ད་བྱེད་དགོས།  ད་སྒྲུབ་དགོས་ཟེར་བའི་སྐད་ཆ་དེ་ཚོར་དགའ་བསུ་དང་ཡིད་ཆེས་བྱས་བ་དང༌།   སྐད་ཆ་འདི་རིགས་བཤད་མཁན་ལ་སྔོན་ཐོན་ཅན་དང་ཧུར་བརྩོན་ཅན་གྱི་གཟིགས་བཟོས་ཐོབ་ཡོད།  དེའི་དབང་གིས་རིམ་པ་སོ་སོར་རྣམ་པ་མི་འདྲ་བའི་ཚོགས་འདུ་མང་པོ་ཚོགས་ཡོད་པ་དང་ཐུན་མོང་ངམ་མི་སྒེར་ལ་དྲི་བསྡུར་དང་བསམ་འཆར་བསྡུ་ལེན་བྱས་ཡོད་རུང༌།  མི་མང་ཆེ་བས་ཧ་ཅང་ཡག་པོ་འདུག  ཧ་ཅང་སྙིང་རྗེ་གི་འདུག་སོགས་ཀྱི་ཁ་འཇམ་ཚིག་སྙན་བརྗོད་པ་ལས།  དེ་ལྟར་མ་རེད་འདི་ལྟར་རེད།  སྐྱོན་དང་ནོར་འཁྲུལ་འདི་འདྲ་འདུག  དེ་དག་འདི་ལྟར་ཡོ་བསྲང་བྱེད་དགོས་ཞེས་བཤད་མཁན་མེད་པའམ་ཡང་ན་ཉུང་ཉུང་རེད།   དེའི་འབྱུང་རྐྱེན་ནི་བདག་གིས་གོང་དུ་ཞུས་པ་འདི་དག་རེད།  དེ་ལྟར་ཚོགས་འདུ་བསྐོང་བ་སོགས་བྱེད་ཐབས་བེད་སྤྱོད་བཏང་སྟེ་ལས་དོན་ལ་གྲོས་བསྡུར་དང༌།  ལེགས་སྤེལ་ཉེས་འགོག་གི་བསམ་འཆར་བསྡུ་ལེན་བྱེད་པའི་དོན་སྙིང་དང་བཟང་ཕྱོགས་ཀྱི་ཕན་ནུས་དེ་ཇེ་ཆུང་དུ་འགྲོ་བའམ་རིམ་བཞིན་རྩ་མེད་དུ་འགྲོ་གི་ཡོད།  དཔེར་ན། གནད་དོན་ཞིག་བཏོན་ཏེ་གྲོས་བསྡུར་བྱེད་སྐབས་མི་རེ་གཉིས་ཤིག་གིས་ཡག་པོ་ཡོད་ལུགས་བཤད་རྗེས།   གཞན་བསམ་འཆར་ཡོད་དམ་ཞེས་འདྲི་དུས་དེ་ནས་མི་ཚང་མས་མེད་ཅེས་ལག་པ་རྐྱོང་བའམ་ཐལ་མོ་རྡེབ་ནས་གྲོས་འཆམ་བྱེད་ཀྱི་ཡོད་པ་རེད།  དེའི་ནང་ནས་མི་ཁ་ཤས་ཀྱིས་སེམས་གཏིང་ནས་འཐད་པར་བྱུང་སྟེ་ལག་པ་འགྱོག་པའམ་ཐལ་མོ་རྡེབ་ཀྱི་ཡོད་པ་རེད།  ཡིན་ན་ཡང་མི་མི་ཉུང་བ་ཞིག་ལ་བློར་མི་འབབ་པའི་བསམ་འཆར་ཡོད་རུང༌།   ཁོང་ཚོས་གཞུང་དོན་ཆེད་སྒེར་གྱི་ཁེ་ཕན་བློས་གཏོང་བྱས་ན་མི་འོས་བར་བསམ་སྟེ་ཕྱི་ཚུལ་ནས་མོས་མཐུན་བྱུང་བའི་རྣམ་པ་སྟོན་མཁན་ཡང་མང་པོ་ཡོད་པ་རེད།   ང་ཚོའི་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས།  འགན་འཁུར་ཚང་མ་གང་ཐུབ་ཀྱིས་མང་ཚོགས་ལ་འགྲེད་བཤད་དང་གོ་བསྐོན་བློ་འགུག་བྱས་ཏེ།  མང་ཚོགས་ཀྱིས་འཐད་པ་བྱུང་རྗེས་ད་གཟོད་ཁོང་ཚོར་བསྒྲུབ་ཏུ་འཇུག་དགོས།  གོང་རིམ་ལ་བཙན་ཤེད་དང་བཀའ་རྒྱ་གཏོང་བའི་བྱ་སྤྱོད་གཏན་ནས་ཡོད་མི་རུང༌། འོན་ཀྱང་རང་ཤེད་རིང་ལུགས་དང་བཀའ་འབེབས་རིང་ལུགས་ཀྱིས་མང་ཚོགས་ཀྱི་མོས་མཐུན་དང་དགའ་བསུ་མེད་པའི་བྱ་བ་བཙན་ཤེད་ཀྱིས་ཁོང་ཚོར་བསྒྲུབ་ཏུ་འཇུག་གི་ཡོད་པས།  དམངས་གཙོ་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་ཐུབ་ཡོད་པ་མ་རེད།
    གཉིས་བ། གཅིག་སྡུད་ཐད། རིམ་པ་སོ་སོའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གཅིག་སྡུད་ཀྱི་གནད་དོན་ཐོག་འཐུས་སྒོ་ཚང་ངེས་རེད་སྙམ་ཞིང༌།  ཞིབ་ཚགས་པོ་བརྗོད་དཀའ།  རིམ་པ་སོ་སོའི་སྲིད་གཞུང་ཡང་ཧ་ལམ་དེ་བཞིན་རེད།  བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནི་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་པའི་བོད་ལྗོངས་ཀྱི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ཡིན་ལ།  རང་རྒྱལ་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཁག་སྒྲིག་སྲོལ་ནང་ཐག་གཅོད་གཏེན་འབེབས་བྱས་བའི་འགན་དབང་བེད་སྤྱད་དེ།  རང་ཉིད་ཀྱི་ཐད་གཏོགས་ལས་ཁུངས་དང་རིམ་པ་སོ་སོའི་སྲིད་གཞུང་ལ་འགོ་ཁྲིད་དང་ལས་ཀ་བཀོད་སྒྲིག་བྱེད་དགོས་བ་དང༌། ལས་དོན་བྱེད་ཐབས་སྟངས་འཛིན་དང༌།  སྙན་ཞུར་ཞིབ་བཤེར།  གྲུབ་འབྲས་ལ་གཟེངས་བསྟོད་དང༌། ནོར་འཛོལ་ཡོ་བསྲང་སོགས་བྱས་ཏེ།  ཏང་དང་རྒྱལ་ཁབ་ཀྱིས་ང་ཚོའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ལ་གནང་བའི་འགན་འཁུར་བསྒྲུབ་དགོས་བ་ཤིན་ཏུ་གལ་ཆེ་ན་ཡང༌།  ཐད་གཏོགས་ལས་ཁུངས་སོ་སོ་དང་ཀྲོན་ཆུས་སོ་སོས་བསམ་བློའི་ཐོག་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནི་རང་ཉིད་ཀྱི་འགོ་ཁྲིད་ལས་ཁུངས་ཡིན་པར་ངོས་འཛིན་མི་འདང་བ་མ་ཟད།  ད་དུང་སོ་སོའི་དུས་ཚིགས་སམ་ལོ་འཁོར་ཡོངས་ཀྱི་ལས་དོན་སྙན་ཞུའི་ནང༌།  ལས་འགན་ཡག་པོ་བསྒྲུབས་ཡོད་ལུགས་དང༌། ལས་ཀའི་གྲུབ་འབྲས་ཆེ་ལུགས་ཤ་སྟག་བརྗོད་དེ།  མང་ཆེ་བ་གསར་ཤོག་ཐོག་བཏོན་པ་དང་ཧ་ལམ་གཅིག་མཚུངས་ཡིན་པ་ཕུད།  གལ་ཆེའི་གནད་དོན་ལ་ནང་ཁུལ་གསལ་བཤད་ཀྱི་སྙན་སེང་རྩ་བ་ནས་ཞུ་གི་མེད་པ་དང༌།  ཕྱི་ནང་ལྟར་དབྱེ་འབྱེད་བྱས་སྟབས།  གོང་རིམ་གྱིས་ཕྱོགས་ཡོངས་ནས་འོག་རིམ་སྲིད་འཛིན་གྱི་གནད་དོན་རྒྱུས་ལོན་གྱི་མེད་ཅིང༌།   གོང་འོག་བར་ལ་འབྲེལ་བ་དམ་ཟབ་དང་ཕན་ཚུན་ཡིད་ཆེས་མེད་ཁར།   ང་ཚོ་ལས་ཀའི་ཉམས་མྱོང་མི་འདང་བས་འགོ་ཁྲིད་ཀྱི་ནུས་བ་འདོན་ཐུབ་རྒྱུ་ཁག་པོ་རེད།   དེ་དང་དེ་འདྲ་བའི་གནས་ཚུལ་སྣ་ཚོགས་ཤིག་ཡོད་རྐྱེན་ང་ཚོའི་སྲིད་འཛིན་མ་ལག་ཁག་གི་གཅིག་སྡུད་དེ་རྩ་བའི་ཐོག་མི་ལ་འདོད་བློ་་ཁེངས་པ་ཞིག་ཡོང་གི་མེད།   



罢稗拜︽车稗︽掣罢︽斑﹀

                               སྲིད་དབང་སྒེར་འཛིན་གྱི་སྐོར།
  ལམ་ནོར་ལྡོག་ཤེས་བྱེད་མཁན་གྱི་ངོ་ལོག་ཟིང་འཁྲུག་པ་དང༌།   གསར་བརྗེ་ངོ་རྒོལ་པ།  ཆེས་ལོག་སྤྱོད་ཀྱི་མངའ་བདག་དང་མངའ་ཚབ་བཅས་ལ་སྲིད་དབང་སྒེར་འཛིན་བྱེད་རྒྱུ་དང༌།   དོ་དམ་འཛིན་བཟུང་བྱེད་རྒྱུ་སོགས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ནས་ཉེས་ཆད་གཅོད་རྒྱུ་ལས།  ཉེས་མེད་ཀྱི་མི་ཞིག་ལ་མ་ཉེས་ཁ་གཡོག་མི་ཡོང་བ་བྱེད་རྒྱུ་ནི་ཏང་གི་རྩ་བའི་སྲིད་ཇུས་ཤིག་རེད།   འོན་ཀྱང་བོད་ལྗོངས་སུ་ཞིབ་ཕྲའི་ལག་བསྟར་བྱེད་པའི་ཁྲོད།  འཛིན་བཟུང་བྱེད་འོས་བ་དང་མི་འོས་བའི་མི་ཕལ་མོ་ཆེ་དང་ཐ་ན་ཉེས་མེད་ཀྱི་མི་བཟང་བོ་མི་ཉུང་བ་ཞིག་ལ་གང་བྱུང་གིས་ཉེས་མིང་བཀལ་ནས་གནོད་འཚེ་བཏང་བ་དང༌།   ཉེས་ཅན་པའི་གྲས་སུ་བརྩི་བ་སོགས་ཀྱིས་གཞུང་སེམས་དྲང་བའི་མི་དམངས་རྣམས་ཧ་ལས་དགོས་བའི་གནས་ཚུལ་བྱུང་བ་རེད།  ངས་གོང་དུ་གླེང་བ་རྣམ་རྟོགས་སླ་བས་ཡང་བསྐྱར་གསལ་བཤད་ཀྱི་དགོས་བ་མེད་པར་མཐོང༌།  འདིར་འཛིན་བཟུང་བྱས་ཟིན་པའི་མི་འདི་དག་ལ་དོ་དམ་བཙོན་འཇུག་བྱས་བའམ།  ཡང་ན་ངལ་རྩོལ་བསྒྱུར་བཀོད་སྐབས་ཐོན་པའི་གནས་ཚུལ་ཅུང་ཟད་གླེང་ན།  བོད་ཡོངས་སུ་བཙོན་དུ་བཅུག་པའི་མིའི་གྲངས་ཚད་སྤྱིའི་མི་འབོར་གྱི་བརྒྱ་ཆའི་གྲངས་ཁ་ཤས་ཟིན་གྱི་ཡོད་པར་བརྟེན་འདི་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད།
     གཅིག   རུབ་འཛོམས་སྦྱོང་བརྡར་ཐད།  ཏང་གི་སྲིད་ཇུས་སོགས་སློབ་སྦྱོང་བྱེད་སྐབས་མི་བརྒྱ་ལ་བསམ་བློ་བརྒྱ་ཡོད་པས་མི་སོ་སོར་མཐོང་ཚུལ་དང་ལྟ་ཚུལ་མི་འདྲ་བ་ཡོང་ངེས་རེད།   འོས་འཚམས་མེད་པའི་ལྟ་ཚུལ་དང་མཐོང་ཚུལ་དེ་དག་ངང་རྒྱུད་རིང་པོའི་སྒོ་ནས་རོགས་རམ་དང་སློབ་གསོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་མོད།  ཡིན་ནའང་དེ་ལྟར་བྱས་མེད་པ་མ་ཟད།  རྣོ་ངར་གྱི་འཐབ་རྩོད་བྱས་ནས་མི་འགའ་ཞིག་ལ་ད་དུང་གདུག་རྩུབ་ཆེ་བའི་མནར་གཅོད་རྡུང་རྡེག་བཏང་ཡོད།  དེར་བརྟེན་མི་རྣམས་ཀྱིས་སློབ་སྦྱོང་བྱེད་པར་ཤོག་ཅེས་པའི་སྒྲ་ཐོས་མ་ཐག་སྙིང་རྩ་འདར་དགོས་པ་དང༌།  དྲང་བདེན་གྱི་མི་ཕལ་མོ་ཆེ་བློ་ཕམ་ཡིད་ཆད་དང༌། སེམས་ཁྲལ་གྱིས་ཁེངས་བ་བཅས་ཀྱིས་རང་ཉིད་བསྒྱུར་བཀོད་གཏོང་རྒྱུ་དང་མི་གསར་པ་ཞིག་བྱ་རྒྱུའི་ཡིད་ཆེས་བརླགས་པ་དང༌།  མི་འགའ་ཞིག་ནི་ཁོང་ཁྲོའི་རྐྱེན་གྱིས་ལོག་སེམས་སྐྱེ་པ།  མི་འགའ་ཞིག་ནི་སྟབས་བསྟུན་ཁོ་ན་བྱས་ནས་ཉིན་མ་འཁྱོལ་ཐབས་དང་སོ་སོའི་དམིགས་ཡུལ་འགྲུབ་ཆེད་ཁ་སེམས་མི་མཐུནཔའི་བྱེད་ཐབས་གོམས་ཡོད།  འདི་ལྟར་ངོ་དགའ་སྤྲེལ་ལད་དང་འདྲ་ཆགས་སྟབས་བསྟུན་ལ་བྱང་ཚད་མི་དམན་པའི་མི་གྲངས་ཚད་ངེས་ཅན་ཞིག་ཐོན་ཡོད་པ་རེད།   དངོས་ཡོད་ཀྱི་བསྒྱུར་བཀོད་བྱེད་པའི་ཁྲོད་ཕྱི་ཚུལ་དུ་གྲུབ་འབྲས་ཐོན་ཁུལ་ཙམ་ལས་དོན་དངོས་ཐོག་རྦད་དེ་གོ་ལྡོག་པའི་གནས་ཚུལ་བྱུང་ཡོད་པ་རེད།

གཉིས། ངལ་རྩོལ་བསྒྱུར་བཀོད་སོགས་དང་དངོས་སུ་བཙོན་འཇུག་བྱས་པའི་ཉེས་ཅན་པ་རྣམས་ཀྱི་སྐོར། བཙོན་འཇུག་བྱས་པའི་ཉེས་ཅན་པའི་གྲངས་འབོར་མང་དྲགས་པའི་རྐྱེན་གྱིས་དོ་དམ་བྱེད་དཀའ་བའི་གནས་ཚུལ་བྱུང་ཡོད་པ་དང༌། མི་འདི་དག་གི་བསམ་བློ་བསྒྱུར་བཀོད་ཐད་རུབ་འཛོམས་སྦྱོར་བརྡར་ལས་གང་ལེགས་བྱས་ཡོད་པ་རེད། དེ་མ་ཐག་བཙོན་འཇུག་བྱས་པའི་ཉེས་ཅན་པའི་ཁྲོད་བོད་དམག་ཁུལ་དུ་བཙོན་འཇུག་བྱས་པའི་མཐོ་རིམ་མི་སྣ་ཁག་ཅིག་དང༌། དེ་མིན་བཙོན་ཁང་དཀྱིས་མའི་ནང་དུ་བཙོན་སྲུང་དོ་དམ་པ་ཉུང་ཤས་ཤིག་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་བྱེད་ཀྱི་ཡོད་པ་ཕུད། དེ་བྱིངས་ཀྱི་བཙོན་ཁང་མང་ཆེ་བའི་ནང་བཙོན་འཇུག་བྱས་པའི་ཉེས་ཅན་པ་རྣམས་འཚོ་བ་དང་བདེ་ཐང་སོགས་ཀྱི་ཐད། གནད་དོན་འདི་རིགས་གཙོ་གཉེར་བྱེད་མཁན་གྱི་འགན་ཁུར་བ་དང་དོ་དམ་མི་སྣས་སེམས་ཁུར་མི་བྱེད་ཁར། བཙོན་སྲུང་བ་དང་ལས་བྱེད་པས་མི་འདི་དག་ལ་ཡ་ང་སྙིང་རྗེ་མེད་པའི་འཇིགས་སྐུལ་དང་ཉེས་རྡུང་གང་བྱུང་གཏོང་གི་ཡོད་ལ། རྐང་བཙུགས་ནས་ས་བབ་མཐོ་དམའ་དང་གནམ་གཤིས་ཚ་གྲང་སོགས་བར་ཁྱད་ཧ་ཅང་ཆེ་བའི་རྟོག་དཔྱོད་འོག་ཏུ་བཙོན་བཅུག་བྱས་པའི་ཉེས་ཅན་པ་རྣམས་ཕན་ཚུན་གནས་སྤོར་ཡང་ཡང་བྱས་རྐྱེན། ས་ཆུ་མི་འཕྲོད་པ་དང་མལ་གོས་ཀྱིས་ལུས་མི་དྲོ་བ། ཉལ་གདན་གྱིས་བཞའ་ཚན་མི་ཁོག་པ། རས་གུར་དང་ཁང་ཐོག་ནས་ཆར་ཆུ་འཛགས་པ། ཟས་ཀྱིས་གྲོད་པ་མི་འགྲང་བ་སོགས་འཚོ་བ་ཧ་ཅང་སྐྱོ་བོ་ཡོད་པ་རེད། ད་དུང་སྔ་ལངས་ཕྱི་ཉལ་གྱིས་ངལ་རྩོལ་བྱེད་དགོས་པ་དང་ཆབས་ཅིག་ཆེས་ལྕི་བ་དང་སྡུག་པའི་ལས་ཀ་རྣམས་མི་འདི་དག་ལ་བྱེད་དུ་འཇུག་གི་ཡོད་སྟབས། མི་འདི་དག་གི་ལུས་ཟུང་ཉམས་པ་དང༌། ནད་རིགས་མང་པོ་བྱུང་བ་དང་དེའི་ཐོག་ངལ་གསོ་བྱེད་རྒྱུ་མི་འདང་བ། སྨན་བཅོས་འཐུས་ཚང་མེད་པ་བཅོས་ལས་བཙོན་པ་འབོར་ཆེན་ཞིག་དུས་མིན་འཆི་རྐྱེན་བྱུང་ཡོད། ལོ་ན་དྲུག་ཅུར་སོན་པའི་གཟུགས་གཞི་ཞན་ཞིང་འཆི་ཁར་ཐུག་པའི་བཙོན་པ་རྒན་འཁོགས་རྣམས་ལའང་ཆེས་ལྕི་བ་དང་སྡུག་པའི་ངལ་རྩོལ་བྱེད་དུ་འཇུག་གི་ཡོད།

    ང་ཕར་ཚུར་ཕྱོགས་སྐྱོད་སྐབས་དཀའ་སྡུག་ཆེ་བའི་རྣམ་པ་འདི་དག་མཐོང་དུས།  སེམས་ནང་རང་དབང་མེད་པར་སྐྱོ་སྣང་སྐྱེ་ཞིང༌།  འདི་ལྟར་མ་བྱས་ན་མི་འགྲིག་གམ་སྙམ་པའི་སྙིང་རྗེ་སྐྱེ་གི་འདུག་མོད།   འོན་ཀྱང་བྱ་ཐབས་གང་ཡང་མི་འདུག
    མདོར་ན་ཕྱི་ལོ་༡༩༥༩ལོར་མའོ་ཀྲུའུ་ཞིས་ང་ཚོར་བཀའ་སློབ་གནང་དོན།   བོད་ལ་མི་འབོར་ཉུང་རྐྱེན་སྲོག་གཅོད་མི་བྱེད་པའམ་ཡང་ན་མི་ཆེས་ཉུང་ཤས་ལས་གསོད་རྒྱུ་མིན་པའི་སྲིད་ཇུས་ལག་བསྟར་དགོས་བ་སྟེ།  དཔེར་ན་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེ་ལྷ་ཀླུ་དང་བློ་བཟང་བཀྲ་ཤིས་གཉིས་སྲོག་མ་བཅད་ནའང་འགྲིག་པ་ཡིན།   དེ་ནི་ཆེས་ཡང་དག་པ་དང་སེམས་འགུལ་ཐེབས་ཤིང་མཁས་མཛངས་ལྡན་པའི་རླབས་ཆེན་གྱི་བསམ་བློ་གཏོང་སྟངས་ཤིག་ཡིན་པ་མ་ཟད།  བོད་ཀྱི་དོན་དངོས་གནས་ཚུལ་དང་རྦད་དེ་མཐུན་པ་ཞིག་ཀྱང་རེད།  བྱེད་གཏེ་ངོ་མ་བཀག་བསྐྱིལ་བསྒྱུར་བཀོད་བྱས་ཏེ་ཉེས་ཆད་དྲག་པོ་གཏོང་རྒྱུ་ལས་གུ་ཡངས་མི་གཏོང་བ་དང༌།  མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱིས་འདོམས་བྱེད་རྒྱུ་དང༌།  དེ་བྱིངས་ཀྱི་ཉེས་མེད་དམ་ཡང་ན་ཉེས་བ་ཆུང་བའི་མི་རྣམས་ལ་གལ་སྲིད་སྟངས་འཛིན་ནན་པོ་བྱེད་ཐུབ་ཚེ།  འཛིན་བཟུང་བཙོན་བཅུག་དང་བཅད་ཁྲ་བཟོ་བའི་གནས་ཚུལ་རྩ་བ་ནས་འབྱུང་མི་དགོས་བ་དང་དེ་བཞིན་ངན་པ་ཚར་གཅོད་དང་བཟང་བོ་སྲུང་སྐྱོབ་ཐུབ་པ་ཡིན་ན།  ད་གཟོད་ནད་ཐོག་གཙགས་འཁེལ་གྱི་ཕན་འབྲས་ཐོན་རྒྱུ་རེད།  འོན་ཀྱང་དོན་དངོས་ཐོག་དེ་ལས་གོ་ལྡོག་སྟེ་གང་སར་ཕན་པ་མེད་ལ་རྙོག་དྲ་ལངས་གཞིའི་ཉེས་ཅན་བཙོན་བཅུག་བྱས་ཡོད་པ་དང༌།  སྲོག་ཆད་གཅོད་མི་དགོས་བའི་བཙོན་པའི་བེམ་པོ་མང་པོ་ཐོན་སྟབས།  དུད་ཁྱིམ་བརྒྱ་སྟོང་མང་པོའི་ཕ་མ་དང་བཟང་ཟླ་བུ་ཕྲུག   སྤུན་ཉེ་གྲོགས་པོ་བཅས་བ་ཡིད་སྐྱོ་དགོས་བ་དང་མིག་ཆུ་རྒྱུན་མི་ཆད་པར་གཏོང་དགོས་པ་བྱུང་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།  དེའི་ཐོག་ཉེས་པ་ཡོད་མེད་དང་ཉེས་བ་ཆེ་ཆུང་ལ་མ་བལྟས་བར་མི་འདི་འདྲའི་མང་པོ་ཞིག་བཙོན་བཅུག་བྱས་པ་དང་ཆབས་ཅིག་དོ་དམ་འཐུས་ཚང་མེད་པ་དེས་མི་འབོར་ཆེན་ཞིག་དུས་མིན་འཆི་སྐྱོན་བྱུང་ཡོད།
    གནས་ཚུལ་འདིར་བོད་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་རྣམས་ཀྱིས་དགའ་བསུ་མི་ཐོབ་པ་ཙམ་མ་ཟད།  མི་དགའ་བ་དང་བློ་ཕམ།  དངངས་སྐྲག   ཐེ་ཚོམ།  ཡིད་མ་རངས་པ་དང༌།  བཙོན་པ་དེ་དག་ལ་སྙིང་རྗེ་བྱེད་ཀྱི་ཡོད་པ་རེད།  དེར་བརྟེན་ནོར་འཁྲུལ་དང་སྐྱོན་ཆ་འདི་དག་མང་ཚོགས་དང་ཁ་བྲལ་བའི་ཆ་རྐྱེན་ལ་གྱུར་བ་དང༌། འདི་ནི་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པའི་ངོ་ལོག་ཟིང་འཁྲུག་པ་ཚོ་དང༌།  བོད་ལྗོངས་ནང་ཁུལ་དུ་བསྡད་ཡོད་པའི་ངོ་ལོག་ཟིང་འཁྲུག་པ་ལྷག་འཕྲོས་རྣམས་ཀྱིས་ང་ཚོར་དོགས་ཟོན་བྱེད་སྟངས་ཆེ་རུ་ཕྱིན་ནས་མགོ་སྒུར་བར་མི་ཡོང་ཁར།  ད་དུང་བསམ་བཞིན་ངོ་རྒོལ་མཐའ་འཁྱོངས་བྱ་རྒྱུའི་བསམ་བློ་དེ་བས་བརྟན་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན།
  དུས་མཚུངས་སུ་བཙོན་བཅུག་བྱས་ཡོད་པའི་བོད་ལྗོངས་མཐོ་རིམ་མི་སྣའི་ཁྲོད།  དེ་སྔ་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་མང་པོ་ཞིག་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེའི་གྲོས་ལ་བཞག་ཡོད་ཀྱང༌།  མང་ཆེ་བ་ནི་བོད་ཕྱི་ལོ་༡༩༥༩ལོར་ལྷ་སར་ངོ་ལོག་ཟིང་འཁྲུག་ལངས་སྐབས།   ཕྱི་ཟླ༣ ཚེས་༡༠ ཉིན་ནོར་བུ་གླིང་གར་ངོ་ལོག་ཟིང་འཁྲུག་གི་འགོ་གཙོས་ལོག་སྤྱོད་ཀྱི་འབོད་ཚིག་ཁྱབ་བསྒྲགས་བྱས་ནས་ཚེས་༡༩ཉིན་བར་ནོར་གླིང་སོགས་ས་གནས་སུ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་རྣམས་ངོ་ལོག་ཟིང་འཁྲུག་སྐོར་གྱི་ཚོགས་འདུ་སྣ་ཚོགས་བསྐོང་ཚོགས་བྱས་པའི་ནང་དུ་ཞུགས་ཡོད་མེད་མ་ལྟོས་བར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་འཛིན་བཟུང་ཁྲོད་ཚང་མ་འོལ་ཚོལ་ཧོལ་རྒྱུགས་ཀྱིས་ངོ་ལོག་ཟུང་འཁྲུག་གི་འགོ་བའམ་བྱེད་གཏེར་བརྩིས་ནས་བཙོན་འཇུག་བྱས་པ་ཞིག་རེད།  འོན་ཀྱང་མི་འདི་དག་ཚང་མ་དངོས་འབྲེལ་གྱི་ངོ་ལོག་ཟིང་འཁྲུག་གི་འགོ་བ་དང་བྱེད་གཏེ་ཞིག་ཡིན་ནམ་ཞེ་ན།  ཡིན་ཞེས་བརྗོད་དཀའ་བ་ཞིག་རེད།   སྐབས་དེར་ངོ་ལོག་ཟིང་འཁྲུག་གི་ཚོགས་འདུ་ཚོགས་སྐབས་ཟིང་འཁྲུག་གི་འགོ་བས་བརྗོད་དོན།  གལ་ཏེ་ཡོང་ཚེ་བརྗོད་རྒྱུ་གང་ཡང་མེད་ཀྱང༌།  མ་ཡོང་བ་ཡིན་ན་སུ་ཡིན་རུང་ནང་་མི་དང་བཅས་བ་ཡོངས་རྫོགས་གསོད་རྒྱུ་ཡིན་ཞེས་བརྗོད་ཡོད།   གཏམ་དཔེར་ཡོད་པ་བཞིན་ཨ་ཚག་པ་ཚག  སྐྱུག་ན་སྐྱུགས། མ་སྐྱུགས་ན་གསོད་ཀྱི་ཡིན་ཞེས་པ་ལྟར་བཟོད་པར་དཀའ་བའི་གནོན་ཤུགས་ཕོག་ཡོད་པ་དང༌།  དབང་ཤེད་བཙན་ཐབས་ཀྱི་སྒོ་ནས་ཚབས་ཆེའི་འཇིགས་སྐུལ་བྱས་པ་དང༌། རང་ཉིད་ཐར་འདོད་ཀྱི་བློས་བསླངས་ཏེ་སོ་སོ་དང་ཁྱིམ་མི་ཉེན་ཁ་ལས་གྲོལ་ཆེད།   དབང་མེད་དུ་དགྲ་བོའི་བཀོད་ཇུས་འོག་ཕྱིན་ཡོད་པ་དང་གཅིག  ངོ་ལོག་ཟིང་འཁྲུག་གི་འགོ་བས་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ལ་ཁ་གཡར་བའི་འོག་ཆོས་ལུགས་དང་མི་རིགས་ལ་ཡིད་ཆེས་དང་བརྩེ་བ་ཟབ་ཅིང་རང་མཐོང་ཆེ་ལ་དངོས་ཡོད་གནས་ཚུལ་མི་རྟོགས་པའི་མི་བཟང་བོ་རྣམས་དགྲ་བོའི་མགོ་སྐོར་འོག་ཚུད་པ་དང་གཉིས།  བོད་ལྗོངས་ནི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཤིག་ཡིན་པ་དང༌།  ས་གནས་སྲིད་གཞུང་གི་དཔོན་རིགས་རྣམས་ཕ་མེས་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་འོག་འཚོ་བ་ཞིག་ཡིན་པ་དང༌།  དེ་དག་ཀྱང་ས་གནས་སྲིད་གཞུང་གི་དཔོན་རིགས་ཡིན་སྟབས།  ཕལ་ཆེར་མི་ཚང་མར་ཟས་གོས་གང་ནས་གནང་ན་དེར་ཞབས་ཕྱི་ཞུ་བའི་བསམ་བློ་ཞིག་ཡོད།  དགའ་ལྡན་ཕོ་བྲང་གི་སྲིད་དབང་ཆགས་འཇིག་ལ་ཐུག་པའི་མཚམས་སུ་རང་ཉིད་ཀྱི་སྲིད་གཞུང་ལ་བཀའ་དྲིན་གསབ་ཆེད་འོལ་ཚོད་ཀྱི་བྱ་བ་བྱས་བ་གསུམ།  དོན་གནད་འདི་གསུམ་ནི་བར་བཞུགས་མི་སྣའི་བསམ་བློའི་ཁྲོད་ཐག་གཅོད་ལེགས་པོ་བྱེད་དཀའ་བའི་ངོ་བོ་ལྡན་ཡོད།  དེ་བས་གལ་སྲིད་བར་བཞུགས་ཀྱི་མི་རྣམས་ཚོགས་འདུ་དེ་དག་ལ་མ་ཞུགས་ན་སྡོད་ཐབས་མེད་པའི་གནས་སྟངས་དེར་མནོ་བསམ་ཞིབ་ཏུ་བཏང་ཚེ་གསལ་བོར་རྟོགས་ཐུབ་པ་ཞིག་རེད།   སྐབས་དེར་ཀྲུང་དབྱང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག   ཏང་སྲིད་དམག་གི་འབྲེལ་ཡོད་ལས་ཁུངས་ཚང་མས་མཐོ་འབྲིང་རིམ་མི་སྣ་རྣམས་ལ་ཚུར་འགུག་གི་ལས་དོན་སྤེལ་བ་དང༌།   དགྲ་བོར་ཞེད་སྣང་བྱེད་མཁན་རྣམས་ཏང་སྲིད་དམག་གང་གི་ཕྱོགས་ལ་བཞག་ནའང་ཉེན་ཁ་ཕྲན་ཙམ་ཡང་མེད་པ་ཞིག་མ་རེད་དམ་ཞེས་བརྗོད་སྲིད།   དེ་ལྟ་ནའང་སྐབས་དེའི་དོན་དངོས་ཀྱི་གནས་ཚུལ་ནི་དུས་རྒྱུན་ང་ཚོ་དང་འབྲེལ་ཡོད་ཙམ་ལ་ཚུར་འགུག་གི་ལས་དོན་སྤེལ་བ་ལས་ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་ཡོངས་རྫོགས་ལ་ལས་དོན་སྤེལ་ཐུབ་མེད།
   ཀྲུའུ་རིན་གཞོན་པ་ང་ཕོད་ཀྱིས་ཀྱང་ཧུར་བརྩོན་དང་འགན་འཁྱེར་བའི་ཐོག་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་ཁྲོད་བློ་འགུག་བརྩོན་ལེན་དང་འབྲེལ་བ་དུ་མ་ཞིག་གནང་བར་ནུས་བ་ཆེན་པོ་ཐོན་ཡོད་ཀྱང༌།  ཁྱབ་སྤེལ་གཏོང་དཀའ་བ་སོགས་དོན་དངོས་ཐོག་ང་ཚོས་ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་ཡོངས་ལ་གོ་བསྐོན་བློ་འགུག་གི་ལས་དོན་བྱེད་ཐུབ་མེད་པའི་རྐྱེན་གྱིས།  ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་ཁྲོད་ཀྱི་གསར་བརྗེར་བློ་ཁ་མི་ཕྱོགས་པ་དང༌།  གསར་བརྗེ་ངོ་རྒོལ་བའི་ཕྱོགས་སུའང་བློ་ཁ་མི་ཕྱོགས་པའི་བར་གཞུགས་ཀྱི་བསམ་བློ་ཡོད་པ་རྣམས་མུན་འཐོམས་ངང་ངོ་ལོག་ཟིང་འཁྲུག་གི་ཚོགས་འདུ་དང་ངོ་ལོག་ཟིང་འཁྲུག་ནང་ཞུགས་པ་དང༌།  དེ་བཞིན་བཙན་ཤེད་དང་དབང་མེད་དུ་ངོ་ལོག་ཟིང་འཁྲུག་ནང་མ་ཞུགས་ཐབས་མེད་བྱུང་བ་རྣམས་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེར་ངོས་བཟུང་བ་ནི་མི་འགྲིག་པ་ཞིག་རེད།   འོན་ཀྱང་འཇུ་བཟུང་བྱས་བའི་མི་འདི་རིགས་ཐག་གཅོད་བྱེད་སྐབས་འདི་ཚོར་རྒྱུས་མངའ་ཡོད་པའི་རྒྱལ་གཅེས་ཡར་ཐོན་གྱི་གྲོགས་པོ་ཚོ་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་ཙམ་ཡང་མི་བྱེད་པར།  དོན་དངོས་ཀྱི་གནས་ཚུལ་དང་མི་མཐུན་པའི་ངོ་ལོག་ཟིང་འཁྲུག་གི་འགོ་བའམ་བྱེད་གཏེའི་ཉེས་མིང་བཀལ་ནས་བཙོན་བཅུག་སོགས་ཀྱི་ཆེས་ལྕི་བའི་ཉེས་ཆད་འགེལ་གྱི་ཡོད་སྟབས།  མི་རྣམས་ལ་ང་ཚོའི་ཁྲིམས་ལུགས་འདི་དྲང་བདེན་མིན་པའི་ཚོར་བ་ཡོང་གི་ཡོད།   སྲིད་དབང་སྒེར་འཛིན་གྱི་ཐད་ངས་གོང་དུ་བརྗོད་ཟིན་པ་དེ་དག་ལས་བོད་ལྗོངས་ལ་སྲིད་དབང་སྒེར་འཛིན་ལག་བསྟར་བྱེད་སྐབས་དཀར་ནག་ཕྱིན་ཅི་ལོག་པའི་ཚབས་ཆེའི་གནས་ཚུལ་བྱུང་ཡོད་པ་ཤེས་ཐུབ་པ་ཞིག་ཡིན་པར་མ་ཟད་སྣང་ཚུལ་འདི་རིགས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཤིག་ཏུ་མཐོང༌།


罢稗拜︽车稗︽搬吵稗︽斑﹀

                                惨邦︽碘罢邦︽宝︽鼻半﹀
  བོད་རིགས་ས་ཁུལ་ཧྲིལ་བོ་དང་ཆ་ཤས་གང་རུང༌།   དེ་བཞིན་རིམ་པ་ཁག་གི་མི་དམངས་ཁྲོད་ཕྲུ་གུ་ཕུད་པའི་དེ་བྱིངས་ཀྱི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་གྱི་སྐྱེ་བོ་རྣམས་ཀྱིས་ཆོས་ལུགས་ལ་དད་པ་ཟབ་ཅིང་དགའ་མོས་བརྩི་མཐོང་བྱེད་ཀྱི་ཡོད་པས་ཆོས་ལུགས་ཀྱི་མདུན་ལམ་ཐོག་ཚང་མས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།  འདི་ནི་གལ་འགངས་ཤིན་ཏུ་ཆེ་བའི་འགག་རྩའི་གནད་དོན་ཞིག་ཡིན་སྟབས།  དེའི་ཐོག་ཐག་གཅོད་ལེགས་ཉེས་ཅི་བྱུང་གིས་ང་ཚོར་མང་ཚོགས་ཀྱིས་དངོས་འབྲེལ་དགའ་ཞེན་དང་དགའ་བསུ་ཐོབ་མིན་ལ་ཕན་གནོད་འབྲེལ་བའི་ཐད་ཀའི་ཤུགས་རྐྱེན་ཞིག་ཡོང་གི་ཡོད།
    དེའི་ཕྱིར་ཕྱི་ལོ་༡༩༥༩ལོའི་ཟླ༥བའི་ནང་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་དང་སྲིད་བློན་ཁྱེད་ཉིད་ཀྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་བསྒྱུར་སོགས་བོད་ཀྱི་ལས་དོན་ཐད་ང་ཚོར་མཁས་མཛངས་ཡང་དག་པའི་བྱེད་ཕྱོགས་དང༌།  སྲིད་ཇུས།  ཐབས་ཤེས།  གོ་རིམ་སོགས་གལ་ཆེའི་དོན་སྙིང་ལྡན་པའི་ལམ་སྟོན་བཀའ་སློབ་གནང་བའི་ནང༌།   ཆོས་ལུགས་ཀྱི་གནད་དོན་རྒྱ་ནག་དབུས་གཞུང་གིས་མུ་མཐུད་དུ་སེར་སྐྱ་མང་ཚོགས་ལ་ཆོས་དད་རང་དབང་སྤྲོད་རྒྱུ་དང༌།  ཁྲིམས་ལུགས་ལ་སྲུང་བརྩི་ཞུ་མཁན་གྱི་དགོན་སྡེ་དང་གྲྭ་བཙུན་རྣམས་སྔར་རྒྱུན་བཞིན་འཆད་རྩོད་རྩོམ་གསུམ་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་ཆོག་པར་བསྟན་པ་ནི་དངོས་འབྲེལ་ཡིད་དབང་འཕྲོག་པ་ཞིག་རེད།  དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་དགོན་སྡེ་དང་ཆོས་ལུགས་ནང་དུ་སྐབས་ཤིག་རིང་སིམ་འཛུལ་བྱས་བའི་ཆོས་ལུགས་ལ་བསྲེས་བསླད་དང༌།  སྤྱི་ཚོགས་འཕེལ་རྒྱས་དང་མི་འཚམས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང༌།  གཉའ་གནོན་བཤུ་གཞོག་གི་ལམ་ལུགས།  དེ་བཞིན་དམིགས་བསལ་གྱི་ཁྱད་དབང་ལ་བསྒྱུར་བཅོས་བྱས་ནས་ཆོས་ལུགས་དང་དགོན་སྡེ་ནང་ཁུལ་གཙང་མ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང༌།  བོད་ཀྱི་སྤྱིའི་མི་འབོར་གྱི་བསྡུར་ཚད་ནས་བརྗོད་ན།   མི་དང་དངོས་པོའི་ཐོན་སྐྱེད་མི་བྱེད་མཁན་གྱི་གྲྭ་བཙུན་ཆེས་མང་ཞིང༌།  དེས་བོད་ཀྱི་མི་འབོར་འཕེལ་རྒྱས་དང་ཐོན་སྐྱེད་འཕེལ་རྒྱས་ལ་གནོད་སྐྱོན་ཆེན་པོ་ཡོད་ཕྱིར།  གྲྭ་བཙུན་གྱི་གྲངས་འབོར་ཉུང་བསྡུ་བྱེད་དགོས་བ་དང༌།  གྲྭ་བཙུན་འགའ་ཞིག་སྐྱ་ཕབས་ཏེ་ཕ་ཡུལ་དུ་ལོག་ནས་ཁྱིམ་གཞིས་ཆགས་རྒྱུ་དང༌།  མི་དང་དངོས་བོའི་ཐོན་སྐྱེད་ཐོག་ཞུགས་རྒྱུའང་གལ་འགངས་ཆེན་པོ་ཞིག་རེད།  དགོན་སྡེའི་ནང་རྒྱུ་སྤུས་བཟང་བའི་གྲྭ་བཙུན་གྲངས་ཚད་ངེས་ཅན་ཞིག་བཞག་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང༌།  ཁོ་ཚོའི་འཚོ་བའི་ཐད་སྲིད་གཞུང་ནས་ཐག་གཅོད་བྱས་ཆོག་པ་བཅས།  མདོར་ན་སེར་སྐྱ་གང་ཞིག་ཡིན་ཡང་ཆོས་དད་རང་དབང་ཡོད་པ་དང་ཆབས་ཅིག་མི་དང་དངོས་བོའི་ཐོན་སྐྱེད་བྱེད་མཁན་འཕར་སྣོན་ཡོང་རྒྱུ་སོགས་ཀྱི་ཐད་ཐབས་འཚོལ་བྱེད་དགོས་ཞེས་སོགས་བསྟན་ཡོད། དེའི་ཐད་ཀྲུའུ་རིན་གཞོན་པ་ང་ཕོད་ཀྱིས་ཀྱང་བོད་ལྗོངས་སུ་གྲྭ་བཙུན་མང་པོ་འདི་འདྲ་བྱུང་བའི་རྩ་བའི་རྒྱུ་རྐྱེན་དང༌།  གནས་ཚུལ་སྐོར་གསུངས་བ་དང༌།  དགེ་མཚན་ལྡན་པའི་གལ་ཆེའི་བསམ་འཆར་འགའ་བཏོན་ཡོད།  ང་རང་ཉིད་ཀྱིས་ཀྱང་སྐབས་དེ་དང་དེའི་རྗེས་སུ་ལྷ་སར་བྲིས་བའི་སྙན་ཞུ་ཞིག་གི་ནང་དུ།  ང་ཚོ་བོད་ལྗོངས་ཀྱི་གསར་བརྗེ་ལས་དོན་འདི་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང༌།  འོས་ཤིང་འཚམས་པ་དང༌།  ཕན་འབྲས་ཐོན་པའི་སྒོ་ནས་བྱས་རྗེས་དང་རྒྱལ་ཁ་ཆེན་པོ་ཐོབ་ཆེད་དང༌།  མི་ཀུན་གྱིས་ཡིད་སྨོན་ཐོབ་རྒྱུ་དང་ཏང་གི་སྙན་གྲགས་ལ་ཡོངས་སུ་ཕན་སླད།  སངས་རྒྱས་ལ་ཀ་ཁ་སློབ་པའི་དཔེ་བཞིན་ཁ་རི་ཁ་ཐུག་གི་སྒོ་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་བསྒྱུར་སོགས་ཀྱི་ཐད་དགེ་འདོན་སྐྱོན་སེལ་གྱི་བསམ་འཆར་བཏོན་པ་དང༌།  ལྷག་པར་དུ་ཏང་གིས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་ཆོས་དད་ཁེ་དབང་ལ་གནོད་འཚེ་མི་གཏོང་བའི་འགན་ལེན་འོག་དགོན་སྡེ་དང་ཆོས་ལུགས་ནང་སྐབས་ཤིག་རིང་སུམ་འཛུལ་བྱས་པའི་ཆེས་མུན་ནག་དང༌།  གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང༌།  གཉའ་གནོན་བཤུ་གཞོག་ལམ་ལུགས་སོགས་སངས་རྒྱས་བསྟན་པའི་དགོངས་དོན་དང་འགལ་ཞིང༌།  སྤྱི་ཚོགས་འཕེལ་རྒྱ་ས་དང་མི་འཚམས་པའི་གནད་དོན་རྣམས་མཐར་ཕྱིན་པའི་སྒོ་ནས་མེད་པར་བཟོས་ཏེ།  བོད་ལྗོངས་ཆོས་ལུགས་དང་དགོན་སྡེ་ལེགས་བཅོས་བྱེད་རྒྱུའི་དགོངས་དོན་ལ་ངས་མོས་མཐུན་དང་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་དང༌།  དུས་མཚུངས་སུ་ང་རང་ཚུད་པའི་བོད་མི་མང་ཆེ་བ་ཞིག་གིས་གྲྭ་བཙུན་ཧྲག་བསྡུས་གཏོང་བའི་སྐབས།  ཆོས་སྲིད་གཉིས་ཐད་ལ་འོས་འཚམས་ཀྱི་ལྟ་རྟོག་ཡོང་བའི་བྱེད་ཕྱོགས་ཤིག་ལག་བསྟར་བྱས་ནས་མི་རྣམས་འདོད་བློ་ཁེངས་ཤིང་བློ་བདེ་བག་ཕེབས་ཡོང་ཐུབ་མིན་དང༌།  བསྒྱུར་བཅོས་བཏང་རྗེས་ཀྱི་ཆེད་ལས་གྲྭ་བཙུན་རྣམས་ཇི་ལྟར་བྱས་ནས་འཚོ་བ་སྐྱེལ་རྒྱུ་དང༌།  ཡང་དག་པའི་ཆོས་ལུགས་བྱེད་སྒོ་འཐུས་ཚང་གི་སྒོ་ནས་ལེགས་པར་སྤེལ་ཐུབ་མིན་སོགས་ཀྱི་གནད་དོན་ལ་ཚང་མས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང༌།  བོད་རིགས་མི་དམངས་ནི་ཆོས་ལུགས་ལ་དད་ཅིང་མོས་པ་ཧ་ཅང་ཆེན་པོ་ཡོད་སྟབས་དངོས་འབྲེལ་དག་གཙང་གི་ཆོས་ལུགས་དང༌།  དེར་བསྲེས་པའི་ལྷད་སྙིགས་གཉིས་བར་གྱི་དབྱེ་འཚམས་གསལ་བོ་ཕྱེས་ནས།  ཀུན་གྱིས་འཁྲུལ་འཁྲུག་མེད་པར་གང་ཞིག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་གང་ཞིག་ལ་ངོ་རྒོལ་བྱེད་དགོས་པ་གཉིས་གསལ་བོར་ཤེས་རྟོགས་ཐུབ་པ་བྱེད་དགོས།  ལག་བསྟར་བྱེད་པའི་སྐབས་སུའང་ནན་ཏན་གཟབ་བརླིང་དང༌། ཞིབ་ཚགས་དོ་དམ།  དལ་བྲེལ་སྙོམས་པའི་ཐོག་གནད་ལ་ཕིགས་པའི་སྒོ་ནས་ཆོས་ལུགས་ལས་དོན་སྤེལ་རྒྱུ་སོགས་གལ་འགངས་ཆེན་པོ་ཡིན་པའི་རྨོངས་འཆར་བཏོན་ཡོད། 

ང་ཚོའི་བསམ་པར་བོད་ལྗོངས་སུ་ཆོས་ལུགས་ཀྱི་གནད་དོན་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་སྟབས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནང་གི་ཆོས་ལ་དད་པ་བྱེད་དང་མི་བྱེད་མཁན་གཉིས་ཀར་རང་དབང་ཡོད་པ་སོགས་ཀྱི་ནང་དོན་བཀོད་ཡོད་པ་འདི། གོང་རིམ་དང་གཞི་རིམ་གང་ཞིག་གི་ནང་དུའང་འཁྱོག་པོར་མ་སོང་བར་དྲང་བདེན་གྱི་སྒོ་ནས་ངོ་ལྐོག་མེད་པའི་ཐོག་ལག་བསྟར་མཐིལ་ཕྱིན་གཏོང་དགོས་པ་དང༌། ཁྲིམ་ལུགས་ཀྱིས་སེར་སྐྱ་མང་ཚོགས་ཀྱི་ཁྲིམས་མཐུན་ཚུལ་ལྡན་གྱི་ཆོས་ལུགས་བྱེད་སྒོར་འགན་ལེན་བྱས་ཏེ་མི་སུ་ཞིག་གིས་ཀྱང་ཐེ་ཇུས་དང་འགོག་རྐྱེན་མི་ཕོག་པ་བྱེད་དགོས།

དུས་མཚུངས་སུ་ཆོས་ལུགས་དང་དགོན་སྡེའི་ལས་དོན་བྱེད་མཁན་གྱི་མི་སྣ་གཙོ་བོ་རྣམས་ཀྱིས་བོད་ལྗོངས་སུ་ཆོས་ལུགས་ཀྱི་གནད་དོན་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་གནས་ཚུལ་རྙོག་འཛིང་ལྡན་པ། དེར་ཐག་གཅོད་ལེགས་ཉེས་ཅི་བྱུང་གི་ཐོག་ནས་མང་ཚོགས་ཀྱི་བསམ་བློ་ལའང་ཤུགས་རྐྱེན་བཟང་ངན་ཅི་རིགས་ཤིག་ཡོང་གི་ཡོད་པ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱས་ནས། མི་སོ་སོའི་ཀླད་པའི་ནང་གི་གཡོན་ཕྱོགས་ཀྱི་ལྟ་བའི་ཤུགས་རྐྱེན་ལས། ཆོས་ལུགས་མེད་ན་ལེགས་པར་འདོད་པ་སོགས་འབྱུང་འགྱུར་ལས་འགུལ་ཁྲོད་ཞིབ་ཕྲའི་ལག་བསྟར་སྐབས་སུ་རྙོག་དྲ་ཆགས་སྲིད་པའི་རྒྱུ་རྐྱེན་རྣམས་སྔོན་འགོག་དང་གཙང་སེལ་བྱས་ཏེ། ལས་བྱེད་པ་རྣམས་བསམ་བློའི་ཐོག་སྔོན་ཐོན་ཡིན་པ་མ་ཟད། དངོས་ཡོད་ཀྱི་གནས་ཚུལ་མཐོང་ཐུབ་པ་དང༌། གཏིང་ཟབ་རྒྱ་ཆེའི་ངང་བརྟག་དཔྱད་ཞིབ་འཇུག་དང་གལ་ཆེའི་གནས་ཚུལ་རྒྱུས་ལོན་བྱས་རྗེས་གཞི་ནས་ལས་དོན་སྤེལ་བ་དང༌། ལས་དོ་ཐོག་བསམ་འཆར་བརྗོད་པ་དང་ལས་འགུལ་ལ་འགོ་ཁྲིད་བཅས་བྱེད་དགོས། དེ་བཞིན་དུ་ཆོས་ལུགས་གནད་དོན་ལ་མཁྱེན་རྟོགས་ཡོད་པའི་གྲོགས་པོ་མང་པོར་བསམ་འཆར་བསྡུ་ལེན་དང་ལས་དོན་བྱེད་ཐབས་ཐོག་གྲོས་བསྡུར་གང་མང་བྱེད་རྒྱུ་སོགས་ཀྱང་གལ་ཆེན་པོ་ཞིག་ཡིན། འདི་ལྟར་བྱས་ཚེ་བསམ་འཆར་བཟང་ངན་བར་མ་ཅི་རིགས་ཤིག་ཡོང་སྲིད་ཀྱང༌། ཚང་མས་བློ་རྣལ་དུ་ཕབ་ནས་ཉན་འཇོག་བྱེད་དགོས་ཤིང་ཡང་དག་པའི་བསམ་འཆར་སྙིང་བསྡུས་རྣམས་ཕྱོགས་སྡོམ་གྱིས་ལས་དོན་ལག་ལེན་བསྟར་དགོས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་རྣམས་དང་ལྷན་དུ་ལས་དོན་ཐོག་མཉམ་རུབ་ཀྱིས་ཁོ་ཚོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ཏེ། ཐུན་མོང་ཐོག་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ལེགས་སྒྲུབ་བྱས་ཏེ་རྗེས་སུ་ཕན་ཚུན་ཁག་འདོགས་བྱེད་རེས་མི་འབྱུང་བ་བྱེད་དགོས།

ལས་དོན་གྱི་གཙོ་གནད་འཛིན་ཐུབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོང་ཆེད། ངེས་པར་དུ་ཐོག་མར་ཚོད་ལྟའི་ལས་དོན་འཐུས་ཚང་ཞིག་སྤེལ་རྒྱུ་དང༌། དེ་ཡང་དང་ཐོག་འགོ་ཁྲིད་ཀྱི་ཁྲོད་ནས་གནད་དོན་འདིའི་གལ་ཆེནརང་བཞིན་མཐོངཐུབ་པ་བྱས་ཐོག སེམས་ཐག་ཆོད་པའི་ངང་ལས་དོན་དེའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང༌། དོ་སྣང་དང་རྒྱུས་མངའ་ཡོད་པ། འཆར་གཞི་ལྡན་ལ་གྲ་སྒྲིག་ཀྱང་ཡོད་པ། རྒྱུད་རིམ་ལྡན་ལ་བརྟན་ལྷིང་ཡོད་པ། དབྱེ་བ་ཡོད་ལ་གཟབ་ནན་ཡིན་པ། ཞིབ་ཚགས་ཡིན་ལ་འོས་མཚམས་ཀྱང་ཡིན་པ། གཏིང་ཟབ་ཅིང་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་བོད་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འོག དངོས་འབྲེལ་ཡང་དག་པའི་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང༌། ངོ་རྒོད་བྱེད་དགོས་པའི་དེ་སྔའི་དུས་སྐབས་ཤིག་རིང་བྱུང་པའི་བཀས་བཀོད་རྒྱུད་འཛིན་གྱི་ལྷད་ཞུགས་པའི་གནས་ལུགས་རྣམས་དྲིལ་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་སྐུལ་སློང་གིས། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཆབ་སྲིད་དང༌། གྲལ་རིམ་གྱི་གོ་རྟོགས་གོང་མཐོར་བཏང་སྟེ། རྒྱ་ཆེའི་གྲྭ་བཙུན་མང་ཚོགས་ལ་བརྟེན་ནས་གསར་བརྗེ་དགོས་ལ་ཆོས་ལུགས་ཀྱང་དགོས་པའི་ཡང་དག་པའི་ཧུར་བརྩོན་ཅན་རྣམས་ལས་འགུལ་གྱི་མདུན་གྲལ་དུ་འཇོག་དགོས་པ་དང༌། བཀས་བཀོདད་རྒྱུད་འཛིན་གྱི་དམིགས་གསལ་ཁྱད་དབང་དང༌། གཉའ་གནོན་བཤུ་གཞོག་གི་ལམ་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དང༌། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་གྱི་དགོན་སྡེ་ནང་གི་ངོ་ལོག་ཟིང་འཁྲུག་པ་ལ་ངོ་རྒོལ་བྱས་ནས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་གསར་བརྗེའི་ངོ་ལོག་པ་དང་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེ་དང༌། ཆོས་པའི་ཞབས་འདྲེན་པ། ཏང་དང་མི་དམངས། དེ་བཞིན་ཆོས་ལུགས་ཀྱི་དགྲ་བོ་བཅས་མཐིལ་ཕྱིན་པའི་སྒོ་ནས་རྩ་མེད་བཟོ་རྒྱུ་དང༌། ནང་ཆོས་ཀྱི་ཟབ་ཡངས་དགོངས་དོན་དང་མི་མཐུན་ཞིང་གསར་བརྗེ་སྙིང་སྟོབས་དང་མི་འཚམས་པ༌། སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་ཁྱད་དབང་དང་བཤུ་གཞོག་ལམ་ལུགས་བཅས་བ་མཐའ་དག་རྩ་མེད་བཟོས་ཐོག དེ་སྔའི་བཀས་བཀོད་རྒྱུད་འཛིན་གྱི་དགོན་སྡེ་དེ་དམངས་གཙོའི་དགོན་སྡེར་བསྒྱུར་རྒྱུ་དང༌། མི་ཉུང་ཤས་ཤིག་གིས་དབང་སྒྱུར་བྱེད་པ་དེ་དགེ་འདུན་པ་དང༌། གྲྭ་བཙུན་ཐུན་མོང་གིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ལ་བསྒྱུར་རྒྱུ་དང༌། ཆབ་སྲིད་ཐོག་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང༌། དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་བསྐྱོད་པ། བཅའ་ཁྲིམས་སྲུང་བ། ཆོས་ལུགས་ཐོག་བསླབ་སྤྱོད་དང་མི་འགལ་ཞིང༌། རྒྱུ་སྤུས་རྣམས་དག་གི་དགེ་འདུན་རྣམས་དགོན་སྡེར་བཞག་ནས་རབ་འབྱམས་རྒྱལ་བའི་གསུང་རབ་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་གྱི་ལམ་བུ་བརྒྱུད། གཞན་ལ་ཕན་བདེ་བསྐྲུན་པའི་ཆོས་ལུགས་དེ་སྔར་ལས་ཆེས་ལེགས་པ་དང་གཏིང་ཟབ་པར་སྤེལ་ནས། རྒྱ་ཆེའི་སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་བྱས་ཏེ། ཏང་གིས་ང་ཚོའི་ཆོས་ལུགས་ལ་བསྒྱུར་བཅོས་ལེགས་པོ་བཏང་བར་བརྟེན། གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིར་སྐྱབས་སུ་མཆི་ཟེར་བ་ཞིག་བྱེད་ཐུབ་རྒྱུ་ནི་གལ་ཆེན་པོ་ཡིན།

     ཆོས་ལུགས་བྱ་བའི་ནང་ལྷག་བསམ་རྣམ་དག་གིས་མི་ཞུགས་ཤིང་སྐྱ་སར་ཡང་བབ་འདོད་མེད་པའི་གྲྭ་བཙུན་རྣམས་ལ་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ངེས་ཅན་ཞིག་སྤྲད་ནས།  ཁོ་ཚོ་ཕྱོགས་གཅིག་ནས་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་ནས་རང་ཁ་རང་གསོ་ཐུབ་པ་བྱས་ཏེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁུར་བོ་ཡང་དུ་གཏོང་དགོས་བ་དང༌།  ཕྱོགས་གཅིག་ནས་ཆོས་ལུགས་བྱེད་སྒོ་ངེས་ཅན་ཞིག་ནང་ཞུགས་སུ་བཅུག་ནས་མིང་དོན་མཚུངས་བའི་གྲྭ་བཙུན་ཞིག་ཏུ་འགྱུར་བ་བྱེད་དགོས།
   བོད་ལྗོངས་ཀྱི་གྲྭ་བཙུན་འབོར་གྲངས་མང་དྲགས་པར་ཧྲག་བསྡུས་བྱ་རྒྱུའི་ཐད།  ང་ཚོས་ཆོས་དད་རང་དབང་གི་རྩ་དོན་བཟུང་ནས་དགོན་སྡེ་ནང་གྲྭ་བཙུན་བྱེད་པའམ་ཡང་ན་གྲྭ་བཙུན་མི་བྱེད་པ་བཅས་ཚང་མར་རང་དབང་ཡོད་པ་དང༌།  དགོན་སྡེའི་ནང་སྡོད་མཁན་གྱི་གྲྭ་བཙུན་རྣམས་ཀྱིས་བཅའ་ཁྲིམས་དང་བསྟུན་དགོས་བ་ལས།  བཅའ་ཁྲིམས་དང་འགལ་བའི་རིགས་བྱས་མི་ཆོག  དེའི་ཕྱིར་དེ་སྔ་ཁྱིམ་ཚང་དང་མི་སྒེར་གྱི་འཚོ་བའི་ཆེད་གྲྭ་བཙུན་བྱས་བ་དང༌།  ཡང་ན་ཞིང་བྲན་བདག་པོའི་གཉའ་གནོན་ལས་གཡོལ་ཆེད་གྲྭ་བཙུན་བྱས་བ།  དགོན་སྡེ་ཆུང་གྲས་འགའ་ཞིག་ལ་གྲྭ་ཁྲལ་རྒྱུགས་པར་གཏོང་བའི་དབང་ཆ་ཡོད་རྐྱེན་གྲྭ་བཙུན་མི་བྱེད་ཀ་མེད་བྱུང་བ།  ད་དུང་ཚོང་ཁེ་ཐབས་འཚོལ་བ་དང༌།  ཆང་འཐུང་བ་སོགས་བག་མེད་ཀྱི་སྤྱོད་པ་རོལ་མཁན་ལ་སོགས་ཡོད་པ་སྟེ། བོད་ལྗོངས་ཀྱི་གྲྭ་བཙུན་ནང་གང་མང་ཞིག་ནི་བསླབ་པ་དོན་གཉེར་གྱི་ཆེད་རབ་ཏུ་བྱུང་བ་ཞིག་མིན་པ་དང༌།  བསླབ་སྤྱོད་ལས་འགལ་བའི་མི་འགའ་ཞིག་རང་འགུལ་ངང་སྐྱ་བབས་ནས་ཁྱིམ་གཞིས་ཆགས་སྲིད།  འགའ་ཞིག་སྐྱ་བབ་ཏུ་བཅུག་ནས་མི་དང་དངོས་བོའི་ཐོན་སྐྱེད་ནང་ཞུགས་དགོས།  དེ་ལྟར་བྱས་ན་བོད་ལྗོངས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་ཆེས་ཆེར་ཇེ་ཉུང་དུ་ཕྱིན་ཏེ།  མི་དང་དངོས་བོ་ཐོན་སྐྱེད་བྱེད་མཁན་འཕར་སྣོན་ཡོང་རྒྱུ་མ་ཟད།  ཕྱི་ནང་གི་དགྲ་བོས་ཏང་དང་རྒྱལ་ཁབ་ལ་སྐྱོན་འདོགས་པ་དང་སེར་སྐྱ་མང་ཚོགས་ཀྱིས་བསམ་ཚུལ་ཡོང་མི་སྲིད་པ་སོགས་ལེགས་སྤེལ་ཉེས་འགོག་གི་དུས་བབས་བཟང་བོ་ཞིག་ཡོང་རྒྱུ་རེད།
   དགོན་སྡེ་ཁག་ནང་གི་དོ་དམ་གྱི་སྒྲིག་འཛུགས་དང་ཁྲིམས་སྲོལ།  ལམ་ལུགས་བཅས་བ་དེ་སྔའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་བྱུང་བ་ཞིག་ཡིན་ཕྱིན་ངེས་པར་དུ་མེད་པར་བཟོ་དགོས།  འོན་ཀྱང་འོས་འཚམས་འཐུས་ཚང་གི་བྱ་ཐབས་གསར་བ་ཞིག་གིས་དེའི་ཚབ་བྱེད་མི་ཐུབ་ཚེ་དགོན་སྡེའི་ནང་གི་སྒྲིག་ཁྲིམས་ཟང་ཟིང་ཡོང་བའི་ཉེན་ཁ་འབྱུང་སྲིད་པ་ཞིག་རེད།  དེ་བས་གསར་འཛུགས་བྱ་རྒྱུའི་ཐད།  དོ་དམ་སྡེ་ཁག་ནང་གསར་བརྗེ་དགོས་ལ་ཆོས་ལུགས་ཀྱང་དགོས་བའི་ཧུར་བརྩོན་ཅན་གྱི་ཁྲོད་ནས་ཏང་གི་བཀའ་ལ་ཉན་པ་དང༌།  ཏང་གི་རྗེས་སུ་འགྲོ་བ།  སྒེར་སེམས་མེད་པ།  རང་ཤེད་མེད་པ།  ཆོས་ལུགས་བྱ་བར་མཐོང་ཆེན་བྱེད་པ། ཆབ་སྲིད་ལ་སེམས་འཁུར་དང༌།  ལས་དོན་ཐོག་གཡས་གཡོན་གང་དུའང་མི་འཁྱོག་པ།  མང་ཚོགས་ལམ་ཕྱོགས་ཐོག་འགྲོ་བ་དང༌།  ལས་དོན་གྱི་འཇོན་ཐང་ཡང་ཡོད་པ།  དུས་ནམ་ཡིན་ཡང་གྲྭ་དམངས་ཀྱི་ཁེ་ཕན་ལ་སེམས་འཁུར་བྱེད་པའི་སྔོན་ཐོན་ཧུར་བརྩོན་ཅན་གྱིས་རྐང་འཛིན་བྱེད་དགོས་བ་དང༌།  ཕྱོགས་མཚུངས་གང་ཅིའི་ཐད་འཇོན་ཐང་ཡོད་མཁན་འོས་མིར་བཞག་སྟེ།  ཏང་གི་འགོ་ཁྲིད་འོག་གྲྭ་དམངས་ཡོངས་རྫོགས་འདོད་པ་ཁེངས་ཤིང་འཐུས་ཚང་གི་སྒོ་ནས་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་( འགན་འཛིན་ བསྒྱུར་མཆན)རྒན་གཞོན་དང་ཨུ་ཡོན་(འཐུས་མི ་བསྒྱུར་མཆན)བཅས་པ་འདེམས་དགོས།  འགོ་ཁྲིད་ཡོད་ལ་དམངས་གཙོའང་ཡོད་པའི་རྩ་དོན་ལེགས་ལེན་མཐིལ་ཕྱིན་བསྟར་བའི་འོག   མིང་དོན་མཚུངས་བའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཞིག་གྲུབ་པ་བྱེད་དགོས།
    སྒྲིག་ཁྲིམས་དང་ལམ་ལུགས་ཀྱི་ཐད།  དགོན་སྡེ་དང་གྲྭ་བཙུན་ནི་ཆོས་ལུགས་ཀྱི་བྱ་བ་བྱེད་མཁན་ཡིན་སྟབས།  སྟོན་པ་བཅོམ་ལྡན་འདས་ཀྱིས་གཏན་འབབས་གནང་བའི་ཆོས་ཁྲིམས་དེ་རྩ་བར་འཛིན་དགོས་པ་དང་གཅིག  གྲྭ་བཙུན་ནི་རྒྱལ་ཁབ་གྱི་སྤྱི་འབངས་ཤིག་ཀྱང་ཡིན་ཕྱིར་རྩ་ཁྲིམས་ལ་སྲུང་བརྩི་དང་ཁྲིམས་ལུགས་ཁག་ལ་དང་ལེན་བྱེད་དགོས་བ་དང་གཉིས།  ལས་དོན་ཡོད་ཚད་མི་དམངས་ཀྱི་ཁེ་ཕན་གཙོ་བོར་དགོས་སྟབས།  བོད་ལྗོངས་མི་དམངས་བཅིང་འགྲོལ་མཐར་ཕྱིན་ཡོང་རྒྱུ་དང་ཕུན་ཚོགས་དར་རྒྱས་ཡོང་རྒྱུར་གནོད་འཚེ་མི་ཡོང་བ་བྱེད་དགོས་བ་དང་གསུམ།  དོན་ཚན་གསུམ་པ་འདི་དམ་དུ་སྦྲེལ་ནས་བོད་ལྗོངས་དགོན་སྡེ་ཁག་གི་སྒྲིག་ཁྲིམས་དང་ལམ་ལུགས་ཆ་ཚང་བ་ཞིག་གཏེན་འབེབས་ཀྱིས་ལག་བསྟར་བྱེད་དགོས།
    དགོན་སྡེར་སྡོདམཁན་གྲྭ་བཙུན་གྱི་འཚོ་བའི་ཐད།  ཆེད་དུ་ཆོས་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པ་རྣམས་དང༌།  གཞོན་སྐྱེས་སློབ་གཉེར་བ་རྣམས་ཚུད་པའི་རབ་འབྱམས་ཆོས་ལུགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་མཁན་གྲངས་ཚད་ངེས་ཅན་གྱི་གྲྭ་བཙུན་ཞིག་དགོས་ངེས་ཐོག  ཁོ་ཚོའི་འགན་འཁྲིའི་ཆོས་ཀྱི་ལས་དོན་ལ་བར་ཆད་མི་ཡོང་བར་གོང་འཕེལ་དང་གྲུབ་འབྲས་ཆེན་པོ་ཐོབ་ཐབས་སུ་དམིགས་ཏེ་རྒྱལ་ཁབ་ཀྱིས་ཁོ་ཚོའི་འཚོ་བ་འགན་ལེན་བྱས་པའི་ཐོག་ནས་སྐུལ་མ་གཏོང་རྒྱུ་དང༌།  དེ་བཞིན་དུ་དགོན་སྡེ་ནང་གི་གྲྭ་བཙུན་རྒན་འཁོགས་དང་ནད་གཅོང་རྣམས་ཀྱི་འཚོ་བའི་ཐད་ལའང་འགན་ལེན་བྱས་པའི་ཐོག་དེ་འཕྲོས་ཀྱི་གྲྭ་བཙུན་རྣམས་ཀྱི་འཚོ་བའི་ཐད།  ངས་གོང་དུ་བརྗོད་པ་བཞིན་ཐོན་སྐྱེད་ནང་ཞུགས་ནས་རང་ཁ་རང་གསོ་ཐུབ་པའི་རྩ་དོན་ཐོག་ནས་ཐག་གཅོད་ཐུབ་པ་བྱེད་དགོས།
    ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དགོན་སྡེ་གཙོ་བོར་གྱུར་བའི་བོད་ལྗོངས་ཀྱི་དགོན་སྡེ་ཁག་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སྲུང་སྐྱོབ་བྱེད་རྒྱུ་དང༌།  ཚང་མ་ལག་བསྟར་ཡག་པོ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད།  དེའི་ཕྱིར་དེ་སྔ་གོང་གསལ་གྱི་བསམ་འཆར་མང་ཆེ་བ་དང་རེ་བ་རྣམས་དཔྱད་གཞིའི་ཚུལ་དུ་ཐེངས་མང་བརྗོད་མྱོང་ཞིང་འགྱོད་གནོང་མེད་པ་ཞིག་བྱས་ཡོད།  མ་གཞི་ནས་བདག་ལྟ་བུའི་མི་མང་པོ་ཞིག་གིས་བོད་ལྗོངས་ཀྱི་ཆོས་ལུགས་གནད་དོན་ཐག་གཅོད་འཐུས་ཚང་གང་ལེགས་བྱུང་ནས་བོད་མི་རྣམས་བློ་བདེ་བག་ཕེབས་ཤིག་དང༌།  དགྲ་བོ་ཚོས་དམའ་འབེབས་དཀྲོག་གཏམ་བརྗོད་རྒྱུའི་ཁག་འདོགས་ས་མི་རྙེད་པ་ཞིག་བྱས་ཏེ།  འཛམ་གླིང་ཐོག་གི་ཆོས་ལུགས་སོ་སོར་དད་པ་བྱེད་མཁན་གྱི་བསམ་བློའི་ནང་ང་ཚོའི་རླབས་ཆེན་གྱི་ཏང་ལ་ལྟ་སྟངས་ལེགས་པོ་ཞིག་དང་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་པ་དང༌།  འཛམ་གླིང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོ་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་རྒྱུའི་ཆ་རྐྱེན་ཞིག་འགྲུབ་ཐུབ་པར་རེ་སྨོན་བྱེད་ཀྱི་ཡོད་ལ།  གནད་དོན་འདི་དག་ཚང་མ་བཀྲ་ཤིས་བའི་པད་མོའི་འདབ་སྟོང་ལྷུག་པོར་གྲོལ་བ་ལྟར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།  འོན་ཀྱང་དོན་དངོས་ཐོག་ཆོས་ལུགས་དང་དགོན་སྡེའི་ལས་དོན་བྱེད་པའི་སྐབས།  དགོས་ངེས་མ་ཡིན་པ་དང་འོས་འཚམས་མ་ཡིན་པ།   ཆག་སྒོ་མང་པོ་ཐོན་རྐྱེན་མི་རྣམས་ཧ་ལས་ཧང་སངས་ཡོད་པ་རེད།  འདིའི་ཐད་ལ་འདིར་ཅུང་ཟད་བརྗོད་རྒྱུ་ཡིན།
     དང་པོ།  ངོ་རྒོལ་དང་སྲུངསྐྱོབ་ཀྱི་སྐོར།  བོད་ལྗོངས་དགོན་སྡེ་ཁྲོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དམིགས་བསལ་ཁྱད་དབང་དང༌།  གཉའ་གནོན་བཤུ་གཞོག་དེ་ནི་དེ་སྔའི་དུས་སྐབས་ཤིག་རིང་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རིམ་བཞིན་བསྟུད་མར་སིམ་འཛུལ་བྱས་བ་ཞིག་རེད།  འདི་དག་ནི་གོང་འཁོད་བཞིན་ཆོས་ལུགས་ཀྱི་དགོངས་དོན་དང་མི་མཐུན་ཞིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་འཚམས་པ།  མི་དམངས་ལ་གནོད་སྐྱོན་ཡོད་པ་ཞིག་རེད།  དེའི་ཕྱིར་དམངས་གཙོ་བཅོས་བསྒྱུར་སྐབས་མེད་པར་བཟོ་རྒྱུ་ནི་གལ་ཆེ་བ་ཞིག་ཡིན་ལ།  དེར་བསྒྱུརབཀོད་བྱེད་སྐབས་རྒྱ་ཆེའི་སེར་སྐྱ་མང་ཚོགས་བསམ་ཚུལ་མེད་པ་མ་ཟད་དངོས་འབྲེལ་དགའ་བསུ་ཞུ་ངེས་རེད།  རྒྱུ་མཚན་ནི་བོད་ལྗོངས་ལ་ཉེ་བའི་ལོ་ངོ་བརྒྱ་ཕྲག་གཅིག་གཉིས་ཀྱི་རིང་དང་ལྷག་པར་དུ་ཉེ་བའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང༌།  དགོན་སྡེ་འགའ་ཤས་ཀྱི་དབང་སྒྱུར་བས་རིམ་པ་ཁག་གི་བཀས་བཀོད་རྒྱུད་འཛིན་སྲིད་གཞུང་གི་རོགས་སྐྱོར་འོག   དམིགས་བསལ་གྱི་ཁྱད་དབང་སྣ་ཚོགས་ལ་བརྟེན་ནས་རྒྱ་ཆེའི་སེར་སྐྱ་མི་དམངས་ལ་གདུག་རྩུབ་ཆེ་བའི་གཉའ་གནོན་དང་ཚབས་ཆེའི་བཤུ་གཞོག་བྱས་ཡོད་པས།  མང་ཚོགས་ལ་སྡུག་བསྔལ་དང་ཁོང་ཁྲོ་མང་པོ་ཞིག་བཟོས་ཡོད།
    དཔེར་ན་ལྷ་སའི་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ཀྱི་རིང་ལ།  འབྲས་སྤུངས་དགོན་པའི་ཚོགས་ཆེན་ཞལ་ངོས་ཁག་འདོགས་བྱ་ཡུལ་ཅུང་ཟད་ཞིག་ཡོད་ཚེ།  དོན་མེད་ཀྱི་སྐྱེ་བོ་མང་བོ་འཛིན་བཟུང་བཙོན་བཅུག་གིས་ཁྲིམས་ཆད་ནན་མོ་གཅོད་པ་དང༌།  རྒྱུ་ནོར་གྱི་ཆད་པ་གཅོད་པ།  མི་ཁ་ཤས་ཀྱི་ཁ་རྗེ་དབང་ཐང་འཕྲོག་པ།  ཁ་ཤས་བསད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།  འདི་ལྟའི་ཤིན་ཏུ་ཐལ་ཆེ་བའི་གདུག་རྩུབ་ཀྱི་གཉའ་གནོན་གྱི་རྐྱེན་པས།  སྨོན་ལམ་འཚོགས་རིང་ལྷ་སའི་གྲོང་མི་བློ་ཁོག་ཅུང་ཆུང་བ་རྣམས་ཉེན་ཁ་ལས་གཡོལ་ཆེད།  ཉེ་འགྲམ་གྱི་གྲོང་གསེབ་ཏུ་བྲོས་བྱོལ་དུ་འགྲོ་གི་ཡོད་པ་རེད།
   བཤུ་གཞོག་གི་ཐོག་ནས་གླེང་ན།  གཞི་འཛིན་ས་གང་ཡང་མེད་པར་ཁྲལ་རིགས་སྣ་ཚོགས་བསྡུ་བ་སྟེ།   ཐ་ན་ཁྱི་དང་ལྕི་བའི་ཁྲལ།  ཆུ་ཁྲལ།  ཆང་ཁྲལ།  སྤྲོ་སྐྱིད་ཀྱི་ཁྲལ།  གཞས་ཁྲལ་སོགས་མི་ལ་བཤད་མི་ཕོད་པའི་བཤུ་གཞོག་བྱེད་ཀྱི་ཡོད་ལ།  གལ་ཏེ་ཁྲལ་འབུལ་དུས་འགྱངས་སོགས་ཅུང་ཟད་ཤོར་ཚེ།  ངོམས་པ་མེད་པའི་ཐོག་ནས་གང་བྱུང་གིས་ཉེས་འགེལ་བྱེད་ཀྱི་ཡོད་སྟབས།  མང་ཚོགས་ཀྱིས་ཁོ་ཚོར་ཇག་པ་དམར་པོ་ཞེས་འབོད་ཀྱི་ཡོད་པ་དང༌།  ཁོ་ཚོར་ཁོང་ཁྲོ་བྱེད་ཀྱི་ཡོད་པ་རེད།  དེ་མིན་དགོན་སྡེའི་ནང་གི་སྤྱི་སོ་ཁག་གིས་སོ་སོའི་མངའ་འོག་གི་མི་སེར་ལ་རང་འདོད་ལྟར་བཟོད་པར་དཀའ་བའི་གཉའ་གནོན་དང་བཤུ་གཞོག་བྱས་རྐྱེན།  མི་དམངས་རྣམས་མགོ་བོ་འདེགས་མི་ཐུབ་པར་ཉིན་བཞིན་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད།  མི་གཞན་གྱི་མ་རྩ་འཕྲོག་པ་ཙམ་མ་ཟད་དམངས་ཁྲོད་ཀྱི་གནད་དོན་ཚང་མར་རྒྱུ་མཚན་མེད་པར་ཐེ་ཇུས་ཀྱིས་ཉེ་རིང་ཕྱོགས་ལྷུང་དང༌།  ཁྲིམས་མེད་ལུགས་མེད་དུ་བཙན་ཤེད་ཀྱིས་ཁྲིམས་གཅོད་བཅས་དཀའ་རྙོག་མང་པོ་ཞིག་བཟོས་ཡོད་པ་དང༌།  མཆོད་གཞིས་སུ་ཁ་གཡར་ནས་ས་གནས་འགའ་ཞིག་ཏུ་མང་ཚོགས་ཀྱི་ཞལ་འདེབས་མིན་པར་བཙན་ཤེད་ཀྱིས་བསྔོ་རྟེན་བསྡུ་གི་ཡོད་པ་རེད།

གཞན་ད་དུང་སྐྱེད་ཆེའི་བུ་ལོན་དང་བཙན་ཤེད་ཀྱི་ཉོ་ཚོང་ལ་བརྟེན་ནས་མང་ཚོགས་ལ་ཆེས་ལྕི་བའི་གཉའ་གནོན་དང་བཤུ་གཞོག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་དགོན་སྡེ་ནང་གི་གདན་ཐོབ་ཀྱི་ཐད་ལའང་ཆོས་ལུགས་ཀྱི་གཞུང་དང་མཐུན་པའི་བསླབ་པ་རྒན་གཞོན་དང༌། ཤེས་ཡོན་ཆེ་ཆུང་ལ་མི་བལྟ་བར་མི་སྒེར་གྱི་ཁྱིམ་ཚང་གི་འབྱུང་ཁུངས་དང༌། བཀོས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཁྲོད་གོ་གནས་མཐོ་དམན་དང༌། དབང་ཤུགས་ཡོད་མེད་སོགས་ལ་བལྟས་ཏེ་གྲྭ་བཙུན་ནང་མཐོ་དམན་དབྱེ་བ་དང༌། མཐོ་རིམ་གྱིས་དམའ་རིམ་ལ་གཉའ་གནོན་བྱེད་པ་སོགས་ལུགས་དང་མི་མཐུན་པའི་ལམ་ལུགས་འདིའི་རིགས་མི་ཉུང་བ་ཞིག་ཡོད། དེའི་ཕྱིར་དགོན་སྡེ་ནང་གི་གྲྭ་བཙུན་དང་ཁྱིམ་པ་སྐྱ་བོ་རྣམས་ཀྱིས་དགོན་སྡེ་ནང་གི་ལུགས་དང་མི་མཐུན་པའི་བྱ་བ་དང༌། བྱ་བ་འདི་དག་བྱེད་མཁན་ལ་ཁོང་ཁྲོའི་མེ་ལྕེ་འབར་ཞིང་བསམ་བློའི་ནང་རྒྱུན་རིང་བསགས་པའི་སྡུག་བསྔལ་མང་པོ་ཞིག་བརྗོད་རྒྱུར་བསྡད་ཡོད།

འོན་ཀྱང་ང་ཚོས་ངེས་པར་དུ་གསལ་བོར་ཤེས་དགོས་པ་ཞིག་ལ། བོད་ལྗོངས་ཀྱི་དགོན་སྡེ་ཁག་ལ་གནས་ཚུལ་འདྲ་མིན་སྣ་ཚོགས་ཡོད་པས། དགོན་སྡེ་ཁག་བརྒྱ་ཆ་བརྒྱ་ཚང་མ་འདི་འདྲ་ཞིག་ཡིན་པར་བརྗོད་མི་རུང༌། ངན་རྒུའི་བྱ་བ་སྣ་ཚོགས་ཐོན་པའི་དགོན་སྡེ་དེ་དག་གི་ཁྲོད་ལའང་བྱ་བ་ངན་པ་སྤེལ་མཁན་ནི་འགན་འཁུར་བ་དང་ལག་བསྟར་བྱེད་མཁན་ཚོའི་ནང་གི་མི་ཁག་ཅིག་ཙམ་དང༌། ཁོ་ཚོའི་རྒྱུགས་ཁྱི་ཙམ་ཞིག་ལས་གྲྭ་བཙུན་ཡོངས་རྫོགས་འདི་ལྟར་རེད་ཅེས་བརྗོད་ན་དེ་བས་ཀྱང་མི་འགྲིག་པ་ཞིག་རེད། གྲྭ་བཙུན་ཕལ་བ་རྣམས་ལ་ནག་ཉེས་དེ་རིགས་མེད་ལ། བསླབ་པ་བསྲུངས་ནས་བྱ་བ་བསྒྲུབ་མཁན་གྱི་ཚུལ་མཐུན་དགེ་འདུན་པ་རྣམས་ཀྱིས་དེ་བས་ཀྱང་འདི་ལྟར་བྱེད་མི་སྲིད། གནས་ཚུལ་འདི་དག་གིས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཚོས་ཀྱང་སངས་རྒྱས་ཆོས་ལུགས་དང༌། ཚུལ་ལྡན་གྱི་དགོན་སྡེ་ནང་གི་ཚུལ་མཐུན་གྱི་དགེ་འདུན་པ་ལ་དད་པ་བྱེད་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་སྲིད་ཞིག་རེད།

བོད་ལྗོངས་ཀྱི་དགོན་སྡེ་ཁྲོད་མི་ཉུང་བ་ཞིག་ཏང་ལ་ངོ་རྒོལ་དང་མེས་རྒྱལ་ལ་ངོ་རྒོལ། གསར་བརྗེ་ངོ་རྒོལ་གྱི་ཉེས་རྒུ་ཚང་བའི་ངོ་ལོག་ཟིང་འཁྲུག་ནང་ཞུགས་ཏེ་ནག་ཉེས་ཆེན་པོ་བསགས་པར་བརྟེན། ངེས་པར་དུ་དེ་མཚུངས་ཀྱི་ཐག་གཅོད་ནན་མོ་བྱེད་རྒྱུ་ནི་གལ་ཆེ་ལ་མང་ཚོགས་ཀྱིས་ཀྱང་དེ་ལྟར་བྱེད་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ངོ་ལོག་ཟིང་འཁྲུག་ཏུ་ཞུགས་མཁན་དགོན་སྡེ་ཡོངས་རྫོགས་མིན་པ་མ་ཟད་གྲྭ་བཙུན་ཡོངས་ནི་དེ་བས་ཀྱང་མིན་ལ། ལྷག་པར་དུ་རྣམ་པར་དག་པའི་ཆོས་ཀྱི་བསྟན་བྱའི་དོན་ནི་དེ་བས་དེ་ལྟར་ག་ལ་ཡིན་སྲིད། དེ་ནི་བློ་གཟུ་བོར་གནས་པའི་སྐྱེ་བོ་ཀུན་གྱིས་གསལ་བོར་རྟོགས་ཐུབ་པ་ཞིག་རེད། ཟིང་འཁྲུག་ནང་ཞུགས་པའི་དགོན་སྡེ་ཞིག་ཡིན་ཡང་དེ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་གསར་བརྗེ་ངོ་རྒོལ་བའི་བྱུང་བའི་དགོན་སྡེ་སོ་སོའི་ལས་སྣེ་དང༌། གྲྭ་བཙུན་གཅིག་གིས་ངན་བྱས་ལས་བྱུང་བ་ཞིག་ཡིན།

    དེར་བརྟེན་ངོ་ལོག་ཟིང་འཁྲུག་ནང་ཞུགས་ཡོད་མེད་ཞིབ་འཇུག་བྱེད་སྐབས།  ངེས་པར་དུ་ནན་ཏན་དང་ཞིབ་ཚགས་ཀྱི་སྒོ་ནས་གསལ་བོ་བཟོས་ཏེ།  ཉ་ཉོག་མཉམ་བསྲེས་དང་བཟང་ངན་གོ་ལྡོག་ཏུ་མ་སོང་བར་སྐྱེ་བོ་ཀུན་བློ་ཡིད་ཚིམས་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་ཞིག་རེད།  བོད་ལྗོངས་ཀྱི་དགོན་སྡེ་དང་ཆོས་ལུགས་གནད་དོན་ནི་རྙོག་འཛིང་ཆེ་ལ་དོ་གལ་ཆེན་པོ་ཞིག་ཀྱང་ཡིན་སྟབས།  ངོ་རྒོལ་བྱ་ཡུལ་དང་སྲུང་སྐྱོབ་བྱ་ཡུལ་ལ་སྤྱང་ཀི་དང་ལུག་ནང་བཞིན་དབྱེ་མཚམས་གསལ་བོ་འབྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།  གོང་དུ་བརྗོད་ཟིན་པ་ལྟར་བོད་ལྗོངས་ཀྱི་ཆོས་ལུགས་དང་དགོན་སྡེའི་གནད་དོན་ཐད་འཆར་གཞི་ལྡན་ཞིང་གྲ་སྒྲིག་ཡོད་པ་དང༌། གོ་རིམ་ཡོད་ཅིང་བརྟན་བརླིང་ཡིན་པ།  དབྱེ་བ་ཡོད་ལ་གཟབ་ནན་ཡིན་པ།  ཞིབ་ཚགས་ཡིན་ལ་འོས་ཤིང་འཚམས་པ།  གཏིང་ཟབ་ཅིང་ཁྱོན་ཡོངས་ཀྱི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ནི་གོང་འོག་ཚང་མར་མེད་དུ་མི་རུང་བ་ཞིག་རེད།

དམངས་གཙོའི་བཅོས་བསྒྱུར་ཁྲོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་སྐུལ་སློང་གིས་སྡུག་བསྔལ་གྱི་འབྱུང་རྩ་སྔོག་པ་དང༌། སྡུག་བསྔལ་བགྲང་བ། མངའ་བདག་ཆེན་པོ་གསུམ་གྱི་ནག་ཉེས་ཐེར་འདོན་སྐབས། སེར་སྐྱ་མང་ཚོགས་ཀྱི་ཁྲོད་ནས་དགོན་སྡེ་དང༌། བླ་སྤྲུལ་དང་གྲྭ་བཙུན་གྱི་ཉེས་སྤྱོད་དེ་དང༌། འདིའི་རིགས་ལ་ཞུ་འབོད་བྱས་ནས་རང་ཉིད་ཀྱི་སྡུག་བསྔལ་ཁོང་ཁྲོ་སེལ་ཐབས་བྱེད་ངེས་བས། དེ་ནི་ལུགས་མཐུན་དགོས་ངེས་དང༌། འོས་འཚམས་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས། གལ་ཏེ་དགོན་སྡེ་དང་བླ་སྤྲུལ་དང་གྲྭ་བཙུན་ཚོར་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་བར། སྒྲོ་བཏགས་འཇིགས་སྐུལ་གྱི་ཐོག་ནས་བསྙོན་འཛུགས་སྐྱོན་བརྗོད་བྱས་ཏེ་ངོ་རྒོལ་ཤུགས་ཆེན་བྱེད་པའི་རྣམ་པ་ཞིག་བསྟན་ཚེ། ལས་བྱེད་པ་རྣམས་ཀྱིས་མངོན་གསལ་དོད་པས་བསྟོད་བསྔགས་དགའ་བསུ་དང་ལྟ་སྐྱོང་ཐོབ་ཀྱི་ཡོད་པ་རེད།

ལས་བྱེད་པའི་ཁྲོད་དུ་ང་ཚོའི་རྩ་ཆེ་བའི་ཆོས་ལུགས་ལ་མངོན་སུམ་འཛེམས་མེད་ཀྱིས་དམའ་འབེབས་ངོ་རྒོལ་དང༌།  དགོན་སྡེའི་བླ་སྤྲུལ་དང་གྲྭ་བཙུན་མེད་པར་བཟོས་ན་དགེ་མཚན་ཆེ་ལུགས་སོགས་དངོས་ཤུགས་ཅི་རིགས་ནས་སྐུལ་སློང་བྱེད་མཁན་ཐོན་སྟབས།  སེར་སྐྱ་ཧུར་བརྩོན་ཅན་ཁ་ཞེ་གཉིས་འགལ་དང༌།  སྟབས་བསྟུན་འགྱུར་ལྡོག   དོན་དངོས་དང་རྒྱབ་འགལ་བྱེད་མཁན་ཚོས་ཀྱང་རྣམ་པར་དག་པའི་ཆོས་ལུགས་དེ་ཉིད་དགག་དགོས་བ་དང༌།  མི་འགྲིག་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།  དེའི་ཕྱིར་ལས་བྱེད་པ་འདི་དག་གི་བསམ་བློའི་ཐོག་ཐལ་ཆེ་བའི་ནོར་འཁྲུལ་གྱི་ལྟ་ཕྱོགས་ཀྱི་རྐྱེན་པས།  མིག་ལྡན་གཡང་མཆོངས་ཀྱི་ཚབས་ཆེའི་གཡོན་ཐལ་གྱི་ལྟ་བ་དེ་ཐོན་ཡོད།  ཁོ་ཚོས་བོད་ལྗོངས་སུ་མང་ཚོགས་ཀྱིས་ཀྱང་ཆོས་ལ་དད་མོས་དོར་ནས་ངོ་རྒོལ་བྱེད་ཀྱི་ཡོད་རྐྱེན།  ཆོས་ལུགས་ལ་ངོ་རྒོལ་དང་མེད་པར་བཟོ་རྒྱུའི་ཆ་རྐྱེན་ཚང་ཡོད་པར་སྙམ་སྟེ།  བོད་ལྗོངས་ཀྱི་དགོན་སྡེ་ཁག་གི་ནང་དུ་ངོ་རྒོལ་གསུམ་དང་རྩིས་རྒྱག་གསུམ་གྱི་ལས་འགུལ་སྤེལ་སྐབས།  དོན་དངོས་ཀྱི་ལས་དོན་ཁྲོད་ཆོས་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ཁ་སྣོན་དང་དེ་ལས་འགན་གཙོ་བོའི་གྲས་སུ་བཞག་ཡོད་པ་དང་སྲུང་སྐྱོབ་དགོས་ངེས་ཀྱི་ལྷད་མེད་ཀྱི་ཆ་དེར་ཡང་མུན་འཐོམས་སྨྱོ་མཆོངས་ཀྱིས་ཛ་དྲག་གི་ངོ་རྒོལ་བྱས་ཡོད་སྟབས།  བོད་ལྗོངས་ཀྱི་ཆོས་ལུགས་དང་དགོན་སྡེའི་གནད་དོན་ཐོག་སྐྱེ་བོ་རྣམས་ཧང་སངས་ཧོན་ཐོར་བ་དང༌།  བློ་ཕམ་ཚད་མེད་ཀྱིས་སྨྲེ་ངག་འདོན་དགོས་བའི་སྣང་ཚུལ་ངན་པ་ཐོན་ཡོད་ལ། དེ་ནི་འབྱུང་ངེས་བ་ཞིག་ཀྱང་རེད།
 གཉིས་བ།   ཆོས་ལུགས་དང་དགོན་སྡེར་དམངས་གཙོའི་བཅོས་བསྒྱུར་ལག་བསྟར་བྱས་བའི་གནས་ཚུལ། མང་ཚོགས་སྐུལ་སློང་དང་འཐབ་རྩོད་ཀྱི་རྣམ་པ་དེ་གོང་གསལ་གྱི་གནད་དོན་གཉིས་བའི་སྐོར་ནང་དོན་ལྔ་བའི་ནང་བརྗོད་པ་འདྲ་མཚུངས་སུ་ཡོད་པས་བསྐྱར་ཟློས་བྱེད་ཀྱི་མིན།  ད་ལྟ་གོང་ཞུས་གནད་དོན་ནང་མ་འདུས་བའི་དགོན་སྡེ་ཁོ་ནའི་ནང་དུ་དམིགས་བསལ་གྱིས་ཐོན་པའི་གནད་དོན་ཐོག་རགས་ཙམ་ཞིག་གླེང་རྒྱུ་ཡིན།  ཏང་གིས་དགོན་སྡེའི་ནང་དུ་གྲལ་རིམ་གྱི་ལམ་ཕྱོགས་འཛིན་སྟངས་ནི།   གྲྭ་བཙུན་དབུལ་ཕོངས་རྣམས་ལ་རྒྱབ་རྟེན་བཅོལ་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གྱིས་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེ་དང་གསར་བརྗེ་ངོ་རྒོལ་བ།  ཆེས་ལོག་སྤྱོད་ཀྱི་ཞིང་བྲན་བདག་པོ་བཅས་གྲོགས་མེད་ཁེར་རྐྱང་དུ་བཞག་ནས་རྡུང་རྡེག་དང་མེད་པར་བཟོ་རྒྱུ་དེ་རེད།  གཞི་རྩའི་ཐོག་ནས་བརྗོད་ན་དེ་ནི་ཡང་དག་པ་ཞིག་རེད།
 འོན་ཀྱང་གྲྭ་བཙུན་དབུལ་ཕོངས་ཞེས་བའི་ཐ་སྙད་དེ་རྦད་དེ་ཡང་དག་པ་ཞིག་མིན་པར།  ངེས་པར་དུ་སྡིག་བསྔལ་མྱོང་བའི་གྲྭ་བཙུན་དབུལ་ཕོངས་ཞེས་བརྗོད་དགོས།  རྒྱུ་མཚན་ནི་བོད་ལྗོངས་ཀྱི་དགོན་སྡེ་ཁག་གི་ནང་ཁག་ཅིག་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང༌།  ཞིང་བྲན་བདག་པོས་གཉའ་གནོན་བཤུ་གཞོག་དང༌།  མཐོང་ཆུང་གིས་དབུལ་ཕོངས་ཀྱི་གནས་སུ་བསྐྱལ་ཡོད་པས། ང་ཚོས་ངེས་པར་དུ་གདུང་སེམས་མཉམ་སྐྱེད་དང་རོགས་རམ་བྱས་ནས་ཁོ་ཚོར་མཐར་ཕྱིན་པའི་བཅིངས་འགྲོལ་ཐོབ་ཏུ་འཇུག་དགོས་བ་དང༌།  ལས་འགུལ་ནང་ཁོང་ཚོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་དང༌།  དགོན་སྡེའི་ནང་དུའང་ང་ཚོ་ཁོ་ཚོར་བརྟེན་ན་འགྲིག   འོན་ཀྱང་མི་ཁག་ཅིག་ནི་དེ་སྔ་ཆང་འཐུང་དང་ཤོ་སྦག་རྒྱུན་འཛུགས་སོགས་གོམས་གཤིས་ངན་པས་དབུལ་བོར་གྱུར་ཡོད་སྟབས།  དེ་ནི་རང་སྡུག་རང་གིས་ཉོས་བ་ཞིག་དང༌།  སྡུག་བསྔལ་བཤད་ས་མེད་པ་ཞིག་ཡིན་པས་དེ་ནི་ང་ཚོས་གདུང་སེམས་མཉམ་སྐྱེད་བྱ་ཡུལ་ཞིག་མིན།  དེ་བཞིན་དུ་བརླང་བོར་སྤྱོད་པའི་མི་འདི་དག་ནི་མགོ་བདེ་སྐབས་འཚོལ་དང་ངོ་དགའ་སྤྲད་ལད།  ཧུར་བརྩོན་གྱི་རྫུན་ཆས་གྱོན་པ་ལས་ལྷག་བསམ་ཞིག་ཡོད་དཀའ་བས།  ང་ཚོས་མི་འདི་དག་ལ་རྒྱབ་རྟེན་བཅོལ་མི་རུང༌།  གལ་ཏེ་རྒྱབ་རྟེན་བཅོལ་ཚེ་མི་འདི་དག་གིས་ང་མིན་ན་སུ་ཞིག་ཡིན་སྙམ་ནས་ཀུན་ལ་མིག་ལྟོས་ངན་པ་ཞིག་འཇོག་རྒྱུ་རེད།  ཁོ་ཚོས་བདེན་རྫུན་ཕྱིན་ཅི་ལོག་པ་དང་མི་སེམས་དཀྲུག་པ་སོགས་རྙོག་དྲ་ལུང་བ་གང་སློངསྲིད་པ་ལས།  དོན་བཟང་གང་ཡང་སྒྲུབ་དཀའ།  འདི་ནི་ངས་གོང་འོག་ཏུ་བཤད་ཟིན་པ་དང༌། འཆད་འགྱུར་གྱི་དོན་དངོས་སུ་ཐོན་པའི་གནས་ཚུལ་ནང་གསལ་བོར་རྟོགས་ཐུབ་ཞིག་རེད།
དགོན་སྡེའི་ནང་དངོས་སུ་དམངས་གཙོ་བཅོས་བསྒྱུར་གཏོང་སྐབས། གཏན་འབེབས་བྱས་པའི་སྲིད་ཇུས་ནི་ངོ་རྒོལ་གསུམ་ཡིན་པ་དང༌།  དེ་འཐུས་ཚད་ཡོང་ཆེད་རྩིས་རྒྱག་གསུམ་ཞེས་པ་ལག་བསྟར་བྱས་པ་རེད།   འོན་ཀྱང་ཞིབ་ཕྲའི་ལག་བསྟར་སྐབས་སུ་རྨོངས་དད་གཙང་སེལ་ཟེར་བའི་འོག་ཏུ་ཆོས་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དང་གཅིག  སྐུ་གསུང་ཐུགས་རྟེན་མེད་པར་བཟོ་རྒྱུ་དང་གཉིས།  ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གྲྭ་བཙུན་སྐྱ་ཕབ་ཏུ་འཇུག་རྒྱུ་དང་གསུམ་དེ་གཙོ་བའི་ལས་འགན་ཞིག་ཆགས་ཡོད་པ་རེད།  གཏན་འབེབས་བྱས་པའི་ནང་ངོ་རྒོལ་གསུམ་དང་རྩིས་རྒྱག་གསུམ་ནི་དོན་ཚན་གསུམ་པོ་འདི་མངོན་འགྱུར་ཡོང་བའི་ལག་ཆའམ།  འཐབ་ཇུས་ཤིག་ཏུ་བསྒྱུར་ཏེ་དེའི་ངོ་བོ་ནི་ཉེས་མེད་ཀྱི་ལུག་གསོད་པ་འདི་ཉེས་ཅན་གྱི་སྤྱང་ཀི་གསོད་པ་ལས་གཟི་བརྗིད་ཆེ་བ་ལྟ་བུ་ཞིག་ཏུ་གྱུར་བ་རེད།
དེའི་ཕྱིར་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གྲྭ་བ་དང་བཙུན་མ་རྣམས་སྐྱ་ཕབ་ཏུ་འཇུག་སྐབས།   ཐོག་མར་དགོན་སྡེ་ཁག་ནང་སློབ་སྦྱོང་དང་སྐུལ་སློང་ཟེར་བའི་མིང་ཐོག་ནས་གྲྭ་བ་དང་བཙུན་མ་འདུ་ཁང་དང་ཚོམས་ཆེན་ནང་འདུ་འཛོམས་བྱེད་དུ་བཅུག་སྟེ།  དམ་འཛིན་ངང་ཉིན་མཚན་ལྟོས་མེད་ཀྱི་ཛ་དྲག་གི་སློབ་སྦྱོང་དང་ཕན་ཚུན་སྐྱོན་བརྗོད་བྱེད་པར་བཙན་ཤེད་ཀྱིས་སྐུལ་སློང་གིས་རྣོ་ངར་ལྡན་པའི་འཐབ་རྩོད་ཀྱི་རླབས་རྒྱུན་ཤིག་འཕྱུར་ཡོད་པ་དང༌།  མངོན་གསལ་གྱིས་ཆོས་ལུགས་ལ་དད་པ་ཡོད་ཅེས་བརྗོད་མཁན་རྣམས་ལ་རྨོངས་དད་པ་དང༌། གསར་བརྗེ་དགའ་བོ་མེད་མཁན་སོགས་ཀྱི་ཞྭ་མོ་སྣ་ཚོགས་གཡོགས་ནས།  བཟོད་པར་དཀའ་བའི་དོན་མེད་ཀྱི་འཐབ་རྩོད་དང་རྡུང་རྡེག་བཏང་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་གྲྭ་བཙུན་རྣམས་ལ་སྐྱ་ཕབ་ཀྱི་ཡིན་མིན་སྐད་ཆ་དྲིས་ཏེ།   གལ་སྲིད་མི་མཐུད་དུ་གྲྭ་བཙུན་བྱེད་རྒྱུའི་རེ་བ་བཏོན་ཚེ་ཁྱོད་ལ་ད་དུང་སློབ་གསོ་ཐོབ་མེད་པ་དང་རྨོངས་དད་སེལ་ཐུབ་མི་འདུག་ཅེས་བརྗོད་ནས་རྩུབ་སྤྱོད་ཀྱི་འཐབ་རྩོད་བྱེད་ཀྱི་ཡོད་ལ།  ཐ་ན་དོ་དམ་དང་བཙོན་འཇུག་བྱས་པའང་མི་ཉུང་བ་ཞིག་ཡོད་པ་རེད།  གནས་ཚུལ་འདི་འདྲའི་འོག་ལྕགས་ལས་གྲུབ་པའི་མི་ཞིག་ཡིན་ན་མ་གཏོགས་མུ་མཐུད་གྲྭ་བཙུན་བྱ་རྒྱུའི་རེ་བ་འདོན་ཐབས་མེད་པར་གྱུར་སྟབས།  ལོ་ན་དྲུག་ཅུ་བདུན་ཅུ་ལ་སོན་པའི་རྒན་འཁོགས་རྣམས་ཀྱང་སྐྱ་སེར་བབ་རྒྱུའི་རེ་བ་བཏོན་ནས་རང་ཡུལ་དུ་ལོག་པ་དང༌།  མི་འདི་དག་ཁྱིམ་གཞི་ཆགས་ཐབས་མེད་ལ་ཐོན་སྐྱེད་ནང་ཞུགས་པའི་ནུས་ཤུགས་ཀྱང་མེད་པ་དང༌།   མི་ཚེ་ཕྱེད་ཙམ་རིང་འཚོ་བ་བསྐྱལ་ཟིན་པའི་དགོན་སྡེ་ནས་ཁ་བྲལ་འདོད་མེད་པ་བཅས་ནི་ཀུན་གྱིས་ཤེས་གསལ་རེད།   མི་འདི་དག་ཁྱིམ་དུ་མི་ལོག་ཀ་མེད་བྱུང་བ་ལས་དགོན་སྡེའི་ནང་གནས་བཅའ་ཐབས་མེད་པའི་ཆེའི་གནད་དོན་ཡོད་པ་ར་སྤྲོད་གང་ལེགས་བྱས་ཡོད།
དགོན་སྡེའི་འགའ་ཤས་ནང་ལས་དོན་རུ་ཁག་གིས་གྲྭ་བཙུན་ཚོའི་མིང་ཐོ་རེ་རེ་བཞིན་བཀོད་དེ་ཁྱིམ་དུ་བསློགས་ནས་སྐྱ་ཕབ་ཏུ་བཅུག་པ་དང༌།  ད་དུང་ཚབས་ཆེ་བ་ཞིག་ནི་གྲྭ་བ་རྣམས་ཕྱོགས་གཅིག་ལ་སྡོད་དུ་བཅུག་པ་དང༌།  བཙུན་མ་དང་བུད་མེད་རྣམས་ཕྱོགས་གཅིག་ཏུ་སྡོད་དུ་བཅུག་སྟེ་བཙན་ཤེད་ཀྱིས་ཕན་ཚུན་འདེམས་སྒྲིག་བྱེད་དུ་བཅུག་ཡོད།  དེ་ནི་ང་ཚོས་ཁྲིམས་ལུགས་ནང་གཏན་འབེབས་བྱས་པའི་ཕོ་མོ་ཕྱོགས་གཉིས་པོ་རང་དབང་ཐོག་གཉེན་སྒྲིག་བྱེད་པ་དང་མི་སུ་གང་གིས་ཀྱང་ཐེ་ཇུས་མི་ཆོག་པར་ཁྲིམས་ལུགས་ཀྱིས་འགན་ལེན་བྱས་པའི་སྤྱི་འབངས་གྱི་ཁེ་དབང་འདི་ལའང་འགྲེལ་བཤད་རྒྱག་དཀའ་བར་གྱུར་ཡོད།   རི་ཁྲོད་ཀྱི་སྒྲུབ་ཕུག་གམ།  དགོན་སྡེའི་ནང་ཚེ་གང་སྒྲུབ་པ་ཉམས་ལེན་གནང་མཁན་ཚོས་འཇིག་རྟེན་གྱི་བྱ་བ་དུག་སྡོང་དུ་འཛིན་ཞིང་དེར་ཡིད་འབྱུང་སྐྱེ་གི་ཡོད།  གསར་བརྗེའི་ལས་དོན་ཡང་འཇིག་རྟེན་གྱི་བྱ་བ་ཡིན་སྟབས།  ཁོ་ཚོའི་ཁྲོད་ནས་དགའ་བསུའམ། ཧུར་བརྩོན་གྱི་རྣམ་པ་སྟོན་མཁན་ཉུང་ཉུང་ཡིན་པ་ནི་ཡ་མཚན་དགོས་བའི་དོན་ཞིག་མིན་ལ།  ཡོང་སྲིད་པ་ཞིག་དང་སྤྱིར་བཏང་གི་གནས་ཚུལ་ཞིག་རེད།  འོན་ཀྱང་ལས་བྱེད་པས་ཁོ་ཚོར་ཀླད་རྙིང་མཁྲེགས་བཟུང་གི་ལོག་སྤྱོད་ཀྱི་བསམ་བློའི་རྨང་གཞི་ཡོད་པར་བསམ་སྟེ།   ཆོས་དད་པ་འདི་རིགས་མི་ཉུང་བ་ཞིག་དོ་དམ་བཙོན་འཇུག་སོགས་ཀྱིས་བསླབ་པ་དོན་གཉེར་གྱི་རྣམ་པར་དག་པའི་ཆོས་པ་རྣམས་ལ་ཚབས་ཆེའི་རྡུང་རྡེག་བཏང་ཡོད་པ་རེད།

དེའི་ཐོག་གྲྭ་བཙུན་སྐྱ་ཕབ་རྒྱུའི་ཐད། བཙན་ཤེད་ཀྱིས་གཞི་འཛིན་ས་གང་ཡང་མེད་པར་ཐབས་ཤེས་སྣ་ཚོགས་ལག་བསྟར་བྱས་རྐྱེན། བོད་ལྗོངས་ཀྱི་དགོན་སྡེ་མང་ཆེ་བར་གྲྭ་བཙུན་གནས་སྡོད་བྱེད་མཁན་མེད་པ་དང༌། གནས་སྡོད་བྱེད་མཁན་ཡོད་ཀྱང་མི་གྲངས་ཆེས་ཉུང་ངུ་ཡིན་པ་མ་ཟད། མི་འདི་དག་ནི་ཆོས་ལུགས་ཀྱི་སྦྱངས་བའང་དམན་པའི་གནས་ཚུལ་འདི་དག་ཐོན་ཡོད་ཀྱང་མི་འགའ་ཞིག་གིས་ད་དུང༌། བོད་ལྗོངས་ལ་དམངས་གཙོ་བཅོས་བསྒྱུར་བྱས་པའི་སྟབས་ཀྱིས་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བཅིངས་འགྲོལ་དང་ཆོས་དད་རང་མོས་ཀྱི་དབང་ཆ་ཐོབ་སྟེ། རང་འདོད་ལྟར་ཁྱིམ་པ་བྱེད་རྒྱུ་བྱུང་བར་བརྟེན། དགོན་སྡེ་ནང་གྲྭ་བཙུན་ཉུང་ངུ་འདི་ཙམ་ཞིག་ལས་ལུས་མེད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། བརྗོད་ཚུལ་འདི་རིགས་ནི་ང་ཚུད་པའི་བརྒྱ་ཆའི་དགུ་བཅུ་ཡན་གྱི་བོད་རིགས་མི་དམངས་ཀྱི་བསམ་བློའི་ཁྲོད་ཁས་ལེན་ཡོང་མི་ཐུབ་པ་ཞིག་རེད།

སྐུ་གསུང་ཐུགས་རྟེན་རྩ་མེད་བཟོ་རྒྱུའི་ཐད།  གཞི་རྩའི་ཐོག་ནས་བརྗོད་ན་སྲུང་སྐྱོབ་བྱས་བའི་གདན་ས་ཆེན་པོ་བཞི་སོགས་དགོན་སྡེ་ཆེས་ཉུང་ཤས་ཤིག་ཕུད།  བོད་ལྗོངས་ཀྱི་དེ་འཕྲོས་ཀྱི་དགོན་པ་དང༌།   རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གྲོང་དང་གྲོང་བརྡལ།  གྲོང་ཁྱེར་བཅས་ཀྱི་ནང༌།  ང་ཚོའི་རྒྱ་བོད་ལས་བྱེད་པའི་ཁྲོད་རྒྱ་རིགས་ལས་བྱེད་པ་ཁག་ཅིག་གིས་ཇུས་འདོན་དང༌།  བོད་རིགས་ལས་བྱེད་པའི་སྐུལ་སློང༌།  ཧུར་བརྩོན་ཅན་ཁྲོད་ཀྱི་གནས་ལུགས་མི་ཤེས་མཁན་ཚོས་ལག་བསྟར་བྱས་ནས་མང་ཚོགས་ལ་ཁ་གཡར་བའམ། མང་ཚོགས་ཀྱི་གདོང་ལྤགས་གྱོན་ནས་སྐུ་གསུང་ཐུགས་རྟེན་སོགས་མེད་པར་བཟོ་བའི་རླབས་རྒྱུན་ཞིག་མཁའ་ལ་འཕྱུར་བ་དང༌།   སྐུ་གསུང་ཐུགས་རྟེན་གྲངས་མེད་མེར་བསྲེགས་པ་དང་ཆུར་བསྐྱུར་བ།  ས་ལ་དབྱུག་ནས་གཏོར་བཤིག་དང་བཞུ་སྦྱངས་སོགས་བྱས་ཡོད།  དགོན་སྡེ་དང་ལྷ་ཁང༌།  མ་ཎིའི་རྡོ་ཕུང༌།  མཆོད་རྟེན་བཅས་ལ་རང་སྣང་གང་ཤར་གྱིས་གླང་ཆེན་སྨྱོན་པས་བརྫིས་བ་ལྟར་གཏོར་བཤིག་བཏང་བ་དང༌།  སྐུ་རྒྱན་དང་སྐུ་འདྲ།  མཆོད་རྟེན་གྱི་རྩ་ཆེའི་གཟུངས་གཞུག་རྣམས་བརྐུས་བ་དང༌།   སྲིད་གཞུང་གི་བསྡུ་ཉོ་ཚན་པ་ཁག་གིས་མདོག་ལྡན་ལྕགས་རིགས་ཉོ་སྒྲུབ་སྐབས།   ཞིབ་ཚགས་ཀྱི་དབྱེ་ཞིབ་བྱ་རྒྱུར་བསམ་གཞིགས་མ་བྱས་པར།  མདོག་ལྡན་ལྕགས་རིགས་ལས་གྲུབ་པའི་སྐུ་བརྙན་དང༌།  མཆོད་རྟེན།  མཆོད་ཆས་བཅས་ཉོ་སྒྲུབ་བྱས་བར་བརྟེན།  དེ་དག་སྐུ་འདྲ་གཏོར་བཤིག་གཏོང་བར་སྐུལ་སློང་གི་རྣམ་པ་ཐོན་པ་སོགས་དགོན་སྡེ་དང་གྲོང་གསེབ་འདི་ཚོའི་གནས་སྟངས་དེ་སེམས་ལྡན་གྱི་མིས་བཟོས་བ་ལྟ་བུ་ཞིག་མིན་པར་སེམས་མེད་ཀྱི་སྒྱོགས་མདེལ་གྱིས་རྨེག་མེད་དུ་བཅོམ་ནས།   དམག་འཁྲུག་ད་ལྟ་རང་མཇུག་བསྒྲིལ་བ་ལྟ་བུར་མིག་ལམ་དུ་བཟོད་དཀའ་བར་གྱུར་ཡོད།
དེར་མ་ཟད་མངོན་སུམ་འཛེམ་མེད་དུ་ཆོས་ལུགས་ལ་དམའ་འབེབས་ཀྱིས།  བཀའ་བསྟན་འགྱུར་གྱི་གསུང་རྟེན་རྣམས་ལུད་རྫས་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཤིང༌།  རྐང་བཙུགས་ཏེ་སྐུ་ཐང་དང་དཔེ་ཆ་མང་པོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆར་སྤྱོད་པ་སོགས་རྒྱུ་མཚན་ཅིའང་མེད་པ་སྨྱོན་པས་ཀྱང་བྱེད་དཀའ་བའི་བྱ་བ་མང་པོ་ཞིག་བྱས་ཡོད་པར་བརྟེན།   རིམ་པ་ཁག་གི་མི་དམངས་རྣམས་ཧང་སངས་ཐག་ཆོད་པ་དང་སེམས་པ་ཟང་ཟིང་ཚད་མེད་བྱུང་ཞིང༌།  ཧ་ཅང་གི་བློ་ཕམ་ཡིད་ཆད་ཀྱིས་མིག་ཆུ་བཏང་སྟེ་བརྗོད་པར།  ང་ཚོའི་ས་ཆ་འདི་ཀླ་ཀློའི་ཡུལ་ཞིག་ཏུ་བསྒྱུར་སོང་སོགས་ཀྱི་སྨྲེ་ངག་འདོན་བཞིན་ཡོད།
 བོད་ལྗོངས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་བློ་ཡུལ་དུ་འཆར་དཀའ་ཞིང་བརྗོད་པར་དཀའ་བའི་གཏོར་བཤིག་འདི་ལྟར་བཏང་ཡོད་ཀྱང༌། མི་འགའ་ཤས་ཤིག་གིས་ད་དུང་དེ་ནི།  རྒྱ་ཆེའི་ངལ་རྩོལ་མི་དམངས་གོ་རྟོགས་སད་ནས་རྩ་མེད་བཟོས་བ་རེད་ཅེས་བརྗོད་པ་འདི་ནི་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་ཤེས་རྟོགས་སྤུ་ཙམ་མེད་པའི་བྱུང་རྒྱལ་གྱི་གཏམ་ཞིག་ཡིན་པར་བརྟེན།   གོང་ཞུས་དང་མཚུངས་པར་རྩ་བ་ནས་ཁས་ལེན་བྱ་ཐབས་བྲལ་བ་ཞིག་རེད།  གོང་གི་གནས་ཚུལ་འདི་དག་གི་ཐོག་ནས། ཆོས་ལུགས་རང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ར་སྤྲོད་ཐུབ་པ་ཞིག་རེད།

དེ་དང་ཆབས་གཅིག་ལས་བྱེད་པས་དབང་ཆ་བེད་སྤྱད་དེ་ཤུགས་ཆེན་དང་མངོན་སུམ་འཛེམ་མེད་ཀྱིས། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སེར་སྐྱ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་གང་བྱུང་གིས་ཐེ་བྱུས་དང་བཙན་ཤེད་ཀྱིས་བཀག་འགོག་བཅས་བྱས་པར་བརྟེན། སེར་སྐྱ་མང་ཚོགས་རྣམས་ཡིད་ཐང་ཆད་ཅིང༌། ཧ་ཅང་འདོད་མོས་མེད་པར་གྱུར་ཡོད། འོན་ཀྱང་མང་ཚོགས་དམ་བསྒྲགས་ཤུགས་ཆེན་བྱས་རྐྱེན། གནས་སྐབས་སུ་དུས་ཡིན་ཐུང་ངུའི་རིང་གཞན་དབང་ཐབས་ཟད་ཀྱིས། ཕྱི་ཚུལ་ཐོག་ཆོས་ལུགས་ལ་དད་པ་ཅུང་ཟད་ཆག་པའི་རྣམ་འགྱུར་ཞིག་མི་སྟོན་ག་མེད་ཆགས་ཡོད་ཀྱང་དེ་ནི་ཨུ་ཚུགས་ཀྱིས་ཐོན་པ་ཞིག་རེད། རང་ཉིད་དད་པ་དང་དགའ་ཞེན་གཏིང་ཟབ་ཡོད་པའི་ནང་ཆོས་ལ་ཉམས་ཆག་ཤུགས་ཆེན་ཕྱིན་པ་མ་ཟད། རང་ཉིད་ལ་དད་པའང་བྱེད་དུ་མ་བཅུག་སྟབས་མི་མང་པོ་ཞིག་གི་བསམ་བློའི་ཐོག་ཆོས་ལུགས་ལ་བརྩེ་དུང་ཇེ་ཟབ་དང་འདུན་པ་ཡང་དེ་སྔ་ལས་ཆེ་རུ་ཕྱིན་ཡོད་པ་རེད། དེར་བརྟེན་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་ལ་འགོག་གནོན་དང་མང་ཚོགས་ཀྱི་འདོད་ཚུལ་ལ་རྒྱབ་འགལ་ཅི་ཙམ་བྱས་པ་དེ་རང་ཉིད་གྲོགས་མེད་ཁེར་རྐྱང་དང་ཕམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུ་ཆགས་ཡོད། འདི་ནི་ཏང་གིས་དུས་རྒྱུན་དུ་མང་ཚོགས་དང་ཁ་བྲལ་བའི་་ཚབས་ཆེ་བའི་བྱ་སྤྱོད་དོར་དགོས་ཞེས་བཀའ་སློབ་གནང་བའིདགོངས་དོན་དང་རྒྱབ་འགལ་བྱས་པ་ཞིག་ཀྱང་རེད། བྱ་བ་འདི་དག་བྱེད་མཁན་ནི་དངོས་ནས་མིག་རྒྱང་ཐུང་ལ་བློ་རྒྱ་ཆུང་ཞིང་འཕྱ་སྨོད་ཀྱི་ཡུལ་ལས་མ་འདས།

གསུམ་པ། དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་དགོན་སྡེའི་གནས་ཚུལ། ༡ དམངས་གཙོ་བཅོས་བསྒྱུར་གོང་དུ་བོད་ལྗོངས་ལ་ཆེ་འབྲིང་ཆུང་གསུམ་གྱི་དགོན་སྡེ་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་ཀྱང༌། དམངས་གཙོའི་བཅོས་བསྒྱུར་རྗེས་སྲིད་གཞུང་གིས་སོར་བཞག་བྱས་པའི་དགོན་སྡེ་བདུན་ཅུ་ལྷག་ཙམ་ལས་མེད་སྟབས། བརྒྱ་ཆ་དགུ་བཅུ་གོ་བདུན་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད། དགོན་པ་མང་ཆེ་བར་སྡོད་མཁན་མེད་རྐྱེན་འདུ་ཁང་སོགས་ལྷ་ཁང་ཁག་དང༌། གྲྭ་ཤག་བཅས་ལ་་བདག་སྐྱོང་བྱེད་མཁན་མེད་པ་དང༌། མི་དང་མི་མིན་གྱི་སྦྱོར་བས་སྐྱོན་ཆག་ཚབས་ཆེན་ཕོག་སྟེ་ཞིག་རལ་དུ་སོང་དང་འགྲོ་བཞིན་ཡོད།

༢ བོད་ལྗོངས་སུ་དེ་སྔ་གྲྭ་བཙུན་གྱི་སྤྱིའི་གྲངས་འབོར་ནི་ཧ་ལམ་ཁྲི་བཅུ་གཅིག་ལྷག་ཡོད་པ་དང༌། དེའི་ཁྲོད་ནས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པ་ཕལ་ཆེར་མི་གྲངས་ཁྲི་གཅིག་དང། ལྷག་འཕྲོས་ཧ་ལམ་ཁྲི་བཅུ་ཡོད། དམངས་གཙོ་བཅོས་བསྒྱུར་མཇུག་སྒྲིལ་རྗེས། དགོན་པར་སྡོད་པའི་གྲྭ་བཙུན་བདུན་སྟོང་ཡོད་པའི་དབང་དུ་བཏང་ཡང་བརྒྱ་ཆའི་དགུ་བཅུ་གོ་གསུམ་ཉུང་དུ་ཕྱིན་ཡོད་པ་རེད།

༣ དགོན་པར་སྡོད་མཁན་གྱི་གྲྭ་བཙུན་རྣམས་ཀྱི་སྤུས་ཚད་ཐད། བཀྲིས་ལྷུན་དགོན་པ་ཅུང་དྲག་ཙམ་ཡོད་པ་ཕུད། དེ་འཕྲོས་དགོན་སྡེ་ཁག་གི་གྲྭ་བཙུན་གྱིས་སྤུས་ཚད་ནི་སྤྱིར་བཏང་ཐོག་ཆེས་དམའ་བོ་ཡིན་པ་དང༌། དགོན་སྡེའི་སོ་སོའི་གྲྭ་བཙུན་ཁྲོད་ཀྱི་ཆོས་ལུགས་ཤེས་ཡོན་ཅན་དང༌། བསླབ་ཁྲིམས་ཉམས་བཞེས་ཀྱི་ཚུལ་མཐུན་གྱི་གྲྭ་བ་མང་ཆེ་བ་ནི་གོང་ཞུས་ལྟར་དམངས་གཙོ་བཅོས་བསྒྱུར་སྐབས་རྡུང་རྡེག་སོགས་ཀྱིས་རྐྱེན་པའི་དགོན་པར་གནས་ཐབས་རྩ་བ་ནས་བྲལ་བས། ཁོ་ཚོ་དགོན་སྡེའི་ནང་མི་སྡོད་པ་དང་ཡང་ན་སྡོད་མཁན་ཆེས་ཉུང་ཤས་ཤིག་ལས་མེད། དོན་དངོས་ཐོག་དགོན་སྡེའི་ངོ་བོ་དེ་ཆོས་ལུགས་ཀྱི་སྒྲིག་འཛུགས་ཡིན་པའི་ནུས་བ་དང་ནང་དོན་བཅས་མེད་པར་གྱུར་ཟིན།

༤ དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་དགོན་སྡེའི་སྒྲིག་འཛུགས་ཐད། དེ་སྔ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བྱུང་བ་དེ་དག་ནི་མེད་པར་བཟོས་ཟིན་པ་དང་བསྟུན། དངོས་གནས་བྱས་ན་དམངས་གཙོ་ཡིན་ཞིང༌། ཆོས་ལུགས་དང་ཆབ་སྲིད་གཉིས་ཀར་ལྟ་རྟོག་བྱེད་ཐུབ་པའི་འཐུས་ཚང་གི་སྒྲིག་འཛུགས་གསར་བ་ཞིག་དགོས་མཁོ་ཆེན་པོ་ཡོད་ཀྱང༌། དོན་དངོས་ཐོག་འདི་ལྟར་བྱུང་མེད། ད་ཆ་བོད་ལྗོངས་ཀྱི་དགོན་སྡེའི་ནང་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་དང༌། དགོན་སྡེ་སོ་སོས་བདག་གཉེར་དང་འགོ་ཁྲིད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དེར་ཡག་ཉེས་ཅི་ཞིག་ཡོད་ཅེ་ན། དེའི་ནང་གི་མི་སྣ་མང་ཆེ་བའམ་ཡང་ན་རྐང་འཛིན་མི་སྣ་རྣམས་ཀྱི་སྤུས་ཚད་ལེགས་ཉེས་ལ་རག་ལས་པ་དང༌། མི་འདི་དག་ནི་དམངས་གཙོ་བཅོས་བསྒྱུར་སྐབས་ཀྱི་ཧུར་བརྩོན་ཅན་གྱི་ནང་ནས་ཐོན་པ་ཞིག་ཡིན་སྟབས། དམངས་གཙོ་བཅོས་བསྒྱུར་སྐབས་ཀྱི་ཧུར་བརྩོན་ཅན་རྣམས་ཀྱི་སྤུས་ཚད་ལེགས་ཉེས་ལ་རག་ལས་ཡོད། ཧུར་བརྩོན་ཅན་རྣམས་ཀྱི་སྤུས་ཚད་ལེགས་ཉེས་འདི་དམངས་གཙོ་བཅོས་བསྒྱུར་སྐབས་ཀྱི་འགོ་ཁྲིད་པ་དང༌། འགན་ཁུར་བའམ་ལས་བྱེད་པ་རྣམས་ཀྱི་སློབ་གསོ་དང་སྐུལ་སློང་གི་ཐབས་ཤེས་ལེགས་ཉེས་ལ་བལྟ་དགོས་བ་ཡིན་ལ། དེའང་དམིགས་ཡུལ་ཅི་འདྲ་ཞིག་བཟུང་ནས་ཧུར་བརྩོན་ཅན་ཅི་འདྲ་ཞིག་གསོ་སྐྱོང་བྱས་ཡོད་པར་བལྟ་དགོས།

  གོང་ཞུས་བཞིན།  ང་ཚོས་དགོན་སྡེ་ནང་གི་ཧུར་བརྩོན་ཅན་ནི་གསར་བརྗེ་དགོས་ལ་ཆོས་ལུགས་ཀྱང་དགོས་མཁན་ཞིག་ཡིན་པར་བསམ་གྱི་ཡོད།  འོན་ཀྱང་ཞིབ་ཕྲའི་ལག་བསྟར་སྐབས།  དེ་ལས་ཡོངས་སུ་ལྡོག་སྟེ་ཐ་ན་དངོས་འབྲེལ་གྱི་གསར་བརྗེ་དགོས་མིན་ལའང་ཞིབ་ཏུ་མི་བལྟ་བར།  སྐབས་མཚམས་ལས་བྱེད་པའི་བཀོད་འདོམས་དང་ལེན་གྱིས་ཁེ་ཉེན་ཅི་ལའང་མི་བལྟ་བར་ལོང་མཆོངས་རྒྱག་མཁན་ཞིག་ཡིན་ཚེ་ཚད་གཞི་དང་མཐུན་པའི་ཧུར་བརྩོན་ཅན་ཞིག་ཏུ་ངོས་བཟུང་བར་བརྟེན།   གྲྭ་བཙུན་རྣམས་ཀྱི་་ཁྲོད་ནས་གནས་ལུགས་མི་ཤེས་བ་དང༌།  ཆོས་ཁྲིམས་འགལ་འཛོལ་དང་ཚུལ་མིན་བྱ་སྤྱོད་ལ་དགའ་མཁན་དང༌།   གཞན་གྱི་རྒྱུ་ནོར་ལ་ཆགས་སེམས་ཀྱིས་འཐབ་རྩོད་བརྒྱུད་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ལེན་འདོད་མཁན།   ལས་དོན་རུ་ཁག་གམ། ལས་བྱེད་པའི་བསམ་དོན་བསྒྲུབས་ཏེ་བརྩི་མཐོང་ཐོབ་ཐབས་བྱེད་མཁན་བཅས་དམངས་གཙོ་བཅོས་བསྒྱུར་འཐབ་རྩོད་ཀྱི་མདུན་གྲལ་དུ་ཐོན་ཡོད་པ་དང༌།  དེའི་ཁྲོད་ཞི་བདེ་གཞན་ཕན་དང་ཁྱད་འཕགས་འཁྲུལ་བྲལ་གྱི་དམ་ཆོས་ལ་སྨྱོ་བ་ལྟར་གྱི་ངོ་རྒོལ་བྱེད་མཁན་རྣམས་གཙོ་བོའི་ཧུར་བརྩོན་ཅན་དུ་བསྐོས་ཏེ།  ལས་དོན་ཁྲོད་དུ་རྐང་འཛིན་གྱི་ནུས་བ་འདོན་དུ་འཇུག་གི་ཡོད་སྟབས།  ང་ཚོའི་ཆོས་ལུགས་དང་དགོན་སྡེའི་གནད་དོན་ལེགས་པོ་མི་ཡོང་བའི་འབྱུང་རྩ་དེར་ཐུག་ཡོད།   དམངས་གཙོ་བཅོས་བསྒྱུར་མཇུག་བསྒྲིལ་རྗེས།   མི་འདི་དག་དགོན་སྡེའི་སོ་སོའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བགྲེས་གཞོན་དང༌།  ཨུ་ཡོན་གྱི་འོས་མིར་བཞག་ནས་གྲྭ་བཙུན་མང་ཚོགས་ལ་འོས་འདེམས་བྱེད་དུ་བཅུག་པ་དང༌།  གྲྭ་བཙུན་མང་ཚོགས་རྣམས་གོ་རྟོགས་མཐོན་པོ་མེད་པར། བསམ་འཆར་ངོ་མ་བཤད་མི་ཕོད་པས།  དམངས་གཙོའི་འོས་འདེམས་ཀྱི་དགོངས་དོན་རྦད་དེ་མངོན་ཐུབ་མེད།

འདི་ལྟ་བུའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གིས་དགོན་སྡེ་ལ་བདག་གཉེར་དང༌། གྲྭ་བཙུན་ལ་འགོ་ཁྲིད་བྱས་ནས་ལས་དོན་མཐའ་དག་ཐག་གཅོད་བྱེད་པ་སོགས་ནི་དགྲ་དགའ་གཉེན་སྡུག་དང༌། རྙོག་དྲ་འཕར་སྣོན་ཡོང་རྒྱུ་ལས་ཕུན་སུམ་ཚོགས་པོ་དང༌། ཞི་འཇགས་དོན་ཕན་སོན་རྒྱུ། མི་སྨོན་རང་སྐྱིད་དང༌། ཏང་གི་མཚན་སྙན་ལ་ཕན་པ་བཅས་ཡོངས་ཐབས་བྲལ་བཞིག་རེད། འདི་ནི་ལེགས་ཉེས་ཀྱི་བླང་དོར་ཤེས་པའི་སྐྱེ་བོ་རྣམས་ཀྱིས་གསལ་བོར་རྟོགས་ཐུབ་པ་ཞིག་རེད། དེའི་ཕྱིར་བོད་ལྗོངས་དགོན་སྡེ་ཁག་གི་དམངས་གཙོའི་བདག་གཉེར་ཨུ་ཡོན་ལྷན་ཁང་ལེགས་པོ་ཡོད་སྲིད་ཀྱང་རེ་གཉིས་ཤིག་ལས་མེད་པ་དང༌། རྒྱ་ཆེའི་གྲྭ་བཙུན་གྱི་བསམ་བློའི་ཐོག་དེའི་ཐད་བརྒྱ་ཆ་དགུ་བཅུ་ཡན་གྱི་བློར་མ་བབ་པར་ངོ་རྒོལ་བྱེད་ཀྱི་ཡོད་རྐྱེན། ལས་དོན་ཐོག་རྙོག་གླེང་མང་པོ་བཟོ་མཁན་འབའ་ཞིག་ཡིན་པར་བརྗོད་ཆོག་པ་རེད། དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་མི་ལ་བལྟས་ནའང་གཞི་རྩའི་ཐོག་འདི་ལྟར་བརྗོད་ཆོག་པ་ཞིག་ཡིན་ཀྱང༌། མི་ངོ་རེའི་་ཐོག་ནས་འདི་ལྟར་བརྗོད་ཚེ་འཚམས་པོ་མེད་ཅིང༌། རིམ་བཞིན་དབྱེ་ཞིབ་ཞིབ་ཚགས་བྱེད་དགོས་པས་དེ་རིང་འདིར་བརྗོད་ཀྱི་མིན།

༥ དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་དགོན་སྡེའི་སྒྲིག་འཛུགས་དང་ལམ་ལུགས་ཐད། དགོན་སྡེའམ་གྲྭ་བཙུན་ཞེས་འབོད་པ་མཐའ་དག་གི་ལས་རིགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དེ་ཡིན་པ་དང༌། གྲྭ་བཙུན་རྣམས་ཆབ་སྲིད་ཐོག་ནས་སྤྱི་འབངས་ཤིག་ཀྱང་ཡིན་སྟབས། ངས་གོང་ཞུས་བཞིན་ཆབ་སྲིད་ཐོག་སྤྱིར་བཏང་གི་སྤྱི་འབངས་དང་འདྲ་བར། ཏང་གི་གཅིག་གྱུར་འགོ་ཁྲིད་ངོས་ལེན་དང་རྩ་ཁྲིམས་ལ་བརྩི་བཀུར། བཙན་རྒོལ་རྒྱལ་གཅེས་སོགས་བྱེད་དགོས་ལ། དེ་མཚུངས་སུ་ཆོས་ལུགས་ཐོག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཤིང༌། སྟོན་པ་ཤཱཀྱ་མུ་ནེས་གསུངས་བའི་དམ་པའི་ཆོས་ཀྱི་དགོངས་དོན་ལྟར་ན། སྟོན་པའི་སྡིག་སྤོང་དགེ་སྒྲུབ་ཀྱི་བསླབ་བྱ་གནང་བ་ལྟར་སྒྲུབ་དགོས་རྒྱུ་བཅས་ནི་བརྗོད་མི་དགོས་བ་ཞིག་རེད། འོན་ཀྱང་བོད་ལྗོངས་ཀྱི་དགོན་སྡེ་དེ་གཡོན་ཐལ་གྱི་འགོ་ཁྲིད་པས་རྨོངས་དད་སེལ་དགོས་ཞེས་པའི་བརྗོད་སྟངས་འོག ཧ་ཅང་ཚབས་ཆེ་བའི་གཡོན་ཐལ་གྱི་བྱ་སྤྱོད་ཀྱིས། ནང་ཆོས་གཞུང་ལུགས་ཀྱི་འཇུག་སྒོའམ་གཞི་རྩར་གྱུར་བའི་ནང་ཆོས་དང་ཕྱི་རོལ་བའི་གྲུབ་མཐའ་བར་གྱི་ཁྱད་པར་འབྱེད་བྱེད་སྐྱབས་འགྲོའང་མེད་པར་བཟོ་རྒྱུའི་གྲས་ལ་བརྩིས་ཤིང༌། གྲྭ་བཙུན་གྱི་བསླབ་པ་དང་འགལ་བའི་བྱ་སྤྱོད་ལ་སྐུལ་སློང་ཁོ་ན་བྱས་ཏེ། བཙན་ཤེད་ཀྱི་སྒོ་ནས་དགེ་སྤོང་སྡིག་སྒྲུབ་ཀྱི་བྱ་ངན་ནང་ཨུ་ཚུགས་ཀྱིས་ཞུགས་སུ་བཅུག་པ་དང༌། དེའི་ནང་ཞུགས་པའི་མི་རྣམས་ལ་ཡར་ཐོན་པ་དང་ཧུར་བརྩོན་པའི་གཟི་བརྗིད་ཀྱི་མིང་དང་དམིགས་བསལ་གྱི་བལྟ་རྟོགས་སོགས་ཐོབ་ཀྱི་ཡོད་པར་བརྟེན། དགོན་སྡེ་དེ་དག་ནི་དགེ་སྒྲུབ་ཀྱི་གནས་ཤིག་ནས་སྡིག་སྒྲུབ་ཀྱི་གནས་ཤིག་ཏུ་བསྒྱུར་བ་དང་སྒྱུར་མུས་སུ་ཡོད།

    ༦ དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་དགོན་སྡེའི་གྲྭ་བཙུན་གྱི་སྤྱོད་ལམ་ཐད།  མ་གཞི་ཆོས་ལུགས་དང་ཆབ་སྲིད་གང་ཐད་ནས་མི་རྣམས་ཡིད་དབང་འགུག་ཐུབ་པའི་ཁྲིམས་མཐུན་ལུགས་མཐུན་དང༌།  ཡིན་ལུགས་ཚུལ་ལྡན་གྱི་སྤྱོད་ལམ་ཞིག་དགོས་རྒྱུ་ཐེ་ཚོམ་རྩོད་གླེང་སྤུ་ཙམ་ཡང་མེད་པ་ཞིག་རེད།  འོན་ཀྱང་བོད་ལྗོངས་དགོན་སྡེའི་ཁྲོད་དུ་འདི་ལྟ་བུ་ཞིག་བྱེད་ཐབས་མེད་པ་མ་ཟད།  གོང་ཞུས་གནས་ཚུལ་འོག་ཕྱིན་ཅི་ལོག་པའི་བྱ་བ་ཤ་སྟག་ལས་གཞན་ཅི་ཡང་ཡོད་མི་སྲིད།  དམངས་གཙོའི་བཅོས་བསྒྱུར་རྗེས་ཀྱི་གྲྭ་བཙུན་གྱི་སྤྱོད་ཚུལ་ཐད་དཔེ་མཚོན་གྱི་གནས་ཚུལ་འགའ་ཞིག་བརྗོད་ན།   དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བགྲེས་གཞོན་དང་ཨུ་ཡོན་རྣམས་ཀྱིས་འཆལ་སྤྱོད་ཆང་འཐུང་སོགས་བག་མེད་ལོངས་སྤྱོད་དང༌།  སྡོམ་ཁྲིམས་དང་འགལ་བར་ཅི་མི་སྙམ་པར། མངོན་སུམ་འཛེམ་མེད་ཀྱིས་དགོན་སྡེའི་ནང་བུད་མེད་དང་གཉེན་སྒྲིག་པ་དང་སྐྲ་བསགས་ཆས་བསྒྱུར་སོགས་བྱེད་ཀྱི་ཡོད་ལ།  ཆེས་ཚུལ་འགལ་གྱི་བྱ་བ་རྣམས་སོ་སོས་བྱས་པ་ཙམ་མ་ཟད་གྲྭ་བཙུན་མང་ཚོགས་ལའང་དེ་ལྟར་བྱེད་རྒྱུའི་སྐུལ་སློང་བྱས་ཏེ་སྤྱོད་ཚུལ་ཕྱིན་ཅི་ལོག་ཤ་སྟག་བྱས་སྟབས།   མི་རྣམས་ལ་ད་ལྟའི་གྲྭ་བཙུན་གྱི་སྤྱོད་པ་མི་ལེགས་ཚུལ་མང་དུ་སྒྲགས་ཏེདམའ་འབེབས་སྣ་ཚོགས་བྱེད་དུ་བཅུག་གོ།

༧ དགོན་སྡེའི་ལས་འགན་གྱི་སྐོར་ལ། དགོན་སྡེ་དང་གྲྭ་བཙུན་རྣམས་ཀྱི་སོ་སོའི་དམིགས་གསལ་གྱི་ལས་འགན་ནི། ཆོས་ལུགས་གཙོ་བོའི་བྱེད་སྒོ་འཐུས་ཤོར་དུ་མི་འགྲོ་བ་དང་ཆབས་ཅིག་སྤྱིར་བཏང་གི་བྱེད་སྒོའི་ཐོག་ལ་འངའཐུས་ཤོར་དུ་མི་འགྲོ་བའི་བཀོད་སྒྲིག་དང༌། དེ་བཞིན་དུ་ཆབ་སྲིད་ལ་སློབ་སྦྱོང་བྱས་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས་ཀྱིས་དགྲ་གཉེན་གྱི་དབྱེ་མཚམས་འབྱེད་ཤེས་པ་བྱས་ཏེ་གྲལ་རིམ་གྱི་ངོས་འཛིན་འཐུས་ཚང་ཞིག་ཡོང་བ་བྱེད་རྒྱུ་དེ་རེད། འདི་གཉིས་གཞི་རྩར་བཟུང་ཐོག་ནས་ཆོས་ལུགས་ཆེད་གཉེར་བྱེད་རྒྱུ་དང། ངལ་རྩོལ་ནང་ཞུགས་རྒྱུར་དཀའ་ངལ་ཡོད་མཁན་རིགས་ཕུལ། དེ་འཕྲོས་ཀྱི་ངལ་རྩོལ་བྱེད་ཐུབ་པའི་གྲྭ་བཙུན་རྣམས་རྒྱལ་ཁབ་དང་མི་དམངས་ཀྱི་ཁུར་བོ་ཇེ་ཉུང་དུ་གཏོང་སླད་འོས་མཚམས་ཀྱི་ཐོན་སྐྱེད་ནང་ཞུགས་ནས་རིམ་བཞིན་རང་ཁ་རང་གསོ་ཡོང་བ་བྱེད་རྒྱུ་དེ་ནི་ཡང་དག་པ་ཞིག་རེད། འོན་ཀྱང་དོན་དངོས་ཐོག་དགོན་སྡེ་ཁག་ནང་གི་རྩ་བ་གསུམ་ཡང་དོར་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་ནི་ཉིན་མོའི་སྐར་མ་ལྟར་ཉུང་ཞིང་འཐུས་ཚང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཧ་ལམ་མེད་པར་གྱུར་ཡོད།

ཆབ་སྲིད་སློབ་སྦྱོང་ཡང་གནད་ལ་འཁེལ་ཞིང་དོན་ཕན་ལྡན་པ་ཞིག་བྱུང་མེད། ཐོན་སྐྱེད་དེ་བྱ་བ་ཐམས་ཅད་ཀྱི་གཙོ་བོར་བཟུང་ནས། གྲྭ་བཙུན་རྒན་གཞོན་རྣམས་དང་ཚུལ་མཐུན་གྱི་དགེ་འདུན་པ་རྣམས་ལ་ཚད་ལས་བརྒལ་བའི་ངལ་རྩོལ་བྱེད་དུ་བཅུག་རྐྱེན། མི་འདི་དག་ནི་དེ་སྔ་ངལ་རྩོལ་བྱས་མྱོང་མེད་སྟབས་བཟོད་པར་དཀའ་བའི་གནས་ལ་གྱུར་ཞིང༌། ཐོན་སྐྱེད་བྱས་པའི་འབྲས་བུའང་དེ་ཙམ་ཞིག་ལས་ཡོང་ཐབས་མེད་པར་གྱུར། ང་ཚོས་དགོན་སྡེར་ཐོན་སྐྱེད་ནན་བཤད་དང༌། མཐོང་ཆེན་བྱེད་དགོས་ངེས་ཡིན་པ་བསམ་བཞིན་ཡོད་མོད། དགོན་སྡེའི་རྩ་བའི་ངོ་བོ་ནི་ཐོན་སྐྱེད་ཀྱི་ཚན་པ་མིན་སྟབས། དེ་གཙོ་བའི་ལས་འགན་དུ་བཞག་ན་མི་འགྲིག་ལ། སོ་སོའི་ལས་རིགས་གཙོ་བོར་བཟུང་བའི་ཐོག་ནས་ལས་འགན་གྱི་གཙོ་ཕལ་དབྱེ་དགོས། གལ་སྲིད་འདི་ལྟར་མ་བྱས་པ་ཡིན་ན། དགོན་སྡེའི་ནང་སྡོད་དུ་བཅུག་པའི་གྲྭ་བཙུན་རྣམས་དགོས་བ་སྤུ་ཙམ་ཡང་མེད་པར་ཆགས་ངེས་རེད། དཔེར་མཚོན་ཙམ་བརྗོད་ན། ལས་ཁུངས་ཀྱི་ལས་བྱེད་དང༌། དམག་དཔུང༌། དེ་བཞིན་སློབ་མ་རྣམས་གལ་སྲིད་ཞིང་བ་དང་གཅིག་མཚུངས་ཀྱིས་ཐོན་སྐྱེད་བྱེད་དུ་བཅུག་ཚེ། ཁོ་རང་ཚོས་སོ་སོའི་ལས་འགན་དེ་སྒྲུབ་ཐུབ་མེད་པར་གྱུར་བ་དང༌། ལས་རིགས་དབྱེ་འབྱེད་ཀྱི་དོན་སྙིང་ཡང་མེད་པར་གྱུར་ཡོད་པའི་དེ་དག་ནི་གནས་ལུགས་གཅིག་མཚུངས་རེད། ད་ལྟ་ཞུས་པའི་དགོན་སྡེའི་གནས་ཚུལ་གྱི་དོན་ཚན་བདུན་ལས་དམངས་གཙོ་བཅོས་བསྒྱུར་རྗེས་ཀྱི་བོད་ལྗོངས་ཀྱི་དགོན་སྡེའི་ནི་ཅི་འདྲའི་ཉེན་ཚབས་ཆེ་བའི་གནས་སུ་ལྷུང་ཡོད་པ་ཤེས་ཐུབ།

  བཞི་བ། དམངས་གཙོའི་བཅོས་བསྒྱུར་རྗེས་ཆོས་ལུགས་ཀྱི་མདུན་ལམ་ཅི་ལྟ་བུ་ཞིག་ལ་བསྒྱུར་བའི་སྐོར།  འཇིག་རྟེན་གྱི་ཁམས་འདིར་གནས་བ་མཐའ་དག་སྐད་ཅིག་ཉིད་ལ་མི་སྡོད་པར་འཇིག་པའི་རང་བཞིན་ཅན་མ་གཏོགས།  མི་འགྱུར་བ་དང་མི་འཇིག་པའི་ངང་གནས་ཐུབ་པ་ནི་གཅིག་ཀྱང་མེད་པ་རེད།  དེའི་ཕྱིར་བསྟན་པ་ཡུན་དུ་གནས་བའང་དུས་ཚོད་ཀྱི་ཚད་འཛིན་ཞིག་ཡོདཔ་རེད།  དེ་ནི་བྱམས་དང་སྙིང་རྗེའི་བདག་ཉིད་སྟོན་པ་ཤཱཀྱ་མུ་ནེས་གསལ་བོར་གསུངས་ཟིན་པ་ཞིག་རེད།  འོན་ཀྱང་ང་ཚོ་བོད་ལྗོངས་ལ་ཆ་བཞག་ན།   རིམ་པ་ཁག་གི་སེར་སྐྱ་མི་དམངས་ཀྱིས་སངས་རྒྱས་བསྟན་པ་ཧ་ཅང་གི་དད་ཞེན་ཡོད་པ་དང༌།  མང་ཚོགས་ཀྱི་འཚོ་བའི་ནང་ཆོས་ལུགས་ཀྱིས་མེདཐབས་མེད་པའི་གནས་བབ་བཟུང་ཡོད་པ་མ་ཟད།  ཆོས་ལུགས་ཀྱི་ངོ་བོའང་ཞི་བདེ་གཞན་ཕན་ཡིན།  བོད་ལྗོངས་ནང་ཆོས་ཀྱི་འཆད་ཉན་ཐོས་གསུམ་ལ་རྨང་གཞི་བརྟན་པོ་ཞིག་ཡོད་པའི་སྐབས།  ཆེད་དུ་ཆོས་ལུགས་མེད་པར་བཟོ་བ་ནི་ཆེས་མི་འགྲིག་པ་ཞིག་དང༌།  ཧ་ཅང་ཚབས་ཆེ་ལ་ཤིན་ཏུ་ཐབས་རྡུག་ཤིག་རེད།    དཔེར་ན། མི་རྒས་ནས་ཤི་བ་ནི་སྤྱིར་བཏང་གི་ཆོས་ཉིད་ཅིག་རེད།  གལ་ཏེ་གཅེས་སུ་རུང་ཞིང་དགོས་མཁོ་ཡོད་ལ་ལུས་སྟོབས་རྒྱས་བའི་ཉེས་མེད་ཀྱི་གཞོན་ནུ་ཞིག་སྲོག་བཅད་པ་ཡིན་ན་ཅི་ལྟར་ཆགས་སམ།  དེ་དང་མཚུངས་བར་ནང་ཆོས་ལ་ཉམས་ཆག་ཤུགས་ཆེན་བྱུང་སྟེ་རྩ་མེད་དུ་འགྲོ་བའི་གནས་སུ་གྱུར་བའི་གནས་ཚུལ་འདིར།   ང་ཚོ་བོད་རིགས་ཡོངས་སུ་རྗོགས་པའི་སེམས་ཀྱིས་མི་བཟོད་པའི་རྒྱུ་རྐྱེན་ཡང་འདིར་གཏུགས་ཡོད་པ་རེད།
     དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན།  དམངས་གཙོ་བབཅོས་བསྒྱུར་རྗེས་གྲྭ་བཙུན་ཡོད་པའི་དགོན་སྡེ་ཁག་ནང༌།  རྒྱུན་ཚོགས་དང་ཆོས་ཐོག་དུས་མཆོད་བཅས་ཕལ་མོ་ཆེ་གཞི་རྩའི་ཐོག་མཚམས་ཆད་པ་དང༌།  འདུས་ཚོགས་དང་རྩོད་གྲྭའང་མེད་པར།  མདོ་སྔགས་གཞུང་ལུགས་ཀྱི་འཆད་རྩོད་དང༌།  འཁྲིད་ཀློག   བཀའ་ལུང་གནང་བ།  བསྟན་བཅོས་འབྲི་རྩོམ།  དབང་བསྐུར་རྗེས་གནང༌།  སྒོམ་སྒྲུབ་ཉམས་ལེན།  དཀྱིལ་འཁོར་འབྲི་བཞེངས༌།   ཚེས་བཅུའི་སྨོན་ལམ།  ལྔ་མཆོད་ཆེན་མོ།  གཟབ་གསོལ་ཆེན་མོ།  གར་འཆམ་དང་ཞི་དྲག་སྦྱིན་བསྲེགས།  གཏོར་རྒྱག་སོགས་རྒྱུན་ལྡན་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་གཞི་རྩའི་ཐོག་ནས་མེད་པར་སོང་ཟིན་སྟབས།  འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་ནི་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་སོང༌།   དེས་མ་ཚད་ཆོས་ལུགས་ཐོག་མཁྱེན་རྒྱ་ཅན་རྣམས་རིམ་བཞིན་འདས་གྲོངས་སུ་སོང་ཞིང༌། ཆོས་ཀྱི་བྱེད་སྒོ་རྣམས་མཚམས་ཆད་པ་དང༌།  འཁྲིད་རྒྱུན་ཉམས་པར་བརྟེན་གསར་བུ་རྣམས་གསོ་སྐྱོང་བྱ་ཐབས་མེད་པས།  འདི་ནི་བོད་ལྗོངས་སུ་དར་ཞིང་རྒྱས་བའི་ནང་ཆོས་ཀྱི་འཆད་ཉན་ཐོས་བསམ་རྩ་མེད་འགྲོ་ལ་ཉེ་ཞིང༌།  ང་དང་བརྒྱ་ཆ་གོ་དགུ་ཡན་གྱི་བོད་རིགས་ཚང་མས་བཟོད་ཐབས་མེད་པ་ཞིག་རེད།
 ལྔ་བ།  དམངས་གཙོའི་བཅོས་བསྒྱུར་རྗེས་ཀྱི་སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་སྐོར།  ཐོག་མར་ངས་བོད་དུ་ཆོས་ལུགས་ཀྱིས་གནས་བབ་ཅི་ཞིག་བཟུང་བའི་སྐོར་རོབ་ཙམ་གླེང་རྒྱུ་ཡིན། ང་ཚོ་བོད་རིགས་ཀྱི་ནང་ཆོས་ལ་དད་པ་བྱས་ནས་ཧ་ལམ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཡོད་པ་དང༌།  ཆོས་ལུགས་ཀྱི་རིག་གཞུང་ཧ་ཅང་དར་རྒྱས་ཆེ་སྟབས།  བོད་མིའི་ལྟ་སྤྱོད་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད།  དེར་བརྟེན་ཕྱི་རོལ་གྱི་བྱ་དངོས་ཡོངས་རྫོགས་ཀྱི་ལེགས་ཉེས་ངོས་འཛིན་ཐད་ཚང་མ་ཆོས་ལུགས་ཀྱི་ལྟ་བ་དང་ངོས་འཛིན་ལ་བརྟེན་ནས་འགྱུར་བ་ཡོང་གི་ཡོད།  དུས་མཚུངས་སུ་མི་སྒེར་དང༌།  ཡང་ན་ཁྱིམ་ཚང་ངམ།  གྲོང་ཚོའམ།  ཚོ་ཤོག་གམ།  དེ་བཞིན་བོད་ལྗོངས་ཡོངས་རྫོགས་ཡིན་ནའང་འདྲ།  གལ་སྲིད་སྐྱིད་སྡུག་ལེགས་ཉེས་ཀྱི་དོན་ཆེ་ཆུང་གང་ཞིག་བྱུང་རུང་ཆོས་ལུགས་ཀྱི་བྱེད་སྒོ་དང་ཁ་བྲལ་ཐུབ་མེད་པ་ཞིག་རེད།  དཔེར་ན། མི་སྒེར་ཐོག་ནས་བརྗོད་ན།  སྐྱེ་རྒ་ན་འཆི་དང་བར་ཆད་ཆག་སྒོ།  གཉེན་སྡེབ་གྲོགས་སྒྲིག་དང༌།  བསླབ་པ་སློབ་གཉེར།  འཚོ་བའི་ཐོན་སྐྱེད།  བྱ་བའི་འགོ་འཛུགས་སོགས་བྱེད་སྒོ་ཡོངས་རྫོགས་དང༌།  དེ་བཞིན་ལུས་ངག་ཡིད་གསུམ་གྱི་ཐོག་ལ་བདེ་སྡུག་ལེགས་ཉེས་ཅི་ཞིག་བྱུང་རུང༌།   ཐམས་ཅད་དཀོན་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་གྱིས་རྐྱེན་ངན་བར་ཆད་ཞི་ཞིང་་བསམ་དོན་འགྲུབ་པར་བྱེད་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་དང་ཁ་བྲལ་མེད་པ་ཞིག་རེད། ཁྱིམ་ཚང་གཅིག་ནས་བོད་ལྗོངས་ཡོང་བར་འདི་ལྟར་ཡིན་པས། བོད་ལྗོངས་སུ་ཆོས་ཀྱི་འཚོ་བ་ནི་གནད་དོན་ཆེ་ཆུང་ཚང་མར་མེད་དུ་མི་རུང་བའི་གལ་ཆེའི་འཚོ་བ་ཞིག་ཆགས་ཡོད།   ཅེས་ཚིག་ཐག་བཅད་ནས་བརྗོད་ཆོག

འོན་ཀྱང་དམངས་གཙོའི་བཅོས་བསྒྱུར་རྗེས། སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་ནང་དོན་དངོས་ཐོག་བྱུང་བའི་གནས་ཚུལ་ནི། རྩ་མེད་དང་མཚམས་ཆད་ལ་ཉེ་བའི་ཤིན་ཏུ་ཚབས་ཆེ་བའི་གནས་སུ་གྱུར་ཡོད་པ་སྟེ། ཁང་ཐོག་གི་དར་ལྕོག་རྣམས་བཀོག་པ་དང༌། ལུས་སྟེང་དུ་གའུ་དང་སྲུང་མདུད་འདོགས་སུ་མི་འཇུག་པ། ཁྱིམ་ནང་གི་སྐུ་གསུང་ཐུགས་རྟེན་ཀྱངསྦས་དགོས་པ། མངོན་སུམ་དུ་ཁ་དོན་དགེ་སྦྱོར་དང་བསངས་གསོལ་བྱེད་མི་ཕོད་པ། གནས་ཆེན་ཁག་དང༌། སྐུ་འདྲ་མཆོད་རྟེན་འགངས་ཆེན་སོགས་ལ་མཇལ་སྐོར་ཕྱག་མཆོད་དང༌། དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་སོགས་ཚོགས་བསགས་དགེ་སྦྱོང་གི་བྱ་བ་ཀུན་སྒྲུབ་སྟབས་མེད་པའམ་སྒྲུབས་ཐབས་མེད་པར་གྱུར་ནས༌། ནད་ཀྱིས་མནར་ཚེ་རིམ་གྲོ་མི་བྱེད་པ་དང༌། ཚེ་ལས་འདས་ཚེ་བསྔོ་སྨོན་མི་བྱེད་པ་སོགས་ཆགས་ཡོད། དཔེར་ན་ང་ཚོ་བོད་མིའི་གོམས་གཤིས་ལ་མི་ཞིག་ཚེ་ལས་འཕོས་རྗེས་བསྔོ་སྨོན་མ་བྱས་ཚེ་གཤིན་པོ་དེ་ལ་གུས་བརྩི་མེད་པའམ་སྙིང་རྗེ་མེད་པའི་ཐ་ཤལ་གྱི་བྱ་བ་ཞིག་ལ་ངོས་འཛིན་གྱི་ཡོད། དེའི་ཕྱིར་སྐབས་ཤིག་མི་རྣམས་ཀྱིས་བརྗོད་དོན། ང་ཚོ་འཆི་རྒྱུ་ཕྱིས་དྲགས་འདུག གལ་ཏེ་དེ་ལས་སྔ་ཙམ་ཤིག་ལ་ཤི་ཡོད་ཚེ་བསྔོ་བ་སྨོན་ལམ་ཞིག་ཐོབ་རྒྱུ་རེད། ད་ལྟ་ཤི་ན་ཁྱི་ཤི་བ་དང་འདྲ་བར་དབུགས་ཆད་མ་ཐག་སྒོའི་ཕྱིར་གཡུག་གི་ཡོད་པ་རེད། ཅེས་བརྗོད་པའི་སྐྱོ་སྡུག་གི་སྨྲེ་ངག་འདི་གཅིག་པུ་ལས་ཤེས་པ་ཞིག་རེད། རེ་རེ་བཞིན་ཞིབ་པར་ཞུས་ཚེ་དུས་ཚོད་མི་འདང་བས་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་བརྗོད་ནས་འགྲིག་པར་བྱེད།

དྲུག་པ། ཆོས་དད་རང་དབང་གི་གནས་སྟངས་སྐོར། བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་སྐབས་དང༌། དེའི་རྗེས་སུ་བྱུང་བའི་དགོན་སྡེའི་གནས་ཚུལ་དང༌། ཆོས་ལུགས་མདུན་ལམ་གྱི་གནས་ཚུལ། དེ་བཞིན་སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་གནས་ཚུལ་སོགས་ཀྱི་ཐད། ཕྲན་ནས་ད་ལྟ་གོང་དུ་ཅུང་ཆ་ཚང་བའི་སྒོ་ནས་གླེང་ཟིན་པའི་རྩ་དོན་རང་བཞིན་ལྡན་པའི་གནས་ཚུལ་ལྟར། བོད་ལྗོངས་སུ་དོན་དངོས་ཐོག་བྱུང་བའི་བྱ་བ་མང་པོའི་ཐོག་ནས་མཐོང་ཐུབ་པ་ཞིག་ལ། ངས་ན་ནིང་ཕྱི་ལོ་༡༩༦༡ལོར་ཙུང་ལི་ཁྱེད་ལ་སྙན་སེང་ཞུས་པའི་བོད་དུ་དེ་སྔ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་པ་ལས། ཆོས་ལ་དད་པ་མི་བྱེད་པའི་རང་དབང་ནི་མེད། དམངས་གཙོའི་བཅོས་བསྒྱུར་རྗེས་ནས་བཟུང༌། ཆོས་ལ་དད་པ་མི་བྱེད་པའི་རང་དབང་འདང་ངེས་ཡོད་པ་དང༌། ཆོས་ལ་དད་པ་བྱེད་པའི་རང་དབང་མེད་པའམ། ཡང་ན་གྲུབ་གཟུགས་ཙམ་ལས་མེད་ཅེས་བརྗོད་པ་འདི་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་དང་རྦད་དེ་མཐུན་ཡོད་པར་ཐག་བཅད་ཆོག་པ་ཞིག་རེད།

དེའི་ཕྱིར་ཏང་གི་ཆོས་དད་རང་མོས་བྱེད་ཆོག་པའི་ཡང་དག་པའི་སྲིད་ཇུས་དང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལེའུ་གསུམ་པའི་སྤྱི་འབངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་ཞེས་པའི་དོན་ཚན་བརྒྱད་ཅུ་གྱ་བརྒྱད་པའི་ནང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ཅེས་གཏན་འབེབས་ཁ་གསལ་བྱས་ཡོད་པ་དེ་ང་ཚོ་བོད་རིགས་ས་ཁུལ་ལ་ལག་བསྟར་ཕྱེད་ཙམ་ཞིག་ལས་བྱས་མེད་པ་ནི། ཏང་གི་ཡང་དག་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱབ་འགལ་གྱི་ཚབས་ཆེའི་བྱ་སྤྱོད་ཅིག་རེད། ང་ཚོས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྤྱི་འབངས་ཡོངས་ལ་ཁྱབ་པའི་ཉི་མ་ཞིག་ཡིན་དགོས་བ་ལས། ཕྱོགས་གཅིག་ལ་ཁྱབ་པའི་ཉི་མ་ཞིག་མིན་པར་བསམ་གྱི་ཡོད། དེའི་ཕྱིར་ཆོས་དད་རང་དབང་ཟེར་བ་དེ་ཆོས་དད་མི་བྱེད་མཁན་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་ཁོ་ན་མིན་པར། ཆོས་དད་པ་ཚོར་ཡང་གཅིག་མཚུངས་ཀྱི་སྲུང་སྐྱོབ་བྱེད་དགོས། ཆོས་ལ་མི་དད་མཁན་ཚོས་ཆོས་དད་རང་དབང་གི་ཁྲིམས་ལུགས་ལ་ཁ་གཡར་ནས་ཆོས་དད་བྱ་རྒྱུར་བཀག་འགོག་དང་གནོད་སྐྱོན་བཏང་བ་ཡིན་ཚེ། དེ་ནི་ཁྲིམས་འགལ་གྱི་ཚབས་ཆེའི་བྱ་སྤྱོད་ཅིག་དང་འཛམ་གླིང་སྟེང་གི་ཁྲིམས་ལུགས་ཤེས་མཁན་ཚང་མས་མཁྱེན་རྟོགས་ཐུབ་པ་ཞིག་རེད།

  ཆོས་ལ་དད་མོས་བྱེད་པར་དགོན་སྡེ་དང༌།  དགེ་འདུན།  སྐུ་གསུང་ཐུགས་རྟེན་དང༌།  དེ་བཞིན་ཆོས་ལུགས་བྱེད་སྒོ་ཆེ་འབྲིང་ཆུང་གསུམ་ཚང་མ་མེད་དུ་མི་རུང་བ་ཞིག་རེད།  གལ་ཏེ་འདི་དག་མེད་པར་བཟོས་ཚེ་ཆོས་དད་དང་ཆོས་ལུགས་སྤེལ་ཐབས་མེད་པ་ནི་ཀུན་གྱིས་མཁྱེན་གསལ་རེད།  དཔེར་ན། མི་ཞིག་ལ་ཁྱེད་རང་གིས་ཟ་མ་ཡག་པོ་ཟོ་ཞེས་བརྗོད་དེ།  ཁོའི་མདུན་གྱི་བཟའ་བཅའ་རྣམས་འཁྱེར་སོང་ན་མི་འདིས་ཅི་ཞིག་བཟའ་འམ། འདི་ནི་གཅིག་མཚུངས་ཀྱི་གནས་ལུགས་ཤིག་རེད།  རྒྱུ་མཚན་འདི་དག་གི་རྐྱེན་པས་བོད་ལྗོངས་ཀྱིས་གཙོས་བའི་བོད་རིགས་ས་ཁུལ་ཡོངས་ལ་དམངས་གཙོའི་བཅོས་བསྒྱུར་ནས་བཟུང་ཆོས་ལུགས་དང་ཆོས་དད།  དེ་བཞིན་དགོན་སྡེའི་གནད་དོན་བཅས་བ་རྩ་བ་ནས་ལེགས་པོ་སྤེལ་ཐུབ་མེད་ཅེས་བའི་བརྗོད་ཚུལ་དང་ལྟ་ཚུལ།  ངོས་འཛིན་བཅས་བར་གཞི་འཛིན་ས་ཡོད་པ་ཞིག་ལས་བསམ་བཞིན་ཁག་དཀྲི་དང་བསྙོན་འཛུགས་སྐུར་འདེབས་བྱས་བ་ཞིག་མིན་ཞེས་བརྗོད་ཆོག
 དེའི་ཕྱིར་བོད་མི་ཡོངས་ཀྱི་ནང་བསམ་གཞིགས་བྱེད་མི་ཤེས་བའི་བྱིས་པ་རྣམས་ཕུད།  དེ་འཕྲོས་ཀྱི་རིམ་པ་ཁག་གི་མི་དམངས་དང༌།  བརྒྱ་ཆའི་དགུ་བཅུ་ཡན་གྱི་སྐྱེ་བོ་ཀུན་ཆེས་ཧང་སངས་བ་དང་ཧོན་ཐོར་དགོས་བ་བྱུང་བས།  ད་ལྟ་བོད་མི་རྣམས་ལ་ནང་ཆོས་ཀྱི་སྐོར་གླེང་མ་ཐག རང་དབང་མེད་པར་སེམས་ཤིན་ཏུ་སྐྱོ་སྟེ་མིག་ཆུ་གཏོང་བཞིན་སྡུག་བསྔལ་གྱི་སྨྲེ་ངག་འདོན་པ་སོགས་ཀྱི་གནས་ཚུལ་ནི་ཧ་ཅང་ཚབས་ཆེ།  དེའི་ཕྱིར་དེ་རིང་ཕྲན་ནས་སྒེར་སེམས་དོར་ཏེ་ཏང་གི་མཚན་སྙན་དང་མི་དམངས་ཀྱི་འདོད་བློ་གཞིར་བཟུང་ནས།  གནས་ལུགས་རྣམས་ཕྱོགས་སུ་མ་ལྷུང་བར་ལྷུག་པོར་བརྗོད་ཡོད།  འོན་ཀྱང་མི་འདིས་བརྗོད་པ་ལྟར་ན་གནས་ཚུལ་དངོས་མ་ཡིན་ཤེས་ཆེ་ལ་དོན་དངོས་ཡིན།  དེ་མིན་བོད་རིགས་གྲོགས་པོ་མང་པོས་འདི་ལྟར་བརྗོད་མྱོང་མེད་སྟབས།  ཡང་སྙིང་བརྗོད་མཁན་ང་ཡིན་སྙམ་ནས་དོགས་པ་ཏན་ཏན་འབྱུང་ངེས་བ་ཞིག་རེད།  དེ་ནི་མི་མང་ཆེ་བར་རང་སྲུང་བག་ཟོན་གྱི་བསམ་བློ་ཞིག་ཡོད་པ་དང༌།   དེ་བཞིན་དེ་སྔ་མཐོང་ཐོས་སུ་གྱུར་བའི་ཉམས་མྱོང་གི་ཐོག་ནས་སྐྱོན་ཆ་དང་ནོར་འཁྲུལ་རྣམས་དམར་རྗེན་དུ་བརྗོད་ཕོད་ཀྱི་མེད་སྟབས།  སྐྱོན་ཆ་དང་ནོར་འཁྲུལ་རྣམས་དམར་རྗེན་དུ་བརྗོད་མཁན་གྱི་གྲོགས་པོ་མེད་པ་ནི་དོན་དངོས་ཀྱི་གནས་ཚུལ་དང་རྦད་དེ་མཐུན་པ་ཞིག་དང༌།  ཆེས་རྒྱུན་ལྡན་ཞིག་ཡིན་པ་ལས་ཡ་མཚན་བྱེད་དགོས་དོན་མེད།  བློ་ཕངས་བ་ཞིག་ལ་ད་ལྟ་འཛམ་གླིང་སྟེང་མིའི་བསམ་བློའི་ནང་མནོ་བསམ་ཅི་ཞིག་གཏོང་གི་ཡོད་མེད་མཐོང་ཐུབ་པའི་འཕྲུལ་ཆས་ཤིག་མེད་ལ།  གལ་ཏེ་འཕྲུལ་ཆས་དེ་འདྲ་ཞིག་ཡོད་ན་བོད་རིགས་ཀྱི་སེམས་ཁམས་ལ་བལྟ་ཙམ་བྱས་ཚེ་ཧ་ཅང་གི་ངོ་མཚར་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་གྱི་རེད།

罢稗拜︽车稗︽搬兵拜︽斑﹀

脆︽地罢邦︽宝︽鼻半﹀

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་ཆེ་ཆུང་མང་བོ་མཉམ་རུབ་བྱས་བའི་རྒྱལ་ཁབ་ཆེནཔོ་ཞིག་ཡིན་པར་མ་ཟད། ང་ཚོ་ཀྲུང་གོ་གསར་བ་དབུ་བརྙེས་བ་ནས་བཟུང་སྟོབས་ཤུགས་ཆེ་བའི་མི་རིགས་ཀྱིས་སྟོངས་ཤུགས་ཆུང་བའི་མི་རིགས་ལ་གཉའ་གནོན་བྱེད་པ་དང༌། སྔོན་ཐོན་མི་རིགས་ཀྱིས་རྗེས་ལུས་མི་རིགས་ལ་མཐོང་ཆུང་བྱེད་པ་སོགས་རིང་དུ་དོར་ཏེ། འདྲ་མཉམ་བདེ་སྐྱིད་ཀྱི་ལམ་བུ་བརྒྱུད་ཕན་ཚུན་སྤུན་ཟླ་ལྟར་གྱི་མཐུན་སྒྲིལ་དང་ཤ་ཁྲག་འདྲེས་པའི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ནི། མི་རིགས་སོ་སོའི་རིམ་པ་ཁག་གི་མི་དམངས་ཀྱིས་མཆོག་ཏུ་གྱུར་བའི་དགའ་ཞེན་བྱ་ཡུལ་ཞིག་ཏུ་གྱུར་ཏེ། དེ་སྔ་ལོ་རྒྱུས་ཐོག་མི་རིགས་ཁག་དབར་ཕན་ཚུན་གཉའ་གནོན་དང་འཕྲོག་བཅོམ། མཐོང་ཆུང་གིས་ཕན་ཚུན་དོགས་ཟོན་དང་ཁོང་ཁྲོ་སོགས་བློ་ཕམ་གྱི་གནད་དོན་མང་པོ་ཞིག་བྱུང་བ་རྣམས་གཙང་སེལ་བྱས་དང་བྱེད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་གསར་བ་ཞིག་བཙུགས་དང་འཛུགས་བཞིན་ཡོད་པས་མི་རིགས་གནད་དོན་དེ་རྩ་བའི་ཐོག་ནས་འགྱུར་ལྡོག་ཕྱིན་ཡོད་པ་རེད། རྙིང་བ་དང་གསར་བ། གཉའ་གནོན་དང་འདྲ་མཉམ། འཁོན་འཛིན་དང་མཛའ་མཐུན་བཅས་ཀྱི་དབྱེ་མཚམས་ཕྱེས་ཤིང། འབྲེལ་བ་གསར་བ་ཞིག་དང་མཐུན་སྒྲིལ་གསར་བ་ཞིག་བྱུང་སྟེ། ཀྲུང་ཧྭ་མེས་རྒྱལ་གྱི་ཡངས་པའི་ས་གཞིའི་ཐོག་མི་རིགས་ཁག་གི་མི་རྣམས་ལ་དགའ་དགའ་སྤྲོ་སྤྲོ་དང༌། བློ་བདེ་བག་ཕེབས། མི་སྨོན་རང་སྐྱི་ད་ཀྱི་མེ་ཏོག་མཉམ་བརྒྱ་བཞད་པའི་བཀྲག་མདངས་འཚེར་བའི་རྣམ་པ་ཞིག་ཐོན་ཡོད།

ཀྲུང་གོ་གུང་ཁྲན་ཏང་དང༌། མའོ་ཀྲུའུ་ཞིའི་འགོ་ཁྲིད་ཀྱི་དར་དམར་འོག ཀྲུང་ཧྭ་མི་རིགས་ཁག་གི་མི་དམངས་ཡོངས་རྫོགས་རྡོ་རྗེའི་ལྷུན་པོ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བློ་གཅིག་སེམས་གཅིག་དང༌། ཡིད་ཆེས་ལྡབ་འཕར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད། རང་གི་མེས་རྒྱལ་འདི་བཟོ་ལས་དང་ཞིང་ལས། ཚན་རིག་དང་རིག་གནས། རྒྱལ་སྲུང་སོགས་ཕྱོགས་གང་ཐད་ནས་མྱུར་དུ་དེང་རབས་ཅན་དུ་བསྒྱུར་ཆེད། ཏང་གིས་བཏོན་པའི་རླབས་ཆེན་གྱི་བྱ་བ་དར་དམར་གསུམ་བསྒྲེངས་ནས། དེ་སྔ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་རྣམས་ལེགས་སྒྲུབ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཁ་དང་གྲུབ་འབྲས་ཆེན་པོའང་ཐོབ་དང་ཐོབ་བཞིན་ཡོད་པ་རེད། དུས་མཚུངས་སུ་མའོ་ཙེ་ཏུང་གི་དགོངས་པས་དྲག་ཆས་སྤྲས་ནས་ཡར་ལངས་ཐོབ་པའི་མི་དམངས་དུང་ཕྱུར་དྲུག་དང་བྱེ་བ་ལྔའི་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱི་ཁུ་ཚུར་དེ། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་སྤྱི་དགྲ་ཨ་རི་བཙན་རྒྱལ་རིང་ལུགས་པ་གཙོས་བའི་ས་གཞི་རིལ་བོའི་སྟེང་གི་ལོག་སྤྱོད་པ་རྣམས་ཀྱི་མགོ་ཐོག་ཏུ་ཁ་གཏད་པས། ཁོ་ཚོས་གང་བྱུང་གིས་བྱ་ངན་སྤེལ་མི་ཕོད་པར་གྱུར་ཡོད། ཏང་དང་མའོ་ཀྲུའུ་ཞིའི་འགོ་ཁྲིད་འོག་ཀྲུང་གོ་གསར་བའི་མི་རིགས་ཁག་གི་གཞོམ་གཞིག་བྲལ་བའི་མཐུན་སྒྲིལ་ཆེན་པོས་རང་རྒྱལ་ནང་ཁུལ་གྱི་ལས་དོན་ཁག་ནང་གཞི་རྩའི་རང་བཞིན་གྱི་ནུས་བ་ཤུགས་ཆེན་ཐོན་པར་མ་ཟད། འཛམ་གླིང་གི་ཡར་ཐོན་དང་གསར་བརྗེ་བྱ་གཞག་ལའང་འཐབ་ན་མི་རྒྱལ་བ་མེད་པའི་ནུས་བ་དང་ཉམས་པ་མེད་པའི་མཛད་རྗེས་ཤིག་བསྐྲུན་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང༌། རྒྱལ་ཁ་ཐམས་ཅད་ཀྱི་འགན་ལེན་ཞིག་ཀྱང་ཡིན་པའི་རླབས་ཆེན་གྱི་བདེན་དོན་འདི་སླར་ཡང་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་ཅིག་བྱུང་བ་རེད། རླབས་ཆེན་གྱི་མཐུན་སྒྲིལ་གསར་བ་འདི་རིགས་ནི་ཏང་དང་མའོ་ཀྲུའུ་ཞིའི་སྲིད་ཇུས་དང༌། ལྷག་པར་དུ་མི་རིགས་སྲིད་ཇུས་ལས་བྱུང་བའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་རེད།

ང་ཚོའི་མེས་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང༌།  མི་རིགས་ཀྱི་མཐུན་སྒྲིལ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་སྟབས།  རིམ་པ་གོང་འོག་ཚང་མས་གནད་དེ་ཤེས་དགོས་བ་མ་ཟད།  དེ་མཚུངས་ཀྱི་ལས་དོན་སྒྲུབ་དགོས་རྒྱུའང་ཆེས་གལ་ཆེན་ཞིག་རེད།  ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་སྲོལ་དང༌།  རྒྱལ་ཁབ་ཀྱི་རྩ་ཁྲིམས།  གཙོ་འཛིན་མའོ་ཀྲུའི་ཞིའིགསུང་རྩོམ།  དེ་བཞིན་དེ་མིན་གྱི་གལ་ཆེའི་ཡིག་ཆ་ཁག་མང་པོའི་ནང་མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་མཐུན་སྒྲིལ་སྐོར་མང་པོ་གླེང་ཡོད།  འདི་དག་ནི་རྦད་དེ་ཡང་དག་མཁས་མཛངས་དང༌།  ཚིག་དོན་ཟབ་ལ་མིང་དོན་མཚུངས་བ་ཞིག་ཡིན་པ་མ་ཟད།  དོན་དང་ལྡན་པ་ཞིག་ཡིན་པའང་ཁས་ལེན་ངོས་འཛིན་བྱེད་ཀྱི་ཡོད།
དུས་མཚུངས་སུ་ཏང་གིས་རྒྱུན་དུ་སློབ་སྟོན་གནང་བ་ལྟར།  མི་རིགས་ཀྱི་མཐུན་སྒྲིལ་ལེགས་པར་སྤེལ་ཆེད།  ཐོག་མར་ལོ་རྒྱུས་ཐོག་མི་རིགས་ཁག་གི་དབང་བསྒྱུར་གྲལ་རིམ་གྱིས་བཟོས་པའི་སྟོབས་ཆེན་མི་རིག་ས་ཀྱིས་ཉམས་ཆུང་མི་རིགས་ལ་གཉའ་གནོན་འཕྲོག་བཅོམ་བྱས་པའི་དབང་གིས།  ཉམས་ཆུང་མི་རིགས་ལ་མི་རིགས་ཀྱི་ལར་ཞེན་དང་རང་སྲུང་གི་བསམ་པ་ཤུགས་ཆེ་རུ་ཕྱིན་ནས།  རང་ཉིད་ལ་གཉའ་གནོན་དང་འཕྲོག་བཅོམ་བྱེད་མཁན་ཚོར་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཕན་ཚུན་དབར་དམག་འཁྲུག་མང་པོ་བྱུང་ཡོད་པ་རེད།  དེ་བཞིན་སྔོན་ཐོན་མི་རིགས་ཀྱིས་རྗེས་ལུས་མི་རིགས་ལ་མཐོང་ཆུང་དང་བརྙེས་བཅོས་བྱས་སྟབས།  སེམས་གཅོང་བསགས་པ་སོགས་ཀྱི་གནད་དོན་སྣ་ཚོགས་བྱུང་སྟེ།   མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་ནང་མི་རིགས་གཞན་དག་ལ་བློ་དོགས་དང་ཁོང་ཁྲོ་ཡོད་པ་སོགས་མི་རིགས་མཐུན་སྒྲིལ་དང་མི་རིགས་ཀྱི་འབྲེལ་བར་དགོས་ངེས་དང་འོས་མཚམས་མིན་ལ།  ཚད་གཞི་མི་གཅིག་པའི་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་སོགས་ལ་ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་དང་དཀའ་སྤྱད་འབད་བརྩོན་གྱིས་བྱ་སྤྱོད་ངོ་མའི་ཐོག་ནས་རིམ་བཞིན་སེལ་དགོས།  ཆབས་ཅིག་འབྱོར་མེད་གྲལ་རིམ་གྱི་འགོ་ཁྲིད་འོག་དང༌།  བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞིའི་སྟེང༌།  མི་རིགས་ཀྱི་འབྲེལ་བ་གསར་བ་དང་མཐུན་སྒྲིལ་གསར་བ་ཞིག་འཛུགས་དགོས། 

འདི་ནི་མི་རིགས་ལས་དོན་མཁན་ཙམ་མ་ཟད་ལས་བྱེད་པ་ཡོངས་རྫོགས་ཀྱིས་ལྷོད་གཡེངའཐུས་ཤོར་གཏོང་མི་ཉན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་པོ་ཞིག་རེད། དེ་མཚུངས་རྒྱུན་རིང་བོར་རྙོག་འཛིང་ཆེ་བའི་དཀའ་ངལ་གྱི་གནས་ཚུལ་ལ་འཐབ་རྩོད་བྱས་ཏེ། མཐར་ལོ་རྒྱུས་ཐོག་ལྷག་པའི་མི་རིགས་དབར་གྱི་བསམ་བློའི་ནང་གི་བག་ཆགས་ངན་པ་ཐམས་ཅད་གཙང་སེལ་མཐར་ཕྱིན་པ་བཟོས་ནས། རིམ་བཞིན་མི་རིགས་ཁག་རྣམས་སྤུན་ཟླ་ངོ་མ་ཞིག་ཏུ་འགྱུར་བ་བྱེད་དགོས། ང་ཚོས་འཛུབ་སྟོན་འདི་དག་ནི་རྦད་དེ་ཡང་དག་པ་ཞིག་དང་ཚང་མ་འགག་རྩའི་རང་བཞིན་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། མི་རིགས་འབྲེལ་བ་ཡག་པོ་བཟོས་ཏེ། མི་རིགས་སོ་སོའི་མི་དམངས་རྣམས་འོ་ཆུ་འདྲེས་པ་བཞིན་ཕན་འབྲས་བཟང་པོ་ཞིག་ཐོབ་རྒྱུ་དང༌། འབྲེལ་བ་བཟང་པོ་ཞིག་ཆགས་ཏེ་རྒྱལ་ཁབ་བཟང་པོ་ཞིག་ཆགས་རྒྱུ་ནི་ང་ཚོ་མི་རིགས་ཡོངས་ཀྱི་ལས་འགན་ཞིག་ཡིན་པ་མ་ཟད། ཚང་མས་དགའ་སྤྲོའི་ངང་ལེགས་སྒྲུབ་བྱེད་དགོས་པའི་བཀྲ་ཤིས་པའི་དོན་ཆེན་ཞིག་ཀྱང་རེད། དེར་བརྟེན་མི་རིགས་ཁག་དང་མི་རིགས་ཁག་གི་མི་རེ་ངོ་རེས་ངེས་པར་དུ་རང་ཉིད་ཀྱི་ནུས་པ་ཡོངས་རྫོགས་འབུལ་དགོས་ངེས་རེད།

འོན་ཀྱང་བྱ་བ་འདིའི་བྱས་རྗེས་སམ། འཇོན་ཐང་ངམ། གྲུབ་འབྲས་ཀྱི་ཆེ་ཆུང་ཐད་ནས་བརྗོད་ཚེ། སྟོབས་ཤུགས་ཆེ་བའི་སྔོན་ཐོན་མི་རིགས་ཀྱིས་གཙོ་བོ་བྱེད་དགོས་པ་རེད། དེའི་ཕྱིར་ལོ་རྒྱུས་ཐོག་ནས་བཞག་པའི་གནད་དོན་མི་ལེགས་པ་མང་ཆེ་བ་ནི། སྟོབས་ཤུགས་ཆེ་བའམ་སྔོན་ཐོན་མི་རིགས་ཀྱི་དབང་བསྒྱུར་གྲལ་རིམ་གྱི་ངན་འབྲས་ལས་བྱུང་བའི་ལུགས་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་ཉམས་ཆུང་ངམ་རྗེས་ལུས་མི་རིགས་ཀྱི་མི་རྣམས་ལ་མི་འདོད་པ་ཞིག་བཟོས་ཏེ། མི་རིགས་ཁག་དབར་རིམ་བཞིན་ཕན་ཚུན་དོགས་ཟོན་དང༌། ཁོང་ཁྲོ་སོགས་མི་ལེགས་པའི་རྒྱུ་རྐྱེན་ཞིག་གྲུབ་ཡོད། ད་ལྟ་འདི་དག་མེད་པར་བཟོ་དགོས་སྐབས། ཐོག་མར་དེའི་རྒྱུ་རྐྱེན་མེད་པར་བཟོས་ཚེ་འབྲས་བུ་ནི་རང་བཞིན་གྱིས་ཐོན་མི་སྲིད་པ་ཞིག་ཡིན་པ་ནི་སྤྱིར་བཏང་གི་ཆོས་ཉིད་ཅིག་རེད། དེར་བརྟེན་གནད་དོན་འདིའི་སྐོར་ལ་མི་རིགས་ཆེན་པོ་རྣམས་ཀྱིས་ནན་ཏན་དང་ཧུར་བརྩོན་གྱིས་སྒྲུབ་དགོས་པ་ཞིག་རེད། གཞི་རྩའི་ཐོག་ནས་བརྗོད་ན་མི་རིགས་ཆེན་པོའི་རིང་ལུགས་ལ་ཕར་རྒོལ་གྱི་ངོ་བོ་ལྡན་ཡོད་ལ། ས་གནས་མི་རིགས་རིང་ལུགས་ལ་འགོག་སྲུང་གི་ངོ་བོ་ལྡན་ཡོད། གལ་ཏེ་ཕར་རྒོལ་མེད་པ་ཡིན་ན། འགོག་སྲུང་ནི་རིམ་བཞིན་མེད་པར་འགྱུར་རྒྱུ་རེད། དེ་གཉིས་ཀྱི་དབར་ལ་རྒྱུ་འབྲས་ཀྱི་ངོ་བོ་ཞིག་ལྡན་ཡོད།

ང་ཚོ་བོད་ལྗོངས་ལ་མཐུན་སྒྲིལ་གྱི་མིག་དཔེར་འོས་པའི་སྒྲུང་ཞིག་ཁྱབ་ནས་ཡོད་པ་ནི་མཐུན་པ་སྤུན་བཞིའི་སྒྲུང་ཡིན། སྒྲུང་འདིའི་ནང་སྲོག་ཆགས་ཆེ་ཆུང་བཞིས་རང་ཉིད་ཀྱི་འཇོན་ཐང་ཆེ་ཆུང་ལ་མི་གཞིགས་པར་རྒན་གཞོན་གྱི་གོ་རིམ་ལྟར་བྱ་དང་རི་བོང༌། སྤྲེའུ། གླང་ཆེན་སོགས་རིམ་པ་བཞིན་བསྒྲིགས་ནས་སྲོག་ཆགས་ཆེ་བས་ཆུང་བ་ལ་གུས་བཀུར་གྱིས་ཕྲག་ལ་ཁུར་ཡོད་པ་བྲིས་ཡོད། དེ་ལ་གཏིང་ཟབ་པའི་མཐུན་སྒྲིལ་ཚད་ལྡན་གྱི་དོན་སྙིང་ཞིག་ལྡན་ཡོད་པ་རེད། སྲོག་ཆགས་བཞི་བོ་འདིས་རང་སོ་སོའི་ནུས་ཤུགས་ལ་མ་བལྟས་བར་རྒན་བཀུར་གཞོན་སྐྱོང་དང་སྟོབས་ཤུགས་ཆེ་བས་ཆུང་བར་གཅེས་སྐྱོང་བྱས་པའི་རྐྱེན་གྱིས། ཁོ་ཚོ་ལྷན་དུ་འཛོམས་ཤིང་སུས་ཀྱང་ཁ་འབྲལ་ཐབས་མེད་པར་གྱུར་ནས། ཞི་བདེ་མཛའ་མཐུན་དང༌། དྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་བཞིན་ཡོད་པ་དེས་མི་སྨོན་རང་སྐྱིད་ཀྱི་ཁྱད་དུ་འཕགས་པའི་ལོ་རྒྱུས་ཀྱི་མིག་དཔེ་ཞིག་བཞག་ཡོད་པ་རེད། ཏང་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཀྱང་འདི་དང་རྦད་དེ་མཚུངས། གལ་ཏེ་ལས་བྱེད་པས་ལས་དོན་དངོས་ཀྱི་ནང་འདི་དང་རྒྱབ་འགལ་བྱས་ཚེ། དེ་ལས་བྱུང་བའི་ངན་འབྲས་ཀྱིས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་འཚོ་བ་དེ་རིམ་བཞིན་རྩ་མེད་དུ་འགྲོ་རྒྱུ་ལས་གཞན་ཅི་ཡང་མེད།

  ང་ཚོ་བོད་ལྗོངས་ནི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་སྟབས།  མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་འབྲེལ་བ།  མི་རིགས་ཀྱི་མཐུན་སྒྲིལ་བཅས་ཀྱིས་ང་ཚོའི་ལས་དོན་ཁྲོད་ཆེས་གལ་ཆེའི་གོ་གནས་བཟུང་ཡོད།  འདིར་ཅུང་ཟད་གླེང་ན།  བོད་ལྗོངས་ནི་ཀྲུང་ཧྭ་མེས་རྒྱལ་གྱི་མངའ་ཁོངས་སུ་མི་ལོ་བརྒྱ་ཕྲག་ཁ་ཤས་སོང་ཡོད་ཀྱང༌།  དབང་བསྒྱུར་བྱེད་ཐབས་དང༌།  ནང་སྲིད་ཀྱི་སྐྱོང་སྟངས་དེ་མེས་རྒྱལ་ནང་ཁུལ་གྱི་གྲངས་ཉུང་མི་རིགས་གཞན་དག་དང་མི་འདྲ་བས།  རིམ་པ་སོ་སོའི་མི་མང་ཆེ་བར་བོད་རིགས་ཀྱི་ལྟ་བ་ཤུགས་ཆེ་ཞིང་མེས་རྒྱལ་གྱི་ལྟ་བ་ཤུགས་ཆུང༌།  ཀྲུང་དབྱང་གིས་བོད་ལྗོངས་ལ་དམིགས་བསལ་གྱི་ལྟ་སྐྱོང་ཆེ་ཙམ་ཞིག་ཡོང་བའི་རེ་འདོད་ཤིན་ཏུ་ཆེ་ཞིང་གནས་ཚུལ་རྙོག་འཛིང་ལྡན།  ཕྱི་རྒྱལ་དང་འདབས་འབྲེལ་གྱི་ས་མཚམས་རིང་བ།  བཙན་རྒྱལ་རིང་ལུགས་པ་དང༌།  རྒྱ་གར་ལོག་སྤྱོད་ཕྱོགས་ཁག་གིས་མ་རུང་ཁོག་བཅུག་གིས་བོད་འདི་མེས་རྒྱལ་ལས་ཁ་བྲལ་གཏོང་རྩིས་དང༌།  ཐབས་ཤེས་ཡོད་རྒུ་དང༌།  ཉིན་མཚན་དབྱེར་མེད་ཀྱིས་བྱ་བ་ངན་པ་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་སོགས།  བོད་ལྗོངས་ལ་མེས་རྒྱལ་ནང་ཁུལ་གྱི་མི་རིགས་ཁག་གཞན་དག་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་ཆེན་པོ་ཞིག་ཡོད།  འོན་ཀྱང་གོང་ཞུས་བཞིན་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ཚུན།  ཏང་དང་མའོ་ཀྲུའུ་ཞི་དང༌།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་ཀའི་འགོ་ཁྲིད་འོག་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་དང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་སྟངས་འཛིན་འོག  བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་དང༌།  རྒྱ་རིགས་ལས་བྱེད་གཙོས་བའི་མི་རིགས་ཁག་གི་ལས་བྱེད་པ་མང་ཆེ་བའི་གཞི་རྩའི་ཐོག་བོད་རིགས་དང༌།  མི་དམངས་ལ་གཉའ་གནོན་དང་འཕྲོག་བཅོམ།  མཐོང་ཆུང་སོགས་དོར་ཞིང་བློ་གཅིག་སེམས་གཅིག་གིས་བོད་ལྗོངས་མི་དམངས་ལ་དོན་བཟང་གྲངས་ལས་འདས་བ་བསྒྲུབས་ཏེ།  མི་དམངས་ཀྱི་ཞབས་ཞུ་བ་བཟང་བོ་ཞིག་ཏུ་གྱུར་ཡོད་པས།  རིམ་བཞིན་བོད་རིགས་མི་དམངས་ཀྱི་ཐེ་ཚོམ་དང་རྣམ་རྟོགས་སོགས་སེལ་བ་དང༌།  མང་ཚོགས་ཀྱིས་རྒྱ་མི་གསར་བ་འདི་དག་དེ་སྔའི་རྒྱ་མི་དང་མི་འདྲ་བར།  ཁོ་ཚོས་ང་ཚོ་བོད་རིགས་ལ་ཧ་ཅང་ལེགས་པོ་བྱེད་ཀྱི་འདུག་ཨང་ཞེས་བརྗོད་ཀྱི་ཡོད་པ་དང༌།  དཔེ་མཚོན་འདི་དག་གི་ཐོག་ནས་བོད་རིགས་མི་དམངས་ཀྱིས་རྒྱ་བོད་མི་རིགས་ཀྱི་འབྲེལ་བའི་ལྟ་ཚུལ་དང་ངོས་འཛིན་ལ་རྩ་བའི་འགྱུར་ལྡོག་སོང་ཡོད་པ་རགས་ཙམ་མཚོན་གྱི་ཡོད།
 ལྷག་པར་དུ་ཕྱི་ལོ་༡༩༥༩ལོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་སུ།  མི་རིགས་ལས་དོན་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་དུས་རབས་གསར་བ་ཞིག་ལ་སླེབས་ཤིང༌། མི་རིགས་ཀྱི་གནད་དོན་གྱི་རྩ་བའི་ཆའམ་ཁྱོན་ཡོངས་ནས་བཤད་ན་ཧ་ཅང་ཡག་པོ་ཡོད་པ་རེད།  འདི་ནི་ངལ་རྩོལ་མི་དམངས་དང་མི་རིགས་ཀྱི་དགྲ་བོ་སྟེ་ངོ་ལོག་ཟིང་འཁྲུག་པ་ལས་རྣམ་པར་རྒྱལ་ནས།   མིའི་རིགས་འཕེལ་རྒྱས་ལ་ཚབས་ཆེན་གྱི་བཀག་འགོག་བྱེད་པའི་ཆེས་མུན་ནག་དང་ཆེས་གདུག་རྩུབ།  ཆེས་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དང༌།  ཞིང་བྲན་བདག་པོའི་གྲལ་རིམ་རྩ་མེད་མཐིལ་ཕྱིན་བཟོས་ཤིང༌། བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཡན་མངའ་བདག་ཆེན་པོ་གསུམ་གྱི་དབང་བསྒྱུར་འོག་ནས་བཅིངས་འགྲོལ་ཐོབ་པ་དང༌།  ཁོ་ཚོ་ཡར་ལངས་ཏེ་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས་རང་ཁྱིམ་རང་བདག་གི་དབང་ཆ་ཐོབ་ཡོད་པ་རེད།  བོད་ཀྱི་ཆབ་སྲིད་དང༌།  དཔལ་འབྱོར།  རིག་གནས་སོགས་ལའང་འཕེལ་རྒྱས་འགྲོ་ངེས་སྟབས།  བོད་ཀྱི་ས་ཁུལ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཡོངས་རྫོགས་འགོ་གསར་པ་ཞིག་ཚུགས་པ་རེད།  འོ་ན་འདི་ལས་ལྷག་པའི་བཀྲ་ཤིས་བ་ཞིག་དང་གལ་འགངས་ཆེ་བ།  དེ་ལས་ལེགས་པོ་ཞིག་ཡོད་སྲིད་དམ།  ཡིན་ནའང་གལ་སྲིད་ཅུང་ཞིབ་ཚགས་ཀྱིས་སྒོ་ནས་མི་རིགས་ལས་དོན་ཁྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་བརྗོད་དགོས་ཚེ།  མི་རིགས་ཀྱི་ལས་དོན་ནང་དུའང་སྐྱོན་ཆ་དང་ནོར་འཁྲུལ་ཡོད་པ་རེད།
༡  ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཐད།  བོད་ལྗོངས་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་ཏང་དང་མེས་རྒྱལ།  གསར་བརྗེ་དང་མི་དམངས་ལ་རྒྱབ་གཏོད་བྱས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ནི།  ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ཟེར་བཞིན་བོད་རིགས་ས་ཁུལ་མང་ཆེ་བའི་ནང་སྐུལ་སློང་བྱས་ཡོད་པ་ཞིག་དང་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པ་ཞིག་རེད།  དེའི་ཕྱིར་མེས་རྒྱལ་གྱི་གཅིག་གྱུར་དང་གསར་བརྗེ་ཁེ་ཕན།  མི་དམངས་ཀྱི་བདེ་སྐྱིད་བཅས་ལ་སྲུང་སྐྱོབ་ཆེད།  ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་ནི་ཧ་ཅང་ཡང་དག་པ་ཞིག་རེད།  ངོ་ལོག་ཟིང་འཁྲུག་ཞོད་འཇགས་སྐབས།  གོང་དུ་ཞུས་བ་བཞིན་གནས་སྟངས་ལ་བརྟག་དཔྱད་མཐར་ཕྱིན་པ་བྱེད་དགོས་བ་དང༌།  དབྱེ་མཚམས་ཞིབ་ཅིང་ཕྲ་ལ་ནན་ཏན་ཞིག་ཡོང་བ་བྱེད་དགོས་བ་དེ་ནི་གལ་ཆེན་པོ་ཞིག་རེད།  འོན་ཀྱང་ལས་བྱེད་པ་འགའ་ཞིག་གམ།  དམག་དཔོན་འགའ་ཤས་ཀྱིས་ཏང་གི་སྲིད་ཇུས་ཤེས་རྟོགས་ལེགས་པོ་མ་བྱུང་བའམ།  ཡང་ན་ཤེས་རྟོགས་ཅུང་ཟད་ཡོད་ཀྱང་ལག་བསྟར་ཡག་པོ་བྱས་མེད་རྐྱེན། བོད་རིགས་ནང་གི་ལོག་སྤྱོད་པ་དང་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེ་ཁག་ཅིག་གི་གལ་ཆེན་གྱི་ནག་ཉེས་ལ་ཁོང་ཁྲོ་ཤུགས་ཆེན་པོ་སྐྱེས་ནས།  བོད་རིགས་ཡོངས་ལ་ཁ་གཏད་ཆོག་པ་དང༌།   ད་དུང་བོད་རིགས་ནི་ཆོས་ལུགས་དད་མོས་དང་མི་རིགས་ཀྱི་ལ་རྒྱར་མགོ་འཁོར་བའི་མཁྲེགས་བཟུང་གི་མི་རིགས་ཤིག་རེད་ཅེས་བརྗོད་པ་དང༌།  བོད་རིགས་ལ་མི་དགའ་བ་དང་ངན་སེམས་བཅངས་ནས་བོད་རིགས་ལ་མཐོང་ཆུང་བྱས་ཏེ།  མི་རིགས་ཀྱི་ཁྱད་ཆོས་ལ་བཙན་གནོད་བྱེད་པ་སོགས་བྱུང་ཡོད།  མི་འདི་དག་གི་བསམ་བློ་གཏོང་སྟངས་དང་ལྟ་སྟངས་ནི་རྒྱུ་མཚན་གང་ཡང་མེད་པ་ཞིག་རེད།
 ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན། རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས་ལ་དད་འདུན་དང་ཤ་ཚ།  ལར་ཞེན་ཆེན་པོ་ཞིག་ཡོད་ངེས་བ་མ་ཟད།  དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་བའི་མི་མང་པོ་ཡོད།

༢ དམངས་གཙོའི་བཅོས་བསྒྱུར་དང་བསྐྱར་ཞིབ་སྐབས། ལས་བྱེད་པའི་ནང་གི་གཡོན་ཐལ་བ་དང༌། ཧུར་བརྩོན་ཅན་ཁྲོད་ཀྱི་གནས་ལུགས་མི་ཤེས་མཁན་ཚོའི་བྱ་སྤྱོད་ཀྱི་རྐྱེན་པས། མི་རིགས་ཀྱི་ཁེ་དབང་དང་ཁྱད་ཆོས་ལ་གནོད་འཚེ་འགའ་ཞིག་ཕོག་ཡོད་པ་རེད། ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་བོད་མི་རིགས་ཀྱི་སྐད་ཡིག་དང་རྒྱན་གོས། ཡུལ་སྲོལ་གོམས་གཤིས་བཟང་བོ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་དག་ཀྱང་གསར་བརྗེ་ལས་དོན་ཁྲོད་ཀྱི་གཏོར་བཤིག་ཆེན་པོ་དང༌། ཐེར་འདོན་ཆེན་པོ། འཛུགས་སྐྲུན་ཆེན་པོ་གསུམ་ཟེར་བའི་འོག་རྙིང་བ་ཐམས་ཅད་ནི་རྗེས་ལུས་ཡིན་པ་དང༌། སྐྱུག་བྲོ་བ། བེད་སྤྱོད་མེད་པ་བཅས་ལ་ངོས་འཛིན་བྱས་ཤིང༌། དོན་དངོས་སུ་དགོས་མཁོ་ཡོད་མེད་ལ་དབྱེ་བ་མ་ཕྱེས་བར་ཚང་མ་མཉམ་བསྲེས་ཀྱིས་གཏོར་བཤིག་གཏོང་དགོས་བའི་རླུང་ཡན་སྤེལ་ནས་བོད་རིགས་ལ་སྣང་ཆུང་དང༌། བོད་ཆས་ལ་ཟུར་ཟ་བྱས་ཏེ། རྒྱུ་ཆ་འཕྲོ་བརླག་དང༌། གྱོན་སྐབས་སྟབས་བདེ་མེད་ལུགས་སྒྲོག་པ་དང༌། བུད་མེད་ཀྱི་རྒྱན་ཆ་དང་སྐྱེས་བའི་རལ་བ་ལའང་དགའ་བོ་མེད་པའི་རྣམས་འགྱུར་བསྟན་སྟབས་མུ་མཐུད་ཉར་འཇོག་བྱེད་ཐབས་མེད་པར་གྱུར་བ་རེད། ཁང་བའི་རྩིག་གྱང་ལ་དཀར་རྩི་བྱུགས་པ་དང༌། ཁང་སྟེང་གི་དར་ལྕོག གཉེན་སྟོན་འདས་མཆོད། མཆོད་མཇལ་དང་ལྷ་གསོལ། དུས་ཆེན་སྤྲོ་སྐྱིད་དང༌། དམངས་ཁྲོད་ཀྱི་ལུས་རྩལ་སོགས་ཀྱང་ཕན་མེད་ལྷག་རོར་བརྩིས་བའི་རྐྱེན་གྱིས་མང་ཆེ་བ་མཚམས་འཇོག་བྱས་བ་སོགས་འདིའི་རིགས་ནི་རེ་རེ་བཞིན་བརྗོད་དཀའ་བ་དང་ཐམས་ཅད་བརྗོད་པའི་དགོས་བའང་མེད་པས་མུ་མཐུད་བརྗོད་ཀྱི་མིན། མི་རིགས་ཀྱི་ཡི་གེ་དང༌། རྒྱན་གོས། ཡུལ་སྲོལ་གོམས་གཤིས་བཟང་བོ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོའི་གལ་ཆེའི་རང་བཞིན་དེ་ངས་འོག་ཏུ་གླེང་ཆོག

 ༣ དམངས་གཙོའི་འཚོ་བ་འཐུས་ཚང་མེད་པར།  ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་དགོས་བའི་མི་རིགས་ཀྱི་ཁེ་དབང་ཁག་ལ་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་ནན་མོ་བྱས་མེད་པས།  ལས་བྱེད་པའི་ནང་གི་མི་རིགས་ཆེན་པོའི་བསམ་བློ་ཡོད་མཁན་གྱིས་རང་ཉིད་དཔེ་ཟླ་བྲལ་བར་རློམས་ཤིང༌།  ང་རྒྱལ་ཁེངས་དྲེགས་དང༌།  རང་ཤེས་ཚ་བོ།  རང་རིགས་ལ་ཕྱོགས་ཞེན་དང༌།  བོད་རིགས་ཀྱི་ཁྱད་ཆོས་ལ་སྣང་ཆུང་དང༌།  བོད་རིགས་ཀྱི་ཁེ་དབང་ལ་བཙན་གནོན།  ཐ་ན་བོད་ཀྱི་ཁེ་དབང་དང་ཁེ་ཕན་བརྗོད་མཁན་རྣམས་ལ་ས་གནས་མི་རིགས་རིང་ལུགས་ཀྱི་ཞྭ་མོ་གཡོགས་པ་སོགས་བྱེད་ཀྱི་ཡོད།  བོད་རིགས་ནང་དུའང་མགོ་བདེ་ཁ་མཁས་དང༌།  སྐབས་འཚོལ་སྟབས་བསྟུན།  སྒེར་དོན་གཙོ་ཉེར།  མི་རིགས་ཆེན་པོའི་རིང་ལུགས་པའི་མདུན་དུ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་ཁ་ཤས་ཡོད་སྲིད།
 གོང་གསལ་གྱི་རིགས་མི་འདྲ་བའི་མི་ཁག་གཉིས་ཁྱུ་འབྲེལ་ནས་དོན་དངོས་དང་ཁ་བྲལ་བའི་རྙོག་དྲ་དུ་མ་བཟོས་བ་དང༌།  ང་ཚོ་རྒྱ་བོད་མི་རིགས་གཉིས་ཀྱི་ཤ་རུས་ལྟར་ཁ་བྲལ་ཐབས་མེད་པའི་མཐུན་སྒྲིལ་བཟང་བོར་གནོད་འཚེ་གཏོང་གི་ཡོད་པ་རེད།  རང་སྐྱོང་ཁེ་དབང་ལ་དཔེར་བཞག་ན།  ཐོག་མར་ངེས་པར་དུ་རང་གི་མི་རིགས་ཀྱི་སྐད་ཡིག་དང༌།  གྱོན་ཆས་བེད་སྤྱོད་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་རེད།  འོན་ཀྱང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཞུང་ཡིག་ཡོངས་རྫོགས་རྒྱ་ཡིག་ཏུ་འབྲི་བ་ལས་བོད་ཡིག་མི་སྤྱོད་པ་དང༌།  ང་ཚོའི་ཀྲུའུ་རིན་རྒན་གཞོན་ཨུ་ཡོན་ནང་གི་བོད་རིགས་མང་ཆེ་བའི་རྒྱ་ཡིག་མི་ཤེས་བའི་རྐྱེན་གྱིས།  ང་ཚོས་ལྟ་དགོས་བའི་ཡིག་ཆ་ཁོ་ན་ཙམ་བོད་ཡིག་ཏུ་སྒྱུར་གྱི་ཡོད།  བཀའ་ཁྲིམས་རང་བཞིན་ལྡན་པའི་གྲོས་ཆོད་དང༌།  བསྒྲགས་ཡིག་སོགས་རྒྱ་ཡིག་ཐོག་འགྲིག་ཚེ་བོད་ཡིག་ཐོག་ནང་དོན་ཤེས་ཙམ་བྱུང་ན་ཆོག་པ་དང༌།  བཟང་ངན་ལ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང༌།  བོད་ལྗོངས་ལ་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་ཀྱིས།  གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཤམ་རིམ་ཀྲོན་ཆུས་སོགས་ལ་འགྲེམ་སྤེལ་བྱེད་དགོས་བའི་བཀའ་རྒྱ་དང༌། མཛུབ་སྟོན། བརྡ་ཐོ་བཅས་མང་ཆེ་བ་སྔོན་ལ་ཏར་འཕྲིན་བཏང་ནས་ལག་བསྟར་བྱེད་དུ་བཅུག་པ་དང༌། རྗེས་ཞིག་ནས་ཡིག་ཆ་ངོ་མ་རིམ་བཞིན་འགྲེམས་སྤེལ་བྱེད་ཀྱི་ཡོད།  འོན་ཀྱང་ཡིག་ཆ་འདི་དག་རྒྱ་བོད་ཤན་སྦྱར་དུ་ཡོད་པ་ནི་ཆེས་དཀོན་པ་མ་ཟད།  བོད་ལྗོངས་སུ་བོད་ཡིག་གི་ཏར་གྱི་ཨང་རྟགས་མཚོན་དེབ་གཅིག་ཀྱང་མེད་པས།  ཏར་འཕྲིན་ཐོག་བོད་ཡིག་བེད་སྤྱོད་བྱ་ཐབས་མེད་པར་གྱུར་ཡོད།  གྲ་སྒྲིག་ཨུ་ཡོན་ལྷན་ཁང་དུ་ཕུལ་བའི་སྙན་ཞུ་མང་ཆེ་བ་རྒྱ་ཡིག་ལས་བོད་ཡིག་ཧ་ཅང་ཉུང་ཉུང་ཡིན།  འདིའི་ཐོག་ནས་གཞི་རིམ་དུའང་བོད་ཡིག་བེད་སྤྱོད་གཏོང་རྒྱུ་ཆེས་ཉུང་ཉུང་ཡིན་པ་ཁྱེད་ཀྱིས་མཐོང་ཐུབ་པ་ཞིག་རེད།
 རིམ་པ་སོ་སོའི་སྲིད་གཞུང་ནང་དུ་བོད་ཡིག་གི་དགོས་མཁོ་དང་ནུས་བ་ཆུང་དུ་བཏང་དང་གཏོང་བཞིན་ཡོད་པས།  བོད་ཡིག་དེ་རིམ་བཞིན་དམངས་ཁྲོད་ཀྱི་ཡི་གེ་ཞིག་ཏུ་འགྱུར་རྒྱུ་རེད།  སྲིད་གཞུང་རིམ་པའི་ནང་ལས་ཀ་བྱེད་བཞིན་པའི་བོད་རིགས་ལས་བྱེད་ཚོས་རྒྱ་ཆས་མ་གྱོན་ཚེ་མི་གྲལ་ལ་ཚུད་ཀྱི་མེད་པ་དང༌།  སྣང་བར་མི་འགྲོ་བར་ཚང་མས་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་པས།  བོད་རིགས་ལས་བྱེད་པ་རྒན་གཞོན་མང་ཆེ་བའི་ད་ལྟ་རྒྱ་ཆས་གྱོན་གྱི་ཡོད།  ཁོ་ཚོས་རང་འདོད་ལྟར་རྒྱ་ཆས་གྱོན་རྒྱུར་དང་ལེན་བྱས་ཡོད་དམ་མེད་ཅེ་ན།  ཐེ་ཚོམ་བྱ་རྒྱུར་གཞི་འཛིན་ས་ཡོད་པ་ཞིག་རེད།  རྒྱུ་མཚན་ནི་རང་མི་རིགས་ཀྱི་གྱོན་ཆས་ལ་མི་་དགའ་མཁན་ཞིག་ཡོད་མི་སྲིད་པ་དང༌།  སོ་སོར་མང་ཉུང་ལ་མ་ལྟོས་པར་བོད་ཆས་ཡོད་ཅིང།  གནའ་སྔ་མོ་ནས་བཟུངབོད་ཆས་གྱོན་ཏེ་ལས་དོན་འཚོ་བ་སྐྱེལ་ཀྱི་ཡོད།  དཔེར་ན་མི་བགྲེས་སོང་ཚོས་རྒྱ་ཆས་གྱོན་ཚེ་སྐེད་པ་འཁྱགས་ཀྱི་འདུག་ཡིན་ནའང་མ་གྱོན་ཐབས་མེད་རེད་ཅེས་བརྗོད་ཀྱི་ཡོད།  མང་ཚོགས་ཀྱིས་རྒྱ་ཆས་གྱོན་པའི་བོད་རིགས་རྣམས་ལ་རྒྱ་མི་རྫུན་མ་ཞེས་འབོད་ཀྱི་ཡོད།  རང་སྐྱོང་ཁེ་དབང་གི་དོན་ཚན་དང་བོད་སྐད་ཡིག་དང་རྒྱན་གོས་ལ་ཐག་གཅོད་འོས་འཚམས་མ་བྱུང་སྟབས།  རང་སྐྱོང་ཁེ་དབང་ལ་འོས་འཚམས་མིན་པའི་བྱ་བ་བསྒྲུབས་པ་ཞིག་རེད།

༤ བོད་རིགས་ཀྱི་མི་འབོར་ཐད། བཅིངས་འགྲོལ་རྗེས་སུ་ཏང་དང་སྲིད་གཞུང་གི་ཐུགས་ཁུག་འོག་མི་འབོར་ཡང་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད། འོན་ཀྱངམཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱི་ངོ་ལོག་ཟིང་འཁྲུག་བསླངས་རྐྱེན། མི་ཉུང་བ་ཞིག་ཆུད་ཟོས་སུ་བཏང་ཡོད་པ་དེའི་འགན་འཁྲི་ཚང་མ་ནི་ལོག་སྤྱོད་རུ་ཚོགས་དང། དེར་རྒྱབ་སྐྱོར་བྱེད་མཁན་བཙན་རྒྱལ་རིང་ལུགས་པ་དང་ཕྱི་རྒྱལ་གྱི་ལོག་སྤྱོད་པ་དེ་དག་གིས་འཁྱེར་དགོས། ཡང་ངས་གོང་དུ་ཞུས་པ་བཞིན། སྲིད་དབང་སྒེར་འཛིན་ཁྲོད། བཙོན་འཇུག་བྱས་པའི་མི་མང་པོ་ཞིག་ཡིད་སྐྱོ་བའི་ངང་དོན་མེད་རྐྱེན་འདས་སོང་བའི་འགན་འཁྲི་ནི་ང་ཚོར་ཡོད། མདོར་ན་ལོ་འགའ་ཤས་རིང་བོད་རིགས་འབོར་ཆེན་ཙམ་ཆུད་ཟོས་སུ་སོང་བ་དང༌། ས་གནས་ཁག་ཚང་མའི་མི་འབོར་ལ་ཚད་གཞི་མི་འདྲ་བའི་ཐོག་ཉུང་འཕྲི་ངེས་ཅན་ཞིག་བྱུང་ཡོད་པ་དང༌། ཅུང་ཚབས་ཆེ་བའི་ས་གནས་ཀྱི་མི་སེར་ལ་གཅིག་བལྟས་ན། བུད་མེད་དང་རྒན་བྱིས་ཙམ་ལས་ལྷག་མེད་པ་གསལ་བོར་མཐོང་ཐུབ་པ་དང༌། དར་མ་དང་ཤེས་རྒྱ་ཅན་ཉུང་དུ་ཕྱིན་ཡོད། འདི་ནི་ང་ཚོ་བོད་རིགས་རང་ཉིད་ལ་མཚོན་ན་ཉེན་ཚབས་ཀྱི་གནད་དོན་ཞིག་རེད།

༥ རིག་གནས་སློབ་གསོ་དང་རིག་གཞུང་གོང་འཕེལ་ཐད། བོད་ལྗོངས་ནི་བོད་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་པས། བོད་ཀྱི་སྐད་ཡིག་ངེས་པར་དུ་གཙོ་བོར་སྦྱོང་དགོས་པ་དང༌། དེ་བཞིན་དུ་རྒྱའི་སྐད་ཡིག་སྦྱངས་ཏེ་བོད་མི་རྣམས་ཀྱིས་ཐད་ཀར་རྒྱ་ཡིག་ཐོག་ནས་གསར་བརྗེའི་གཞུང་ལུགས་སོགས་ཡིག་ཆ་མང་པོ་ལྟ་ཀློག་དང་སློབ་སྦྱོང་བྱེད་བདེའི་ཆེད། བོད་རྒྱ་ཕན་ཚུན་ཕྱོགས་གཉིས་པོས་སྐད་ཡིག་ཐོག་ནས་གོ་ཤེས་མ་ཐུབ་པའི་དཀའ་ངལ་སེལ་རྒྱུ་ནི་གལ་ཆེན་པོ་རེད། ད་ལྟ་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད། འོན་ཀྱང་ཀྲུང་དབྱང་ནས་ས་གནས་བར་གྱི་སློབ་གྲྭ་ཁག་དང༌། ལས་ཁུངས། རྩོམ་བསྒྱུར་སྡེ་ཚན་ནང་རང་ཉིད་མཁས་རློམས་ཀྱིས་ང་ཚོའི་བོད་ཡིག་ལ་གང་བྱུང་དུ་ལེགས་ཉེས་བྱེད་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་གཡར་ཏེ། བོད་ཡིག་ནི་སྐད་ཡིག་ཞན་གྲས་ཡིན་པ་དང༌། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེདཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱི་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བ་ནི་དོན་དངོས་ཡིན་ཀྱང༌། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་འདང་ངེས་ཀྱི་ཐ་སྙད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་ལ། རྗེས་སུའང་མཐོང་དཀོན་པ་ཞིག་རེད། དེའི་ཕྱིར་ཚང་མས་སོ་སོའི་སྐད་ཡིག་མཆོག་འཛིན་གྱི་ཁེངས་སེམས་དོར་ནས༌། སྐད་ཡིག་གཞན་ལ་དཔྱད་ཞིབ་དང་དེའི་ལེགས་ཆ་བསྡུས་ཏེ་རང་ཉིད་ཀྱི་སྐད་ཡིག་འཕེལ་རྒྱས་བཏང་ཐོག་དེ་འཐུས་ཚང་ཕན་ནུས་ལྡན་པ་ཞིག་དང༌། དགོས་མཁོ་སྐོང་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི་དོན་དམ་དུ་བྱེད་དགོས་ངེས་ཤིག་རེད།

གལ་སྲིད་མིང་ཚིག་དེས་མི་འདང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་རང་ལ་བརྙས་བཅོས་མཐོང་ཆུང་བྱས་བ་ཞིག་ཀྱང་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་པས་ཚིག་དོན་བརྡ་སྤྲོད་དང༌། གོ་བདེ་དོན་ཟབ་ཅིག་ཡོང་དགའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང༌།

  བོད་ལྗོངས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་ཕྱི་ལོ་༡༩༥༩ལོ་གནས་བཟུང༌།  ཏང་གི་ཐུགས་འཁུར་འོག   རིག་གནས་སློབ་གསོ་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང༌།  ཡིག་རྨོངས་ཀྱི་ཞྭ་མོ་ཕུད་དེ།  སྟབས་བདེའི་འཕྲིན་ཡིག་སོགས་འབྲི་ཀློག་ཐུབ་མཁན་སྔོན་མ་ལས་ལྡབ་འཕུར་གྱིས་མང་དུ་སོང་ཡོད་པ་དང༌།  བོད་ཡིག་ཤེས་མཁན་ཆེས་ཆེར་འཕར་སྣོན་སོང་ཡོད་པ་མ་ཟད།  མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དུའང་དོན་སྙིང་ལྡན་པའི་ནུས་བ་ཞིག་འདོན་གྱི་ཡོད།  འདི་ནི་ཚང་མས་དགའ་མོས་བྱེད་འོས་བའི་བཀྲ་ཤིས་བའི་བྱ་བ་ཞིག་ཡིན་པ་ནི་སྨོས་མི་དགོས་བ་ཞིག་རེད།
 འོན་ཀྱང་བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས།  བོད་ཡིག་ནང་གི་སྔར་ཡོད་དོན་མཚོན་བརྡ་སྤྲོད་ཀྱི་ནུས་བ་དང༌།  གཅིག་གྱུར་གྱི་རང་བཞིན།  གོ་བདེ་དོན་ཟབ་ཀྱི་ལེགས་ཆ་ཉམས་ཞན་དུ་ཕྱིན་ཏེ་ཚིག་ཉོག་ཆེས་ཆེར་མང་དུ་སོང་བའི་རྐྱེན་གྱིས།  བོད་ཡིག་གི་ཁྱད་འཕགས་རང་བཞིན་དེ་རིམ་བཞིན་ཡལ་འགྲོ་གི་ཡོད།  རྒྱུ་མཚན་ནི་བོད་རིགས་ཀྱི་ས་ཁུལ་ཁག་རྒྱ་ཁྱོན་ཧ་ཅང་ཆེ་བ་དང༌།  མི་འབོར་ཆེས་ཉུང་བའི་དམིགས་བསལ་ཁྱད་ཆོས་འོག་ཐུན་མོང་དུ་སྤྱོད་པའི་ཁ་སྐད་ཅིག་མེད་པ་དང་ཡུལ་སྐད་དབར་ཁྱད་པར་ཆེ་བས་ཕན་ཚུན་གོ་དཀའ་བ་ཞིག་ཡིན་མོད།  ཚང་མ་ཐུན་མོང་དུ་སྤྱོད་པའི་ཡི་གེ་ཞིག་གིས་གཅིག་གྱུར་བྱས་ཡོད།   འདི་ནི་བོད་ཡིག་ལ་གཅིག་གྱུར་གྱི་དག་ཡིག་ཅིག་དང༌། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་ཅིག་ཡོད་པའི་རྐྱེན་གྱིས་རེད།  དཔེར་ན། བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང༌།  ཨ་མདོ།  མངའ་རིས། འབྲས་ལྗོངས། ཤར་ཁུམ་བུ།  ལ་དྭགས་བཅས་དང༌།  ཐ་ན་སོག་ཡུལ་སོགས་མི་རིགས་གཞན་དག་ཁྲོད་ཀྱི་བོད་ཡིག་ཤེས་མཁན་གྱིས་ཀྱང་ནང་འབྲས་ལྗོངས།  ཤར་ཁུམ་བུ།  ལ་དྭགས།  སོག་ཡུལ་སོགས་ས་ཁུལ་ནས་བྲིས་བའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་དོན་ཆ་ཚང་རྟོགས་ཐུབ།  དེར་བརྟེན་བོད་ཡིག་ནི་དོན་མཚོན་བརྡ་སྤྲོད་ཀྱི་ནུས་བ་དང༌། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཡིག་རིགས་ལེགས་པོ་ཞིག་ཡིན།
འོན་ཀྱང་ཉེ་བའི་ལོ་ཤས་རིང་བོད་ཡིག་ལ་རིག་གནས་གསར་བརྗེ་དང༌།  ཡིག་རིགས་ཚང་མ་ཁ་སྐད་ཅན་དུ་བསྒྱུར་བའི་ལས་དོན་སྤེལ་བའི་འོག   བོད་ཡིག་ཤེས་ཚད་ཞན་ལ་ང་རྒྱལ་རི་ལྟར་མཐོ་ཞིང༌།  ངོ་དགའ་སྤྲེལ་ལད་འཁྲབ་མཁན་ཚོས་ང་ཚོའི་བོད་ཡིག་གི་བྱེད་པོ་ཐོན་མིས་གསར་གཏོད་མཛད་པའི་བོད་ཡིག་གི་ཕྱི་མོ་སུམ་ཅུ་བ་དང༌།  རྟགས་ཀྱི་འཇུག་པ།  དེ་བཞིན་ལོ་རྒྱུས་ཐོག་མཁས་བ་ཚོས་བརྩམས་པའི་དག་ཡིག་དང༌།  ཐུན་མོང་དུ་སྤྱོད་པའི་ཡིག་སྐད་རྣམས་ལ་བྱུང་རྒྱལ་དུ།  དེ་དག་ནི་མི་འགྲིག་པ་དང༌།  འཐུས་ཚང་མེད་ལུགས་བརྗོད་ནས་རང་སྣང་གང་ཤར་དང་རང་ཉིད་མཁས་རློམས་ཀྱིས་བོད་ཡིག་ལ་བསྒྱུར་བཅོས་བཏང་སྟེ།  གོ་བདེ་ལ་དོན་ཟབ་པའི་བརྡ་སྤྲོད་ཀྱི་ནུས་བ་དེ་མེད་པར་སོང་ཡོད།  དེར་མ་ཟད།  ཀྲུང་དབྱང་དང་བོད་ལྗོངས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐད་དེ་བོད་ཀྱི་སྤྱི་སྐད་དུ་བརྩིས་ནས་དག་ཡིག་དང་མི་མཐུན་པའི་ཁ་སྐད་རྣམས་རང་འདོད་ལྟར་ཡིག་ཐོག་ཏུ་བྲིས་ཡོད།  དེ་བས་ཡིག་ཆ་དེ་དག་ནི་ལྷ་སའི་ཡུལ་སྐད་ཤེས་མཁན་མ་གཏོགས་མི་གཞན་བས་ནང་དོན་ཆ་ཚང་བ་རྟོགས་མི་ཐུབ།  དེ་མཚུངས་སུ་མཚོ་སྔོན་དང༌།  ཀན་སུའུ།  སུ་ཁྲོན། ཡུན་ནན་སོགས་ས་ཁུལ་གྱི་བོད་ཡིག་དགེ་རྒན་དང༌།  དྲུང་ཡིག་ཚོས་རང་སོ་སོའི་ཡུལ་སྐད་དེ་སྤྱི་སྐད་དུ་བརྩིས་ཏེ་ཡིག་ཐོག་ཏུ་བྲིས་བར་བརྟེན།  ཡུལ་སྐད་དེ་རིགས་སྤྱོད་ཡུལ་ལས་གཞན་གྱི་མི་ཚོས་བརྗོད་དོན་ཆ་ཚང་ཞིག་རྟོགས་དཀའ།  འདི་ལྟར་བོད་ཡིག་གི་གཅིག་གྱུར་གྱི་རང་བཞིན་ཡང་བརླགས་པ་རེད།  ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་བ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་གཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་བ་དང༌།  གཅིག་གྱུར་གྱི་རང་བཞིན།  གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ།  རྒྱུ་མཚན་མེད་པར་ཞིག་རེད།
 གོང་གསལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་དེ་སྔ་བོད་ཡིག་ལ་ལྡན་པའི་བརྡ་སྤྲོད་ཀྱི་ནུས་བ་དང༌།  གཅིག་གྱུར་གྱི་རང་བཞིན།  གོ་བདེ་དོན་ཟབ་ཀྱི་ཁྱད་འཕགས་ཀྱི་རང་བཞིན་རྣམས་ཉིན་རེ་བཞིན་རྗེ་ཞན་དུ་ཕྱིན་པ་དང༌།  ཡི་གེ་ཤེས་མཁན་ཚོའང་ཚིག་དོན་རྒྱུས་ལོན་ཐད་ཡིག་རྨོངས་སུ་འགྱུར་བཞིན་ཡོད།  འདི་ནི་བོད་རིགས་ཀྱི་གྱོང་གུད་ཞིག་ཡིན་པ་མ་ཟད་མེས་རྒྱལ་རིག་གནས་ཀྱི་གྱོང་གུད་ཞིག་ཀྱང་རེད།  ད་ལྟའི་བོད་ཡིག་གི་གནས་སྟངས་ནི།  ཐོབ་འོས་པའི་ཆབ་སྲིད་ཀྱི་གོ་གནས་ཤིག་མེད་པ་དང༌།  བོད་ཡིག་འཕེལ་རྒྱས་་གཏོང་རྒྱུར་ཐབས་ཤེས་འོས་འཚམས་མེད་པའི་ཉེར་ལེན་ལས་བོད་རིགས་གཞོན་ནུ་མང་ཆེ་བས་བོད་ཡིག་རོབ་ཙམ་ཤེས་ཐབས་བྱེད་པ་ལས་མཐར་ཕྱིན་པའི་སྒོ་ནས་སྦྱོང་འདོད་མེད་པ་དང༌།  འགོ་ཁྲིད་ཀྱིས་ཀྱང་དེའི་ཐད་དོ་སྣང་མི་བྱེད་པ་སོགས་ཀྱི་རྐྱེན་པས།  བོད་ཡིག་གི་་མདུན་ལམ་ཐོག་ཉེན་ཁ་ཞིག་དང་བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ཆག་སྒོའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། 

༦ མི་རིགས་ཞེས་བརྗོད་ཀྱང་མི་ཚང་མ་གཅིག་མཚུངས་ཡིན། དེར་མི་རིགས་མི་འདྲ་བ་ཡོད་དོན་ནི། མི་རིགས་སོ་སོས་གནས་ཡུལ་དང༌། རིགས་རུས། མི་རིགས་ཀྱི་རིག་གནས། སྐད་ཡིག རྒྱན་གོས། གོམས་གཤིས་སོགས་ཀྱི་ཁྱད་ཆོས་ལས་གྲུབ་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་བརྗོད་ན་དེར་སྤྱི་ཚོགས་འཕེལ་རྒྱ་ས་དང་འཚམས་པའི་དཔལ་འབྱོར་དང༌། ཆབ་སྲིད། རིག་གནས་བཅས་ཀྱི་འབྲེལ་བ་ཞིག་ཀྱང་ཡོད། སྔ་མ་ནི་རྨང་གཞི་ཡིན་ལ་རྗེས་མ་ནི་འཕེལ་རྒྱས་ཀྱི་ངོབོ་ཞིག་ཡིན་ཕྱིར་དམིགས་གསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྐད་ཡིག་དང༌། རྒྱན་གོས། གོམས་གཤིས་སོགས་ཁྱད་ཆོས་གཙོ་བོ་རྣམས་བརླགས་ཚེ་མི་རིགས་དེའང་མེད་པར་གྱུར་ནས་མི་རིགས་གཞན་ཞིག་ཏུ་འགྱུར་རྒྱུ་རེད། དཔེར་ན། མེས་པོའི་དུས་སུ་བོད་རིགས་ཤིག་ཡིན་རུང༌། རང་ཉིད་ཀྱིས་བོད་ཀྱི་སྐད་དང་ཡི་གེ་མི་ཤེས་པ་དང་བོད་རིགས་ཀྱི་ཁྱད་ཆོས་ཅུང་ཟད་ཙམ་ཡང་མེད་པར༌། མི་རིགས་གཞན་དང་གནས་ཐབས་མེད་པ་མ་ཟད་འཕེལ་རྒྱས་ཡོང་ཆེད། གོམ་པ་དང་པོར་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་དང༌། རྒྱན་གོས། གོམས་གཤིས་བཟང་པོ་སོགས་ཀྱི་ཁྱད་ཆོས་རྣམས་གནས་ཐུབ་དགོས་པ་མ་ཟད། སྐད་ཡིག་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་འཕེལ་རྒྱས་འགྲོ་ཐུབ་ཚེ་མི་རིགས་འདི་གཞི་ནས་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་ཐུབ་རྒྱུ་རེད།

དེ་ལས་ལྡོག་སྟེ་མི་རིགས་ཀྱི་སྐད་ཡིག་སོགས་ཁྱད་ཆོས་རྣམས་མེད་པར་གྱུར་ཚེ། མི་རིགས་དེ་གནས་ཐབས་དང་འཕེལ་རྒྱས་ཡོང་མི་ཐུབ་ལ།  དེ་ལྟར་ན་མི་རིགས་ཀྱི་རང་སྐྱོང་ནི་དེ་བས་ཀྱང་ཡོང་ཐུབ་མེད།  དེར་བརྟེན་མི་རིགས་ཀྱི་ལས་དོན་ནང་མི་རིགས་ཀྱི་སྐད་ཡིག་དང་རྒྱན་གོས།  གོམས་གཤིས་བཟང་པོར་སྲུབ་སྐྱོབ་དང༌།  སྐད་ཡིག་འཕེལ་རྒྱ་གཏོང་རྒྱུ་སོགས་ཀྱིས་ཧ་ཅང་གལ་ཆེ་བའི་གོ་གནས་བཟུང་ཡོད།  འདི་ནི་ང་ཚོ་བོད་ལྗོངས་ཀྱི་འགན་འཁུར་མི་སྣའི་ཁྲོད་ཀྱི་བོད་རིགས་ཚོའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡིན་པ་མ་ཟད།  ཏང་དང་རྒྱལ་ཁབ་ཀྱིས་ཀྱང་མི་རིགས་ལས་དོན་ཁྲོད་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱས་སྟབས།  མཁས་་པ་མང་པོ་ཆེད་བསྐོངས་ཀྱིས་དེ་སྔ་ཡི་གེ་མེད་པའི་གྲངས་ཉུང་མི་རིགས་མི་ཉུང་བ་ཞིག་ལ་ཡི་གེ་གསར་བཟོ་བྱས་པ་དང༌།  འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད་པ་ནི་ཧ་ཅང་གི་མཁས་མཛངས་ཡང་དག་པ་ཞིག་རེད།  
གོང་དུ་གླེང་ཟིན་པའི་གནད་དོན་ཁག་ནི།  ཏང་གིས་བོད་ལྗོངས་ཀྱི་ཟིང་འཇགས་དང་བཅོས་བསྒྱུར་སོགས་ང་ཚོའི་ལས་དོན་ཡོངས་རྫོགས་ཀྱི་དམིགས་ཡུལ་དང་དགོས་བ།   ལེགས་ཆ །  དེ་བཞིན་ལས་དོན་ཁག་གི་བྱེད་ཕྱོགས།  སྲིད་ཇུས།  ཐབས་ལམ་དང་གོ་རིམ་ཐད་ལ་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་རྦད་དེ་མཐུན་པའི་ཡང་དག་པའི་ལམ་སྟོན་རབ་དང་རིམ་པ་ཇི་ལྟར་གནང་རིགས་དང༌།  སྐབས་དེར་བོད་ལྗོངས་ཀྱི་རིམ་པ་ཁག་དང༌།  ལས་རིགས་ཁག་གི་མི་དམངས་མང་ཆེ་བས་ང་ཚོའི་ལས་དོན་ཁག་ལ་རེ་འདུན་དང་མཐོང་ཚད།  བསམ་འཆར་གང་ཡོད་པ་དང༌།  ཟིང་འཁྲུག་དང་དམངས་གཙོའི་བཅོས་བསྒྱུར་དངོས་སུ་བྱེད་སྐབས།  ཏང་གི་ཡངདག་པའི་བསམ་བློ་དང་བོད་ལྗོངས་ཀྱི་དོན་དངོས་ཡང་དག་པའི་བསམ་བློ་དང་བོད་ལྗོངས་ཀྱི་་དོན་དངོས་གནས་ཚུལ་ལ་རྒྱབ་འགལ་བྱས་པའི་སྐྱོན་ཆ་ཞིག་བྱུང་ཡོད།  གནད་དོན་འདི་ཚོའི་ནང་རྐྱེན་གཙོ་བོ་དང་ཐུན་མོང་གི་ཕྱི་རྐྱེན་གང་དག་ཡོད་པ་དང༌།  འབྲེལ་བ་ཆེ་ཆུང་དང༌།  དེའི་ངོ་བོ་ཅི་འདྲ་ཡིན་པ།  རྒྱལ་ཁ་དང་གྲུབ་འབྲས་ཆེ་ཆུང་དང་སྐྱོན་ཆ་ནོར་འཁྲུལ་གྱི་ཚབས་ཆེ་ཆུང་ཅི་འདྲ་ཡིན་པ་བཅས་རེད།  འདི་དག་ཐམས་ཅད་ལ་བོད་ལྗོངས་ཀྱི་མི་དམངས་མང་ཆེ་བས་མཐོང་ཚུལ་དང་ངོས་འཛིན༌།  བསམ་ཚུལ་གང་ཞིག་ཡོད་པ།  མཐོ་འབྲིང་རིམ་གྱི་གྲོགས་པོ་མང་ཆེ་བར་ཡང་མཐོང་ཚད་དང༌།  ངོས་འཛིན།  བསམ་ཚུལ་ཅི་ཡོད་ཀྱི་གནས་ཚུལ་འདི་དག་ཐད་ང་ཚོ་ནི་བོད་རིགས་ནང་ཚགས་ཡིན་སྟབས་མཐོང་ཐོས་ཡོད་པ་མ་ཟད།  མི་དམངས་མང་ཚོགས་དང༌།  མཐོ་འབྲིང་རིམ་གྱི་གྲོགས་པའི་ཁྲོད་སྐུ་ཚབ་མི་སྣ་མི་ཉུང་བ་ཞིག་གིས་ཀྱང་ང་དང་རྒྱུན་ལྡན་གྱིས་གནས་ཚུལ་གླེང་མོལ་བྱེད་སྐབས་སོགས་དང༌།  དེ་བཞིན་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྱང་རྟག་ཏུ་ནང་ཁུལ་ནས་ང་ལ་བོད་ལྗོངས་ཀྱི་ལས་དོན་ཐད་གླེང་མོལ་བྱས་བ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་རེད།  གནས་ཚུལ་འདི་གཉིས་གཞི་རྩའམ་རྒྱུ་ཆར་བཟུང་ཞིང༌།  ངོས་ཀྱི་རིག་པས་ཅུང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་དེའི་ནང་གི་གལ་ཆེའི་རིགས་སྐབས་སོ་སོར་བརྗེད་ཐོ་བཀོད་རྗེས།  རྒྱུན་རིང་ནན་ཏན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་དེའི་ཐོག་བསྐྱར་དུ་དོན་དངོས་དང་བསྟུན་ཞུ་དག་བྱས་རྗེས།  ཐེངས་འདིར་ཡིག་ཐོག་ནས་བོད་ལྗོངས་སུ་དོན་དངོས་ཐོག་བྱུང་བའི་གནས་ཚུལ་དང༌།  རིམ་པ་ཁག་གི་མི་དམངས་མང་ཆེ་བའི་བསམ་ཚུལ་ངོ་མ་བདེན་པ་བདེན་ཐུབ་ཀྱིས་སྙན་སེང་ཞུས་པ་ཡིན།
 ད་ལྟ་བོད་ལྗོངས་སུ་དུས་སྐབས་གཅིག་གི་ནང་དུ་ཐོབ་པའི་རྒྱལ་ཁ་གྲུབ་འབྲས་དང།  ལས་དོན་ནང་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་གཉིས་ཀྱི་གནས་བབ་ཅི་ཞིག་བཟུང་ཡོད་པའི་སྐོར་བརྗོད་རྒྱུ་ཡིན།  བོད་ལྗོངས་སུ་བྱུང་བའི་འགྱུར་ལྡོག་དང༌།  བོད་ལྗོངས་ལ་ཐོབ་པའི་རྒྱལ་ཁ་དང་གྲུབ་འབྲས་ནི་བླ་ན་མེད་པ་དང་ཕུལ་བྱུང་གཟི་བརྗིད།  ཁྱད་དུ་,འཕགས་པའི་དོན་སྙིང་ལྡན་པ་ཞིག་རེད།  སྐྱོན་ཆ་དང་ནོར་འཁྲུལ་ནི་ཇི་ལྟ་བྱས་ཀྱང་དེ་དག་བསྡུར་ཐབས་གཏན་ནས་མེད།  བོད་ལྗོངས་ལ་ཐོབ་པའི་རྒྱལ་ཁ་དང་གྲུབ་འབྲས་ནི་གཙོ་བོ་ཞིག་དང༌།  སྐྱོན་ཆ་དང་ནོར་འཁྲུལ་ནི་ཕལ་བ་ཞིག་རེད།  འོན་ཀྱང་སྐྱོན་ཆ་ནོར་འཁྲུལ་ནི་སྐྱོན་ཆ་ནོར་འཁྲུལ་རང་ཡིན་པས་མི་འགྲིག་པ་དང༌།  ཕན་པ་མེད་པ།  རྙོག་དྲ་བཟོ་བ་སོགས་མདོར་ན་མི་ལེགས་པ་ཞིག་རེད།

ངས་གོང་དུ་ཞུས་པ་བཞིན་སྐྱོན་ཆ་ནོར་འཁྲུལ་ནང་གི་ཁག་ཅིག་ནི་གཡོལ་ཐབས་མེད་པ་ཞིག་རེད། ང་ཚོས་ལས་དོན་ནི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང༌། ལོ་རྒྱུས་ཀྱི་དོན་སྙིངལྡན་པའི་དམངས་གཙོའི་བཅོས་བསྒྱུརར་གྱི་ལས་འགུལ་གཉིས་ཟུང་དུ་སྦྲེལ་བཞིན་ཡོད་ཅིང༌། གཞི་ཁྱོན་ཆེ་ལ་མྱུར་བ་དང༌། གནམ་ས་བླ་འོག་བསྒྱུར་བ། ཁྱོད་ཤི་ང་གསོན་གྱི་གྲལ་རིམ་འཐབ་རྩོད་དང་ཛ་དྲག་རྣོ་ངར། ཚ་ཚ་འུར་འུར་བཅས་ཡིན་སྟབས་སྐྱོན་ཆ་དང་ནོར་འཁྲུལ་འགའ་ཞིག་ཐོན་པ་འདི་དག་ནི་གཡོལ་ཐབས་མེད་པ་ཞིག་དང༌། ཡོང་སྲིད་པ་དང་འབྱུང་ངེས་པ་ཞིག་རེད། གཡོལ་ཐབས་མེད་པར་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་རྣམས་ནི་ཡ་མཚན་དགོས་པ་དང་ཧ་ལས་དགོས་པ་ཞིག་མ་རེད། དེའི་ཕྱིར་གལ་ཏེ་ལས་འགུལ་ཆེན་པོ་འདི་ལྟ་བུའི་ཁྲོད་སྐྱོན་ཆ་ནོར་འཁྲུལ་ཅུང་ཟད་བྱུང་ན་ཡང་མི་འགྲིག་པར་བརྗོད་པ་ནི་བསམ་གཞིགས་མ་བྱས་པར་བཤད་པའི་གཏམ་ཞིག་རེད། དེ་ལྟར་དགོས་ན་ལས་འགུལ་མཚམས་འཇོག་བྱས་ན་ལས་གཞན་གྱི་ཐབས་ཤེས་ཅི་ཡང་མེད།

 འོན་ཀྱང་འགོ་ཁྲིད་བྱེད་མཁན་ཡིན་ནའང་འདྲ།  ལས་བྱེད་པ་ཡིན་ནའང་འདྲ།  ལས་དོན་སྒྲུབ་པའི་སྐབས་ལ་བསམ་བློའི་ཐོག་སྐྱོན་ཆ་དང་ནོར་འཁྲུལ་གང་ཡང་མི་འབྱུང་བའི་ཆོད་སེམས་ཤིག་ངེས་པར་དགོས་བ་དང༌། སྐྱོན་ཆ་དང་ནོར་འཁྲུལ་ཐམས་ཅད་སྔོན་འགོག་ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་འགྱོད་གནོང་མེད་པ་ཞིག་བྱེད་དགོས།  ལས་འགུལ་ནང་དུ་སྐྱོན་ཆ་དང་ནོར་འཁྲུལ་ཁག་ཅིག་ཐོན་རྒྱུ་ནི་གཡོལ་ཐབས་མེད་པར་ངོས་འཛིན་གྱིས་རྒྱ་ཡན་དུ་བཏང་ཚེ་ཆེས་མི་འོས་བ་ཞིག་དང་རྒྱུ་མཚན་མེད་པ་ཞིག་རེད།  གཡོལ་ཐུབ་མིན་གང་ཡིན་རུང་སྐྱོན་ཆ་ནོར་འཁྲུལ་ཡིན་ཕྱིན་མི་གཞན་ལ་ངོམས་འཕྱར་བྱེད་རིན་མེད་པ་ཞིག་དང༌།  ལས་དོན་ཁྲོད་ཕན་པ་ལས་གནོད་ཆེ་བ་དང༌།  བྱུར་སྣ་འདྲེན་མཁན་ཞིག་ཡིན་སྟབས་མི་ཀུན་གྱི་ཁ་རྡུང་གཏོང་ཡུལ་ཞིག་ཡིན་པ་ལས།  བསྟོད་པའི་ཡུལ་ཞིག་རྩ་བ་ནས་མིན་པ་ནི་ཚང་མས་ཤེས་གསལ་རེད།  འདི་ནི་དཔེར་ན་མི་སུ་ཡིན་རུང་ན་ཚར་གཡོལ་མི་ཐུབ་མོད།  ན་ཚ་གཡོལ་རྒྱུར་ཐབས་ཤེས་ཡོད་མེད་གཉིས་ཡོད།  ཡིན་ནའང་བསམ་བློའི་ཐོག་ངེས་པར་དུ་ན་ཚ་གང་ཡིན་རུང་སོ་སོར་འགོ་རུ་མི་འཇུག་པའི་བསམ་བློ་གཏོང་དགོས་བ་མ་ཟད།  ཐབས་ཤེས་སྣ་ཚོགས་ལག་བསྟར་བྱ་དགོས་བ་ལས་རྒྱ་ཡན་དུ་གཏོང་མི་རུང་བ་ཞིག་རེད།  གལ་ཏེ་ནད་ཕོག་ཚེ་ནད་དེ་ལས་གཡོལ་ཐུབ་མིན་ཇི་ལྟར་ཡང་ངོམས་འཕྱར་བྱེད་པའི་གནས་མིན་པ་མ་ཟད།  དེས་རང་ཉིད་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང༌།  རྩ་ཆེའི་ཚེ་སྲོག་ལ་ཉེན་ཁ་ཡོད་སྟབས་ངེས་པར་དུ་ཧུར་བརྩོན་གྱིས་སྨན་བཅོས་བྱེད་དགོས་བ་ནི་རྒྱུ་མཚན་འདི་དག་གཅིག་མཚུངས་ཡིན།
 འོ་ན་བོད་ལྗོངས་ཀྱི་ལས་དོན་ནང་ཐོན་པའི་སྐྱོན་ཆ་ནོར་འཁྲུལ་ཡོངས་རྗོགས་ནི་གཡོལ་ཐུབ་པ་ཞིག་རེད་དམ་ཞེ་ན་མ་རེད།  ང་ཚོ་བོད་ལྗོངས་ཀྱི་ལས་དོན་ནང་གཡོལ་ཐབས་མེད་པའི་སྐྱོན་ཆ་ནོར་འཁྲུལ་ཁག་ཅིག་ཐོན་ཡོད་རུང༌།  དེས་བོད་ལྗོངས་སུ་དངོས་སུ་བྱུང་པའི་སྐྱོན་ཆ་ནོར་འཁྲུལ་ཡོངས་རྫོགས་ནང་གཙོ་བོའི་གནས་བབས་བཟུང་མེད།  སྐྱོན་ཆ་ནོར་འཁྲུལ་ཐོན་པའི་ཁྲོད་མང་ཆེ་བ་ནི་སྐྱོན་ཆ་ནོར་འཁྲུལ་ལ་དོ་སྣང་མི་འདང་བ་དང༌།  སྔོན་འགོག་གི་ཐབས་ཤེས་འོས་འཚམས་མིན་པའམ།  ཆ་ཚང་བ་ཞིག་མེད་པ་ལས་བྱུང་བ་ཞིག་རེད།  ད་དུང་ལས་བྱེད་པ་ཁག་ཅིག་བསམ་བློའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རང་ཤེད་རང་རློམས་དང༌།  རང་སྣང་གང་ཤར་གྱིས་ཏང་གི་ཡང་དག་པའི་སྲིད་ཇུས་དང་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་རྒྱབ་འགལ་གྱི་བྱ་བ་སྣ་ཚོགས་བྱས་ཏེ།  རྙོག་དྲ་འཕར་བཟོ་དང།  དགྲ་དགའ་གཉེན་སྡུག  ཕན་མེད་གནོད་འགྱུར་གྱི་བྱ་སྤྱོད་ཀྱིས་སྐྱོན་ཆ་ནོར་འཁྲུལ་མང་པོ་ཞིག་བཟོས་ཡོད།  དེའི་ཕྱིར་བོད་ལྗོངས་སུ་ཐོན་པའི་སྐྱོན་ཆ་ནོར་འཁྲུལ་ལ་ཕྱོགས་སྡོམ་བྱས་ཚེ།  གཡོལ་ཐབས་མེད་པའི་སྒོ་ནས་བྱུང་བ་དང༌།  བཀག་འགོག་བྱེད་ཚད་མ་འདང་བ་ལས་བྱུང་བ། རྙོག་དྲ་ཆེད་བཟོ་དང་འཕར་སྣོན་ལས་བྱུང་བ་བཅས་རིགས་གསུམ་ཡོད།  ངས་གོང་དུ་བོད་ལྗོངས་སུ་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་གྱི་ལྟ་ཚུལ་དང༌། ཅུང་ཆ་ཚང་བའི་སྒོ་ནས་བརྗོད་ཟིན་པའི་སྐྱོན་ཆ་དང་ནོར་འཁྲུལ་འདི་དག་བྱུང་བའི་གནས་ཚུལ་དང༌། འབྱུང་རྐྱེན་ཞིབ་ཏུ་གླེང་བ་ཟུང་དུ་སྦྲེལ་ཏེ།  སྐྱོན་ཆ་དང་ནོར་འཁྲུལ་འདི་དག་གོང་གི་རིགས་གསུམ་ལས་གང་དུ་གཏོགས་པར་བསམ་གཞིགས་བྱས་ཚེ་ལས་སླ་པོའི་སྒོ་ནས་དབྱེ་བ་འབྱེད་ཐུབ་པ་ཞིག་རེད།
བོད་ལྗོངས་སུ་སྐབས་ཤིག་རིང་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་འདི་དག་ནང་གི་མང་ཆེ་བ་ནི་ཕྱི་ལོ་༡༩༥༩ལོའི་སྨད་ཕྱི་ལོ་༡༩༦༠ལོའི་ནང་བྱུང་བ་ཞིག་རེད།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་རྣམ་དག་དང༌།  བློ་ཁོག་ཆེན་པོའི་སྒོ་ནས་གསར་བརྗེའི་སློབ་དཔོན་དང་བློ་གྲོས་ཀྱི་འབྱུང་གནས།  ཡང་དག་པའི་གཙོ་འཛིན་མའོ་ཀྲུའུ་ཞིས་འགོ་ཁྲིད་པའི་རྒྱུན་རིང་གི་གསར་བརྗེ་འཐབ་རྩོད་ནང་སྦྱོང་བརྡར་དང་དཀའ་ཚེགས་ཀྱི་ལམ་བུའི་ཐོག་ཉམས་ཚོད་བླངས་ཟིན་པའི་རླབས་ཆེན་དང་གཟི་བརྗིད་ཡང་དག་གི་ཀྲུང་གོ་གུང་ཁྲན་ཏང་གི་ཁྱད་འཕགས་འགྲན་བྲལ་གྱི་སྲོལ་རྒྱུན་བཟང་བོ་དང༌།  བླ་ན་མེད་པའི་གཤིས་སྤྱོད་རྒྱུན་འཁྱོངས་ལེགས་པོ་བྱས་བ་དང༌།  རིམ་པ་ཁག་གི་ལས་དོན་ནང་གི་སྐྱོན་ཆ་ནོར་འཁྲུལ་ལ་ཁ་ཞེ་གཉིས་མེད་ཀྱིས་ཞིབ་བཤེར་བྱས་བ་དང༌།  མི་གཞན་གྱིས་ང་ཚོའི་ལས་དོན་ནང་གི་སྐྱོན་ཆ་ནོར་འཁྲུལ་ཐེར་འདོན་དང་ལས་དོན་ཐོག་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་གི་ཡོད།  སྐབས་དེར་ཕྲན་གྱིས་ཀྱང་ལྷ་སར་གནོངས་མེད་ལུས་མེད་ཀྱི་སྒོ་ནས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ང་ཚོའི་ལས་དོན་ཁྲོད་ཀྱི་སྐྱོན་ཆ་ནོར་འཁྲུལ་དང༌།  དེ་བཞིན་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་གླེང་བའི་གོ་སྐབས་ཐོབ་བྱུང༌།  བོད་ལྗོངས་སུ་ཡོད་པའི་ཧྲུའུ་ཅི་རྣམ་པ་ཚོས་ངས་གླེང་བའི་གནས་ཚུལ་ལ་མཐོང་ཆེན་གནང་སྟེ།  དགའ་བསུའི་རྣམ་པ་བསྟན་པ་མ་ཟད་བསམ་འཆར་འགའ་ཞིག་འཕྲལ་དུ་དོན་འཁྱོལ་གནང་ཡོད་པ་རེད།
དཔེར་ན་ཕྱི་ལོ་༡༩༦༠ལོར་ངས་ཧྲུའུ་ཅི་གཞོན་པ་ཀྲོའུ་རིན་ཧྲན་ལ།  མིག་སྔར་ལྷ་སའི་མང་ཚོགས་མང་པོ་ཞིག་ལ་བཟའ་འབྲུའི་ལག་འཁྱེར་ཐོབ་མེད་པ་དང་བཟའ་འབྲུ་མཁོ་སྤྲོད་འོས་འཚམས་མ་བྱུང་བ།  སྲིད་གཞུང་ལ་སྣ་མང་ཚོང་ཁང་ཉུང་བ་དང་སྒོ་འགྲམ་དུ་མི་ཚོགས་ཚང་ཁ་ཤིག་ཤིག་སྒུག་ཡུན་རིང་སྟབས།  མང་ཚོགས་ལ་དཀའ་ངལ་ཡོད་པ་དང་སྟབས་བདེ་མེད་པས་ཡོ་བསྲང་བྱེད་དགོས་བའི་གནས་ཚུལ་གླེང་ཡོད།  དེའི་རྗེས་ཅང་མ་འགོར་བར་དེ་དག་ཡོ་བསྲང་བྱས་སོང༌།  དཔེ་དེ་དང་འདྲ་བར་འདི་ལྟར་བྱས་བ་ད་དུང་མི་ཉུང་ཞིག་ཡོད།  བོད་ལྗོངས་ལས་དོན་ནང་གི་སྐྱོན་ཆ་ནོར་འཁྲུལ་རྣམས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཤེས་བ་ཞིག་ཡིན་ཚེ།  ཚབས་ཆེ་ཆུང་གང་ལྟར་ཡང་བློ་ཁོག་ཆེན་པོའི་སྒོ་ནས་རང་སྐྱོན་རང་བརྗོད་བྱེད་པའི་གུང་ཁྲན་ཏང་གི་ཁྱད་ཆོས་དང༌།  མཁས་མཛངས་ཀྱི་སྲོལ་རྒྱུན་བཟང་བོ་སྦ་གསང་མི་བྱེད་པ་དང༌། འགེབས་སྲུང་མི་བྱེད་པ། ཇི་མ་ཇི་བཞིན་གྱིས་དུས་ཐོག་ཏུ་ཁ་གསལ་བོའི་སྒོ་ནས་ཀྲུང་དབྱང་ལ་སྙན་སེང་ཞུས་ཡོད།  དེ་ལས་ཀྲུང་དབྱང་གིས་ཕྱོགས་གཅིག་ནས་བོད་ལྗོངས་ཀྱི་ལས་དོན་ཐོག་གི་རྒྱལ་ཁ་དང་གྲུབ་འབྲས་གཟིགས་པ་དང༌།  ཕྱོགས་གཅིག་ནས་སྐྱོན་ཆ་དང་ནོར་འཁྲུལ་ཡང་ཤེས་རྟོགས་ཡོང་གི་ཡོད།
ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་ང་ཚོའི་བོད་ལྗོངས་ལས་དོན་ནང་གི་ལེགས་ཉེས་ཀྱི་ཕྱོགས་གཉིས་ཀ་ཤེས་རྟོགས་བྱུང་རྗེས།  འཕྲལ་དུ་བོད་ལྗོངས་སུ་བཅའ་སྡོད་ཀྲུང་དབྱང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་དང༌།  ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཅིང་རིན་གཉིས་ང་ཚོ་བོད་ལྗོངས་ཀྱི་ལས་དོན་ནང་ཐོན་པའི་སྐྱོན་ཆ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་ཆེད་དུ་བཏང་ཡོད།  ཁོང་རྣམ་གཉིས་བོད་ལྗོངས་སུ་འབྱོར་རྗེས་འཕྲལ་དུ་ཀྲུང་དབྱང་གི་ལམ་སྟོན་གཞིར་བཟུང་བོད་ལྗོངས་ཀྱི་ལས་དོན་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་ལ་ཡོ་བསྲང་དང་ཐག་གཅོད་བྱེད་པའི་ལས་ཀའི་ཐད་ཉིན་མཚན་སྤྲེལ་མཐུད་ཀྱིས་འབད་བརྩོན་ཆེན་པོ་གནང་ཡོད།  དེའི་ཕྱིར་དུས་ཚོད་ཐུང་ངུའི་ནང་བོད་ལྗོངས་ཀྱི་སྟོད་སྨད་ལྷོ་བྱང་གི་ཞིང་འབྲོག་ས་ཁུལ་དང༌།  གྲོང་དང་གྲོང་བརྡལ་ལམ།  གྲོང་ཁྱེར་སོགས་ཀྱི་ལས་དོན་ནང་ཐོན་པའི་སྐྱོན་ཆ་དང་ནོར་འཁྲུལ་གྱི་རླུང་འཚུབ་དྲག་པོས་བཟོས་དང་བཟོ་བཞིན་པའི་སྐྱེ་རྒུའི་བདེ་སྐྱིད་རྩ་དཀྲུགས་དང༌།  དཀའ་རྙོག་འཕར་བཟོ།  དགྲ་དགའ་གཉེན་སྡུག   ཁེ་འཇོམས་བྱུར་འདྲེན་དང་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གནས་ཚུལ་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་གཞི་རྩའི་ཐོག་བཀག་འགོག་ཐུབ་ཡོད་པ་དང༌།  སྐྱོན་ཆ་དང་ནོར་འཁྲུལ་ཡང་རགས་ཙམ་ཡོ་བསྲང་ཐུབ་ཡོད།  དེར་བརྟེན་བོད་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་ཀྱི་བསམ་བློའི་ཐོག་སྐབས་ཤིག་རིང་ང་ཚོའི་ལས་དོན་ནང་གི་སྐྱོན་ཆ་ནོར་འཁྲུལ་ནི་གཤམ་རིམ་གྱི་ལས་བྱེད་པས་བྱས་བ་ཞིག་ལས་ཏང་ཀྲུང་དབྱང་དང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བྱས་བ་ཞིག་མིན་པར་རིམ་བཞིན་ངོས་འཛིན་དང་ཡིད་ཆེས་བྱུང་བ་དང༌།  ངོས་འཛིན་དང་ཡིད་ཆེས་འདི་རིགས་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད་པ་རེད།
 ཕྱི་ལོ་༡༩༦༠ལོའི་ཟླ་དགུ་བར།  ཕྲན་རྒྱལ་ས་པེ་ཅིང་དུ་རླབས་ཆེན་གྱི་ཀྲུང་གོ་གསར་བའི་རྒྱལ་ཁབ་བཙུགས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས།  ཀྲུང་དབྱང་གི་གཙོ་འཛིན་རྣམ་པ་རྒྱལ་ཁབ་ཀྱི་ལས་དོན་མཛད་བྲེལ་ཆེ་སྟབས།  དུས་ཚོད་སྟོང་བ་དེ་བཟུང་ནས་ང་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུའུའི་པུའུ་ཀྲང་ལི་ཝེ་ཧན་དང༌།  པུའུ་ཀྲང་གཞོན་པ་ཝང་ཧྥིན།  ལིའུ་ཁྲུན།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀོ་ཞི་ལན་སོགས་དང་མཉམ་དུ་རང་རྒྱལ་ལྷོ་ཕྱོགས་ཀྱི་ཞིང་ཆེན་འགའ་ཞིག་གི་གསར་བརྗེ་གནས་གཞི་དང༌།  མཛེས་ལྗོངས་ཁུལ་ལ་བལྟ་སྐོར་དང་འཚམས་འདྲི། སློབ་སྦྱོང༌།  ངལ་གསོ་བྱེད་པར་ཕྱིན།  དུས་ཚོད་དེ་བེད་སྤྱད་ནས་ངས་རང་གིས་ཤེས་པའི་བོད་ལྗོངས་ལས་དོན་ཁག་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་གྱི་གནས་ཚུལ་རྣམས་ངག་ཐོག་ནས་པུའུ་ཀྲང་ལེ་ཝེ་ཧན་སོགས་ལ་གསལ་བོར་གླེང་བ་དང་ཆབས་ཅིག་ཕན་ཚུན་ནང་ཁུལ་གླེང་མོལ་དང་ལས་དོན་ཐད་སྦ་གསང་ཅི་ཡང་མེད་པར་བསམ་འཆར་བཏོན་ནས་དགོས་ངེས་དང་དོན་སྙིང་ལྡན་པའི་གླེང་མོལ་རིགས་ཐེངས་མང་ཞུས་ཡོད།
 དེའི་རྗེས་པེ་ཅིང་དུ་ལོག་ནས་བོད་དུ་ཕྱིར་ལོག་མ་བྱས་གོང༌།  རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིས་གཙོས་པའི་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམས་པས་ང་ལ་ཐུག་འཕྲད་ཐེངས་གཅིག་གནང་བ་དང༌།  དེ་རྗེས་ཙུང་ལི་ཁྱེད་ཀྱིས་ཀྱང་ཐུག་འཕྲད་ཐེངས་གཅིག་གནང་སོང༌།  མཇལ་འཕྲད་སྔ་རྗེས་སུ་ལམ་སྟོན་གནང་དོན།  བོད་ལྗོངས་ཀྱི་དུས་སྐབས་གཅིག་གི་ལས་དོན་ནང་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་ཡོངས་རྗོགས་ལ་སྣང་ཆུང་བྱེད་མི་རུང་བ་དང༌།  སེམས་ཐག་ཆོད་པོ་དང་མངོན་གསལ་དོད་པོས་ཡོ་བསྲང་བྱེད་དགོས་ཞེས་དང༌།  མ་འོངས་བར་བོད་ལྗོངས་སུ་ལག་བསྟར་བྱེད་དགོས་རྒྱུའི་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས།  ལས་འགན།  ཐབས་ཤེས་དང་གོ་རིམ་སོགས་ཀྱི་ཐད་ལ་ལམ་སྟོན་ཐེངས་མང་གནང་ཞིང༌།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལའང་དེ་མཚུངས་ཀྱི་ལམ་སྟོན་གནང་ཡོད།
 འདི་དག་ཐམས་ཅད་བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་རྦད་དེ་མཐུན་པ་ཞིག་དང་ཡང་དག་པ་ཞིག་ཀྱང་རེད།  ལམ་སྟོན་འདི་དག་ལ་བརྟེན་ནས་རྗེས་སུ་ང་ཚོ་བོད་ལྗོངས་ཀྱི་ལས་དོན་ནང་ཁྱད་འཕགས་འགྲན་ཟླ་བྲལ་བའི་ནུས་བ་འདོན་སྤེལ་བྱས་ཏེ་ལས་དོན་ནང་གི་སྐྱོན་ཆ་ནོར་འཁྲུལ་སེལ་ནས་རིམ་བཞིན་རླབས་ཆེ་བའི་རྒྱལ་ཁ་དང་གྲུབ་འབྲས་ཐོབ་རྒྱུ་ནི་ཐག་ཆོད་པ་ཞིག་རེད།  དེ་དག་གིས་ཕྲན་གྱིས་ཏང་དང་མའོ་ཀྲུའུ་ཞིར་ཡིད་ཆེས་དང་དགའ་ཞེན་དེ་སྔ་ལས་ཆེས་ཆེར་འཕེལ་བ་མ་ཟད།   སླད་མར་བོད་ལྗོངས་ཀྱི་གསར་བརྗེ་ལས་དོན་ཐད་རང་ཉིད་ཀྱི་ནུས་བ་ཡོངས་རྫོགས་འབུལ་རྒྱུའི་ཆོད་སེམས་ལའང་ཤུགས་སྣོན་ཐེབས་སོང། དེའི་ཕྱིར་ཀྲུང་དབྱང་གི་ལམ་སྟོན་ཡོངས་རྫོགས་ལ་འཕྲལ་དུ་མོས་མཐུན་བརྩི་བཀུར་ཞུས་བ་དང་ཆབས་ཅིག་བོད་དུ་ཕྱིར་ལོག་བྱས་རྗེས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག   སེམས་ཐག་ཆོད་པོས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཀྱི་ཐོག་ནས་སྙན་སེང་ཞུ་རྒྱུ་ཡིན།  དེ་བཞིན་དུ་ལས་དོན་ཐོག་གི་བསམ་འཆར་དང་དཀའ་ངལ་འགའ་ཞིག་བཏོན་པ་ཡིན།  དེ་རྗེས་པེ་ཅིང་ནས་བོད་ལྗོངས་སུ་ཕྱིར་ལོག་མཚམས།  ཀྲུང་དབྱང་གི་ལམ་སྟོན་དེ་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་པ་དང༌།  བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལམ་སྟོན་གཞིར་བཟུང་ཀྲུང་དབྱང་གི་ལམ་སྟོན་ཡོངས་རྫོགས་ཀྱི་དོན་གནད་ཁག་ཆེད་དུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ལས་བྱེད་པ་སོགས་གལ་ཆེའི་མི་སྣ་རྣམས་ལ་བརྒྱུད་བསྒྲགས་བྱས་བ་ཡིན།
  དེའི་ཕྱིར་སྐབས་ཤིག་རིང་ལས་དོན་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་གྱི་རླུང་འཚུབ་ཀྱིས་བསླངས་བའི་མི་རྣམས་ཀྱི་བློར་མི་ཤོང་བའི་རྦ་རླབས་དེ་ཕྱི་འཇགས་སུ་ཕྱིན་པ་དང༌།  བློ་བདེ་བག་ཕེབས་དང་རྩོལ་ཤུགས་འཕར་སྣོན་བདེ་དགའི་ཚོར་སྣངགི་པད་མོ་ཁྲི་ཕྲག་མངོན་པར་བཞད་ཅིང༌།  ཏང་དང་མའོ་ཀྲུའུ་ཞིའི་བོད་ལྗོངས་ལས་དོན་གྱི་ལམ་སྟོན་ནི་བོད་ཀྱི་དོན་དངོས་གནས་ཚུལ་དང་ཡོངས་སུ་མཐུན་པ་དང་ཡང་དག་པ་འབའ་ཞིག་ཡིན་ལ། ང་ཚོའི་བོད་ལྗོངས་ཀྱི་གསར་བརྗེའི་ལས་དོན་དེ་འོད་ཟེར་འབུམ་དུ་འཕྲོ་བའི་དུས་སྐབས་གསར་པའི་ཕྱོགས་ལ་འཁྲིད་སྟོན་བྱས་པ་མ་ཟད།  ལས་དོན་ལེགས་བསྒྲུབ་ཀྱི་རྩ་བའི་འགན་ལེན་ཡིན་པ་སོགས་ངོས་འཛིན་བྱུང་ཞིང༌། ང་ཚོ་རྒྱ་བོད་འགན་ཁུར་ལས་བྱེད་པ་རྣམས་ཀྱི་ངོས་འཛིན་གཅིག་གྱུར་བྱུང་སྟེ།  བོད་ལྗོངས་ཀྱི་སྐབས་ཤིག་རིང་གི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང༌།  དམངས་གཙོ་བཅོས་བསྒྱུར་སོགས་ཀྱི་ལས་འགུལ་ནང་དང་དེ་བཞིན་ལས་དོན་ཁག་ནང་བྱུང་བའི་སྐྱོན་ཆ་ནོར་འཁྲུལ་ལ་ནན་ཏན་གཏིང་ཟབ་ཀྱི་ཞིབ་བཤེར་བྱས་ནས།  ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སེམས་ཐག་བཅད་དེ་ཡོ་བསྲང་དང་དགོས་ངེས་ཀྱི་ཐག་གཅོད་བྱས་པ་དང༌།  ལས་དོན་ལ་ལེགས་བཅོས་དང་དག་ཐེར་སོགས་བྱས་པ་རེད།  ཀྲུང་དབྱང་གི་ལམ་སྟོན་ལག་བསྟར་བྱེད་པའི་ཐད།  ང་ཚོ་རྒྱ་་བོད་འགན་འཁུར་མི་སྣ་ཀུན་ལ་ཕྱར་གྲུ་མཉམ་འདེགས་ཀྱི་བསམ་བློ་ཞིག་ཡོད།  དེའི་རྗེས་སུ་ཀྲུང་དབྱང་གི་ལམ་སྟོན་ཁག་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་འཁུར་རྒྱུ་དང༌།  བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱས་ཏེ་དེ་སྔའི་དུས་སྐབས་ཤིག་རིང་གི་སྐྱོན་ཆ་ནོར་འཁྲུལ་ཡོ་བསྲང་དང་ཐག་གཅོད།  ལེགས་བཅོས་དང་དག་ཐེར་སོགས་བྱས་དང་བྱེད་བཞིན་ཡོད་པ་རེད།  དེའི་ཕྱིར་གཤམ་དུ་ན་ནིང་ཕྱི་ལོ་༡༩༦༡ལོར་དངོས་སུ་གང་ཞིག་བྱས་ཡོད་པ་དང་གྲུབ་འབྲས་གང་ཐོབ།  གནད་དོན་གང་ཞིག་ལྷག་ཡོད་པ་སོགས་ཀྱི་གནས་ཚུལ་ཐད་ལ་རྩ་དོན་རང་བཞིན་རགས་ཙམ་བཀོད་ན།
དང་པོ།  ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་སྐོར།      

ཏང་གི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་རྩ་དོན་ཐད། དམག་དོན་ཐོག་རྡུང་རྡེག་དང་ཆབ་སྲིད་ཐོག་ཚུར་འགུག མང་ཚོགས་སྐུལ་སློང་སོགས་ཕན་ཚུན་ཁ་མ་བྲལ་བར་གསུམ་ཆ་ཟུང་དུ་འབྲེལ་བའི་སྲིད་ཇུས་བཏོན་པ་དེ་སྔོན་དངོས་སུ་ལག་བསྟར་སྐབས་དམག་དོན་ཐོག་རྡུང་རྡེག་བྱེད་རྒྱུ་གཙོ་བྱས་པ་དེར་ན་ནིང་འགྱུར་བ་བཏང་སྟེ། ཕན་ཚུན་དོ་བསྙམས་པ་དང༌། ཅུང་འཐུས་སྒོ་ཚང་བའི་སྒོ་ནས་མི་དམངས་སྐུལ་སློང་བྱས་སྟབས། མང་ཚོགས་ཁྲོད་ཀྱི་ངོ་ལོག་ཟིང་འཁྲུག་པའི་རྨང་གཞི་བསྔོགས་པ་དང༌། ངོ་ལོག་ཟིང་འཁྲུག་པ་ཁེར་རྐྱང་དུ་ཕུད་པ་དང༌། དེ་བཞིན་དུ་ངོ་ལོག་ཟིང་འཁྲུག་པ་ཆབ་སྲིད་ཐོག་ཚུར་འགུག་བྱེད་ཆེད། ཟིང་འཁྲུག་པ་མགོ་འདོགས་ཞུ་མཁན་ལ་གཏེ་བོ་དང་ཕལ་བའི་དབྱེ་བ་མི་འབྱེད་པར་ཚང་མར་གཟབ་ནན་གྱིས་མིན་བཞི་སྲིད་ཇུས་ལག་བསྟར་བྱས་ཡོད།

དེ་སྔོན་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་གཡུལ་འགྱེད་ནང༌།  བཟུང་དམག་ཁྲོད་ཆོས་ལུགས་དང་མི་རིགས་ཀྱི་དར་ཆའི་གཡོ་འོག་ཏུ་ཚུད་དེ་ཟིང་འཁྲུག་ནང་ལ་ཞུགས་མཁན་དང༌།  བཙན་ཤེད་ཀྱིས་ཟིང་འཁྲུག་ནང་ཚུད་མཁན་བཅས་རིགས་གཉིས་པའི་ཁྲོད་མི་ཉུང་བ་ཞིག་འོས་འཚམས་མིན་པའི་སྒོ་ནས་ངོ་ལོག་ཟིང་འཁྲུག་པའི་ཞྭ་མོ་ནག་པོ་གཡོགས་པ་དང༌།  ཁྲིམས་ཆད་ནན་མོ་བཅད་ཡོད་མཁན་ལ་བསྐྱར་ཞིབ་ལེགས་ཙམ་བྱས་པ་དང༌།  མི་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མ་ཉེས་ཁག་གཡོག་ཕོག་མཁན་ཁག་གཅིག་ལ་ཡོ་བསྲང་བྱས་ཡོད།  བྱེད་སྟངས་འདི་འཐུས་སྒོ་ཚང་མིན་དང་ཡོངས་ཁྱབ་ཡིན་མིན་གང་ལྟར་ཡང༌།  ཡང་དག་པ་ཞིག་ཡིན་པས།  ལས་དོན་ནང་ཕན་ཐོགས་མངོན་གསལ་དོད་པོ་བྱུང་ཡོད།

དཔེར་ན། བོད་ལྗོངས་ནང་ཁུལ་དུ་ལྷག་ལུས་ཀྱི་ངོ་ལོག་ཟིང་འཁྲུག་པའི་མི་གྲངས་ཉུང་ན་ཡང༌། ཁོང་ཚོ་ང་ཚོར་ཞེ་འཁོན་ཧ་ཅང་ཆེ་བ་དང༌། ཟིང་འཁྲུག་བློ་ཐག་ཆོད་པོ་ཡོད་པའི་རྐྱེན་ཀྱིས། མཐའ་གཅིག་་ཏུ་ཨུ་ཚུགས་ཀྱིས་ངོ་རྒོལ་དང༌། མི་ཉུང་བ་དང་དམིགས་འབེན་ཆུང་ལ་བརྩད་ཆོད་དཀའ་བ་དང༌། སྡོད་གནས་ངེས་གཏན་མེད་པར་ཧོབ་ཀྱིས་ཐོན་པ། ལྷག་པར་དུ་བཅིངས་འགྲོལ་དམག་དང་ཡུན་རིང་དམག་འཁྲུག་བརྒྱབ་སྟེ་ཚད་ངེས་ཅན་ཞིག་གི་ཐོག་ནས་དམག་དོན་ལ་ཡང་རྒྱུས་ལོན་ཡོད། དེར་བརྟེན་དུས་ཡུན་ཐུང་ཐུང་ཞིག་ནང་དམག་དོན་རྡུང་རྡེག་ཁོ་ནས་ཐག་གཅོད་བྱེད་རྒྱུར་ལས་སླ་བོ་ཡོད་པ་མ་རེད། ཡིན་ན་ཡང་ཁོང་ཚོས་ཕྱོགས་གཅིག་ནས་གསར་བརྗེར་ངོ་རྒོལ་བྱས་ན་མདུན་ལམ་མེད་པ་དང༌། ད་ལྟ་རང་ཉིད་མང་ཚོགས་ནང་ཁེར་རྐྱང་ཆགས་པ་མཐོང་གི་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་ང་ཚོས་ཀྱང་ཚུར་འགུག་དང་ཐག་གཅོད་གུ་ཡངས་བྱེད་བཞིན་ཡོད། གནད་དོན་འདི་གཉིས་ཧ་གོ་རྗེས། ན་ནིང་གཞི་ནས་ཟིང་འཁྲུག་གཏེ་བོ་ཁ་ཤས་ཀྱིས་ང་ཚོ་ལ་མགོ་འདོགས་ཞུས་ཡོད། དེ་ལས་འཐབ་ཇུས་དང་འཐབ་རྩོད་ཟུང་འབྲེལ་བྱེད་དགོས་བ་གསལ་སྟོན་བྱས་བ་མ་ཟད། དེ་མཚུངས་སུ་ཡང་དག་པའི་བྱེད་སྟངས་འདི་ནི་སྡེར་ཆགས་རྒྱལ་བོ་ལས་ཀྱང་ལྷག་པའི་ར་སྤྲོད་བྱས་ཡོད།

གཉིས་བ།  དམངས་གཙོའི་བཅོས་བསྒྱུར་སྐོར།
 ༡ དམངས་གཙོའི་བཅོས་བསྒྱུར་ལས་འགུལ་ཁྲོད་ཟིང་འཁྲུག་ལ་ངོ་རྒོལ་བྱེད་སྐབས། གོང་དུ་བརྗོད་པ་བཞིན།  ལས་དོན་གྱི་ཞིབ་ཚགས་གཟབ་ནན་སོགས་འཐུས་སྒོ་མི་ཚང་བ་དང༌།  དོན་དངོས་དང་དངོས་སུ་བྱུང་བའི་གནས་ཚུལ་དང་ཁ་བྲལ་ཞིང༌།  དཀར་ནག་དབྱེ་འབྱེད་མེད་པར་རང་སྣང་གང་དྲན་གྱིས་ཟིང་འཁྲུག་པའི་ཞྭ་མོ་གཡོགས་ཏེ།  འཇུ་བཟུང་བཙོན་འཇུག་དང༌།  རྒྱུ་ནོར་གཞུང་བཞེས་གཏོང་བ་སོགས་ཀྱིས་མི་རྣམས་ཧང་སངས་བ་དང་ཧ་ལས་ཀྱི་ཡོད་ལ།  བྱེད་སྟངས་འདིས་མི་མང་བོ་ཞིག་ལ་ཞེ་འཁོན་དང་ཡིད་ཆེས་བློ་ཕམ་བཅས་བྱུང་ཡོད།  མི་ལེགས་པའི་ཚབས་ཆེའི་གནས་ཚུལ་འདྲ་མིན་དེ་དག་ལ་བརྟག་དཔྱད་བྱས་ཏེ།  འཛིན་ནོར་ཤོར་བའི་མི་ཁག་ཅིག་གློད་གྲོལ་བཏང་བར་བརྟེན་མི་རྣམས་ཤིན་ཏུ་དགའ་བཞིན་ཡོད།  ཡིན་ན་ཡང་གློད་གྲོལ་གཏོང་དགོས་བ་ཚང་མ་ད་དུང་གློད་གྲོལ་བཏང་མེད།

༢ ཞིང་ལས་དང་ཕྱུགས་ལས། ས་མཚམས་ཐད། ཀྲུང་གུང་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གིས་མཛུབ་སྟོན་ལྟར། སྔ་རྗེས་སུ་ས་མཚམས་ཁུལ་གྱི་ལས་དོན་ཐད་ཀྱི་སྲིད་ཇུས་བྱེ་བྲག་དོན་ཚན་བཅུ་དང༌། ཞིང་ལས་ཁུལ་དོན་ཚན་ཉི་ཤུ་རྩ་དྲུག ཕྱུགས་ལས་ཁུལ་དོན་ཚན་སུམ་ཅུ་སོགས་གཏན་འབེབས་བྱས་བ་མ་ཟད། ད་དུང་ཁྱབ་ཁོངས་སོ་སོའི་ནང་ལག་ལེན་མཐའ་འཁྱོལ་ཡོད་མེད་ཀྱི་དབྱེ་བ་ཡོད་རུང༌། སྤྱིར་བཏང་ཚང་མ་ལག་ལེན་བྱས་ཡོད་པ་རེད། སྲིད་ཇུས་བྱེ་བྲག་པའི་དགོངས་དོན་གྱི་དམིགས་འབེན་རེ་རེ་ལ་ཕན་ནུས་འདོན་སྤེལ་གྱི་གཏད་ཕྱོགས་རེ་ཡོད་སྟབས། ཆེ་ཆུང་ལ་མ་ལྟོས་བར་ཕན་ནུས་ངེས་ཅན་ཞིག་ཐོབ་ཡོད་པ་སྟེ། ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་མི་དམངས་མང་ཚོགས་མི་ཉུང་བ་ཞིག་ཕྱིར་ལོག་པ་དང༌། བྲོས་བྱོལ་འགྲོ་མཁན་ཇེ་ཉུང་དུ་སོང་ཡོད། བོད་ལྗོངས་སྟོད་སྨད་ལྷོ་བྱང་གི་ཞིང་འབྲོག་ས་ཁུལ་གྱི་གྲོང་དང་གྲོང་བརྡལ་ལམ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་མི་དམངས་མང་ཆེ་བ་བློ་བག་ཕེབས་པ་དང༌། ང་དགའ་ཁྱོད་སྐྱིད་ངང་ཧུར་བརྩོན་གྱིས་ཞིང་འབྲོག་ལས་གཙོར་བྱས་པའི་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་ཡོད་པ་མ་ཟད། ད་དུང་མི་དམངས་ཀྱིས་མའོ་ཀྲུའུ་ཞི་པེ་ཅིང་དུ་བཞུགས་ཡོད་རུང༌། ང་ཚོའི་བོད་མིའི་སྐྱིད་སྡུག་དང་སེམས་ནང་ག་རེ་དྲན་གྱི་ཡོད་མེད་ཤེས་ཀྱི་ཡོད་པ་རེད། སྐབས་ཤིག་གི་སྐྱོན་དང་ནོར་འཁྲུལ་དེ་ཚོ་ཕལ་ཆེར་མང་ཆེ་བ་འོག་རིམ་གྱི་ལས་བྱེད་པ་ཚོས་བྱས་པ་རེད། ད་ལོ་འདི་ཚོར་ཡོ་བསྲང་དང་ཐག་གཅོད་ལེགས་བཅོས་བྱས་པའི་རྐྱེན་གྱིས། ཏང་དང་མའོ་ཀྲུའུ་ཞི་ནི་ང་ཚོའི་མི་དམངས་སྡུག་བསྔལ་ལས་སྐྱོབ་མཁན་དང་ང་ཚོ་ལ་བདེ་སྐྱིད་སྐྲུན་མཁན་ཡིན་པ་དང༌། དངོས་ནས་དྲང་ཞིང་བྱམས་བརྩེ་ལྡན་པའི་ཕ་མ་རེད་ཅེས་བཤད་ཀྱི་ཡོད།

  འདི་དག་ལས་ཏང་དང་མའོ་ཀྲུའུ་ཞི་ཡི་བཀའ་དྲིན་སྙིང་དབུས་སུ་བཅངས་ཡོད་པ་དང་དགའ་ཞེན་མུ་མཐུད་དུ་འཕར་གྱི་ཡོད་པ་གསལ་བོར་མངོན།  ལྷག་པར་དུ་ང་ཚོའི་ལས་བྱེད་པ་དང་ཧུར་བརྩོན་ཅན་གྱི་ནང་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་གྱི་བཅའ་ཁྲིམས་དགོངས་དོན་དང་རྒྱབ་འགལ་བྱས་ཏེ་ཁྲིམས་འགལ་ལུགས་འགལ་དང༌།  མང་ཚོགས་དང་ཡ་བྲལ་གྱིས་མང་ཚོགས་ནས་འཁོན་འཛིན་སྐྱེ་ཡུལ་གྱི་མི་འགའ་ཤས་ལ་འོས་ཤིང་འཚམས་པའི་ཐག་གཅོད་དང༌།  གཞི་རིམ་སྲིད་དབང་གི་རྩ་འཛུགས་ལེགས་བཅོས་དག་ཐེར་བྱས་ཏེ།  ཏང་དང་སྲིད་གཞུང་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་ཡིན་པ་མ་ཟད་མི་དམངས་ལ་འགན་འཁུར་བྱེད་མཁན་ཡང་ཡིན་པ་གསལ་བོར་མཚོན་ཡོད།  དེའི་ཕྱིར་མི་དམངས་མང་ཚོགས་ནང་ཏང་དང་སྲིད་གཞུང་ལ་གཏིང་ཟབ་པའི་ཤུགས་རྐྱེན་ལེགས་པོ་དང་སྙན་གྲགས་ལྡན་ཡོད།  འདིས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་དགའ་ཞེན་བྱེད་པར་ཕན་ནུས་ཧ་ཅང་མངོན་གསལ་དོད་པོ་ཐོབ་ཡོད།
  ས་མཚམས་དང་ཞིང་འབྲོག་ས་ཁུལ་གྱི་ལས་དོན་ལ་སྲིད་ཇུས་བྱེ་བྲག་པ་གཏན་འབེབས་དང་ལག་བསྟར་བྱས་བའི་རྐྱེན་གྱིས་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་དང༌།  ཐག་གཅོད།  ལེགས་བཅོས།  དག་ཐེར་བཅས་ལ་གཞི་རྩའི་ཐོག་ནས་བཤད་ན་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད།  དེ་མཚུངས་སུ་ཏང་ནང་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་ནང་དུ་ཀུན་སྤྱོད་དག་ཐེར་དང༌།  ལས་དོན་བརྟག་དཔྱད།  ལས་བྱེད་ལ་ཞིབ་བཤེར་བྱས་ཏེ་ལས་བྱེད་ཚོས་སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་ལས་དོན་ཁག་སོ་སོའི་དམིགས་ཡུལ་དང་དགོས་མཁོ།  དགེ་མཚན་དང༌། དེ་བཞིན་ལས་དོན་ཁག་གི་བྱེད་ཕྱོགས་དང༌།  སྲིད་ཇུས་བྱེད་ཐབས་དང་གོ་རིམ་ཐད་ཏང་གི་མཛུབ་སྟོན་དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུས་ལོན་དང་ཤེས་རྟོགས་བྱུང་སྟེ།  ཐུན་མོང་ལ་ཁེ་ཕན་བསྐྲུན་པའི་ནུས་ཤུགས་དང༌། བདེན་དོན་གྱིས་བྱ་སྤྱོད་ལ་བརྡར་ཤ་གཅོད་པ་དང་ཁ་ཞེ་གཉིས་མེད།  དེ་བཞིན་དཀའ་སྤྱད་འབད་བརྩོན་གྱི་གསར་བརྗེ་ལས་བྱེད་པའི་ཀུན་སྤྱོད་ཡག་པོ་དེ་ང་ཚོའི་ལས་བྱེད་ནང་ཡར་རྒྱས་ཕྱིན་ཡོད་པ་དང༌།  རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་ལས་བྱེད་པའི་དཔུང་སྡེ་རྒྱུ་སྤུས་ཇེ་མཐོར་སོང་ཡོད།  ལས་བྱེད་ཁྲོད་དུས་སྐབས་ཤིག་རིང་སྐྱོན་དང་ནོར་འཁྲུལ་ཤེས་རྟོགས་མ་བྱུང་བར།  ནོར་འཁྲུལ་དང་སྐྱོན་ཆ་ཁ་ཤས་འགྲིག་པ་དང་འགན་ཁུར་གྲུབ་པ་དང༌།  གསར་བརྗེའི་ལས་དོན་ལ་ལེགས་སྐྱེས་ཕུལ་ཡོད་སྙམ་པ་སོགས་ང་རྒྱལ་ཁེངས་དྲགས་ཀྱི་བསམ་བློ་ཇེ་ཆུང་དུ་སོང་སྟེ།  སྐྱོན་དང་ནོར་འཁྲུལ་ཡོ་བསྲང་དང་གཏན་འགོག་གི་རེ་འདོད་བྱུང་ཞིང༌།  མ་འོངས་བའི་ལས་དོན་ནང་སྐྱོན་དང་ནོར་འཁྲུལ་འདི་རིགས་མི་འབྱུང་བའམ་ཇེ་ཉུང་དང༌།  ཡང་ན་བྱུང་བའི་རྗེས་སུ་ལམ་སེང་མཐོང་སྟེ་ཡོ་བསྲང་ལེགས་བཅོས་ལ་ཆ་རྐྱེན་གསར་བཏོད་ཀྱི་རྣམ་པ་ཐོན་ཡོད་པ་རེད།
༣ གྲལ་རིམ་དབྱེ་འབྱེད་ཐད།   དུས་སྐབས་ཤིག་གི་ནང་ལུགས་དང་མི་མཐུན་པར་དབྱེ་འབྱེད་བྱས་པའི་མི་ཁག་ཅིག་ལ་ཡོ་བསྲང་བྱས་ཡོད་པ་དང༌།  དེར་མཐུད་དེ་དབུལ་ཕོངས་ཀྱི་ཞིང་བྲན་དང་བྲན་གཡོག་ལ་བརྟེན་ཏེ། ཞིང་བྲན་ཕྱུག་པོ་ཐེ་བའི་ཞིང་བྲན་འབྲིང་རིམ་སོགས་ལ་མཐུན་སྒྲིལ་བྱེད་དགོས་པ་མ་ཟད།  མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཚང་མར་མཐུན་སྒྲིལ་དང༌།  དགྲ་བོ་ཁེར་རྐྱང་དུ་གཏོང་བའི་གྲལ་རིམ་ལམ་ཕྱོགས་ལག་བསྟར་བྱེད་སྐབས།  ཡོངས་ཁྱབ་མིན་པའི་གནས་ཚུལ་ལའང་གང་འཚམས་ཡོ་བསྲང་ལེགས་བཅོས་དང༌།  ཞིང་བྲན་འབྲིང་ཕྱུག་སོགས་མཐུན་སྒྲིལ་བྱ་ཡུལ་གྱི་མཐུན་སྒྲིལ་གྱི་རྣམ་པ་ཡང་ཐོན་ཡོད།  ད་དུང་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་ཤིག་རིངཞིང་བྲན་འབྲིང་ཕྱུག་སོགས་མཐུན་སྒྲིལ་བྱ་ཡུལ་གྱི་མཐུན་སྒྲིལ་ལས་དོན་འཐུས་སྒོ་ཚང་མིན་ལ་མ་བལྟས་བར་མཐུན་སྒྲིལ་བྱེད་མགོ་ཚུགས་ཡོད་པ་དང༌།  མཐུན་སྒྲིལ་གྱི་རྣམ་པ་ཡང་ཐོན་ཡོད།   ད་དུང་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་ཤིག་རིང་ཞིང་བྲན་འབྲིང་ཕྱུག་གི་ཐོན་སྐྱེད་རྒྱུ་ཆ་དང༌།  རྒྱུ་ནོར་གཞན་དག་བགོས་འཁྱེར་སོགས་མི་འོས་བ་བྱས་རིགས་སྐྱིན་གསབ་སྤྲོད་དགོས་བའི་ཆོད་དོན་ལྟར་འགའ་ཞིག་ལག་བསྟར་བྱས་ཡོད། འདིས་མི་མང་པོ་ཞིག་ང་ཚོའི་ཕྱོགས་ལ་ཚུར་འགུག་དང་དགྲ་ཡ་ཁེརརྐྱང་དུ་འབུད་པར་ཕན་ནུས་ངེས་ཅན་ཞིག་ཐོབ་ཡོད།

༤ མང་ཚོགས་སྐུལ་སློང་ཐད་ལ། དེ་སྔའི་བྱེད་སྟངས་དང་བསྡུར་ན་མིང་དོན་མཚུངས་ཡོད་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་དང༌། དགྲ་དང་རང་ཕྱོགས་བར་གྱི་དབྱེ་མཚམས། གྲལ་རིམ་ངོས་འཛིན་དང་གསར་བརྗེའི་སྤྲོ་སེམས་བཅས་མཐོ་རུ་སོང་ཡོད་པདང༌། འཐབ་རྩོད་ཐད་ལ་རང་སྣང་གང་དྲན་གྱིས་འཐབ་རྩོད་བྱེད་པའི་རླུང་འཚུབ་དྲག་པོ་དེ་སྤྱིར་བཏང་ཐོག་ཞི་འཇགས་སུ་སོང་ཡོད། ལྷའི་ཚོགས་འདུ་ཞི་དུལ་ངག་འཇམ་གྱིས་མི་རྣམས་ཅུང་བློ་བག་ཕབ་པོའི་ངང་སློབ་སྦྱོང་བྱེད་ཐུབ་པ་དང༌། དེ་སྔ་འཐབ་རྩོད་བྱེད་ནོར་ཤོར་བའི་མི་སྣ་གཙོ་བོ་ཁ་ཤས་ལ་འཐབ་ནོར་ཤོར་ཡོདཔ་གསལ་བཤད་དང་སེམས་གསོ་བྱས་ཏེ་ཁོང་ཚོའི་སེམས་ཤུགས་སླར་གསོ་དང༌། མི་འདོད་པ་སེལ་ཐུབ་ཡོད་པ་དེས་བསམ་བློའི་ལས་དོན་ལ་ཕན་ནུས་ཆེན་པོ་ཐོབ་ཡོད་པ་རེད།

གསུམ་པ། ཞིང་འབྲོག་སོགས་ཐོན་སྐྱེད་སོགས་དང་མི་དམངས་ཀྱི་འཚོ་བ།

ཀྲུང་དབྱང་གིས་བོད་ལྗོངས་མི་དམངས་ཀྱི་བསམ་བློའི་ཆུ་ཚད་སོགས་དངོས་ཡོད་གནས་ཚུལ་མང་པོར་གཞིགས་ཏེ། ༡༩༦༡ལོ་ནས་བཟུང་ལོ་ལྔའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་མི་བྱེད་ཅིང༌། ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་མི་འཛུགས་པ་དང༌། མི་དམངས་ཀུང་ཧྲེ་དེ་བས་ཀྱང་མི་འཛུགས་པར། སྟོབས་ཤུགས་གཅིག་བསྡུས་ཀྱིས་དམངས་གཙོའི་གསར་བརྗེ་གཏིང་ཟབ་མཐའ་འཁྱོངས་བྱེད་རྒྱུའི་གཏན་འབེབས་བྱས་པ་དང༌། ངལ་རྩོལ་མི་དམངས་ཀྱི་སྒེར་ལ་དབང་བའི་ལམ་ལུགས་སྲ་བརྟན་དང༌། ཞིང་འབྲོག་ཁེར་གཉེར་དཔལ་འབྱོར་གོང་འཕེལ་བཏང་སྟེ། ཡར་ལངས་ཐོབ་པའི་ངལ་རྩོལ་མི་དམངས་ལ་དམངས་གཙོའི་བཅོས་བསྒྱུར་གྱིས་ཁོང་ཚོར་དགེ་མཚན་སྦྱིན་ཡོད་པ་ཤེས་བར་བྱས་ནས། ཁོང་ཚོའི་ཧུར་བརྩོན་བསམ་བློའི་སྐུལ་འདེད་ཀྱིས་བོད་ལྗོངས་སུ་ཞིང་འབྲོག་ལས་གཙོས་བའི་ཐོན་སྐྱེད་ལམ་ཕྱོགས་ཐོག་ཕན་ནུས་འདོན་སྤེལ་གྱི་མཛུབ་སྟོན་འོག བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་ས་མཚམས་དང༌། ཞིང་འབྲོག་ས་ཁུལ་གྱི་སྲིད་ཇུས་བྱེ་བྲག་པ་ཁག་གསུམ་གཏན་འབེབས་བྱས་ཡོད་པ་མ་ཟད། ད་དུང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག་རིམ་པ་སོ་སོའི་ཏང་ཨུ་དང༌། སྲིད་གཞུང་གིས་ཐོན་སྐྱེད་ལས་དོན་སོགས་ལ་དོ་སྣང་དང་དམ་འཛིན་བྱས་ཡོད་ཅིང༌། ཕན་ནུས་ལྡན་པའི་བྱེད་ཐབས་སྣ་ཚོགས་ལ་ཤུགས་སྣོན་དང༌། ཐོན་སྐྱེད་གོང་འཕེལ་ལ་མི་འཚམས་པའི་ཕན་མེད་གནོད་འགྱུར་གྱི་རིགས་མཐའ་དག་གང་ཐུབ་ཀྱིས་ཡོ་བསྲང་དང་བཀག་འགོག་བྱས་ཡོད། ༡༩༦༡ལོའི་ཞིང་འབྲོག་ཐོན་སྐྱེད་ལས་དོན་ནི་༡༩༥༩ལོ་དང་༡༩༦༠ལོ་ལས་ལེགས་པ་དང༌། རོགས་རེས་ཚོ་ཆུང་དག་ཐེར་བྱས་རྗེས་རང་མོས་གཉིས་ཕན་གྱི་རྩ་དོན་སོགས་ཅུང་འཐུས་སྒོ་ཚང་ཙམ་ཡོད་སྟབས། རོགས་རེས་ཚོ་ཆུང་གིས་ཐོན་སྐྱེད་ལམ་ཕྱོགས་ཐོག་ཕན་ནུས་ངེས་ཅན་ཞིག་བཏོན་ཡོད།

༢  གྲོང་ཁྱེར་ནང་གི་ལག་ཤེས་བཟོ་ལས་དང་ཚོང་ལས་ཁྲོད་བྱུང་བའི་སྐྱོན་དང་ནོར་འཁྲུལ་ལ་གང་འཚམས་ཀྱི་ཡོ་བསྲང་བྱས་བ་དང༌།  ཅུང་ཡང་དག་པའི་བྱེད་སྟངས་བེད་སྤྱོད་བཏང་བའི་རྐྱེན་གྱིས་ལག་ཤེས་བཟོ་བ་དང་ཚོང་བའི་དཀའ་ངལ་སེལ་བ་དང༌།  ཁོ་ཚོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ཤིང༌།  བོད་ལྗོངས་ཀྱི་ཐོན་སྐྱེད་འཛུགས་བསྐྲུན་དང་མི་དམངས་ཀྱི་འཚོ་བའི་བདེ་འཇགས་ཐོག་ལ་དགེ་མཚན་ལྡན་པའི་ནུས་ཤུགས་ངེས་ཅན་ཞིག་ཕུལ་ཡོད་པས།  གྲོང་ཁྱེར་གྱི་རྣམ་པ་ཡང་འཁྲུག་ཆ་དོད་པོ་ཆགས་ཡོད།  མགོ་བདེ་གླགས་ཚོང་མཁན་སོགས་སྤྱི་ཚོགས་ཐོག་འབྱུང་མི་འོས་བའི་རིགས་ཁ་ཤས་ཀྱང་མང་དུ་སོང་ཡོད་རུང༌།  འོས་འཚམས་ཀྱིས་ཚོད་འཛིན་བྱས་ཡོད།
 ༣  མང་ཚོགས་ཀྱི་འཚོ་བའི་ཐད།  ཞིང་ལས་ཁུལ་དུ་རྒྱལ་གཅེས་གཞུང་འབྲུ་བསྡུ་ཚད་་གཏན་འབེབས་བྱས་པའི་འཆར་ལོའི་ཐོན་ཚད་ལྟར་བསྡུས་ན།  ལྗོངས་ཡོངས་ཀྱི་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆ་བདུན་ལས་མི་བརྒལ།  གཞུང་འབྲུ་འཇལ་མཁན་ཡང་ཞིང་ལས་ཐེམ་དུད་སྤྱིའི་བརྒྱ་ཆའི་གྱ་ལྔ་ལས་མི་བརྒལ་བ་དང༌།  རང་བྱུང་གནོད་སྐྱོན་ཕོག་མཁན་ཡོད་ཚད་གཏན་འབེབས་ལྟར་བབ་བསྟུན་གྱིས་ཆག་ཡང་རྩ་ཆག་གཏོང་རྒྱུ་དང༌།  ས་ཞིང་གསར་སྤེལ་ལ་སྐུལ་སློང་བྱས་ཏེ།  སུས་བཟོས་སུར་བདག་དང༌།  ལོ་ལྔའི་རིང་གཞུང་འབྲུ་འཇལ་མི་དགོས་བའི་སྲིད་ཇུས་ལག་བསྟར་བྱས།  འབྲུ་ལྷག་ཉོ་སྒྲུབ་ཐད།  རྒྱལ་གཅེས་གཞུང་འབྲུ་དང༌།  ས་བོན།  ལོ་གཅིག་གི་ཚད་ལྡན་ཟ་འབྲུ་དང་གཟན་ཆས་ཕུད་རྗེས་ཀྱི་འཕྲོས་ལུས་འབྲུ་ལྷག་གི་བརྒྱ་ཆ་ལྔ་བཅུ་ལས་མི་བརྒལ་བ་དང༌།  ཉོ་སྒྲུབ་རྗེས་ཀྱི་ལྷགའབྲུ་ཚང་མ་རང་འདོད་ལྟར་ཉར་འཇོག་དང་ཉོ་འཚོང༌།  ཅ་དངོས་གཞན་དང་བརྗེ་ཚོང་བྱས་ཆོག   འདི་དག་ཚང་མ་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞིང་ལས་ས་ཁུལ་གྱི་སྲིད་ཇུས་བྱེ་བྲག་པ་དོན་ཚན་ཉི་ཤུ་རྩ་དྲུག་ནང་གཏན་འབེབས་གསལ་བོ་བྱས་ཡོད་པ་མ་ཟད།  ས་ཁུལ་མང་ཆེ་བས་ལག་ལེན་འགྲིག་ཙམ་བྱས་འདུག   ད་ལྟ་མང་ཚོགས་མང་ཆེ་བར་འབྲུ་ལྷག་ཉུང་ཙམ་ཡོད་པ་དང༌།  དེའི་ཁར་༡༩༦༡ལོར་བོད་ལྗོངས་སུ་ལོ་ལེགས་བྱུང་ཡོད།  འདི་དག་གི་ཉེར་ལེན་ལས་ཞིང་ལས་ས་ཁུལ་གྱི་གཞི་རྩའི་གནས་ཚུལ་ཡག་པོ་རེད། ན་ནིང་ང་རང་མེས་རྒྱལ་ནང་ཁུལ་དུ་ཡོད་སྐབས་བོད་ལྗོངས་ནང་གནས་ཚུལ་འབྱོར་བ་ལ་བལྟས་ན།  ས་གནས་འགའ་ཤས་ནང་ལས་བྱེད་པའི་བྱ་སྤྱོད་ཁ་ཤས་སྲིད་ཇུས་ལྟར་ལག་ལེན་བསྟར་མེད་སྲིད་མོད།  ཡིན་ནའང་ངས་བལྟས་ན་ཛ་དྲག་གི་གནས་ཚུལ་ཡོད་སྲིད་ཀྱི་མ་རེད།
 འབྲོག་ལས་ཐད་ལ།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཕྱུགས་ལས་ས་ཁུལ་གྱི་སྲིད་ཇུས་བྱེ་བྲག་པ་དོན་ཚན་སུམ་ཅུ་གཏན་འབེབས་བྱས་ཏེ།  དབང་བའི་ལམ་ལུགས་ཁས་ལེན་བྱས་ཡོད་ཅིང༌།  ཅུང་མང་དོན་གཉིས་མཚུངས་ཀྱི་སྒོ་ནས་གཉིས་ཕན་སྲིད་ཇུས་ལག་ལེན་བྱས་ཡོད་པ་དང༌།  ཕྱུགས་བདག་དང་ཕྱུགས་རྫི་ཕྱོགས་གཉིས་ཀྱིས་ཕྱུགས་ཟོག་བདག་སྐྱོང་དང་འཕེལ་རྒྱས་སུ་བཏང་བས།  ཕྱུགས་ལས་ཐོན་སྐྱེད་ཐོག་མའི་ཆར་བརྟེན་ལྷིང་བྱུང་སྟེ།  རིམ་བཞིན་གོང་དུ་འཕེལ་བའི་རྣམ་པ་ཐོན་ཡོད།
 འབྲོག་པའི་ཐད་ལ།  ན་ནིང་ཕྱུགས་ལས་ཀྱི་ཁྲལ་དངོས་སུ་བསྡུ་ལེན་བྱས་མེད་པ་དང༌།  དེའི་ཁར་ཞིང་འབྲོག་རང་མོས་ལྟར་བརྗེ་ཚོང་བརྒྱབ་སྟེ།  དཔལ་འབྱོར་འཁྲུག་ཆ་དོད་དུ་གཏོང་བའི་ལས་དོན་ཡག་པོ་བྱས་ཡོད་པ་རེད།  ན་ནིང་ཞིང་འབྲོག་ཐོན་རྫས་རང་མོས་བརྗེ་ཚོང་རྒྱག་པའི་སྲོལ་རྒྱུན་གྱི་ཉོ་ཚོང་གོམས་སྲོལ་སླར་གསོ་བྱས་ཏེ།  ཞིང་འབྲོག་དང་གྲོང་ཁྱེར་ཕན་ཚུན་གྱི་དགོས་མཁོ་སྐོང་ཐུབ་ཡོད།  དོ་སྙོམས་དང་དག་ཐེར་གང་འཚམས་བྱས་ཡོད་པའི་རྐྱེན་གྱིས།  ཞིང་འབྲོག་དང་གྲོང་ཁྱེར་གྱི་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་བརྟན་ལྷིང་དང་ལེགས་བཅོས་ལ་དགེ་མཚན་ལྡན་པའི་ནུས་བ་ངེས་ཅན་ཞིག་ཐོན་ཡོད།  གྲོང་ཁྱེར་སྡོད་དམངས་ཀྱི་ཟ་འབྲུ་དང་སྣུམ་རིགས་ལ་སྲིད་གཞུངགིས་གྲངས་ཚད་གཏན་འཁེལ་བྱས་པའི་ཚད་གཞི་ལྟར་མཁོ་འདོན་བྱས་ཡོད་པ་དང༌།   ད་དུང་ཞིང་འབྲོག་ས་ཁུལ་གྱི་མི་གྲངས་ངེས་ཅན་ཞིག་གྲོང་ཁྱེར་ནང་ལ་ཡོང་སྟེ་བཟའ་བཅའ་དངོས་རིགས་འཚོང་གི་ཡོད།  འདི་དག་གིས་གྲོང་ཁྱེར་ནང་འཚོ་བའི་ཕྱོགས་ལ་དངངས་འཚུབ་སྡུག་བརྗོད་དང༌།  ལྟོ་གོས་ལ་སེམས་ཁྲལ་གྱི་གནས་ཚུལ་དེ་གཞི་རྩའི་ཐོག་ནས་སེལ་ཐུབ་ཡོད།  གང་ལྟར་ད་ལྟ་བོད་ལྗོངས་ཀྱི་སྟོད་སྨད་ལྷོ་བྱང་གི་ཞིང་འབྲོག་ས་ཁུལ་ལམ་གྲོང་བརྡལ་དང༌། གྲོང་ཁྱེར་བཅས་ཀྱི་རྒྱ་ཆེའི་མང་ཚོགས་མང་ཆེ་བའི་འཚོ་བ་འོས་འཚམས་ཀྱི་ཐག་གཅོད་བྱུང་ཡོད་པས།  འཚོ་བ་བརྟན་ལྷིང་དང་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང༌།   མི་རྣམས་བློ་བདེ་བག་ཕེབས་དང༌། དགའ་དགའ་སྤྲོ་སྤྲོ།  ལྟོ་གོས་ཡིད་ཚིམ།  ཐོན་སྐྱེད་འབད་བརྩོན།  གསར་བརྗེའི་སྤྲོ་སེམས་དང་གྲལ་རིམ་གྱི་གོ་རྟོགས་མཐོ་རུ་ཕྱིན་པ་སོགས་འདི་དག་ཐམས་ཅད་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་དང་ལས་དོན་ལ་ཕན་བཞིན་ཡོད།

བཞི་བ། འཐབ་ཕྱོགས་གཅིག་གྱུར་གྱི་སྐོར།

ངས་གོང་དུ་བཤད་པ་བཞིན། ཏང་གིས་བོད་ལྗོངས་བཙན་རྒོལ་རྒྱལ་གཅེས་ཀྱི་མཐོ་འབྲིང་རིམ་མི་སྣ་ལ་ཁ་ཞེ་གཉིས་མེད་ཀྱིས་མཐུན་སྒྲིལ་དང༌། ཐུགས་ཁུར་དང་ལྟ་སྐྱོང༌། སློབ་གསོ། བསྒྱུར་བཀོད་དང་མཉམ་འབྲེལ་བཅས་རྒྱུན་འཁྱོངས་ལ་དོ་ཁུར་ཆེན་པོ་བྱས་ཏེ། མི་ཅུང་མང་ཙམ་ཞིག་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དང་འགུག་ཐབས་ཀྱིས། ང་ཚོའི་མི་དམངས་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་རྒྱ་བསྐྱེད་དང༌། དགྲ་བོ་ཁེར་རྐྱང་དུ་ཕུད་དེ་ཤི་ལམ་ལ་བསྐྱལ་ནས། མི་མང་ཆེ་བ་བློ་བདེ་བག་ཕེབས་དང༌། སེམས་ཤུགས་ལྡབ་འཕར། ངར་ཤུགས་རབ་ཏུ་རྒྱས་ཏེ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་བློ་བརྟན་འགྱུར་མེད་ཀྱིསྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་རྒྱུ་ཡིན་ཡང༌། དམངས་གཙོ་བཅོས་བསྒྱུར་ཁྲོད་ལས་བྱེད་པ་འགའ་ཤས་ཀྱིས་བཟོས་པའི་རྗེས་འབྲས་ནི་མཐོ་འབྲིང་རིམ་གྱི་གྲོགས་པོ་སོགས་ཚུར་འགུག་བྱ་ཡུལ་མི་ཉུང་བ་ཞིག་ལ་གདོང་ཐུག་གི་འཐབ་རྩོད་དང༌། ལྷག་པར་དུ་མངའ་བདག་མངའ་ཚབ་དང་དེ་དག་གི་ནང་མི་ཚོར་སྟངས་འཛིན་དམ་དྲག་བྱས་ཏེ། ངལ་རྩོལ་མི་དམངས་དང་གཏན་ནས་འབྲེལ་ཐུག་མི་ཆོག་པར་ཁོང་ཚོ་མི་གྲལ་ནས་ཕུད་སྟབས། དཀའ་ངལ་དང༌། འཇིགས་སྣང་སེམས་འཚབ་སྐྱེ་རུ་བཅུག་པ་ལས། སྲུང་སྐྱོབ་དང༌། མཐུན་སྒྲིལ། ཚུར་འགུག་སོགས་ལེགས་པོ་བྱེད་མ་ཐུབ་པར་མི་རྣམས་ཧ་ལས་ཧོན་ཐོར་དང༌། བློ་ཕམ་ཡིད་ཆད། ཉི་མ་གང་འཁྱོལ་དང་མི་འདོད་པའི་བསམ་ཚུལ་བྱུང་ཞིང༌། དོན་དངོས་སུ་མི་དེ་ཚོ་ཚུར་འགུག་དང་བསྒྱུར་བཀོད་ལེགས་པོ་བྱེད་དཀའ་བ་དང༌། ང་ཚོའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་མི་འོས་བ་དང་མི་ལེགས་པ། མི་འཚམས་པའི་རིགས་དེ་དག་བཟོས་བ་རེད།

ན་ནིང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐུགས་ཁུར་ཟབ་བཞེས་འོག དེ་སྔའི་སྐབས་ཤིག་རིང་རྡུང་རྡེག་ཕོག་པའི་མཐོ་རིམ་གྲོགས་པོ་གཙོ་བོ་ཁག་ཅིག་ལ་ཚད་གཞི་འདྲ་མིན་ཅི་ལྟར་ཡང༌། ཚང་མར་སེམས་གསོ་བྱས་ཡོད་པ་དང༌།  ད་དུང་སྔོན་ཆད་ཆབ་སྲིད་དང་འཚོ་བའི་ཐོག་གོ་སྒྲིག་བྱས་མེད་པའི་མཐོ་རིམ་གྲོགས་པོ་མང་ཆེ་བ་ལ་ཁོང་ཚོའི་སྔ་རྗེས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གོ་སྒྲིག་འོས་འཚམས་དང༌།  ཆབ་སྲིད་ཐོག་མདུན་ལམ་སྤྲད་ཡོད།  དེ་བཞིན་དུ་ངལ་རྩོལ་མི་དམངས་དང་འབྲེལ་གཏུག་བྱེད་མི་ཆོག་པའི་བཀག་རྒྱ་ལྷུག་ཏུ་བཏང་ཡོད།  དེར་བརྟེན།  མཐོ་རིམ་གྲོགས་པོ་མང་ཆེ་བ་ཉེ་ཆར་གཞི་ནས་མི་གྲལ་དུ་ཚུད་དེ།  རེ་ཞིག་བློ་ཕམ་བྱུང་བའི་བསམ་ཚུལ་སོགས་རིམ་བཞིན་སེལ་ཐབས་ཡོད་ཅིང༌།  བློ་བདེའི་ངང་ཏང་ལ་ཡིད་ཆེས་དང༌། ཧུར་བརྩོན་གྱི་རང་ཉིད་བསྒྱུར་བཀོད་སོགས་གཞི་རྩའི་གནས་ཚུལ་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང༌།   འགྱུར་བ་འདི་རིགས་རིམ་བཞིན་གོང་དུ་འཕེལ་བཞིན་ཡོད།  དེ་མཚུངས་སུ་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་གྱི་འབྲིང་རིམ་མི་སྣ་སྟེ།  མངའ་བདག་དང་མངའ་ཚབ་ཀྱང་མི་དམངས་་ལ་འབྲེལ་གཏུག་ཆོག་པ་བྱས་ཡོད།  མདོར་ན་ཕྱོགས་སོ་སོས་གནས་ཚུལ་ཅུང་ཙམ་ཇེ་བཟང་དུ་སོང་ཡོད། ཡིན་ན་ཡང༌།  རྩ་བའི་ཐོག་ནས་བཤད་ན།  གཞི་རིམ་གྱི་ལས་བྱེད་འགའ་ཤས་ཀྱིས་ད་དུང་མུ་མཐུད་དུ་བྱེད་སྟངས་མི་འདྲ་བའམ།  ཚད་གཞི་མི་འདྲ་བའི་སྒོ་ནས་རྡུང་རྡེག་དང་མནར་གཅོད་གཏོང་གི་ཡོད་པས། ཁོ་ཚོར་ཆབ་སྲིད་ཐོག་ཡོད་དགོས་བའི་མདུན་ལམ་མེད་པ་དང༌།   འཚོ་བ་དང་ཐོན་སྐྱེད་ཐོག་ད་དུང་དཀའ་ངལ་ཡོད་པས་ཉམ་ཐག་ཡ་ང་བའི་གནས་ཚུལ་དེ་དག་ད་དུང་མངོན་གསལ་གྱི་འགྱུར་བ་ཆེན་པོ་ཞིག་བྱུང་མེད།
 ལྔ་བ། དམངས་གཙོ་གཅིག་སྡུད་སྐོར།
 དེ་སྔའི་དུས་སྐབས་ཤིག་གི་རིང་ལ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བྱེད་སྐབས།  ཕྱོགས་ཡོངས་དང་རྒྱ་ཁྱབ་མིན་པ། འཐུས་སྒོ་མི་ཚང་བ་སོགས་ཀྱི་གནས་ཚུལ་དེ་དག་ན་ནིང་ནས་བཟུང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཧུར་བརྩོན་ཆེན་པོའི་སྒོ་ནས་ཡོ་བསྲང་བྱས་ཡོད་པ་མ་ཟད།  ད་དུང་མུ་མཐུད་དུ་ཡོ་བསྲང་བྱེད་བཞིན་ཡོད།  ཡིན་ནའང་མི་རྣམས་ཀྱི་ཁ་དཔེར།  ཐེངས་ཤིག་སྦྲུལ་གྱིས་སོ་བརྒྱབ་ན།  རྗེས་སུ་ཐག་ཁྲ་མཐོང་ཡང་འཇིགས་ཞེས་པ་ལྟར།  དམངས་གཙོའི་འཚོ་བ་མགྱོགས་མྱུར་ངང་བག་ཡངས་འཁྲུག་པོ་ཡོང་རྒྱུ་ཅུང་ཁག་པོ་ཡིན།  འོན་ཀྱང་ད་ལྟ་སྔོན་མ་ལས་ཅུང་ཙམ་ཇེ་ཡག་ཏུ་ཕྱིན་ཡོད་པ་དང༌།  སྲིད་གཞུང་གི་གཅིག་སྡུད་ཀྱང་ཅུང་ལེགས་ཕྱོགས་སུ་གྱུར་ཡོད།

དྲུག་པ། སྲིད་དབང་སྒེར་འཛིན་སྐོར།

སྐབས་ཤིག་རིང་མི་འཇུ་བཟུང་བཙོན་འཇུག་བྱེད་སྐབས། ཏང་གི་ཡང་དག་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་མེད་སྟབས། འཇུ་བཟུང་བྱེད་མི་དགོས་པའི་ཉེས་མེད་དམ་ཡང་ན་ཉེས་བ་ཆུང་བའི་མི་མང་བོ་ཞིག་འཛིན་བཟུང་བྱས་པ་དང༌། ཉེས་ཅན་ལ་དོ་དམ་རྩ་བ་ནས་འཐུས་ཚང་མ་བྱུང་བས་སྲོག་ཁྲིམས་ཕོག་མི་དགོས་པའི་མི་མང་པོ་ཞིག་རྐྱེན་ལམ་དུ་བཏང་ཡོད། དེ་བས་ངན་པ་རྩ་མེད་དང༌། བཟང་བོ་སྲུང་སྐྱོབ་ཀྱི་དབྱེ་མཚམས་འབྱེད་མ་ཐུབ་པར། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མི་དགའ་དང༌། བློ་ཕམ་འཇིགས་སྐྲག ཐེ་ཚོམ་དང༌། མི་འདོད་པའི་གནས་ཚུལ་བྱུང་ཡོད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་དང་ལས་དོན་གཉིས་ཀར་གནོད་ཀྱི་ཡོད། དེར་བརྟེན། འདིའི་ཐད་ན་ནིང་ཕྲན་གྱིས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་བསམ་འཆར་བཏོན་མྱོང་ཡོད་པ་དང༌། གྲོགས་པོ་གཞན་དག་ཚོས་ཀྱང་ཧ་ལམ་བསམ་འཆར་དེ་འདྲ་བཏོན་ཡོད་པ་རེད། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་རང་ནས་ཀྱང་ཆེ་ཕྱོགས་ལ་བསམ་བློ་བཏང་སྟེ། གང་མགྱོགས་སུ་བཙོན་དུ་བཅུག་པའི་ཉེས་ཅན་ལ་ཞིབ་འབྱེད་དང༌། དྲང་བདེན་གྱི་ཐག་གཅོད་བྱས་ནས་བཙོན་པ་མི་ཉུང་བ་ཞིག་གློད་གྲོལ་བཏང་སྟེ་ཁོང་ཚོ་ངལ་རྩོལ་ཞུགས་སུ་འཇུག་དགོས་པ་དང༌། ལྷག་འཕྲོའི་བཙོན་པ་ཚོར་ཡང་དོ་དམ་ཡག་པོ་དང༌། གང་མགྱོགས་སུ་དེ་སྔའི་དུས་མིན་འཆི་རྐྱན་གྱི་གནས་ཚུལ་དེ་བསྒྱུར་དགོས། དེའི་ཕྱིར་འཇུ་བཟུང་བྱེད་ཚད་མང་དྲགས་པའི་ས་ཁུལ་འགའ་ཤས་ལ་འཇུ་བཟུང་མཚམས་འཇོག་དགོས་པའི་བརྡ་ཐོ་བཏང་ཡོད་པ་དང༌། སྔོན་ཆད་གཞི་རིམ་གྱིས་ཐད་ཀར་མི་འཇུ་བཟུང་བྱེད་ཆོག་པའི་དབང་ཆ་མེད་པར་བཟོས་ཤིང༌། རྗེས་སུ་མི་འཇུ་བཟུང་བྱེད་སྐབས་ངེས་པར་དུ་གོང་རིམ་བཀའ་འཁྲོལ་ཐོབ་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་རྒྱུད་རིམ་གནས་ཚུལ་ཞིབ་ཕྲ་གོང་རིམ་ལ་་སྙན་ཞུ་འབུལ་དགོས་པའི་ཐག་གཅོད་བྱས་ཡོད། དེ་མཚུངས་སུ་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་སྡེ་ཚན་སོགས་འབྲེལ་ཡོད་ལས་ཁུངས་ལ་བཙོན་འཇུག་བྱས་པའི་ཉེས་ཅན་ལ་ཞིབ་བཤེར་བྱེད་དགོས་པའི་བཀའ་བཀོད་བཏང་ཡོད།

 ཡིན་ན་ཡང་འབྲེལ་ཡོད་ལས་ཁུངས་དེ་དག་སྤྱིར་བཏང་ལས་ཀ་མང་ཞིང༌།  ལྷག་པར་དུ་ཐོག་མར་འཇུ་བཟུང་བྱེད་སྐབས་དཀར་ནག་དབྱེ་འབྱེད་ལེགས་པོ་མ་བྱས་བར།  ཧ་རེ་ཧོ་རེ་བྱས་ཏེ་བཙོན་པ་མི་ཉུང་བ་ཞིག་ལ་ཁུངས་ཐུབ་ཀྱི་ནག་ཉེས་གང་ཡོད་མེད་བཤད་མི་ཤེས་བ་དང༌།  བཙོན་པའི་མི་གྲངས་ཀྱང་ཧ་ཅང་མང་པོ་ཡོད་པས།  དུས་སྐབས་ཐུང་ཐུང་ཞིག་གི་ནང་གཏིང་ཟབ་པའི་ཞིབ་བཤེར་བྱེད་རྒྱུ་ཁག་པོ་ཡིན།  དེའི་ཕྱིར་བཙོན་དུ་བཅུག་པའི་ཉེས་ཅན་ལ་ཞིབ་འབྱེད་དང༌།  གློད་གྲོལ།  དོ་དམ་ལེགས་བཅོས་སོགས་མགྱོགས་མྱུར་དང་ཏག་ཏག་ཅིག་ལག་ལེན་འཁེལ་ཐུབ་ཡོད་པ་མ་རེད།  ཡིན་ན་ཡང་ཧྲུའུ་ཅི་རྣམ་པ་ཚོས་ལས་དོན་དེར་ཐུགས་ཁུར་བྱས་ཏེ་འོག་རིམ་ནས་ཀྱང་ཧུར་བརྩོན་ངང་བསྒྲུབས་ཡོད་སྟབས། ༡༩༦༡ལོའི་ལོ་སྨད་ནས་བཟུང༌།  སྐབས་ཤིག་རང་དོན་མེད་རྐྱེན་ལམ་དུ་བཏང་འཕྲོས་ཀྱི་བཙོན་པ་གློད་གྲོལ་གཏོང་བའི་ལས་འགོ་བཙུགས་ཡོད་པ་རེད།  ན་ནིང་སྤྱི་ཟླ་༡པོར་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་སྡེ་ཚན་གྱི་པུའུ་ཀྲང་གཞོན་པ་ཀྲི་ཙེ་མིན་གྱིས་ང་ཚོ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གྱི་ཀྲུའུ་རིན་བགྲེས་གཞོན་གཉིས་ལ་བཙོན་བཅུག་ཉེས་ཅན་པའི་ལས་དོན་ཐད་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ཆེད་དུ་སྙན་སེང་ཞུ་མྱོང༌།  ཁོང་གིས་མ་འོངས་ལས་དོན་གྱི་བསམ་འཆར་ནང་གློད་གྲོལ་མཇུག་སྒྲིལ་རྗེས་ལྗོངས་ཡོངས་ཀྱི་བཙོན་ཁང་ནང་ད་དུང་མུ་མཐུད་དུ་བཙོན་པ་ཆིག་ཁྲི་ཡས་མས་ཙམ་ལྷག་རྒྱུ་རེད་བཅས་བཤད་ཡོད།  ང་ཚོས་བྱས་ཉེས་ཚབས་ཆེན་ཡོད་མཁན་ཚོར་ཉེས་ཆད་དྲག་པོ་དང༌།  མིག་ལྟོས་ངན་འདྲེན་བྱེདམཁན་ལ་ཕྱིས་འདོམས་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པར་བསམ་གྱི་ཡོད་མོད༌།  མི་གྲངས་ཁྲི༡༢༠ལས་མེད་པའི་བོད་ལྗོངས་སུ་མི་ཁྲི་ལྷག་བཙོན་འཇུག་བྱས་པ་ནི་ཧ་ཅང་མང་དྲགས་པ་རེད།

འོན་ཀྱང་འདི་སྔོན་ཀྲུང་དབྱང་གི་བོད་སྡོད་སྐུ་ཚབ་ཀྲང་ཅིན་ཝུའུ་ཡིས་བཤད་པ་ལྟར་ན། མིག་སྔར་བཙོན་པ་མང་དག་ཅིག་གློད་གྲོལ་བཏང་ཡོད་ཟེར། གལ་་སྲིད་བཙོན་པའི་གནད་དོན་ཐོག་བློ་རྒྱ་ཆེན་པོའི་འོས་མཚམས་ཀྱི་ཐག་གཅོད་གུ་ཡངས་པོ་ཞིག་བྱས་ན། བོད་ལྗོངས་ནང་ཁུལ་ལ་ཕན་ཐོགས་ཡོད་པ་མ་ཟད། ད་དུང་བྲོས་བྱོལ་དུ་ཕྱིན་པའི་ཟིང་འཁྲུག་སློང་བ་ཚོར་ཡང་ནུས་ལྡན་གྱི་དོན་སྙིང་ཞིག་འབྱུང་གི་རེད། འདི་ནི་བཀྲ་ཤིས་པའི་གནས་ཚུལ་ཡག་པོ་ཞིག་ཡིན་པ་སྨོས་མ་དགོས། མདོར་ན། ན་ནིང་མི་འབོར་གང་ཙམ་ཞིག་ལས་གློད་གྲོལ་བཏང་མེད་མོད། འོན་ཀྱང་མི་དམངས་མང་ཚོགས་ཀྱིས་སྔོན་ཆད་མི་དེ་འདྲ་མང་པོ་ཞིག་འཇུ་བཟུང་བྱས་པ་ནི་ལས་བྱེད་ཀྱི་ཐམ་མེ་ཐོམ་མེ་ལས་བྱུང་བ་ཡིན་པ་ངོས་འཛིན་དང༌། རིམ་བཞིན་དེ་སྔའི་འཇིགས་སྐྲག་དང་བློ་ཕམ་སེལ་བ་སོགས་ལ་ཕན་ཐོགས་བྱུང་ཡོད། གློད་གྲོལ་ཐོབ་པའི་མི་དེ་ཚོར་བལྟས་ན། སོ་སོའི་ཁྱིམ་མི་འཕྲད་པ་དང་བཟའ་ཚང་ལྷན་འཛོམས་བྱུང་སྟབས། ཡིད་སེམས་ཧ་ཅང་དགའ་སྤྲོ་དང༌། ཁོང་ཚོ་མང་ཆེ་བས་རྗེས་སུ་རྒྱལ་ཁྲིམས་བརྩི་སྲུང་དང་ཐོན་སྐྱེད་ཡག་པོ་བྱེད་རྒྱུའི་བསམ་འདུན་བསྟན། ཡིན་ན་ཡང་ང་ཚོར་ད་དུང་འཁོན་འཛིན་དང་གནག་སེམས་འཆང་མཁན་ཕལ་ཆེར་ཡོད་ས་རེད། འོན་ཀྱང་གྲངས་འབོར་ཧ་ཅང་ཉུང་ཉུང་རེད།

བདུན་པ། ཆོས་ལུགས་ཀྱི་སྐོར།

སྔོན་ཆད་དམངས་གཙོ་བཅོས་བསྒྱུར་སྐབས་ཀྱི་ཆོས་ལུགས་ལས་དོན་ནང༌།  ངོ་རྒོལ་བྱ་ཡུལ་དང་སྲུང་སྐྱོབ་བྱ་ཡུལ་དབྱེ་འབྱེད་ཐད།  བར་སྐབས་ཤིག་གི་རིང་མི་ཚང་མ་ཡ་མཚན་སྐྱེ་དགོས་བའི་རང་སྣང་གང་དྲན་གྱིས་དབྱེ་མཚམས་མཉམ་བསྲེས་དང༌།  ར་མགོ་ལུག་སྦྱར་གྱི་གནས་ཚུལ་ཐོན་པ་དང༌།  དགོན་པའི་ནང་དམངས་གཙོ་བཅོས་བསྒྱུར་གྱི་བྱེད་སྟངས་ཐད་སྲིད་ཇུས་དང་འགལ་བའི་བྱ་སྤྱོད་བྱུང་བ་དང༌།  དམངས་གཙོ་བཅོས་བསྒྱུར་རྗེས་བྱུང་བའི་གཞན་ལ་བརྗོད་མི་ནུས་བའི་དགོན་སྡེའི་གནས་ཚུལ།  དམངས་གཙོ་བཅོས་བསྒྱུར་རྗེས་ཆོས་ལུགས་ཀྱི་མདུན་ལམ་ཚབས་ཆེན་གྱི་གནས་སུ་ལྷུང་ཞིང༌།  དམངས་གཙོ་བཅོས་བསྒྱུར་རྗེས་སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་ཀྱི་འཚོ་བ་ཧ་ལམ་མེད་པར་ཆགས་པ་དང༌།  ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཐོབ་ཐང་དེ་ཕྱོགས་སུ་ལྷུང་བའམ།  མིང་དོན་མི་མཚུངས་བའི་གནས་ཚུལ་སོགས་དངོས་སུ་ཡོད་པའི་སྐྱོན་དང་ནོར་འཁྲུལ་དེ་དག་ན་ནིང་ཀྲུང་དབྱང་གིས་གསན་རྗེས།  འདི་དག་ནི་གཡོན་ལྷུང་གི་ནོར་འཁྲུལ་ཡིན་པ་དང་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་ཞེས་བསྟན་པའི་མཛུབ་སྟོན་འོག  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ཏེ་ཡོ་བསྲང་དང༌། ཐག་གཅོད་ལེགས་བཅོས་ཀྱི་ལས་དོན་ཁག་ཅིག་བྱས་ཡོད་པ་ནི།  ༡ དྲི་མེད་དྭངསས་གཙང་གི་ཆོས་ལུགས་ལ་ངོ་རྒོལ་དང།  སྐུ་གསུང་ཐུགས་རྟེན་རྩ་མེད།  ཐབས་བརྒྱ་ཇུས་སྟོང་གིས་གྲྭ་བཙུན་ཚོ་བཙན་ཤེད་ཀྱིས་སྐྱ་ཕབ་པ་བཅས་ཡོངས་ཁྱབ་རང་བཞིན་གྱི་ཕྱོགས་གསུམ་དང༌།  ད་དུང་ཧ་ལམ་མངོན་སུམ་འཛེམ་མེད་དུ་བྱས་བའི་གནས་ཚུལ་དེ་དག་ཅུང་ཙམ་ཡག་ཏུ་སོང་ཡོད་པ་དང༌།  ད་ལྟ་ཡོངས་ཁྱབ་དང་མངོན་སུམ་རང་ཆགས་མེད།
 ༢ དམངས་གཙོ་བཅོས་བསྒྱུར་རྗེས་བོད་ལྗོངས་ཡོངས་སུ་དགོན་པ་བདུན་ཅུ་ལྷག་མ་གཏོགས་མེད།  མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ལ་བསྟུན་ཐབས་དང༌།  མང་ཚོགས་མང་ཆེ་བའི་དགོས་མཁོ་སྐོང་ཆེད།  དམངས་གཙོའི་བཅོས་བསྒྱུར་སྐབས་ཉམས་རྒུད་རྩ་གཏོར་དུ་གྱུར་བའི་དགོན་པ་འགའ་ཤས་ཤིག་དགོན་པའི་རྣམ་པ་སླར་གསོ་བྱས་ཡོད།
 ༣  ཆོས་ལུགས་ཀྱི་མདུན་ལམ་ཐད།  ལྷ་སར་སྨོན་ལམ་ཆེན་མོ་ཚུགས་པ་དང༌།  དེར་གསུང་ཆོས་དང་ཆོས་རྭ་ཚུགས་ཏེ།  དགེ་བཤེས་འགའ་ཤས་ལ་ལྷ་རམས་པའི་མཚན་གནས་ཐོབ་ཡོད་པ་དང༌། བཀྲ་ཤིས་ལྷུན་པོར་དགོན་པའི་ཆོས་ལུགས་བྱེད་སྒོ་ཅུང་འཐུས་ཚང་ཡོད།  དེར་བརྟེན་ཆོས་ལུགས་ཀྱི་མདུན་ལམ་དེ་བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་སྐབས་ལས་ཅུང་ཙམ་ཇེ་བཟང་དུ་སོང་ཡོད་ཅེས་བཤད་ན་ཧ་ལམ་འགལ་ཟླ་ཆགས་མེད།
 ༤  སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་ཐད་ལྷ་ས་དང༌།  གཞིས་ཀ་རྩེ་ས་ཁུལ་གྱི་ལས་བྱེད་པའི་མང་ཚོགས་ཀྱི་རྒྱུན་ལྡན་ཆོས་ལུགས་བྱེད་སྒོ་ཁག་ལ་མངོན་སུམ་དུ་ཐེ་གཏོགས་དང་བཀག་འགོག་མཚམས་འཇོག་བྱས་ཡོད་པའི་རྐྱེན་གྱིས།  མང་ཚོགས་ཚོས་ཅུང་རང་དབང་གི་སྒོ་ནས་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུ་སྟབས་བདེ་བོ་ཡིན།  ཡིན་ན་ཡང་གཞན་གྱི་ས་ཁུལ་དུ་ད་དུང་རང་འདོད་ལྟར་བྱེད་རྒྱུར་སྟབས་བདེ་བོ་མེད།  དཔེར་ན།  ཀྲུའུ་རིན་ང་ཕོད་དང་ངེད་གཉིས་ན་ནིང་སྤྱི་ཟླ་དགུ་བའི་ནང་ལྷོ་ཁ་ས་ཁུལ་དུ་བསྐྱོད་དེ་ལས་དོན་ལྟ་ཞིབ་སྐབས།  སེར་སྐྱ་མང་ཚོགས་ཀྱིས་ཆོས་དད་རང་མོས་དང་ཆོས་ལུགས་བྱེད་སྒོ་སྤེལ་འདོད་ཡོད་རུང༌།  ལས་བྱེད་ཚོས་ལྐོག་ཏུ་ཐེ་གཏོགས་དང་བཀག་འགོག་བྱས་རྐྱེན་རྩ་བ་ནས་སྟབས་བདེ་ཡོང་གི་མེད་པ་མཐོང་ཐོས་བྱུང༌།  ས་ཁུལ་གཞན་དུའང་ཚད་གཞི་མི་གཅིག་པ་མ་གཏོགས་ཚོད་དཔག་བྱས་ན་ཧ་ལམ་གནས་ཚུལ་དེ་དང་འདྲ་བོ་ཡིན་གྱི་རེད།
 ༥ ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་ཆོས་དད་རང་དབང་ཡོད་པའི་དགོངས་དོན་འདི།  བོད་རིགས་ས་ཁུལ་ཡོངས་སུ་ཟུར་ཙམ་ལས་ལག་ལེན་བྱས་མེད་པའི་གནས་ཚུལ་དེ་དག་བོད་ལྗོངས་སུ་ཡོ་བསྲང་གང་ཙམ་བྱེད་འགོ་ཚུགས་ཡོད་པས།  རྒྱ་ཆེའི་བའི་མང་ཚོགས་ཀྱིས་ཧ་ཅང་དགའ་བསུ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།  ཡིན་ན་ཡང་ད་ལྟའི་ཆར་གྲྭ་བ་བྱེད་ཀྱི་ཡིན་མིན་ད་དུང་རང་དབང་མེད།  དཔེར་ན། བོད་ལྗོངས་ཀྱི་དགོན་སྡེ་ནང་གྲྭ་བ་ཉིས་སྟོང་ལྷག་ཕྱིར་རང་ཡུལ་དུ་ལོག་འདོད་ཡོད་རུང་ལོག་ཏུ་འཇུག་གི་ཡོད་པ་མ་རེད།  ཡང་དཔེར་ན། དམངས་གཙོ་བཅོས་བསྒྱུར་སྐབས་ཙན་ཤེད་ཀྱིས་རང་ཡུལ་དུ་བཏང་བའི་གྲྭ་བའི་ནང༌།  སྡོམ་པ་ཤོར་མེད་པའི་གྲྭ་བ་ཆིག་ཁྲི་ལྷག་གིས་ཕྱིར་དགོན་པའི་ནང་སོང་སྟེ་གྲྭ་བ་བྱེད་རྒྱའི་རེ་བ་འདོན་བཞིན་ཡོད་མོད། དགོན་པའི་ནང་ལོག་ཏུ་འཇུག་གི་ཡོད་པ་མ་རེད། དེའི་ཕྱིར་སྔོན་ཆད་གྲྭ་བ་བྱས་མྱོང་མེད་པའི་མི་ཞིག་གསར་དུ་གྲྭ་བ་བྱེད་དགོས་ན།  བྱེད་མི་ཐུབ་པ་ཞིག་ཡིན་པ་སྨོས་མི་དགོས། ངས་གསལ་བཤད་བྱེད་དགོས་བ་ཞིག་ནི།  ཐག་གཅོད་བྱེད་དགོས་བའི་ཆོས་ལུགས་ཀྱི་གནད་དོན་ནང་ད་ལྟ་ཡོ་བསྲང་བྱས་ཡོད་རིགས་ནི་ཆ་ཤས་ཙམ་རེད།
 མདོར་ན། ༡༩༥༩ལོ་ནས་༡༩༦༠ལོ་གཉིས་ནང༌། བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཐོག་བྱུང་བའི་ཚབས་ཆེན་གྱི་སྐྱོན་དང་ནོར་འཁྲུལ་རྣམས་ཀྲུང་དབྱང་གིས་མཛུབ་སྟོན་ལྟར་ན། ༡༩༦༡ལོར་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ཏེ་གོང་འཁོད་སོགས་ཁ་ཤས་ཤིག་ཡོ་བསྲང་བྱས་ཡོད་རུང༌།  ཡོ་བསྲང་དེ་ཙམ་བྱས་བས་འདང་གི་ཡོད་དམ་ཞེ་ན་རྩ་བ་ནས་འདང་གི་ཡོད་པ་མ་རེད།  ད་དུང་ང་ཚོས་མཐོང་ཚུལ་ལ་ང་ཚོའི་ལས་བྱེད་ནང་གཡོན་ཕྱོགས་ཀྱི་བསམ་བློ་ཡོད་མཁན་དེ་དག་གི་ཀླད་པའི་ནང༌།  ཆོས་ལུགས་ལ་ཞེན་པ་ལོག་པ་དེ་འགྲིག་པ་དང༌། འཇོན་ཐང་ལྡན་པ།  གྲུབ་འབྲས་ཡོད་སྙམ་པའི་ང་རྒྱལ་ཁེངས་དྲེགས་ཀྱི་བསམ་བློ་ད་ལྟ་ཡིན་རུང་ཡོ་བསྲང་བྱས་མེད།  དེར་བརྟེན།  ཆོས་ལུགས་ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་དང༌།  ཐག་གཅོད་ལེགས་བཅོས་སོགས་རྩ་བ་ནས་ཡག་པོ་བྱེད་ཐུབ་ཀྱི་མེད་པ་དང༌།  གྲུབ་འབྲས་ཐོབ་མིན་དེ་ལས་ཀྱང་བཤད་མི་དགོས་བ་ཞིག་རེད།  གནད་དོན་བྱེ་བྲག་པ་ཞིག་ལ་ཆ་བཞག་ནས་བཤད་ན། བོད་ལྗོངས་སུ་ཆོས་ལུགས་ཀྱི་གསུང་རབ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་གང་ཡང་ཐོབ་མེད།
 བོད་ལྗོངས་ཀྱི་ཆོས་ལུགས་ཀྱི་མདུན་ལམ་ཛ་དྲག་གི་གནད་འགག་ལ་སླེབས་ཡོད་རྐྱེན།  མི་དམངས་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་སྐོང་མ་ཐུབ་པར། མང་ཚོགས་ཀྱིས་ང་ཚོར་མི་དགའ་བ་དང༌།  བློ་ལ་འབབ་ཀྱི་ཡོད་པ་མ་རེད།  ལྷག་པར་དུ་གནས་ཚུལ་འདི་ཕྱི་རྒྱལ་ལ་ཁྱབ་སྟེ་བཙན་རྒྱལ་རིང་ལུགས་དང༌།  ལོག་སྤྱོད་པས་ང་ཚོའི་རླབས་ཆེན་གྱི་ཏང་དང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོར་དམའ་འབེབས་སྐུར་འདེབས་བྱེད་པའི་མཚོན་ཆ་ཡག་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང༌།  འདི་ནི་རྒྱལ་ཁབ་ཕྱི་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་དང་ཕྱོགས་གང་ཅིའི་ཐད་དགེ་མཚན་མེད་པར་རྙོག་དྲ་བཟོ་བ་དང༌།  མི་འོས་བ་དང་མི་འཚམས་པ་ཞིག་ཡིན་པས།  ཕྲན་ནས་རལ་པོར་ལྷན་པའི་སྐྱོ་རོགས་ཀྱི་ཚུལ་དུ་ཀྲུང་དབྱང་ལ་བོད་ལྗོངས་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་གཏིང་ཟབ་པའི་གཞུང་ལུགས་ཉམས་རྒུད་མི་འགྲོ་ཆེད།  རྒྱལ་ཁབ་ཀྱིས་གྲོན་དངུལ་ངེས་ཅན་ཞིག་བཏང་སྟེ།  ཆོས་ལུགས་ཀྱི་གསུང་རབ་ལ་ཆེད་དུ་ཉམས་ཞིབ་བྱེད་མཁན་ཆེད་ལས་དགེ་འདུན་པ་སྟོང་ཕྲག་ཁ་ཤས་རྩ་འཛུགས་བྱེད་རྒྱུར་བཀའ་དྲིན་བརྗོད་ཀྱིས་མི་ལངས་པའི་རེ་སྐུལ་ཞུས་ཡོད།
 རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་ཡིས་བོད་ལྗོངས་སུ་གསུང་རབ་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཁག་ཅིག་རྩ་འཛུགས་བྱེད་རྒྱུ་དགོས་ངེས་ཤིག་ཡིན་པ་དང༌།  བྱེད་ཆོག་ཅེས་མཛུབ་སྟོན་གནང་ཡོད་པ་དང༌།  སྲིད་བློན་ཁྱེད་རང་གིས་ཀྱང༌།  མའོ་ཀྲུའུ་ཞིའི་ཡིས་ཆོག་མཆན་གནང་བའི་བོད་ལྗོངས་སུ་གསུབ་རབ་ལ་ཆེད་དུ་ཞིབ་འཇུག་བྱེད་དགོས་བའི་ལས་དོན་དེ་ཁྱེད་རང་ཚོས་རང་ཉིད་ཀྱི་འགན་ཁུར་དུ་བརྩིས་ཏེ་བྱ་བ་འདི་ཡག་པོ་བྱེད་དགོས་བ་དང༌། རྗེས་སུ་གྲུབ་འབྲས་སྟོན་དགོས་སོགས་ལམ་སྟོན་གནང་ཡོད།  འདིའི་ཐད་ལ་ཕྲན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།  ད་དུང་སྲིད་བློན་ལ།  གསུང་རབ་ལ་ཆེད་དུ་ཞིབ་འཇུག་བྱེད་དགོས་བའི་ལས་དོན་དེ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཧུར་བརྩོན་ཅན་ཁ་ཤས་ཀྱིས་ཕལ་ཆེར་ངོ་རྒོལ་བྱེད་རྒྱུ་ཡིན་པས་ངས་སྒྲུབ་ཐབས་མེད།  སྲིད་བློན་སྐུ་ཉིད་ནས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་དང༌། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིབ་ཕྲའི་ལས་དོན་བྱེད་དགོས་པའི་བཀའ་གནང་རོགས་དང༌།  སྲིད་བློན་ཁྱེད་རང་གིས་ད་དུང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཚང་མར་དེའི་ཐད་འགན་ཁུར་ཡོད་ཅེས་ཀྱང་ལམ་སྟོན་གནང་ཡོད།
  ཆོས་སྦྱངས་གཉེར་གྱི་ཆེད་ལས་མི་སྣ་རྩ་འཛུགས་བྱེད་པའི་ཐད།  ན་ནིང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཐེངས་སུམ་ཅུ་སོ་བརྒྱད་པའི་རྒྱུན་ལས་རྒྱས་འཛོམས་ཚོགས་འདུའི་ཐོག་ཆེད་དུ་གྲོས་ཆོད་བཞག་སྟེ།  གྲ་སྒྲིག་ཨུ་ཡོན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་དང༌།  ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་བསྒྲུབ་དགོས་པའི་འགན་འཁུར་སྤྲད།  རྗེས་སུ་གྲ་སྒྲིག་ཨུ་ལྷན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་བཀོད་ཁྱབ་སྐུལ་འདེད་ཐེངས་ཁ་ཤས་བྱས་ཡོད་རུང༌། ལས་དོན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་དང༌།  གྲ་སྒྲིག་ཨུ་ལྷན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཉིན་ཐོག་ཉིན་བརྩེགས་ཀྱིས་འཕར་འགྱངས་བྱེད་པ་ལས་ཧུར་བརྩོན་གྱིས་བསྒྲུབས་མི་འདུག  དེར་བརྟེན་ན་ནིང་སྤྱི་ཟླ་དགུ་བའི་ནང་བདག་སོགས་པེ་ཅིང་ལ་མ་ཡོང་གོང༌།  གྲ་སྒྲིག་ཨུ་ལྷན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རིན་བགྲེས་གཞོན་གཉིས་ལ་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱིའི་ལས་དོན་སྙན་སེང་ཞུས་པ་དང༌།  ལྷག་པར་དུ་བོད་ལྗོངས་སུ་ཆོས་སྦྱངས་གཉེར་གྱི་ཆེད་ལས་མི་སྣ་རྩ་འཛུགས་བྱེད་པར་གྲ་སྒྲིག་གང་དག་བྱས་ཡོད་མེད་ཐད།  ཁྲལ་མངོན་སླ་བཅོས་ཀྱི་སྙན་སེང་ཞུས་བྱུང༌།  སྐབས་དེར་ང་རང་འུ་ཐུག་ཐབས་ཟད་ཀྱིས་ཁོང་ཚོར་ཆོས་ལུགས་གནད་དོན་ཐོག་དང་ལྷག་པར་དུ་ཆོས་སྦྱངས་གཉེར་གྱི་ཆེད་ལས་ད་དུང་མངོན་གསལ་གྱི་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད།  འདིས་ཁྱོད་ཚོས་རང་ཉིད་ཀྱི་ཁུར་འཁྲིའི་ཁོ་ཚོར་སྐྱོན་བརྗོད་དྲག་པོ་བྱས་ཡོད།  སྐབས་དེར་ཁོང་ཚོའི་གདོང་དམར་པོར་གྱུར་ཡོད་རུང༌།  ངས་དེ་ལྟར་བརྗོད་པ་ནི་ལས་དོན་ཡག་པོ་ཡོང་བའི་ཆེད་དུ་ཡིན་པས་ཐབས་ཤེས་གཞན་མེད།
 སྐབས་དེར་ཀྲུའུ་རིན་གཞོན་པ་ཀྲོའུ་རིན་ཧྲན་གྱིས།  ༡༩༦༡ལོའི་ལོ་སྨད་དུ་ངེས་པར་དུ་ཆོས་སྦྱངས་གཉེར་གྱི་ཆེད་ལས་མི་སྣའི་འཛིན་གྲྭའི་སྒྲོམ་གཞི་འཛུགས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད།  ཁོང་གི་སྐད་ཆས་དངོས་ནས་སྤྲོ་སེམས་འཁོལ་སོང༌།  གང་ལེགས་ཤེས་ན་ཁོང་ནི་ཧྲུའི་ཅི་ཡིན་པ་དང༌།  བཤད་ཟིན་པའི་སྐད་ཆ་ལག་བསྟར་དོན་འཁྱོལ་བྱེད་ཆོག་གི་རེད།  ང་ལ་མཚོན་ན་མ་གཞི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལས་ཚབ་ཡིན་མོད།  གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་བཞག་པའི་གནད་དོན་འདི་རིགས་ལ་བསམ་འཆར་བཏོན་ཏེ།  འོག་རིམ་གྱི་ལས་ཁུངས་དང་མི་ཚོར་ཅི་བཤད་དང་ལེན་དང་བསྒྲུབ་ཏུ་འཇུག་དགོས་ན་ཁག་པོ་རེད།   ཡིན་ནའང་བཀྲས་ལྷུན་དགོན་པའི་མི་ཉིས་བརྒྱ་མ་ཟིན་ཙམ་གྱི་ཆོས་སྦྱངས་གཉེར་གྱི་ཆེད་ལས་མི་སྣའི་འཛིན་གྲྭ་ཞིག་ཚོད་ལྟའི་ཆེད་གསར་འཛུགས་བྱས་ཡོད།  འདི་ནི་རང་ཉིད་དགོན་པ་འདིའི་དམངས་གཙོ་བདག་གཉེར་ཁང་གི་ཀྲུའུ་རིན་ཡིན་པ་དང༌།  དམིགས་བསལ་དུ་རང་ཉིད་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལས་ཚབ་ཡིན་པའི་མིང་ཐོག་ནས་དབང་ཆ་ཡོད་པ་བེད་སྤྱོད་བཏང་སྟེ་སྡིག་པ་མིག་བཙུམ་གྱིས་བཙུགས་པ་ཡིན།   དེའི་ཐད་ལ་འགལ་རྐྱེན་ཆེན་པོ་བཟོ་མཁན་མེད།  ཡིན་ནའང་རྩ་བ་ནས་མེད་པ་མ་རེད། འདི་ལ་བལྟས་ན་བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་ནང་ད་ལྟ་ཡིན་རུང་མི་འོས་བ་དང་མི་འགྲིག་པའི་གནད་དོན་ཡོད།
 བརྒྱད་པ།  མི་རིགས་ཀྱི་སྐོར།
བོད་ལྗོངས་ཀྱི་མི་རིགས་ལས་དོན་ལ་རྩ་བའི་རང་བཞིན་གྱི་འགྱུར་བ་བྱུང་སྟེ་དུས་རིམ་གསར་བ་ཞིག་ལ་སླེབས་ཡོད།  མི་རིགས་གནད་དོན་གྱི་གཞི་རྩའི་གནད་འགག་གམ་ཁྱོན་ཡོངས་ནས་བཤད་ན་ཡག་པོ་ཡོད་ཀྱང༌།  ཡིན་ནའང་ཞིབ་ཕྲའི་སྒོ་ནས་མི་རིགས་ལས་དོན་གྱི་བྱེ་བྲག་གི་ཆ་སོ་སོ་བརྗོད་སྐབས་སྐྱོན་དང་ནོར་འཁྲུལ་ཡོད་པ་རེད།  གནས་ཚུལ་འདིར་༡༩༦༡ལོར་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཐོང་ཆེན་དང༌། སེམས་ཁུར།  ཧུར་ཐག་འབད་ཐག་བྱས་ཏེ་མི་རིགས་ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོ་བསྲང་བྱེད་ཐུབ་པ་བྱུང་འདུག 
 ༡ ང་ཚོའི་རིམ་པ་སོ་སོའི་ལས་བྱེད་དང༌།  དམག་དཔོན་ནང་གི་མི་ཁ་ཤས་ཀྱིས་བོད་རིགས་ཁྲོད་ཀྱི་ངོ་ལོག་པ་དང་ཟིང་འཁྲུག་པར་འཁོན་འཛིན་བྱེད་པ་དང་བསྟུན།  ང་ཚོ་བོད་རིགས་ནི་ཆོས་ལུགས་དང་མི་རིགས་ལ་དད་ཞེན་དང༌།  ང་རྒྱལ་གྱིས་སིམ་པའི་ཀླད་རྙིང་མཁྲེགས་བཟུང་གི་མི་རིགས་ཤིག་ཡིན་པར་བརྗོད་ཀྱི་ཡོད་པ་དང༌།  བོད་རིགས་ལ་མི་དགའ་བ་དང་བོད་རིགས་ལ་གནག་སེམས་དང་མཐོང་ཆུང་བྱེད་པ་བཅས་ཀྱི་གནས་ཚུལ་འདི་རིགས་ཧ་ལམ་ཡོ་བསྲང་ངེས་ཅན་ཞིག་བྱས་ཡོད་པ་འདྲ།
༢  གསར་བརྗེ་དགོས་ན་ཆེན་པོ་གསུམ་(གཏོར་བཤིག་ཆེན་པོ་དང༌། ཐེར་འདོན་ཆེན་པོ།  འཛུགས་སྐྲུན་ཆེན་པོ)སྤེལ་དགོས་སྟབས།  རྙིང་བ་ཐམས་ཅད་དགོས་མཁོ་ལ་མ་བལྟས་བར་ཡོད་ཚད་ཅིག་ཅར་དུ་གཏོར་བཤིག་བྱེད་པའི་རླུང་འཚུབ་དེ།  སྲིད་དབང་གི་རྒྱབ་སྐྱོར་འོག་སྔར་བས་མངོན་གསལ་དང་ཤུགས་དྲག་ཏུ་གཡོ་བའི་གནས་ཚུལ་དེ་དག་ད་ལྟ་རིམ་བཞིན་ཞི་འཇགས་སུ་འགྲོ་བའི་རྣམ་པ་ཏོག་ཙམ་འདུག  དེའི་ཕྱིར་ལས་བྱེད་ཚོས་བོད་ཆས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཅ་དངོས་ལ་མཐོང་ཆུང་དམའ་འབེབས་བྱེད་པ་སྔོན་ལས་ཇེ་ཉུང་དུ་སོང་ཡོད་པ་དང༌།  རིམ་པ་སོ་སོའི་མི་དམངས་ཧ་ཅང་དགའ་བཞིན་ཡོད།  རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་གྱི་གྲོང་སྡེའི་ནང་བུད་མེད་རྣམས་ཀྱིས་རེ་ཞིག་ཕུད་པའི་རྒྱན་ཆའང་ཡང་བསྐྱར་བཏགས་ཡོད།  རལ་བ་བཅད་ཚར་བའི་སྐྱེས་བ་རྣམས་ཀྱིས་རིམ་བཞིན་ཡང་བསྐྱར་སྲ་འཇོག་པ་དང༌།  རྒྱ་ཆས་གྱོན་མཁན་ཁྲོད་ཀྱི་མི་ཁ་ཤས་ཀྱིས་ཡང་བསྐྱར་བོད་ཆས་གྱོན་གྱི་འདུག  ཁང་བར་དཀར་རག་གཏོང་བ་དང་དར་ལྕོག་འཛུགས་པ་སོགས་ཁ་ཤས་ཀྱིས་རིམ་བཞིན་མི་རིགས་ཀྱི་ལུགས་སྲོལ་ལྟར་བྱེད་ཕོད་ཀྱི་ཡོད།  དེར་བལྟས་ན་མི་རིགས་ཀྱི་གྱོན་ཆས་དང་ཡུལ་སྲོལ་གོམས་གཤིས་ལ་མདུན་ལམ་ཞིག་འདུག
 ༣ རིག་གནས་སློབ་གསོའི་ཐད། བོད་བསྐྱོད་རྒྱ་རིགས་ལས་བྱེད་པས་ཀྲུང་དབྱང་གི་བཀའ་ལྟར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད།  གཞུང་བཙུགས་སློབ་གྲྭ་དང་དམངས་བཙུགས་སློབ་གྲྭའི་ནང་བོད་ཡིག་གཙོ་བོར་བཞག་ཡོད་ཁུལ་ཡང༌།  ངར་ཤུགས་འདང་གི་མེད་པ་དང་སློབ་ཁྲིད་བྱ་ཐབས་ཀྱང་ཡག་པོ་མེད་པས་ཕལ་ཆེར་དེ་སྔོན་དང་གཅིག་མཚུངས་རེད།  མདོར་ན།  ༡༩༦༡ལོའི་བོད་ལྗོངས་ཀྱི་མི་རིགས་ལས་དོན་དེ་འདས་བའི་ལོ་ཁ་ཤས་དང་བསྡུར་ན་ཇེ་བཟང་དུ་སོང་ཡོད་པས་རིམ་པ་སོ་སོའི་མི་དམངས་རྣམས་ཧ་ཅང་དགའ་བཞིན་ཡོད།  ད་དུང་བོད་ལྗོངས་ནི་མི་རིགས་རང་སྐྱོང་གི་ས་ཁུལ་ཞིག་ཡིན་པ་དང༌།  རིམ་བཞིན་མིང་དོན་མཚུངས་བའི་མི་རིགས་རང་སྐྱོང་གི་ཕྱོགས་སུ་བསྐྱོད་དེ་ལས་དོན་ཕན་ནུས་འདོན་སྤེལ་བྱེད་ཐུབ་ཡོད་སྟབས།  དགྲ་བོས་རིམ་བཞིན་དཀྲོག་གཏམ་སྒྲོ་སྐུར་བྱ་ཡུལ་བཙལ་འཚོལ་མི་ཐུབ་པར་བཟོས་བ་སོགས་རྒྱལ་ཁབ་ཕྱི་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད།
 གོང་དུ་ཕྲན་གྱི་ཡིག་འབྲུ་ཁྲི་ཁ་ཤས་ཀྱི་སྙན་ཞུ་འདིའི་ནང༌།  ང་ཚོའི་བོད་ལྗོངས་ལས་དོན་ནང་གི་རླབས་ཆེན་གྱི་རྒྱལ་ཁ་དང་གྲུབ་འབྲས་ཀྱི་གནས་ཚུལ་གཙོ་བོ་སྙན་སེང་ཞུས་ཡོད།  དུས་མཚུངས་སུ་ཏང་གིས་ང་ཚོར་ཡང་ཡང་སློབ་སྟོན་གནང་དོན།  ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་དྲང་བོ་དྲང་བཞག་གིས་སྙན་སེང་ཞུས་ན།  བྱུང་ཟིན་པའི་ནོར་འཁྲུལ་དང་སྐྱོན་ཆ་ལ་ཡོ་བསྲང་ཐག་གཅོད་དང༌།  ལེགས་བཅོས་དག་ཐེར་བྱས་ཏེ་འབྱུང་འགྱུར་ལས་དོན་ནང་སྐྱོན་དང་ནོར་འཁྲུལ་དེ་ཚོ་མི་འབྱུང་བའམ་ཇེ་ཉུང་དུ་གཏོང་ཐུབ་པ་དང༌།  བྱུང་ཚར་ནའང་གང་མགྱོགས་སུ་མཐོང་སྟེ་ཡོ་བསྲང་དང་ལེགས་བཅོས་བྱེད་ཐུབ།  འདི་ལྟར་བྱས་ན་ང་ཚོའི་ལས་དོན་ཡོད་ཚད་ལེགས་པོར་འགྲུབ་པ་དང༌།  མུ་མཐུད་དུ་མདུན་སྐྱོད་བྱེད་རྒྱུ་འགན་ལེན་བྱེད་ཆོག  ང་སྒེར་ནས་ཀྱང་དུས་རྟག་ཏུ་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་སེམས་ཁུར་བྱེད་བཞིན་ཡོད།  ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་བུ་གླིང་ལ་ཁྱབ་ཡོད་པས།  རྒྱལ་སྤྱིའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ལས་འགུལ་ནང་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་སྔར་ཡོད་གཙོ་ཤུགས་ཀྱི་བྱེད་ནུས་སྔོན་ལས་ཤུགས་ཆེན་དང༌།  སྲ་བརྟན།  རྒྱ་ཁྱབ་བྱེད་ཐུབ།  ངས་བལྟས་ན་འདི་ནི་རྒྱལ་ཁབ་ཕྱི་ནང་དང༌།  འཕྲལ་ཕུགས་སོགས་གང་གི་ཆ་ནས་བལྟས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན།  དེ་ལྟར་བྱེད་དགོས་ན་ངེས་པར་དུ་ང་ཚོའི་ནང་སྲིད་འཐུས་ཚང་བྱས་ཏེ།  རྒྱལ་ཁ་དང་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཆེ་ཞིང་ལེགས་པ་དང༌།  མང་ལ་རླབས་ཆེ་བ། གཟི་འོད་འཕྲོ་བ་ཞིག་ཐོབ་པར་བྱ་རྒྱུ་ནི་གལ་ཆེན་པོ་ཡིན།  དེའི་ཕྱིར་ངེས་པར་དུ་ང་ཚོའི་ལས་དོན་ནང་གི་སྐྱོན་དང་ནོར་འཁྲུལ་ཚང་མ་རེ་རེ་བཞིན་གཙང་སེལ་སྔོན་འགོག་བྱེད་དགོས་བ་མ་ཟད།  རིམ་བཞིན་རྩ་མེད་བཟོ་རྒྱུ་ནི་ཤིན་ཏུ་གལ་ཆེ།  སྐྱོན་དང་ནོར་འཁྲུལ་སེལ་ཐབས་དགོས་ན་ཐོག་མར་ངེས་པར་དུ་དེ་ཚོར་རྒྱུས་ལོན་པ་དང༌།  ངོས་འཛིན་བྱེད་ཐུབ་དགོས།  ཕྲན་ལ་བོད་ལྗོངས་ཀྱི་ལས་དོན་གནས་ཚུལ་ཅུང་རྒྱུས་ཡོད་པར་བརྟེན།  ང་ཚོའི་བོད་ལྗོངས་ཀྱི་ལས་དོན་ཁྲོད་དང་རིམ་པ་སོ་སོའི་མི་དམངས་ལ་ཐད་ཀར་འབྲེལ་ཡོད་ཀྱི་གནད་དོན་ཆེན་པོ་བརྒྱད་ཀྱི་ནང་ནོར་འཁྲུལ་དང་སྐྱོན་ཆ་གང་དག་བྱུང་བ་དང༌། ༡༩༦༡ལོར་འདིའི་ཐད་ལ་ཡོ་བསྲང་ཐག་གཅོད་དང༌།  ལེགས་བཅོས་དག་ཐེར་ག་རེ་བྱས་ཡོད་མེད་ཅུང་ཆ་ཚང་བའི་སྒོ་ནས་སྙན་སེང་ཞུས་ཡོད།
 མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང༌།  བོད་རིགས་འདུས་སྡོད་ཀྱི་ས་ཁུལ་བོད་ལྗོངས་ལས་གཞན་ད་དུང་མཚོ་སྔོན་དང༌།  ཀན་སུའུ།  ཟི་ཁྲོན།  ཡུན་ནན་སོགས་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་ས་ཁུལ་འགའ་ཤས་དང་བོད་རིགས་མི་ཉུང་བ་ཞིག་ཡོད།  ང་ཚོ་ཚང་མ་མི་རིགས་གཅིག་དང་ཆོས་ལུགས་གཅིག་ཡིན་པས་ཕན་ཚུན་ཚང་མ་མཐུན་པོ་ཡོད་པ་མ་ཟད།  ཕན་ཚུན་དབར་གྱི་སྐྱིད་སྡུག་ལ་ཤིན་ཏུ་སེམས་ཁུར་བྱེད་ཀྱི་ཡོད།  གང་ཞིག་ལ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོད་ན་རང་ཉིད་ལ་བདེ་སྐྱིད་ཕན་སུམ་ཚོགས་པོ་ཡོད་པ་དང་འདྲ་བར་ཧ་ཅང་དགའ་སྤྲོ་དང་སྤོབས་པ་སྐྱེ་གི་ཡོད།  དེ་མཚུངས་གང་ལ་བཀྲ་མི་ཤིས་བ་བྱུང་བ་དང་དཀའ་ངལ་འཕྲད་སྐབས།  རང་ཉིད་ལ་བཀྲ་མི་ཤིས་པ་བྱུང་བ་དང་དཀའ་ངལ་འཕྲད་པ་ནང་བཞིན་ཧ་ཅང་སེམས་ཁྲལ་དང་བློ་གཡེང་བྱེད་ཀྱི་ཡོད། ང་ཚོའི་བོད་རིགས་ཀྱི་ས་ཁུལ་སོ་སོའི་ལས་དོན་གྱི་བཟང་ངན་ལས།  ཕན་ཚུན་དབར་ཐད་ཀར་གཏིང་ཟབ་པ་དང་གཡོ་འགུལ་གྱི་ནུས་བ་ཡོད་པའི་ཤུགས་རྐྱེན་བཟང་ངན་འབྱུང་སྲིད།  དེའི་ཕྱིར་གཞན་གྱི་སྤུན་ཟླའི་བོད་རིགས་ས་ཁུལ་གྱི་ལས་དོན་ནང་རྒྱལ་ཁ་དང་གྲུབ་འབྲས་ཐོབ་པ་གཅིག་མཚུངས་ཡིན་པ་མ་ཟད།  གཞན་གྱི་སྤུན་ཟླའི་བོད་རིགས་ས་ཁུལ་དུ་ལས་དོན་ནང་སྐྱོན་དང་ནོར་འཁྲུལ་གྱི་རྐྱེན་ལས་བྱུང་བའི་ཆག་སྒོ་དང་གྱོང་གུད་ཕོག་སྐབས་ང་ཚོའི་བོད་ལྗོངས་རང་ལ་ཕོག་པ་གཅིག་མཚུངས་ཡིན།
 དེ་འདྲ་ཡིན་སྟབས།  བདག་གིས་རྒྱུན་དུ་སྤུན་ཟླ་ཞིང་ཆེན་བཞི་ཡི་སྤུན་ཟླའི་བོད་རིགས་ས་ཁུལ་གྱི་སྐྱིད་སྡུག་ལ་ཧ་ཅང་དོ་སྣང་དང་སེམས་ཁུར་བྱས་པ་ནི།  ང་ཚོ་མི་རིགས་གཅིག་པ་དང༌།  ཆོས་ལུགས་གཅིག་པའི་སྤུན་ཟླའི་མི་དམངས་ཀྱི་ཤ་ཞེན་གྱི་དབང་གིས་ཡིན་པ་མ་ཟད།  ལྷག་པར་དུ་བདག་གིས་གོང་དུ་བཤད་པ་ནང་བཞིན། གཞན་གྱི་སྤུན་ཟླའི་བོད་རིགས་ས་ཁུལ་གྱི་གནས་ཚུལ་སོགས་ང་ཚོའི་བོད་ལྗོངས་ཀྱི་ལས་དོན་ནང་འབྲེལ་བ་ཆེན་པོ་ཡོད་སྟབས།  ཐེངས་འདིའི་བོད་ལྗོངས་ཀྱི་གནས་ཚུལ་ལ་སྙན་སེང་དང་མཉམ་དུ་སྤུན་ཟླ་ཞིང་ཆེན་བཞི་ཡི་སྤུན་ཟླའི་བོད་རིགས་ས་ཁུལ་གྱི་ལས་དོན་ནང་གི་གཙོ་བོའམ།  གཞི་རྩའི་རང་བཞིན་གྱི་སྐྱོན་དང་ནོར་འཁྲུལ་ཁག་ཅིག་དང༌།  མ་འོངས་ལས་དོན་ནང་ལེགས་སྤེལ་ཉེས་འགོག་དང་ཆད་གསབ་ཡོ་བསྲང་བྱེད་ཆེད་བཏོན་པའི་བསམ་འཆར་བཅས་ཆབས་ཅིག་ཀྲུང་དབྱང་ལ་སྙན་སེང་ཞུས་པ་ཡིན།  ངས་འདི་ལྟར་བྱེད་པ་ནི་སྤུན་ཟླའི་ཞིང་ཆེན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་མིན།  ཡིན་ནའང་ཏང་ཀྲུང་དབྱང་དང༌།  མའོ་ཀྲུའུ་ཞི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་འགོ་ཁྲིད་འོག  རྒྱལ་ཡོངས་ཀྱི་ཆེ་འབྲིང་ཆུང་གསུམ་གྱི་ལས་དོན་ལ་སྤྱི་དམངས་སུ་ཡིན་རུང་སེམས་འཁུར་བྱེད་ཆོག་པ་དང༌།  ཚང་མས་ངེས་པར་དུ་སེམས་འཁུར་བྱེད་དགོས་པ་མ་ཟད། རང་རང་སོ་སོའི་ཤེས་འཇོན་ལྟར་ཏང་དང་སྲིད་གཞུང་གི་ལས་དོན་ལ་ལེགས་སྤེལ་ཉེས་འགོག་དང༌།  ཆད་གསབ་ཡོ་བསྲང་བྱེད་ཆེད་བསམ་འཆར་འདོན་པའི་འོས་འགན་དང་ཐོབ་ཐང་ཡོད།  དེར་བརྟེན།  དེ་རིང་འདི་ནས་བདག་གིས་ཤེས་པའི་བོད་རིགས་ས་ཁུལ་གཞན་གྱི་སྐྱིད་སྡུག་གི་གནས་ཚུལ་དང་ལས་དོན་ཐད་ཀྱི་བསམ་འཆར་འགའ་ཤས་སྦ་གསང་མེད་པར་སྙན་གསེང་ཞུ་རྒྱུ་ཡིན།
 རྒྱལ་ཡོངས་ཀྱི་སྤུན་ཟླ་ཞིང་ཆེན་དང༌།  གྲོང་ཁྱེར།  རང་སྐྱོང་ལྗོངས་སོ་སོ་བཅིངས་འགྲོལ་རྗེས་ཀྱི་ལོ་བཅུ་གཉིས་ནང་དང༌།  ལྷག་པར་དུ་ཉེ་བའི་ལོ་བཞིའི་ནང༌།  ཏང་ཀྲུང་དབྱང་དང༌།  མའོ་ཀྲུའུ་ཞི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་གཅིག་གྱུར་གྱི་བཀོད་འདོམས་འོག  རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཚང་མ་བཅིངས་འགྲོལ་ཐོབ་སྟེ་ཡར་ལངས་པ་མ་ཟད།  ཕྱི་ནང་གཉིས་ཀྱི་དགྲ་བོ་གཏོར་ཡོད།  རྒྱལ་ཁའི་ངང་དམངས་གཙོའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྤེལ་བའི་དུས་མཚུངས་སུ།  རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་དུ་སླར་གསོ་བྱེད་ཐུབ་ཡོད་པ་མ་ཟད།  ཐེངས་དང་པོའི་ལོ་ལྔའི་འཆར་གཞི་ཕུན་སུམ་ཚོགས་པའི་སྒོ་ནས་འགྲུབ་ཡོད།  ཐེངས་གཉིས་བའི་ལོ་ལྔའི་འཆར་གཞིའི་ཐད།  ང་ཚོའི་རླབས་ཆེན་གྱི་གཙོ་འཛིན་མའོ་ཙེ་ཏུང་གིས་མར་ལེ་རིང་ལུགས་ཀྱི་རྩ་བའི་རིག་པ་དང༌།  རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་གཉིས་ཡང་དག་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྤྱིའི་ལམ་ཕྱོགས་དང༌།  མཆོངས་སྐྱོད་ཆེན་པོ།  མི་དམངས་སྤྱི་ཁང་བཅས་གཟི་འོད་འཕྲོ་བའི་དར་དམར་གསུམ་གསར་གཏོད་བྱས་ཡོད།  ཏང་གིས་དེ་ཚོ་རྒྱལ་ཡོངས་མི་དམངས་ལ་རྩིས་སྤྲོད་བྱས་པས།  མི་དམངས་ཀྱིས་ཏང་ལ་དེ་ལས་ལྷག་པའི་ཡིད་ཆེས་དང་བློ་གཅིག་སེམས་གཅིག་གིས་དར་དམར་གསུམ་ལ་བརྩི་བཀུར་བྱེད་བཞིན་ཡོད།  དུས་སྐབས་ཐུང་ཐུང་ཞིག་གི་ནང་དར་དམར་གསུམ་རྒྱལ་ཡོངས་རང་བཞིན་དང༌།  མི་དམངས་མང་ཚོགས་རང་བཞིན་གྱི་ནུས་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད།  མི་དམངས་ཀྱིས་ནམ་མཁའ་དབྲལ་བའི་ངར་ཤུགས་ཀྱིས་རང་རྒྱལ་གྱི་ཕྱོགས་སོ་སོའི་ནང་དེང་རབས་ཅན་དང༌།  རླབས་ཆེན།  མི་སྨོན་རང་སྐྱིད།  སྟོབས་འབྱོར་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་པའི་སེམས་ཤུག་ལྡབ་འཕར་བྱུང་ཡོད།  སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་གྱི་འཐབ་ཕྱོགས་སོ་སོའི་ཐོག་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བའི་མཆོངས་བསྐྱོད་ཆེན་པོའི་ལས་འགུལ་ཚ་ཚར་འུར་འུར་དང་ཉིན་མཚན་མེད་པར་བྱེད་བཞིན་ཡོད་སྟབས།  ཐེངས་གཉིས་བའི་ལོ་ལྔའི་འཆར་གཞི་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ལོ་གཉིས་སྔ་སྣུར་གྱིས་ལེགས་འགྲུབ་བྱུང་ཡོད།
 དེ་ལྟར་འདས་བའི་ལོ་ཁ་ཤས་ནང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་དར་དམར་གསུམ་མཐོན་པོར་བསྒྲེངས་ཏེ།  རང་རྒྱལ་གྱི་དཔལ་འབྱོར་འཛུགས་བསྐྲུན་དང་རིག་གཞུང་འཛུགས་སྐྲུན།  རྒྱལ་སྲུང་འཛུགས་སྐྲུན་སོགས་འཛུགས་སྐྲུན་མང་ཆེ་བའི་འཐབ་ཕྱོགས་ཐོག་འཛམ་གླིང་སྟེང་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་རྒྱལ་ཁ་དང་གྲུབ་འབྲས་ཐོབ་ཡོད་ཅིང༌།  རྒྱལ་ཁ་དང་་གྲུབ་འབྲས་དེ་དག་རང་ཕྱོགས་ནས་གསལ་བོ་ཤེས་ཀྱི་ཡོད་པ་མ་ཟད།  བཙན་རྒྱལ་རིང་ལུགས་པ་རྣམས་ཀྱིས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད།  འདི་ནི་རྒྱལ་གཅེས་སྤྱི་དམངས་ཙམ་མ་ཟད་འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་མི་དམངས་རྣམས་ལའང་དགའ་འོས་དོན་ཆེན་ཞིག་ཡོད་པ་དང༌།  ལོ་རྒྱུས་ཐོག་གཟི་འོད་འཕྲོ་བའི་དོན་སྙིང་ལྡན་ཡོད།  ཟི་ཁྲོན་དང༌། ཀན་སུའུ།  མཚོ་སྔོན་བཅས་ཞིང་ཆེན་བཞི་ལ་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་མཚུངས་བའི་རྒྱལ་ཁ་དང་གྲུབ་འབྲས་ཐོབ་ཡོད།  དེ་དང་དུས་མཚུངས་སུ་ལས་དོན་ཁག་སོ་སོའི་འཕེལ་ཚད་མཐོ་བའི་རྐྱེན་གྱིས།  གཡོལ་ཐབས་ཡོད་པ་དང༌།  གཡོལ་ཐབས་མེད་པའི་སྐྱོན་དང་ནོར་འཁྲུལ་ཁ་ཤས་ཀྱང་བྱུང་མྱོང་ཡོད་པ་རེད།  བཟང་ངན་ཕྱོགས་གཉིས་ཀྱི་གནས་ཚུལ་དེ་དག་ལ་ཀྲུང་དབྱང་གིས་སྔ་རྗེས་སུ་རྒྱུན་རིང་བོར་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ཏེ།  མཁྱེན་རྟོགས་བྱུང་བའི་གནད་དོན་ཁག་ནི་ཕྱོགས་ཡོང་དང་འཐུས་སྒོ་ཚང་བ།  གཏིང་ཟབ་དང་གནད་དུ་སྨིན་པ་སོགས་རྒྱ་མཚོ་ཆེན་པོ་ནང་བཞིན་ཡིན་ལ།  ཕྲན་གྱིས་ཤེས་བ་ནི་ཁྲོན་ཆུ་ཙམ་ལས་མེད་པས།  སྤུན་ཟླའི་ཞིང་ཆེན་སོ་སོའི་སྤྱིའི་ལས་དོན་གནས་ཚུལ་ལ་བསམ་འཆར་འདོན་པར་སྤོབས་པ་མེད་པ་དང་གང་ཡང་བཤད་རྒྱུ་མིན།
 ཞིང་ཆེན་དེ་དག་གི་བོད་རིགས་ས་ཁུལ་གྱི་ལས་དོན་གནད་དོན་ཐད་ངས་སྔོན་ཆད་དངོས་ཤུགས་ཅི་རིགས་ཀྱི་ལམ་ནས་ཐབས་ཤེས་སྣ་ཚོགས་བརྒྱུད་དེ་གང་ཙམ་ཞིག་ཤེས་ཡོད།  ལྷག་པར་དུ་ཐེངས་འདིར་མེས་རྒྱལ་ནང་ཁུལ་དུ་ལོ་ཕྱེད་ཙམ་བསྡད་རིང་ལ།  ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་བོ་ཝང་ཧྥིན་དང༌།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཁྲན་གཉིས་ཀྱིས་ང་ལ་གཞི་རྩའི་ཐོག་ནས་ནུབ་བྱང་བོད་རིགས་ས་ཁུལ་སོ་སོའི་ལས་དོན་གནས་ཚུལ་དང༌།  སྐྱོན་དང་ནོར་འཁྲུལ་ཅི་བྱུང་གླེང་བ་དང་གཅིག  དེའི་རྗེས་བདག་མཚོ་སྔོན་ལ་བལྟ་སྐོར་དུ་མ་སོང་གོང་པེ་ཅིང་གི་མཚོ་སྔོན་གསོལ་མགྲོན་ཁང་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྣམས་ཀྱིས་བདག་སོགས་གདན་འདྲེན་བྱས་ཏེ་ཕ་ཡུལ་གྱི་ཟས་རིགས་ཟ་སྐབས།  ཝང་ཀྲའོ་ཧྲུའུ་ཅི་ཡིས་ཆེད་དུ་བདག་ལ་མདོར་བསྡུས་དང༌།  གཞི་རྩའི་ཐོག་ནས་མཚོ་སྔོན་དུ་༡༩༥༨ལོར་ཟིང་འཁྲུག་བྱུང་བ་ནས་བཟུང༌།  བོད་རིགས་ས་ཁུལ་གྱི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གཉིས་ཐད་བྱུང་བའི་ཚབས་ཆེའི་སྐྱོན་དང་ནོར་འཁྲུལ་ལ་འགྲེལ་བཤད་བྱས་པ་དང་གཉིས།  མཚོ་སྔོན་ལ་འབྱོར་རྗེས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་(     ) ཡོན་རེ་ཡོན་གྱིས༡༩༥༦ལོ་ནས་ད་བར་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ཐོག་ཐོབ་པའི་སྤྱིའི་རྒྱལ་ཁ་དང་གྲུབ་འབྲས།  ལས་དོན་ནང་བྱུང་བའི་སྐྱོན་དང་ནོར་འཁྲུལ།  ལྷག་པར་དུ་མི་རིགས་དང་ཆོས་ལུགས་ལས་དོན་ནང་བྱུང་བའི་གཡོན་ལྷུང་གི་སྐྱོན་དང་ནོར་འཁྲུལ་གྱི་གནས་ཚུལ་ཕྱོགས་ཡོང་ནས་ནང་ཁུལ་འགྲེལ་བཤད་བྱས་པ་དང་གསུམ།  དེ་རྗེས་རང་ཉིད་དངོས་སུ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་ཞིབ་བཤེར་ལྟ་སྐོར་ལ་སོང་སྟེ།  ས་ཁུལ་སོ་སོའི་ཏང་སྲིད་འགོ་ཁྲིད་མི་སྣའི་མདོར་བསྡུས་གྱི་ལས་དོན་སྙན་ཞུར་ཉན་པ་དང༌།  དེ་བཞིན་དུ་སྔར་ལས་གཏིང་ཟབ་པའི་ཞིབ་བཤེར་བྱེད་ཆེད།  མང་ཚོགས་ཀྱི་ལམ་ཕྱོགས་བརྒྱུད་ནས་གཞི་རིམ་ལས་བྱེད་དང་རིམ་པ་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐུ་ཚབ་མི་སྣ་བསྡུས་ཏེ་བཞུགས་མོལ་ཚོགས་འདུ་བསྡུ་བསྐོངས་ཀྱིས།  མང་ཚོགས་ལ་དཀའ་ངལ་ག་རེ་ཡོད་མེད་དང༌། རེ་འདོད་དང་བསམ་འཆར་ག་རེ་ཡོད་མེད་སོགས་ཉན་འདོད་ཡོད་མོད།  ཡིན་ན་ཡང་དུས་སྐབས་ཤིག་རིང་ས་ཁུལ་དེ་དག་ལ་ཕལ་ཆེར་དམངས་གཙོའི་འཚོ་བ་རྩ་བ་ནས་མེད་པས།  ལས་བྱེད་ཀྱི་བསམ་དོན་དང་མ་མཐུན་པའི་བསམ་འཆར་བརྗོད་མཁན་ལ་ལམ་སེངགསར་བརྗེ་ངོ་ལོག་པའི་ཞྭ་མོ་གཡོག་པ་དང༌།  རྡུང་རྡེག་དྲག་པོ་གཏོང་གི་ཡོད།  དེར་བརྟེན་མི་རྣམས་སྤྱང་བོ་ཆགས་ཏེ་ཡོངས་གྲགས་ཀྱི་ཚོགས་འདུའི་ཐོག་སྐད་ཆ་བཤད་མཁན་ཧ་ཅང་ཉུང༌།

ང་ཚོས་མང་ཚོགས་ལ་ཏང་གི་སྐྱོན་སྣེ་མི་འཇུ་བ་དང༌། ཞྭ་མོ་མི་གཡོགས་པ། དབྱུག་པ་མི་གཞུ་བའི་སྲིད་ཇུས་འགྲེལ་བརྗོད་བྱས་ཏེ། ཁོང་ཚོར་ཏང་གི་སྲིད་ཇུས་ལ་ཡིད་ཆེས་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་བྱས་པ་པ་མ་ཟད། ད་དུང་ས་གནས་དེ་གའི་འགོ་ཁྲིད་མི་སྣས་ཀྱང་ས་གནས་ཀྱི་ཏང་དང་སྲིད་གཞུང་གི་ཚབ་བྱས་ཏེ། མང་ཚོགས་ལ་མཐའ་གཅིག་ཏུ་ཁ་ཞེ་གཉིས་མེད་ཀྱིས་ཏང་གི་མིན་གསུམ་སྲིད་ཇུའི་ལག་བསྟར་བྱེད་རྒྱུའི་འགན་ལེན་དང༌། མང་ཚོགས་ལ་སེམས་ཁྲལ་བྱེད་མི་དགོས་ཞེས་ནན་བཤད་བྱས་ཡོད། དེའི་རྗེས་སུ་ངས་ཀྱང་མང་ཚོགས་ལ། ཁྱེད་རང་ཚོས་བསམ་འཆར་འདོན་ན་ཐེ་ཚོམ་དང་ཞེད་སྣང་གང་ཡང་བྱེད་མི་དགོས། ད་ལྟ་ཏང་གིས་མིན་གསུམ་སྲིད་ཇུས་གཏན་འབེབས་བྱས་ཡོད་པས་ཁྱོད་ཚོར་རྡུང་རྡེག་གཏོང་གི་མ་རེད། ངས་ད་དུང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་གང་ལེགས་བྱས་ཡོད་པས་ཚང་མས་སེམས་ཁྲལ་མ་བྱེད་ཅེས་གསལ་བཤད་བྱས་ཡོད། འདི་ལྟར་བཞུགས་མོལ་ཚོགས་འདུ་འཁྲུག་པོ་ཆགས་ཏེ་སྐབས་དེར་གཞི་རིམ་ལས་བྱེད་གཙོས་པའི་མང་ཚོགས་ཀྱི་སྐུ་ཚབ་ཀྱིས་དུས་སྐབས་ཤིག་རིང་བྱུང་བའི་རྒྱ་ཆེ་བའི་མང་ཚོགས་ཀྱིས་བཟོད་བསྲན་བྱེད་མི་ཐུབ་པའི་དཀའ་ངལ་དང༌། ལས་དོན་ཁྲོད་ཀྱི་སྐྱོན་དང་ནོར་འཁྲུལ། མ་འོངས་པའི་རེ་འདོད་སོགས་སྦ་གསང་མེད་ལ་མཛེས་རྒྱན་མ་སྤྲས་པར་མང་པོ་ཞིག་བཤད་པ་དང་བཞི། ཟི་ཁྲོན་ཞིང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ལ་རེ་འདོད་ཞུས་ཏེ་ཆོག་མཆན་གནང་བ་བརྒྱུད་ཁྲིན་ཏུའུ་ནས་དབུས་ལྷོ་ནུབ་ཅུས་ཀྱི་ཧྲུའུ་ཅི་ལེའོ་ཀྲི་ཀའོ་ཡིས་གཙོ་སྐྱོང་འོག ཀྲུང་གུང་ཟི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སངས་རྒྱས་ཡེ་ཤེས་ཀྱིས་ང་ཚོར་ཟི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་གནས་ཚུལ་དང་ལས་དོན་ངོ་སྤྲོད་མདོར་བསྡུས་བྱས། དེའི་རྗེས་ཡུན་ནན་ནས། ངས་སངས་རྒྱས་ཡེ་ཤེས་སོགས་ལ་དོགས་གནས་འགའ་དྲིས་པར་ལན་མང་བོ་བརྒྱབ་ཡོད་མོད་དོགས་པ་སེལ་ཐུབ་མེད། ཡིན་ནའང་གནད་དོན་མི་ཉུང་ཞིག་ཤེས་རྟོགས་བྱུང་བ་དང་ལྔ། གཞན་ཡང་དབུས་གཙང་དང༌། ཁམས། ཨ་མདོ་གང་ཡིན་རུང་ང་ཚོ་ཚང་མ་ནི་མི་རིགས་དང་ཆོས་ལུགས་གཅིག་པ་ཡིན་པས་ཕན་ཚུན་བར་གྱི་སྐྱིད་སྡུག་ནི་ཆུ་ཚོགས་པའི་སྣོད་ཡོད་ཀྱང་གཏམ་ཚོགས་པའི་སྣོད་མེད་ཅེས་པའི་གཏམ་དཔེ་ལྟར་སྐད་ཆ་གཅིག་ནས་གཅིག་བརྒྱུད་ཀྱིས་གོ་གི་རེད། དེ་ཡང་ང་ནི་བོད་རིགས་ཁྲོད་དུ་མིངགྲགས་ཡོད་པའི་མི་ཞིག་ཡིན་པས། བོད་མི་མང་ཆེ་བས་ང་ལ་རེ་བ་འཆང་གི་ཡོད། གལ་སྲིད་སྐྱིད་སྡུག་གི་གནས་ཚུལ་བཤད་པའི་གོ་སྐབས་བཟང་པོའམ་སྟབས་ཀ་བདེ་ན་བསམ་བློའི་གཏིང་གི་སྐད་ཆ་བཤད་ངེས་ཡིན། དེར་བརྟེན་དམིགས་གསལ་གྱི་ཆ་རྐྱེན་འདི་བརྒྱུད་དེ་གལ་ཆེན་གྱི་སྐད་ཆ་མང་པོ་ཞིག་གོ་ཐོས་བྱུང་བ་དང་དྲུག གནས་ཚུལ་དེ་དག་ལ་བསམ་བློ་ནན་ཏན་ཞིག་བཏང་རྗེས། ཐེངས་འདིའི་གལ་ཆེའི་གནད་དོན་གསུམ་ཐད་ཚིག་བསྡུས་དོན་ཟབ་ཀྱི་སྙན་སེང་ཞིག་ཞུ་རྩིས་ཡོད།

 སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ལས་དོན་ནང་བྱུང་བའི་སྐྱོན་དང་ནོར་འཁྲུལ་དེ་ས་གནས་སོ་སོའི་ནང་ཚབས་ཆེ་ཆུང་མི་འདྲ་རུང༌།  རྩ་བའི་ཆ་ནས་བཤད་ན་ང་ཚོའི་བོད་ལྗོངས་སུ་བྱུང་བའི་སྐྱོན་དང་ནོར་འཁྲུལ་ཁྲོད་ཀྱི་བོད་ལྗོངས་རང་གི་དམིགས་བསལ་གྱི་སྐྱོན་དང་ནོར་འཁྲུལ་འགའ་ཕུད།  གཞན་ཚང་མ་འཛོམས་ཡོད་པ་མ་ཟད།  ད་དུང་བོད་ལྗོངས་ལས་དུས་ཡུན་རིང་བ་དང༌།  ཚབས་ཆེ་བ་དང་གཡོན་ཐལ་ཆེ་བ།  དེར་བརྟེན་ད་ལྟ་ས་ཁུལ་འདི་ཚོ་མང་ཆེ་བའི་ནང་ཕོ་མོ་རྒན་གཞོན་གྱི་མི་དམངས་མང་ཚོགས་ནས་ང་ལྟ་བུའི་བོད་རིགས་ཁྲོད་ཀྱི་འགོ་ཁྲིད་པ་འཕྲད་མ་ཐག་རང་དབང་མེད་པར་སེམས་ནང་གི་སྡུག་བསྔལ་བཤད་པ་དང༌།  མིག་ཆུ་འདོན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་གྱི་འདུག  འདིའི་ཐོག་ནས་བློ་གྲོས་ལྡན་པའི་མི་ཞིག་ཡིན་ཕྱིན་ཚང་མས་གནས་ཚུལ་ཚབས་ཆེན་གང་འདྲ་ཞིག་ཡོད་མེད་མཐོང་ཐུབ།
གནད་དོན་དང་པོ།  མི་རིགས་ཀྱི་སྐོར།
ངས་གོང་དུ་བོད་ལྗོངས་ཀྱི་གནད་དོན་བརྒྱད་པའི་ནང་བཤད་པ་བཞིན།  ཀྲུང་གོ་གསར་བ་དབུ་བརྙེས་བ་ནས་བཟུང༌།  བོད་ཀྱི་ས་ཁུལ་ལ་ཏང་དང་མའོ་ཀྲུའུ་ཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང༌།  ཏང་གི་རླབས་ཆེན་གྱི་མི་རིགས་སྲིད་ཇུས་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་གཟི་འོད་འཕྲོ་བའི་འོག་དང༌།  ས་ཁུལ་སོ་སོ་དང་རིམ་པ་སོ་སོའི་ཏང་ཨུད་ཀྱི་ཐད་ཀའི་དབུ་ཁྲིད་དང་གཙོ་སྐྱོང་འོག   རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པ་མང་ཆེ་བས་བོད་མི་དམངས་ལ་གཉའ་གནོན་དང་འཕྲོག་བཅོམ།  མཐོང་ཆུང་བྱེད་པ་སོགས་དོར་ཏེ།  བློ་གཅིག་སེམས་གཅིག་གིས་བོད་རིགས་མི་དམངས་ལ་བྱ་བ་ལེགས་པོ་གང་མང་བསྒྲུབས་ཡོད་པ་དེས།  ཁོང་ཚོ་ནི་མི་དམངས་ཀྱི་ཞབས་འདེགས་པ་ཕུལ་བྱུང་ཅན་ཡིན་པ་གསལ་བོར་མཚོན་ཡོད།
 བོད་རིགས་མི་དམངས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གཞུང༌།  འཕྲོད་བསྟེན་སོགས་ཡར་རྒྱས་གཏོང་སྐབས།  སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར།  རང་སྐྱོང་ལྗོངས་སོ་སོ་དང༌།  དེ་བཞིན་རྒྱ་རིགས་གཙོས་པའི་སྤུན་ཟླ་མི་རིགས་སོ་སོས་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ཡོད་པ་དང༌།  ལྷག་པར་དུ་བོད་རིགས་ས་ཁུལ་གྱི་བཅོས་བསྒྱུར་ཐད།  ཏང་གིས་བརྟན་བསྐྱོད་དང་འོས་མཚམས།  དམིགས་གསལ་གྱི་བྱེད་ཐབས་ལག་བསྟར་བྱས་ཡོད་པ་དང༌།  ང་ཚོ་བོད་རིགས་མི་དམངས་ཀྱིས་སྲོག་ལྟར་གཅེས་བའི་རང་གི་ཆོས་ལུགས་དང་ཆོས་དད་ཐོབ་ཐང་དང༌།  སོ་སོའི་མི་རིགས་ཀྱི་ཐོབ་ཐང་སོགས་ལ་ཧ་ལམ་འཐུས་སྒོ་ཚང་བའི་སྲུང་སྐྱོབ་བྱས་ཡོད།  དེར་བརྟེན།  བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་ཀྱི་ཀླད་པའི་ནང་མི་རིགས་གཞན་ལ་དོགས་ཟོན་དང་རྣམ་རྟོགས།  འཁོན་འཛིན་བྱེད་པ་སོགས་མི་རིགས་མཐུན་སྒྲིལ་ལ་གནོད་གཞིའི་རིགས་རིམ་བཞིན་མེད་པར་ཆགས་ཀྱི་ཡོད་པ་མ་ཟད།  ཏང་གི་མའོ་ཀྲུའུ་ཞི་ཡི་གཅིག་གྱུར་གྱི་འགོ་ཁྲིད་འོག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱབ་ཁབ་ནང༌།  མི་རིགས་སྟོབས་ཆེན་གྱིས་ཉམ་ཆུང་ལ་གཉའ་གནོན་དང་སྔོན་ཐོན་གྱིས་རྗེས་ལུས་ལ་མཐོང་ཆུང་བྱེད་པ་སོགས་དོར་ནས།  འདྲ་མཉམ་བདེ་སྐྱིད་ཀྱི་ཐབས་ལམ་བརྒྱུད་མི་རིགས་ཀྱི་འབྲེལ་བ་གསར་བ་དང་མི་རིགས་ཀྱི་མཐུན་སྒྲིལ་གསར་བ་བཙུགས་ཤིང༌།  མི་རིགས་ཆེ་ཆུང་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་བ་སོགས་བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་ཚང་མར་ཚད་གཞི་མི་འདྲ་བའི་ཤེས་རྟོགས་བྱུང་ཡོད་པས།  རྒྱལ་གཅེས་ཀྱི་བསམ་བློ་སྐྱེས་བ་དང་ཆབས་ཅིག་འཕེལལ་རྒྱས་ཀྱང་ཕྱིན་འདུག  དུས་མཚུངས་སུ་ངལ་རྩོལ་མི་དམངས་རིམ་བཞིན་གོ་རྟོགས་སད་པ་དང༌།  གསར་བརྗེའི་སྤྲོ་སེམས་དང་གྲལ་རིམ་འདུ་ཤེས་ལྡན་པ།  བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འོག་ནས་རང་ཉིད་བཅིངས་འགྲོལ་ཐོབ་སྟེ།  ས་ཞིང་དང་སྤྱི་ཚོགས་ཀྱི་བདག་པོ་བྱེད་རྒྱུའི་རེ་བ་བཏོན་ཡོད།
  སྐབས་དེར་བོད་རིགས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་གནད་ཆེའི་བླ་སྤྲུལ་དང༌།  དཔོན་པོ་མང་ཆེ་བ་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་གཟིགས་སྐྱོང་འོག  མི་མང་བོ་ཞིག་གི་བསམ་བློ་ལ་ཚད་མི་འདྲ་བའི་ཡར་ཐོན་བྱུང་ཡོད་པ་དང༌།  བཅོས་བསྒྱུར་ལ་བརྩི་སྲུང་དང་མོས་མཐུན་ཡོད་པ་སོགས་སྤྱིའི་གནས་ཚུལ་ལེགས་པོ་རེད་འདུག  ཡིན་ནའང་ཕྱོགས་གཞན་ཞིག་ལ་བཅིངས་འགྲོལ་མ་བྱས་སྔོན། བཙན་རྒྱལ་རིང་ལུགས་དང་གོ་མིན་ཏང་ལོག་སྤྱོད་པས་བོད་རིགས་ས་ཁུལ་ནང་རིམ་པ་སོ་སོའི་མི་དམངས་ལ།  གུང་ཁྲན་ཏང་གིས་ཆོས་ལུགས་དང་མི་རིགས་རྩ་མེད་བཟོ་གི་རེད་ཅེས་སོགས་ལོག་སྤྱོད་ཀྱི་སློབ་གསོ་དང་དཀྲོག་གཏམ་མང་པོ་བཟོས་ཡོད་པའི་རྐྱེན་གྱིས་རིམ་པ་ཁག་གི་མི་དམངས་ཀྱི་བསམ་པའི་ནང༌།  གུང་ཁྲན་ཏང་གིས་རང་གི་མི་རིགས་དང༌།  ཆོས་ལུགས་ལ་གནོད་འཚེ་གཏོང་གི་རེད་ཅེས་དོགས་པ་བྱེད་ཀྱི་ཡོད།  ས་ཁུལ་ཁ་ཤས་ཀྱི་ལས་བྱེད་པས་ཆོས་ལུགས་དང་མི་རིགས་ལ་རྣམ་འགྱུར་ཡག་པོ་བཟུང་མེད་པ་མ་ཟད།  དུས་སྐབས་ཤིག་ལ་མཚོ་སྔོན་དང་དཀར་མཛེས་ཀྱི་བོད་ཡིག་ཚགས་པར་ཐོག་མངོན་སུམ་འཛེམས་མེད་ཀྱིས།  ང་ཚོ་བོད་རིགས་ཀྱིས་རང་གི་སྲོག་ལྟར་གཅེས་པའི་ནང་ཆོས་ཡག་པོ་མེད་ཚུལ་དང༌།  བདེན་པ་མིན་ཚུལ་སོགས་ཁུངས་མེད་ལུང་མེད་ཀྱི་རྫུན་གཏམ་མང་པོ་བཀོད་འདུག་པ་དང་གཅིག  ས་ཁུལ་ཁ་ཤས་ནས་བཅོས་བསྒྱུར་སྐོར་གྱི་ཚོགས་འདུ་སྐོང་ཚོགས་དང་གྲ་སྒྲིག་བྱེད་སྐབས།  བཅོས་བསྒྱུར་བྱས་རྗེས་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད་པའི་རྟགས་མཚན་ཐོན་པ་དང་གཉིས།  བཅོས་བསྒྱུར་བྱེད་ཐབས་ཐོག   གོང་རིམ་གྱིས་བཤད་སྐབས་ཞི་བདེ་བྱེད་ཐབས་དང་རིམ་བཞིན་བསྒྲུབ་རྒྱུ།  དབྱེ་མཚམས་གསལ་ཞིང༌།  སྲུང་སྐྱོབ་བྱ་ཡུལ་སོགས་ཚང་མ་ཧ་ཅང་གསལ་བོར་བཤད་འདུག་པ་དང༌།  འདོད་བློ་ཁེངས་བ་ཞིག་ཀྱང་རེད།  ཡིན་ནའང་འོག་རིམ་ལ་སླེབས་དུས་རིམ་པ་རེ་རེ་བཞིན་དྲག་སྤྱོད་ཀྱི་བྱེད་ཐབས་དང་ཁྲལ་མངོན་སླ་བཅོས།  དབྱེ་མཚམས་མི་གསལ་བ།  སྲུང་སྐྱོབ་མ་འདང་བ་སོགས་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག་པས་མི་རྣམས་ཧང་སངས་ཀྱི་ཡོད་པ་དང་གསུམ།  བོད་རིགས་ས་ཁུལ་མང་ཆེ་བ་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱས་སྔོན་དྲག་ཆས་རྩིས་ལེན་བྱེད་རྒྱུ་ཡིན་ཚུལ་བཤད་འདུག་པར་བརྟེན།  རིམ་པ་ཁག་གི་མི་རྣམས་ཀྱིས་དམངས་གཙོའི་བཅོས་བསྒྱུར་སྐབས་ང་ཚོར་སྡུག་པོ་གཏོང་ངེས་རེད།  དེ་མིན་ན་སྔོན་དུ་དྲག་ཆས་རྩིས་ལེན་བྱེད་དགོས་དོན་ཡོད་པ་མ་རེད་བསམ་གྱི་ཡོད་པ་དང་བཞི།
 དེ་མིན་ང་ཚོའི་ལས་དོན་ཁྲོད་དེ་མཚུངས་ཀྱི་གནད་དོན་མི་ཉུང་བ་ཞིག་བྱུང་ཡོད་པའི་དབང་གིས་བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་ལ་དངངས་སྐྲག་དང་དོགས་པ་ཆེན་པོ་བཟོས་ཡོད་པ་དང༌།  རིམ་པ་ཁག་གི་མི་རྣམས་ཀྱི་བསམ་བློ་མི་ལེགས་པའི་ཕྱོགས་སུ་འཁོར་གྱི་ཡོད།  སྐབས་འདི་དང་བསྟུན་ནས་བཙན་རྒྱལ་རིང་ལུགས་དང་ཕྱི་རྒྱལ་གྱི་ལོག་སྤྱོད་པས་རྒྱབ་སྐྱོར་དང་ངན་འབྲེལ་འོག  བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱི་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ལ་ཁ་གཡར་ནས།  ང་ཚོའི་གངས་ལྗོངས་ཡུལ་གྱི་རྩམ་པ་ཟ་མཁན་དང༌། མ་ནི་བགྲང་མཁན་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས།  ཞེས་ལོག་སྤྱོད་ཀྱི་སྐད་འབོད་རྒྱག་གི་ཡོད་པ་དང་ཆབས་ཅིག་དེ་དང་བསྟུན་པའི་ཟིང་འཁྲུག་སློང་བའི་ཆེད་ལོག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད།  ཆོས་ལུགས་དང་མི་རིགས་ཀྱི་དར་ཆའི་འོག་རིམ་པ་ཁག་གི་མི་དམངས་མང་པོ་ལ་མགོ་སྐོར་ཐེབས་པ་དང་གཅིག   ལོག་སྤྱོད་ཀྱི་གོ་མིན་ཏང་ཅང་ཅེ་ཧྲི་རུ་ཚོགས་ཀྱིས་ཀྱང་བོད་རིགས་ས་ཁུལ་དུ་ནུས་ཤུགས་ཆེན་པོའི་ངང་ཟིང་འཁྲུག་སློང་བའི་ལས་འགུལ་སྤེལ་གྱི་ཡོད་པ་དང་གཉིས།  ས་ཁུལ་སོ་སོའི་བཀས་བཀོདད་རྒྱུད་འཛིན་གྱི་བླ་སྤྲུལ་དང་དཔོན་པོའི་ཁྲོད་ལོག་སྤྱོད་ཀྱི་བསམ་བློ་ཡོད་མཁན་ཁག་ཅིག་གིས་གསར་བརྗེ་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་སེམས་ཐག་བཅད་པ་དང་ཆབས་ཅིག་དེ་དོན་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་དང་གསུམ་བཅས་གོང་དུ་བཤད་པའི་གནད་དོན་བཞི་བ་དང་གསུམ་པ་ལྟར།  དགྲ་ཕྱོགས་དང་རང་ཕྱོགས་གཉིས་ནས་བཟོས་བའི་མཇུག་འབྲས་སྣ་ཚོགས་ཀྱི་དབང་གིས།  བོད་རིགས་ས་ཁུལ་དུ་གསར་བརྗེ་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ངོ་བོ་དང་ཆ་རྐྱེན་ལྡན་ཡོད་མེད་གང་ལྟར་ཡང༌།  རྣམ་པ་སྣ་ཚོགས་ཀྱི་ཟིང་འཁྲུག་གི་མེ་ལྕེ་གང་སར་མཆེད་བཞིན་ཡོད།  དེར་བརྟེན་ཟིང་འཁྲུག་གིས་བོད་རིགས་ལ་བརྗོད་ཀྱིས་མི་ལང་ཞིང་རྫོགས་མཐའ་མེད་པའི་གནོད་འཚེ་གྱོང་གུན་དང༌།  སྡུག་བསྔལ་བཟོས་ཡོད་པ་རེད།  བོད་རིགས་ལ་སྔར་མ་གྲགས་པའི་ཚབས་ཆེའི་ཉམས་རྒུད་བྱུང་དོན་ནི།  བོད་རིགས་ས་ཁུལ་ནང་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་ལས་དོན་མཁས་མཛངས་ཡང་དག་ཡིན་མིན་དང་འབྲེལ་བ་ཆེན་པོ་ཡོད་པ་རེད།
 གཅིག  ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་སྐོར།  ཟིང་འཁྲུག་ལ་ཉེས་ཚབས་ཆེ་བའི་ཏང་དང་མེས་རྒྱལ་དང༌།  མི་དམངས་ལ་ངོ་རྒོལ་བྱེད་པའི་གསར་བརྗེ་ངོ་རྒོལ་གྱི་ངོ་བོ་ལྡན་ཡོད།  དེར་བརྟེན་ངེས་པར་དུ་ཞོད་འཇགས་སུ་གཏོང་དགོས་བ་ནི་བཤད་མ་དགོས་བའི་བདེན་དོན་ཞིག་རེད།  ཞོད་འཇགས་གཏོང་ཐབས་ཐོག   ཏང་གི་དམག་དོན་གྱིས་རྡུང་རྡེག་དང༌།  ཆབ་སྲིད་ཐོག་ཚུར་འགུག  མང་ཚོགས་ལ་སྐུལ་སློང་བཅས་ཀྱི་སྲིད་ཇུས་གསུམ་པོ་འདི་ལག་བསྟར་བྱེད་སྐབས་སོ་སོར་དབྱེ་མི་འོས།  ཆབ་སྲིད་ཐོག་རྩ་འཛུགས་མེད་པར་མང་ཚོགས་སྐུལ་སློང་བྱེད་པའི་གོང་དུ་བོད་ལྗོངས་ཀྱི་མང་ཚོགས་རྣམས་ཀྱི་འགྲིག་རང་ཁུར་སྒོས་རྩ་ཁྲིམས་ལ་རྩི་སྲུང་བྱེད་དགོས།  བོད་ཡུལ་ས་ཆ་གང་དུ་ངན་པ་ཚར་གཅོད་དང༌། བཟང་བོ་སྲུང་སྐྱོབ་བྱེད་དགོས་རྒྱུ་ལས།  བཟང་ངན་མཉམ་བསྲེས་དང་གང་བྱུང་དུ་རྡུང་རྡེག་གཏོང་བ་ནི་ཧ་ཅང་མི་འོས་བ་ཞིག་རེད།  དེའི་ཕྱིར་རྡུང་རྡེག་བྱེད་སྐབས་རྡུང་རྡེག་བྱ་ཡུལ་གྱི་གནས་ཚུལ་གསལ་བོར་ཤེས་རྟོགས་བྱེད་དགོས་པ་ཤིན་ཏུ་གལ་ཆེ།  འདིའི་སྐོར་ཤེས་རྟོགས་གསལ་བོ་བྱེད་དགོས་ན།  ཐོག་མར་ས་ཁུལ་སོ་སོར་ཟིང་འཁྲུག་བྱུང་བ་དེ་དག་གི་གཙོ་ཕལ་དང་སྤྱི་བྱེའི་ཕྱི་རྐྱེན་དང་ནང་རྐྱེན་གང་ཡིན་དང༌།  ཡོངས་ཁྱབ་དང་དམིགས་བསལ་གྱི་གནས་ཚུལ་གང་ཡིན།  གཅིག་གྱུར་དང་ཐོན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ཡིན་པ་སོགས་ཀྱི་སྐོར་བརྒྱུད་ནས།  གཏིང་ཟབ་གཟབ་ནན་གྱིས་ནོར་འཆུག་མེད་པར་བརྟག་དཔྱད་བྱས་ཏེ།  ཟིང་འཁྲུག་བྱུང་བའི་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་དང་ཁྱད་ཆོས།  གནས་ཚུལ་སོགས་གསལ་བོ་དབྱེ་འབྱེད་ཀྱིས་དམའ་འབེབ་སྒྲོ་འདོགས་དང༌།  ཁུངས་ལུང་མེད་པའི་གཏམ་འཆལ་ཁོ་ནར་ཡིད་ཆེས་བྱས་ཏེ་ཟིང་འཁྲུག་བྱུང་བར་ངོས་འཛིན་བྱེད་པའི་བྱ་སྤྱོད་ཐ་ཤལ་དེ་རིགས་བཀག་འགོག་དམ་པོ་བྱེད་དགོས་པ་ནི་བཤད་མ་དགོས་པ་རེད།
  དེ་ཡང་དོགས་པ་དང་དངངས་སྐྲག་དང༌། མགོ་སྐོར་ཐེབས་ནས་ཟིང་འཁྲུག་ལ་ཞུགས་པའི་མི་དམངས་ལ་ དོགས་སེལ་དང༌།  མི་སེམས་ལྷིང་འཇགས།  དོན་དངོས་གསལ་རྟོགས་ཀྱི་ཚུར་འགུག་གི་ལས་དོན་གཙོར་འཛིན་དང༌།  ཁོ་ཚོའི་ངན་སྤྱོད་ཉུང་ཤས་ལ་བཟོད་སྒོམ།   ཁོ་ཚོར་མཐའ་ལ་མ་གཏུགས་བར་དུ་དམག་དོན་གྱི་རྡུང་རྡེག་བྱེད་མི་རུང༌།  དེ་ཡང་གསར་བརྗེར་ངོ་རྒོལ་བྱེད་ཆེད།  ཟིང་འཁྲུག་སློང་བའི་མི་དེ་ཚོའི་ནང་མང་ཆེ་བ་ནི་མགོ་སྐོར་ཐེབས་པ་དང༌།  བཙན་ཤེད་ཀྱིས་ཟིང་འཁྲུག་རུ་ཁག་ནང་དུ་ཞུགས་སུ་བཅུག་པ་ཡིན་པས་མི་དེ་དག་ལའང་ཆ་རྐྱེན་ངེས་ཅན་འོག་ཟིང་འཁྲུག་སློང་མཁན་གྱི་གཡོ་སྒྱུ་ཐེར་འདོན་དང༌།  ཟིང་འཁྲུག་གི་ནག་ཉེས་ཁྱབ་བསྒྲགས།  ཁོར་ཚོར་དོགས་སེལ་དང༌།  དོན་དངོས་གསལ་རྟོགས་ཀྱིས་གང་ཐུབ་ངང་ཚུར་འགུག་ཐབས་བྱས་ཏེ།  ཟིང་འཁྲུག་རུ་ཁག་གི་ནང་ཁུལ་ཐོར་ཞིག་ཏུ་གཏོང་བའི་ལས་དོན་འགྱོད་གནོངས་མེད་པ་དང༌།  མཐར་ད་དུང་ལམ་ནོར་ལྡོག་ཤེས་མེད་པའི་ཟིང་འཁྲུག་པ་ལ་དམག་དོན་གྱིས་ཐག་གཅོད་ནན་པོ་བྱེད་དགོས།  འདི་ལྟར་བྱས་ན་ད་གཟོད་ཁུངས་ལུང་ལྡན་པ་དང༌།  ཞི་དྲག་དོ་སྙོམས། བདེན་དོན་གསལ་སྟོན།  མི་རྒྱུ་ལ་གྱོང་གུད་ཉུང་བ།  དཀའ་དོན་སླ་བསྒྱུར།   མི་སེམས་འགུག་པ།  དགྲ་ཕམ་རང་རྒྱལ་སོགས་བྱེད་ཐུབ་ཀྱི་ཡོད།  དེ་ལྟའི་བཟང་བོ་རང་གྲུབ་དང༌།  འོས་མཚམས་ཡང་དག   ལྷད་མེད་དྭངས་གཙང་གི་ལོ་རྒྱུས་ཀྱི་མིག་དཔེར་འོས་བའི་བྱེད་སྟངས་འདི་རིགས་ནི་ལོ་ངོ་ཁྲི་ཕྲག་གི་བསྔགས་བརྗོད་བྱ་ཡུལ་དུ་འགྱུར་ངེས།
 ཡིན་ནའང་ཟིང་འཁྲུག་དངོས་སུ་ཞོད་འཇགས་སུ་གཏོང་བའི་སྐབས།  སྤྱིའི་ཆ་ནས་བཤད་ན་གསར་བརྗེར་ངོ་རྒོལ་གྱི་དྲག་པའི་ངོ་ལོག་ཟིང་འཁྲུག་ནི་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་ཡིན་པ་བཤད་མ་དགོས་བ་ཞིག་ཡིན་མོད།  བོད་རིགས་ས་ཁུལ་དུ་ཟིང་འཁྲུག་བྱུང་བའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བལྟས་ན།  ཟིང་འཁྲུག་པའི་ནང་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང༌།  མི་དམངས་ནང་ཁུལ་གྱི་འགལ་བའི་ཆ་གཉིས་ཀ་ནས་འདུག   ཡིན་ན་ཡང་ང་ཚོའི་འོག་རིམ་གྱི་ཏང་སྲིད་དམག་གི་འགོ་ཁྲིད་མི་སྣས་དེ་དོན་ཤེས་ཀྱི་མེད་པ་དང༌། དེར་བསམ་བློ་ཡང་གཏོང་གི་མེད་པ་མ་ཟད།  དགྲ་བོ་དེ་དག་གི་ང་ཚོ་ལ་ཚུར་རྒོལ་བྱེད་ཀྱི་ཡོད་པ་དང༌།  འདི་ནི་འཐབ་འཛིང་རེད།  བརྟག་དཔྱད་ཞིབ་འཇུག་བྱེད་པའི་དུས་ཚོད་མེད་པར་འཕྲལ་དུ་རྒོལ་ལན་སྤྲོད་དགོས་བསམ་གྱི་ཡོད་པ་དང༌།  དེའི་ཁར་ད་དུང་དམག་དོན་ནི་གཞན་དབང་དུ་མ་སོང་བར་རང་འགུལ་གྱིས་རྩོད་ལེན་བྱེད་དགོས་གྱི་ཡོད་སྟབས།  ལག་གང་སྔ་བྱེད་མཁན་མི་ཉུང་བ་ཞིག་བྱུང་བ་རེད།  སྤྱིར་བཏང་ཐོག་བཤད་པ་ཡིན་ན། འདི་ལ་གནས་ལུགས་ཡོད།  འོན་ཀྱང་བོད་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང༌།  ཟིང་འཁྲུག་བྱུང་བའི་དངོས་ཡོད་གནས་ཚུལ་བཅས་ཕྱོགས་གཉིས་ལ་གཟབ་ནན་ངང་བསམ་བློ་ཞིག་བཏང་བ་ཡིན་ན།  དོན་དངོས་དང་མི་འཚམས་པ་དང་འཐུས་སྒོ་མི་ཚང་བ་མཁས་མཛངས་ལྡན་པ་ཞིག་ཀྱང་རེད་མི་འདུག  དེའི་རྒྱུ་རྐྱེན་ནི།

༡ བོད་རིགས་ས་ཁུལ་གྱི་ཟིང་འཁྲུག་མང་ཆེ་ཤོས་ནི་ཐོག་མར་རང་རང་སོ་སོའི་ཚོ་ཤོག་དང༌། ཕ་ཡུལ་གཅིག་པུ་ནས་ཟིང་ཆ་ལངས་བ་ཞིག་ལས་ང་ཚོའི་རྟེན་གཞི་ཆེན་པོ་ལ་ཚུལ་རྒོལ་བྱས་ཡོད་པ་མ་རེད།

༢ ལྷག་པར་དུ་ཟིང་འཁྲུག་པ་དེ་དག་ལ་དམག་དོན་གྱི་མདུན་ལམ་མེད་པ་སྟེ། ཁོ་ཚོ་ལ་གཅིག་གྱུར་གྱི་བཀོད་འདོམས་པ་མེད་པ་དང༌། རྩ་འཛུགས་དང་གོ་ལག་ཧ་ཅང་ཞན་པ། དེ་བཞིན་ཕན་ཚུན་བར་རོགས་སྐྱོབ་དང་རམ་འདེགས་མེད་པ་དང༌། ནང་ཁུལ་གྱི་འགལ་བ་མང་ལ། གལ་ཆེ་ཤོས་ནི་གསར་བརྗེར་ངོ་རྒོལ་བྱེད་པའི་གཡུལ་འགྱེད་ཡིན་པ་སོགས་ཕལ་ཆེར་རྒྱལ་ཁ་ཐོབ་རྒྱུ་རྨང་གཞི་མེད་པ་དང༌། འཐབ་ཇུས་ཐོག་སྟོང་བ་རེད། དེར་བརྟེན། ཟིང་འཁྲུག་པ་དེ་དག་གིས་རླབས་ཆེན་གྱི་མའོ་ཙེ་ཏུང་གི་རླབས་ཆེན་གྱི་འཐབ་ཇུས་དང་འཐབ་རྩོད་གྱི་དྲག་ཆས་སྤྲས་ཤིང༌། དེང་རབས་ཅན་གྱི་གོ་ལག་ཡོད་པ་དང༌། སྙན་གྲགས་དང་གཟི་བརྗིད་འཛམ་གླིང་ཡོངས་ལ་ཁྱབ་པའི་སྟོབས་ལྡན་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དགྲར་བཟུང་སྟེ་ཁ་གཏད་བྱས་པ་ཡིན་ན། འདི་ནི་མིག་ལྡན་གཡང་མཆོངས་ཁོ་ན་དང༌། ང་ཚོར་མཚོན་ན་སྦྲང་མའི་གཤོག་རྩལ་གྱི་རི་རབ་འཇོམས་འདོད་གྱི་དཔེ་ལས་མ་འདུས་ཤིང༌། ང་ཚོས་ཛ་དྲག་གི་བྱ་སྤྱོད་ལག་བསྟར་བྱེད་པའི་དགོས་པ་ཏིལ་འབྲུ་ཙམ་ཡང་མེད། ང་ཚོར་ཟིང་འཁྲུག་གི་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་ལེགས་པོ་བྱེད་པའི་དུས་ཚོད་ཡོད་པ་དང༌། ངེས་པར་དུ་དེ་ལྟར་བྱེད་དགོས་པ་ཞིག་ཀྱང་རེད། འཐབ་ཇུས་དང་འཐབ་རྩོད་ཐོག་དགྲ་བོའི་གནས་ཚུལ་གཟབ་ནན་ངང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་འཐབ་འཛིང་གི་སྔོན་དུ་བསྒྲུབས་དགོས་པ་ཞིག་ཡིན་པ་ནི། དམག་དོན་སྐོར་ལ་རྒྱུས་མངའ་མེད་མཁན་ངས་ཀྱང་ཤེས་ཀྱི་ཡོད།

༣ གསར་བརྗེར་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་དང༌། ང་ཚོའི་བར་གྱི་འགལ་བ་ནིདགྲ་དང་རང་ཕྱོགས་བར་གྱི་འགལ་བ་ཡིན་པ་ནི་དོགས་པ་གང་ཡང་མེད་པའི་ལྕགས་ལྟ་བུའི་བདེན་དོན་ཞིག་རེད། ཡིན་ནའང་དུས་སྐབས་ཤིག་ལ་བོད་རིགས་ས་ཁུལ་དུ་བྱུང་བའི་ཟིང་འཁྲུག་ཐམས་ཅད་ལ་གསར་བརྗེར་ངོ་རྒོལ་གྱི་ངོ་བོ་དང་ཆ་རྐྱེན་ལྡན་འདུག་ཅེས་བཤད་རྒྱུ་ཁག་པོ་རེད། འདིའི་ནང་ངས་གོང་དུ་བཤད་པ་ལྟར། ང་ཚོའི་དོན་སྙིང་མེད་པའི་བྱ་སྤྱོད་མང་པོ་ཞིག་གིས་མི་རྣམས་ལ་དངངས་སྐྲག་དང་དོགས་པ་སྐྱེས་བ་དང༌། ཡང་ན་ལོག་སྤྱོད་པས་མགོ་སྐོར་འོག་ཟིང་འཁྲུག་ལངས་བའི་རིགས་ཧ་ཅང་མང་བོ་ཡོད་པ་རེད། དེ་ཡང་དོགས་པ་དང་དངངས་སྐྲག་སྐྱེ་མཁན། ཡང་ན་མགོ་སྐོར་ཐེབས་མཁན་དེ་དག་ནི་མི་དམངས་མང་ཚོགས་ཡིན་པས། ང་ཚོས་གོམ་པ་དང་པོ་ངེས་པར་དུ་དངངས་སྐྲག་དང་དོགས་པ་མེད་པ་བཟོ་རྒྱུ་དང༌། མི་སེམས་ལྷིང་འཇགས། དོན་དངོས་གསལ་རྟོགས་ཀྱིས་ཚུར་འགུག་གི་ལས་དོན་བསྒྲུབ་ཏེ། ནོར་འགྱོད་མེད་པ་ཞིག་དགོས་པ་ལས། གོམ་པ་དང་བོ་ནས་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་ལྟར་དྲག་ཤུགས་ཀྱིས་ཐག་གཅོད་བྱེད་པ་ནི། ངས་བལྟས་ན་ཧ་ཅང་མི་འོས་བ་ཞིག་རེད།

༤ དོན་དངོས་སུ་ཟིང་འཁྲུག་ལངས་མེད་ནའང༌། དྲག་གནོན་བྱེད་འདོད་ཡོད་ཚེ་བསྙོན་འཛུགས་དམའ་འབེབས་ཀྱིས་རྡུང་རྡེག་དྲག་པོ་གཏོང་གི་ཡོད་པ་གཅིག ནང་ཆོས་དང་སྐྱེ་འགྲོའི་བདེ་སྐྱིད་ཆེད་འདུ་འཛོམས་ཀྱིས་ཞབས་རིམ་སྒྲུབ་མཁན་ཚོའང་གསར་བརྗེ་ངོ་ལོག་པར་རྩིས་ཏེ་དྲག་གནོན་དང་རྡུང་རྡེག་བྱེད་ཀྱི་ཡོད་པ་དང་གཉིས། ཟིང་འཁྲུག་ལངས་རྒྱུ་རེད་དང་ཡང་ན་ཟིང་འཁྲུག་ལངས་འདུག་་ཅེས་ཁུངས་ལུང་མེད་པའི་དཀྲོག་གཏམ་ལ་བརྟག་དཔྱད་ཞིབ་འཇུག་མ་བྱས་བར་ཡིད་ཆེས་ཏེ་ཁྲག་བཞུར་བའི་དྲག་གནོན་དང་རྡུང་རྡེག་བྱས་བ་དང་གསུམ། འདི་གསུམ་ནི་དེ་བས་ཀྱང་ཁུངས་ལུང་གཏན་ནས་མེད་པའི་ཐབས་རྡུགས་ཀྱི་གནད་དོན་ཞིག་རེད། འདི་ལྟའི་གནད་དོན་བོད་རིགས་ས་ཁུལ་གྱི་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ཁྲོད་མི་ཉུང་བ་ཞིག་བྱུང་ཡོད་མོད། ཀྲུང་དབྱང་གིས་ཀྱང་འདིའི་ཐད་ཧ་ཅང་གསལ་བོར་མཁྱེན་རྟོགས་ཡོད་པས། དེ་རིང་ཕྲན་གྱིས་གོང་འཁོད་ཀྱི་གནད་བསྡུས་ཤིག་སྙན་སེང་ཞུ་རྩིས་ཡོད། དོགས་གནད་འདི་རིགས་རྗེས་སུ་ཞིབ་ཏུ་འཆད་ཆོག་པར་ཞུ།

 མདོར་བསྡུས་ནས་བཤད་ན། བོད་རིགས་ས་ཁུལ་དུ་ཟིང་འཁྲུག་དངོས་སུ་ཞོད་འཇགས་གཏོང་བའི་སྐབས། ཏང་གི་ཡང་དག་པའི་སྲིད་ཇུས་ཁག་དང༌།  ས་ཁུལ་སོ་སོའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་གྱི་མཁས་མཛངས་ཡང་དག་གི་བྱེད་སྟངས་ལག་བསྟར་ལེགས་པོ་བྱས་མེད་སྟབས།  ཟིང་འཁྲུག་གཞི་རྒྱ་ཆེ་ལ་མི་གྲངས་མང་ཞིང༌། དུས་ཡུན་རིང་བ་དང༌།  ལངས་ཕྱོགས་མཁྲེགས་འཛིན།  ཟིང་འཁྲུག་མཐའ་འཁྱོངས་བ་སོགས་ཀྱི་གནས་ཚུལ་བྱུང་སྟེ།  མི་མང་བོ་ཞིག་ཤི་རྨས་བཏང་ཡོད་པ་མ་ཟད།  ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ལའང་གནོད་སྐྱོན་ཚབས་ཆེན་ཕོག་པ་དང༌།  བོད་རིགས་རྣམས་ཉེན་ཁ་ཆེ་བའི་གནས་སུ་གྱུར་ཞིང༌།  མི་རིགས་ཀྱི་མཐུན་སྒྲིལ་ལའང་གནོད་འཚེ་ཆེན་པོ་ཕོག་སྟེ།  རྒྱལ་ཁབ་ལ་གྱོང་གུན་ཆེན་པོ་བཟོས་ཡོད་པ་དང༌། ཏང་དང་རྒྱལ་ཁབ་ཀྱི་མཚན་མཐོང་ལ་རྒྱལ་ཁབ་ཕྱི་ནང་དང༌།  འཕྲལ་ཕུགས་ཀུན་ནས་ལེགས་པོ་དང་འཚམས་པོ་མེད་པ་སོགས་ཕན་མེད་ཀྱི་རྙོག་དྲ་སྣོན་མ་མང་པོ་བཟོས་ཡོད་པ་རེད།
  གཉིས།  སྲིད་དབང་སྒེར་འཛིན་སྐོར།  ང་ཚོ་ནི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅིག་ཡིན་པས།  མི་དམངས་ནང་ཁུལ་དུ་དམངས་གཙོ་ལག་བསྟར་དང༌།  དགྲ་བོ་ལ་སྲིད་དབང་སྒེར་འཛིན།  ཡང་དག་པའི་ངང་དགྲ་དང་རང་ཕྱོགས་དབྱེ་འབྱེད་དང༌།  མི་ངན་གཅིག་ཀྱང་ལྷོད་གཡེང་མི་གཏོང་བ་དང༌།  བཟང་བོ་གཅིག་ལའང་མ་ཉེས་ཁག་གཡོག་མི་བྱེད་པ་བཅས་ནི་ཏང་གི་འདོད་ཚུལ་དང་སྲིད་ཇུས་ཡིན་པ་དང༌།  རྒྱབ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་ཀྱང་རེད།  དེར་བརྟེན།  ལམ་ནོར་ལྡོག་ཤེས་མེད་པའི་ཟིང་འཁྲུག་པ་དང༌།  གསར་བརྗེའི་ངོ་ལོག་པ།  ཆེས་ལོག་སྤྱོད་ཀྱི་ཞིང་བདག་དང་འབྲོག་བདག་སོགས་གསར་བརྗེར་གནོད་འཚེ་དང༌།  མི་དམངས་ནས་ཤ་འཁོན་ཡོད་རིགས་བཀག་ཉར་དང་འཛིན་བཟུང་སོགས་ཀྱིས་ཁྲིམས་གཅོད་དྲག་པོ་བྱས་ཏེ།  མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱིས་འདོམས་བྱ་རྒྱུ་ནི་དགོས་ངེས་ཤིག་རེད།  ཡིན་ནའང་བོད་རིགས་ས་ཁུལ་མང་ཆེ་བར་འགན་འཁུར་མི་སྣས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་འཐུས་སྒོ་ཚང་བ་ལག་བསྟར་བྱས་མེད།
   རྒྱ་ཆེའི་ཞིང་འབྲོག་གྲོང་སྡེའི་ནང་ཧུར་བརྩོན་ཅན་སྨོས་མ་དགོས་པར། ཧ་ལམ་རྒན་བྱིས་དང་བུད་མེད་སོགས་འཐབ་འཛིང་བྱེད་མི་ཐུབ་པའི་རིགས་ཕུད།  གཞན་གཞོན་ནུ་དང༌།  དར་མ།  དེ་བཞིན་ས་གནས་ཀྱི་དོན་རྟོགས་བསམ་ཤེས་ཅན་རྣམས་གྲོང་སྡེ་ཁ་ཤས་ནང་མང་ཆེ་བ་དང༌།  གྲོང་སྡེ་ཁ་ཤས་ནང་མི་ཉུང་བ་ཞིག་བརྟག་ཞིབ་མེད་པར་འཛིན་བཟུང་དང་བཙོན་འཇུག་བྱས་འདུག  འདི་དགྲ་དགའ་གཉེན་སྡུག་གི་ཧ་ཅང་མི་འོས་བ་དང༌།  ཧ་ཅང་མི་ལེགས་པའི་དོན་ཆེན་ཞིག་རེད།
 ཟིང་འཁྲུག་གི་རྗེས་སུ་བོད་རིགས་ནང་མི་གྲངས་ག་ཚོད་འཛིན་བཟུང་བྱས་བ་ང་ཚོས་གསལ་བོར་ཤེས་དཀའ།  ཡིན་ནའང་ཕྱི་ཚུལ་ནས་བཙོན་པའི་གྲངས་འབོར་ཚོད་རྩིས་བྱས་བ་ཡིན་ན།  ས་ཁུལ་རེ་རེ་ལ་མི་གྲངས་ཁྲི་ཡས་མས་དང་ཁྲི་ལྷག་འཛིན་བཟུང་བྱས་འདུག  དེའི་ཕྱིར་གལ་སྲིད་འདི་དག་ཚང་མ་དགྲ་བོ་ཡིན་ན།  བོད་རིགས་ཁྲོད་ང་ཚོ་ལ་བུད་མེད་དང་རྒན་བྱིས།  དེ་བཞིན་གཞོན་ནུ་དང་དར་མ་ཆེས་ཉུང་ཤས་ཤིག་ཕུད།  གཞན་གཉེན་ཉེ་མང་པོ་ཡོད་པ་མ་རེད་ཅེས་ཚིག་ཐག་བཅད་ནས་བརྗོད་ཆོག  འོ་ན་འཛིན་བཟུང་བྱས་བའི་ནང་དགྲ་བོ་ཡོད་ལ་གཉེན་ཉེའང་ཡོད་ཅེས་བཤད་པ་ཡིན་ན། འདི་ནི་དེ་བས་ཁུངས་ལུང་མེད་པ་ཞིག་རེད།  མི་བཟང་ངན་དབྱེ་འབྱེད་མ་བྱས་བ་ཚང་མ་འཛིན་བཟུང་བཙོན་འཇུག་བྱེད་པ་འདི་ནི་འཛམ་གླིང་ཐོག་གི་དྲང་བདེན་གྱི་བཅའ་ཁྲིམས་ཚང་མ་དང་འགལ་ཡོད་ཅིང༌། ལྷག་པར་དུ་ང་ཚོ་ནི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཡིན་པས།  རྩ་དོན་འདི་དང་ཧ་ཅང་ཚབས་ཆེན་འགལ་ཡོད་པ་རེད།  དེར་བརྟེན།  ཕྱོགས་གང་ནས་བསམ་བློ་བཏང་ན་ཡང༌། བོད་རིགས་ས་ཁུལ་དུ་སྲིད་དབང་སྒེར་འཛིན་བདག་སྐྱོང་བྱེད་མཁན་གྱི་འགོ་ཁྲིད་མི་སྣའི་ཁྲོད།  འདོད་རྔམ་ཆེ་བ་དང༌།  གང་བྱུང་ངང་མི་འཛིན་བཟུང་བྱེད་ཕོད་པའི་གནས་ལུགས་མི་ཤེས་པའི་ལས་བྱེད་པ་ཚོས།  རང་སྣང་གང་དྲན་གྱིས་རིམ་པ་སོ་སོའི་ཉེས་པ་མེད་མཁན་ཚོའི་ཞི་བདེ་དང་རང་དབང་གི་འཚོ་བར་རྩེད་མོ་རྩེ་གི་ཡོད་པ་རེད། འདི་ནི་རྒྱལ་ཁབ་ཕྱི་ནང་དང་འཕྲལ་ཕུགས་གང་ལའང་རྩ་བ་ནས་ལེགས་པོ་ཡོད་པ་མ་རེད།  དེ་ཡང་ཕན་མེད་རྙོག་དྲ་བཟོ་གཞིའི་བཙོན་འཇུག་བྱས་བའི་བཙོན་པ་འབུམ་ཕྲག་མང་པོའི་ལྟ་སྐྱོང་སོགས་ང་ཚོའི་བོད་ལྗོངས་ལས་སྡུག་པོ་བྱུང་འདུག  ལྷག་པར་དུ་བཙོན་པ་ཚོ་བསམ་བཞིན་དུ་ས་ཆུ་མི་འཕྲོད་སར་སྐྱེལ་གྱི་ཡོད་པས་མི་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་ཤོར་བ་དང༌།  བཙོན་པའི་ཕུང་བོ་སྦས་མི་ཚར་བའི་གནས་ཚུལ་ཐོན་འདུག  དེར་བརྟེན་རྐྱེན་ལམ་དུ་ཕྱིན་པའི་མི་ཁྲི་ཕྲག་ཁ་ཤས་ཀྱི་ཕ་མ་བཟའ་ཟླ།  ཕྲུ་གུ  གཉེན་ཉེ་ཚང་མ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ལྷུང་སྟེ།  མཆི་མ་ཕྲུམ་ཕྲུམ་དུ་འདོན་པ་དང༌།  མྱ་ངན་གྱི་འོ་དོད་འབོད་པའི་གནས་ཚུལ་གང་སར་ཁྱབ་ཅིང་གཞན་ལ་བརྗོད་མི་ཕོད་པ་ཞིག་རེད།

གསུམ། མི་རིགས་ཀྱི་ཐོབ་ཐང་སྐོར། བོད་རིགས་ས་ཁུལ་མང་ཆེ་བར་ཟིང་འཁྲུག་བྱུང་ཡོད་པའི་དབང་གིས། ང་ཚོའི་ལས་བྱེད་པ་དང་དམག་དཔོན་ཁྲོད་ཀྱི་མི་ཁག་ཅིག་བོད་རིགས་ལ་མི་དགའ་བ་དང༌། གནག་སེམས་ཀྱིས་བོད་རིགས་ལ་མཐོང་ཆུང་དང༌། མི་རིགས་ཀྱི་ཁྱད་ཆོས་ལ་གནོད་འཚེ། ཡུལ་སྲོལ་གོམས་གཤིས་བཀག་སྡོམ་བྱེད་པ་སོགས་ཀྱི་ཚབས་ཆེའི་བྱ་སྤྱོད་བྱུང་ཡོད། དཔེར་ན། གཞི་རིམ་གྱི་ལས་བྱེད་པའི་བཤད་དོན། བོད་ཆས་ཀྱི་རྒྱུ་ཆ་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་མ་ཟད། སྟབས་བདེའང་རེད་མི་འདུག འདི་ནི་རྗེས་ལུས་ཀྱི་གྱོན་ཆས་ཤིག་རེད་ཅེས་བཤད་དེ་མངོན་སུམ་དུ་བཀག་འགོག་བྱས་བ་དང༌། མི་རིགས་ཀྱི་གྱོན་ཆས་དང་རྒྱན་ཆ་རྩ་མེད་བཟོ་ཆེད། སྲིད་དབང་བེད་སྤྱོད་བྱས་ཏེ་ཐབས་ཤེས་སྣ་ཚོགས་ཀྱིས་རྒྱན་ཆ་སོགས་བསྡུ་རུབ་བྱས་བ་དང༌། ལྷག་པར་དུ་རྗེས་སུ་ཁྱིམ་དུད་མི་ཉུང་བ་ཞིག་ལ་དཀར་ནག་དབྱེ་འབྱེད་མེད་པ་དང༌། རྒྱུ་མཚན་མེད་པར་ཁོ་ཚོའི་རྒྱུ་ནོར་གཞུང་བཞེས་བཏང་བ་སོགས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྣ་ཚོགས་དང་འགལ་བའི་བྱ་བ་མང་པོ་བསྒྲུབས་ཡོད། དེ་ཡང་བོད་རིགས་ས་ཁུལ་འདི་དག་ལ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་གྱིས་བབ་མཚུངས་ཀྱི་རང་སྐྱོང་ཁུལ་དང༌། རང་སྐྱོང་རྫོང་གསར་འཛུགས་བཀའ་དྲིན་བསྐྱངས་ཡོད་ན་ཡང༌། ལས་བྱེད་པའི་བྱ་སྤྱོད་ཀྱི་དབང་གིས་བོད་རིགས་མི་དམངས་ལ་ཏང་གི་སྲིད་ཇུས་དང༌། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྣ་ཚོགས་ཀྱིས་གཏན་འབེབས་བྱས་བའི་རང་སྐྱོང་ཐོབ་ཐང་རག་མེད་པ་མ་ཟད། ད་དུང་བོད་རིགས་ས་ཁུལ་མང་ཆེ་བ་ལ་ཟིང་འཁྲུག་ལངས་སྟབས་འཐབ་འཛིང་ཁྲོད་མི་མང་པོ་ཤི་སྐྱོན་བྱུང་ཡོད་པ་དང་གཅིག ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་སྐབས་དང༌། དེ་བཞིན་དེའི་རྗེས་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་ཏེ། ཕོན་འབོར་ཆེན་པོ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་དང་གཉིས། དུས་སྐབས་ཤིག་ས་ཁུལ་དེ་ཚོའི་མང་ཚོགས་ཀྱི་འཚོ་བ་ཧ་ཅང་སྐྱོ་བ་དང་ཉམ་ཐག་ཡིན་པས་རྒན་བྱིས་གཙོས་པའི་མི་མང་པོ་ཞིག་ལྟོགས་ཤི་ཐེབས་པའམ་ཡང་ན་གཟུགས་པོ་ཧ་ཅང་སྐྱོ་དྲགས་ཏེ་ན་ཚ་ཆུང་ངུའི་རིགས་ཀྱང་འགོག་མི་ཐུབ་པར་འདས་གྲོངས་སུ་འགྲོ་གི་ཡོད་པ་དང་གསུམ། དེའི་སྟབས་ཀྱིས་ད་ལྟ་བོད་རིགས་ཀྱི་མི་འབོར་ཚབས་ཆེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ནི་བཤད་མ་དགོས་བ་ཞིག་རེད། འདིས་ང་ཚོའི་བོད་རིགས་ཀྱི་ཡར་རྒྱས་ལ་གནོད་སྐྱེལ་གྱི་ཡོད་པ་མ་ཟད། བོད་རིགས་ཀྱི་འཚོ་གནས་ལའང་ཉེན་ཁ་ཆེན་པོ་བཟོས་ཏེ་དབུགས་ཆད་ལ་ཁད་ཀྱི་གནས་སུ་ལྷུང་ཡོད།

 དེར་བརྟེན་མི་རིགས་འདིའི་ཁོངས་མི་ཞིག་ཡིན་ཕྱིན་གནས་ཚུལ་དེ་རིགས་མཐོང་བ་དང་ཐོས་བ་ཙམ་གྱིས་བཟོད་དཀའ་བའི་སྡུག་བསྔལ་དང་སྐྱོ་སྣང་སྐྱེ་བ་ནི་བཤད་མ་དགོས་བ་རེད།
 བོད་རིགས་ས་ཁུལ་གྱི་མི་རིགས་ལས་དོན་འདི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་ནས་བཟུང་ལེགས་པོ་བསྒྲུབས་མེད།  ཡིན་ནའང་རྗེས་སུ་ཀྲུང་དབྱང་དང༌།  བྱམས་བརྩེ་ལྡན་པའི་མའོ་ཀྲུའུ་ཞི་ཡིས་བོད་ཁུལ་གྱི་གནས་ཚུལ་འདི་དག་རིམ་བཞིན་ཤེས་རྟོགས་བྱུང་འཕྲལ།  ཐུགས་ཁུར་ཆེན་པོ་གནང་སྟེ་འོག་རིམ་ལ་སྐྱོན་དང་ནོར་འཁྲུལ་འདི་དག་ཡོ་བསྲང་བྱེད་དགོས་བའི་མཛུབ་སྟོན་གནང་ཡོད།
 འོག་རིམ་ནས་ཀྱང་སྐྱོན་དང་ནོར་འཁྲུལ་འདི་དག་ཆད་གསབ་ཡོ་བསྲང་དང༌། དགོས་ངེས་ཀྱི་ཐག་གཅོད་བྱས་བ་དང༌།  ལས་དོན་ལ་དག་ཐེར་དང་ལེགས་བཅོས་སོགས་ཞིང་ཆེན་སོ་སོའི་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་རྣམ་དག་གིས་འགན་ཁུར་དང༌།  ཧུར་བརྩོན་ངང་ལས་དོན་བསྒྲུབས་ཡོད་སྟབས།  ད་ལྟ་བོད་རིགས་ས་ཁུལ་གྱི་ཕྱོགས་སོ་སོའི་ལས་དོན་གྱི་གནས་ཚུལ་ལེགས་ཕྱོགས་སུ་འགྲོ་འགོ་ཚུགས་ཡོད།  ཡིན་ནའང་ཁུལ་དང་རྫོང་རིམ་པའི་ཏང་སྲིད་ལས་བྱེད་ཚོའི་ཀླད་པའི་ནང་གི་གཡོན་ཐལ་ལོང་མཆོངས་ཀྱི་རླུང་ཡན་ད་དུང་ཞོད་འཇགས་སུ་ཕྱིན་མེད་པས།  ངའི་བསམ་པར་ས་ཁུལ་དེ་དག་གིས་མི་རིགས་ལས་དོན་ཐད་ངོ་ལྐོག་མེད་ཅིང་ཁ་ཞེ་གཅིག་མཚུངས་ཀྱིས་ཏང་གི་སྲིད་ཇུས་ལག་བསྟར་བྱས་མི་འདུག་སྙམ།
 གནད་དོན་གཉིས་བ།  ཆོས་ལུགས་སྐོར།
སྤུན་ཟླའི་བོད་རིགས་ས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་ཐད།  ཕྲན་གྱིས་གོང་དུ་བཤད་པའི་བོད་ལྗོངས་ཀྱི་གནད་དོན་བདུན་པའི་ནང་གི་ང་ཚོའི་བོད་ལྗོངས་ལ་དམིགས་བསལ་དུ་ཡོད་པའི་བརྒྱ་ཆ་གཅིག་ཙམ་གྱི་གནས་ཚུལ་ཉུང་ཤས་དེ་ཕུད།  གཞན་ཁག་ཚང་མའི་གནས་ཚུལ་གཅིག་མཚུངས་ཡིན་པས།  འདིར་ཡང་བསྐྱར་སྙན་སེང་ཞུ་གི་མིན།  ཡིན་ནའང་ཚབས་ཆེ་ཆུང་དང༌།  དུས་ཡིན་རིང་བ།  དེ་བཞིན་གཞི་རྒྱ་ཆེ་ཆུང་སོགས་ཚང་མ་བོད་ལྗོངས་ལས་ཞེ་དྲག་སྡུག་གི་རེད།  འདི་ནི་དངོས་སུ་བྱུང་བའི་གནས་ཚུལ་དང༌། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཐག་ཆོད་པའི་ངང་བཤད་ཆོག  དེའི་ཕྱིར་དངོས་སུ་བྱུང་བའི་གནས་ཚུལ་དང༌།  དངོས་ཡོད་གནས་སྟངས་ཕྱོགས་བསྡོམས་བྱས་ན་དོན་ཚན་གསུམ་དུ་ཕྱོགས་བསྡུས་བྱས་ཆོག
 ༡ ཚད་གཞི་དང་མཐུན་པའི་དགོན་སྡེ་མེད་པ་སྟེ།  སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དེ་དག་གི་དགོན་པ་དང༌།  གྲྭ་བའི་གྲངས་འབོར་དེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་མ་བཏང་བའི་སྔོན་ལས་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ནས་གོ་དགུ་ཇེ་ཉུང་དུ་སོང་འདུག  ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་དང་ཆོས་ལུགས་དོན་གཉེར་བྱེད་མཁན་གྱི་དགེ་འདུན་པ་རྣམས་ཕྱིར་འབུད་རྩ་མེད་དང༌།  གླང་ཆེན་སྨྱོན་པ་བཞིན་རྡུང་རྡེག་བཏང་སྟབས།  གྲྭ་བ་ཡོད་པའི་དགོན་པའང་མིང་ཡོད་དོན་སྟོང་དུ་གྱུར་འདུག  དེ་ཡང་དགོན་པའི་བདག་དབང་དེ་དོན་དངོས་དང་བྲལ་ཏེ་སྤྱང་སྨྱོན་ལྟར་ཞི་བདེ་དང་གཞན་ཕན།  དྲི་མེད་དྭངས་གཙང་གི་ཆོས་ལུགས་ལ་ཚུར་རྒོལ་བྱེད་མཁན་ལ་སྤྲད་ཡོད་སྟབས།  ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་དགོན་པ་ནི་ཆོས་ལུགས་ལ་ངོ་རྒོལ་བྱེད་སའི་རྟེན་གཞི་ཆགས་འདུག  དགོན་པའི་ལས་འགན་ཐད།  རང་འཁྲིའི་ཆོས་ལུགས་བྱེད་སྒོ་མེད་པར་བཟོས་ཏེ། རྐང་ཀྱོག་གི་ཐོན་སྐྱེད་རུ་ཁག་ཆེན་པོ་ཞིག་ཏུ་བསྒྱུར་བ་སོགས་ཀྱིས།  དགོན་པ་ཡོད་ནའང་ཡོད་པའི་རིན་ཐང་བརླགས་པ་དང༌། དོན་དངོས་སུ་དགོན་པ་མེད།
 ༢ ཆོས་ལུགས་ཀྱི་མདུན་ལམ་མེད་པ།  སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ཁུལ་དེ་དག་ལ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས།  འོག་རིམ་གྱི་ཏང་སྲིད་ལས་བྱེད་པས་དངོས་ཤུགས་ཅི་རིགས་ཀྱིས་བཀག་འགོག་སྣ་ཚོགས་བྱས་ཡོད་པས།  རབ་འབྱམས་རྒྱལ་བའི་གསུང་རབ་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་མང་ཙམ་ཡང་ཐོས་རྒྱུ་མེད་པ་དང༌།  ཆོས་ལུགས་རིག་གནས་སོར་གནས་ལྟ་ཅི།  ཐ་ན་ཐ་སྙད་ཙམ་ཡང་རྩ་སྟོང་དུ་འགྲོ་ལ་ཉེ།  དངོས་ཡོད་གནས་ཚུལ་འདི་དག་ལས་ཆོས་ལུགས་ཀྱི་མདུན་ལམ་དོན་དངོས་ཐོག་རྩ་མེད་བཟོས་ཟིན་པ་དང༌། དོན་ངོ་མས་ཆ་ནས་ཆོས་ལུགས་ལ་མདུན་ལམ་ཡོད་པ་མ་རེད།
 ༣ སྤུན་ཟླ་ཞིང་ཆེན་ཀྱི་བོད་རིགས་ས་ཁུལ་དེ་དག་ལ་གཞི་རྩའི་ཐོག་ནས་བཤད་པ་ཡིན་ན།  སེར་སྐྱ་མི་དམངས་མང་ཚོགས་ལ་ཆོས་ལུགས་འཚོ་བ་མེད་པ་དང༌། ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས།  ས་ཁུལ་མང་ཆེ་བར་གཞི་རིམ་གྱི་ལས་བྱེད་པའི་བཀག་འགོག་འོག་ཐ་ན་ཁ་འདོན་ཡང་ལྐོག་ཏུ་འདོན་དགོས་ཀྱི་ཡོད་པ་རེད།  གལ་སྲིད་ལས་བྱེད་པས་མི་ཞིག་གིས་ཁ་འགུལ་ཙམ་འགུལ་ཙམ་བྱེད་པ་མཐོང་ཚེ་ལམ་སེང་འདྲི་རྩད་བྱེད་ཀྱི་ཡོད་པ་དང༌།  ཆོས་ལུགས་དད་མོས་དང་ཆོས་ལུགས་བྱེད་སྒོ་ལ་གསར་བརྗེར་ངོ་ལོག་བྱེད་པའི་ལས་འགུལ་བཞིན་འགོག་གནོན་བྱེད་ཀྱི་ཡོད་པས།  སེར་སྐྱ་མང་ཚོགས་ཀྱིས་རང་འདོད་ཀྱིས་ཆོས་ལུགས་འཚོ་བར་སྤྱོད་ཐུབ་ཀྱི་མེད།  གཞི་རྩའི་ཐོག་ནས་བཤད་པ་ཡིན་ན།  དོན་དངོས་སུ་མང་ཚོགས་ལ་ཆོས་ལུགས་ཀྱི་འཚོ་བ་ཡོད་པ་མ་རེད།  ངས་འདིར་བཤད་པའི་མེད་པ་གསུམ་གྱི་གནས་ཚུལ་སོགས་ཆོས་ཕྱོགས་དང་འབྲེལ་ཡོད་ཀྱི་སྤྱིའི་གནས་ཚུལ་ཐོག་ནས་མཐོང་ཐུབ་པ་ཞིག་ལ།  བོད་རིགས་སྤུན་ཟླ་ས་ཁུལ་དུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས།  ཆོས་ལུགས་ལས་དོན་ཐད་ཧ་ཅང་ཚབས་ཆེ་བའི་གཡོན་ལྷུང་གི་བྱ་སྤྱོད་ཀྱིས།  བོད་རིགས་ཁྲོད་ཕྲུ་གུ་ཆུང་ཆུང་ཕུད་པའི་གཞན་བརྒྱ་ཆ་དགུ་ཅུ་ཡན་གྱི་མི་རྣམས་ཧ་ལས་ཤིང་ཧོན་འཐོར་ཡོད།  དེའི་ཕྱིར་ད་ལྟ་བོད་རིགས་ལ་ཆོས་ལུགས་ཀྱི་སྐོར་གླེང་སྐབས།  ཁོ་ཚོ་རང་དབང་མེད་པར་ཡིད་སེམས་ཧ་ཅང་སྐྱོ་སྟེ་མིག་ཆུ་འདོན་བཞིན།  ང་ཚོའི་ས་ཆ་ནི་ཀླ་ཀློའི་ཡུལ་དུ་བསྒྱུར་ཡོད་པ་དང༌།  ང་ཚོ་ཤི་ན་ཁྱི་ཞིག་ཤི་བ་ནང་བཞིན་རེད།  ཅེས་སོགས་ཀྱི་སྡུག་གཏམ་རྗོད་ཀྱི་ཡོད་པ་དང༌།  དགྲ་ཕན་རང་གནོད་དང༌།  དགེ་མཚན་ཅི་ཡང་མེད་པའི་རྙོག་དྲ་མང་པོ་ཞིག་བཟོས་ཡོད།  འདི་དག་ཚང་མ་ནི་ཏང་གི་ཡང་དག་པའི་སྲིད་ཇུས་དང༌།  རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཡོད་པའི་དགོངས་དོན་དང་ཚབས་ཆེན་འགལ་ཡོད་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད།  འོག་རིམ་གྱིས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཟུར་ཙམ་མ་གཏོགས་ལག་བསྟར་བྱེད་ཀྱི་མེད་པའི་མཚོན་རྟགས་ཤིག་ཀྱང་རེད།  ཡིན་ནའང༌།  ཏང་ཀྲུང་དབྱང་དང་རླབས་ཆེན་གྱི་མའོ་ཀྲུའུ་ཞི་ཡིས་གནས་ཚུལ་འདི་དག་རིམ་བཞིན་ཤེས་རྟོགས་བྱུང་རྗེས།  འོག་རིམ་གྱི་ལས་བྱེད་པའི་སྐྱོན་དང་ནོར་འཁྲུལ་གྱི་བྱ་སྤྱོད་འདི་དག་ཡོ་བསྲང་དང༌།  ལས་དོན་ལ་དག་ཐེར་ལེགས་སྒྲིག་བྱེད་དགོས་བའི་ལམ་སྟོན་བཀའ་དྲིན་བསྩལ་ཡོད་པས།  བོད་རིགས་ས་ཁུལ་གྱི་ཆོས་ལུགས་ལས་དོན་ཅུང་ཙམ་ལེགས་སུ་བཏང་ཡོད།  འོན་ཀྱང་འདི་ནི་འགོ་བཟུང་བའི་རྣམ་པ་ཙམ་ལས་འདིས་རྩ་བ་ནས་འདང་གི་མ་རེད།
གནད་དོན་གསུམ་པ།  མང་ཚོགས་ཀྱི་འཚོ་བའི་སྐོར།
མི་རྒན་གཞོན་སུ་དང་སུ་ཡིན་ནའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་བཤད་མ་དགོས་བ་ཞིག་ཡིན་ལ།  མི་ཚེ་ཧྲུལ་བོ་འཚོ་བ་ལ་འབད་ཀྱི་ཡོད་པ་མ་ཟད།  ལྟོ་གོས་མེད་ན་འཚོ་བའང་སྐྱེལ་ཁག་པོ་ཡིན་སྟབས།  སྤྱི་ཚོགས་ཀྱི་གོང་འཕེལ་གྱི་རང་བཞིན་དང༌།  འགྱུར་ལྡོག་གི་རང་བཞིན།  འགལ་བའི་རང་བཞིན་སོགས་བྱུང་སྟེ།  ལོ་རྒྱུས་ཀྱི་འཁོར་ལོ་མུ་མཐུད་མདུན་བསྐྱོད་བྱེད་ཀྱི་ཡོད་ཅིང༌།  ནུས་ཤུགས་གང་དང་གང་གིས་ཀྱང་བཀག་འགོག་བྱེད་ཐུབ་ཀྱི་མེད་པ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཅིག་ཡིན།  འཛམ་གླིང་འདིའི་ཐོག་མིའི་རིགས་ནི་ཁ་ལོ་བསྒྱུར་མཁན་ཡིན་པ་དང༌།  གོང་འཕེལ་དང༌།  འགྱུར་ལྡོག་འགལ་བ་ཚང་མ་དུས་སྐབས་རེ་རེའི་མི་རྣམས་ཀྱི་བསམ་བློ་དང་བསྟུན་ནས་བྱུང་བ་རེད།  དེ་ཡང་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་ནུས་ཤུགས་ཀྱིས་ལོག་སྤྱོད་ཀྱི་ནུས་ཤུགས་ལ་ཕམ་ཁ་བཟོ་གི་ཡོད།  དེའི་རྒྱུ་མཚན་ནི།  སྔོན་ཐོན་གྱི་བྱ་སྤྱོད་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་བ་དང་མཐུན་པ་དང༌།  ལོག་སྤྱོད་བྱ་སྤྱོད་ནི་དེ་ལས་ལྡོག་ཡོད།  དེར་བརྟེན་ད་ལྟ་འཛམ་གླིང་ཐོག་གི་རྒྱ་ཆེའི་མི་དམངས་མང་ཆེ་བས་རླབས་ཆེན་གྱི་དམངས་གཙོའི་སྤྱི་ཚོགས་དང༌།  རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས།  དེ་བཞིན་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ལ་ཡིད་སྨོན་གྱི་མེ་ཏོག་དམར་པོ་དེ་མི་དམངས་ཀྱི་བསམ་བློའི་ཆུ་ཚད་དང་བསྟུན་ནས་མི་རྣམས་ཀྱི་སྙིང་ཁོངས་སུ་བཞད་དང་བཞད་བཞིན་ཡོད་ལ། འདི་ནི་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ནི་མི་ཡུལ་གྱི་བླ་ན་མེད་པའི་བདེ་ལྡན་ཕུན་ཚོགས་ཀྱི་སྤྱི་ཚོགས་ཤིག་ཡིན་པའི་རྐྱེན་གྱིས་རེད། འདི་ལྟའི་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་སྤྱི་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་འདོད་ན།  སྡུག་བསྔལ་མྱོང་མཁན་གྱི་གྲལ་རིམ་ནང་གི་མཆོག་གྱུར་རམ་གཙོ་བོ་སྟེ་བཟོ་བའི་གྲལ་རིམ་གྱིས་གཙོ་ཤུགས་བྱས་ནས།  རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོ་བསླང་དགོས་བ་དང༌།  དེལའང་རྐང་འཛིན་རྩ་འཛུགས་ཤིག་མེད་དུ་མི་རུང༌།  འདི་ནི་བཟོ་བའི་གྲལ་རིམ་རང་ཉིད་ཀྱི་ཆེས་མཐོའི་རྩ་འཛུགས་སམ་སྔོན་ཐོན་རུ་ཁག་སྟེ།  རླབས་ཆེན་གཟི་བརྗིད་དང་ཡང་དག་པའི་གུང་ཁྲན་ཏང་གིས་ངལ་རྩོལ་མི་དམངས་དབུ་ཁྲིད་དེ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོའི་ལས་འགུལ་གྱི་རླབས་ཕྲེང་དགུང་ལ་འཕྱུར་དང་འཕྱུར་བཞིན་ཡོད་ལ།  གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཐོབ་བཞིན་ཡོད་པ་མ་ཟད། དགྲ་བོ་ལའང་ཕམ་ཁ་བཟོས་བ་དང་བཟོ་བཞིན་ཡོད་པ་དང༌།  རྒྱལ་ཁ་ཆེན་པོའང་ཐོབ་དང་ཐོབ་བཞིན་ཡོད།  འདི་ནི་འཛམ་གླིང་ཐོག་གི་ངལ་རྩོལ་མི་དམངས་རྣམས་དབང་བསྒྱུར་གྲལ་རིམ་ཁག་གི་འོག་ནས་བཅིངས་འགྲོལ་ཐོབ་ཅིང༌།  དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཞུགས་དང་འཇུག་གྲབས་ཡོད་པ་དང༌།  ཉིན་རེ་བཞིན་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་གཟི་འོད་ལྡན་པའི་ཕྱོགས་སུ་ཐག་ཉེ་རུ་འགྲོ་བཞིན་ཡོད།  འདི་ནི་རླབས་ཆེན་དང་ཁྱད་དུ་འཕགས་པའི་དོན་སྙིང་ལྡན་པའི་བྱ་བ་ཞིག་ལ་བརྩི་འོས།
 རང་རྒྱལ་ལ་མཚོན་ན།  འདས་བའི་ལོ་ཐུང་ཐུང་བཅུ་ཕྲག་ཁ་ཤས་རིང༌།  མཁས་མཛངས་ལྡན་པའི་རླབས་ཆེན་གྱི་གཙོ་འཛིན་མའོ་ཙེ་ཏུང་གིས་དབུ་ཁྲིད་པའི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས།  ཀྲུང་ཧྭ་ཡངས་བའི་ས་གཞིའི་ཐོག་ཚ་ཚ་འུར་འུར་གྱིས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ཆེན་པོའི་ལས་འགུལ་བསླངས་བ་རེད། དུས་ཡུན་ཐུང་ཐུང་ནང་རྒྱ་ཆེའི་ངལ་རྩོལ་མི་དམངས་གོ་རྟོགས་སད་དེ་གསར་བརྗེ་འཐབ་འཛིང་ནང་དུ་ཞུགས་ཡོད་པས།  རྒྱལ་ཁ་མགྱོགས་པོར་ཐོབ་སྟེ་རྒྱལ་ཡོངས་བཅིངས་འགྲོལ་བཏང་བ་རེད།  དེ་རྗེས་གསར་བརྗེ་ཆེན་པོ་གཉིས་དང༌།  རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་ཁྲོད་དུའང་དེ་སྔ་ནང་བཞིན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་མགྱོགས་ཚད་མཐོ་བའི་རྒྱལ་ཁ་ཆེན་པོ་དང་གྲུབ་འབྲས་ཐོབ་ཡོད་པ་རེད།  འདི་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་དང་མའོ་ཀྲུའུ་ཞི་དང༌།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་གྱི་དབུ་ཁྲིད་འོག  ཏང་གི་དར་ཆ་གསུམ་མཐོན་པོར་བསྒྲེངས་ཏེ།  བློ་གཅིག་སེམས་གཅིག་ངང་དབུལ་ཕོངས་ཀྱི་སྡུག་བསྔལ་གང་མགྱོགས་ངང་སེལ་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཟས་གོས་གཉིས་འཛོམས་ཀྱི་འཚོ་བ་རོལ་ཐུབ་ཆེད། ཐོན་སྐྱེད་གོང་དུ་སྤེལ་བ་དང༌།  དེ་ཡང་ཐོན་སྐྱེད་གོང་འཕེལ་གཏོང་ཆེད།  ངར་ཤུགས་རྩེར་སོན་ངང་གསར་བརྗེ་དང༌།  འཛུགས་སྐྲུན་གྱི་ལས་དོན་ལ་ཞུགས་པའི་གྲུབ་འབྲས་བཅས་ལས་ཐོབ་པ་ཞིག་རེད།  ཡིན་ནའང༌།   དུས་སྐབས་ཤིག་ལ་རྒྱལ་ཡོངས་མངའ་ཁོངས་ཀྱི་ས་ཁུལ་མི་ཉུང་བ་ཞིག་ལ་དར་ཆ་གསུམ་གྱི་རྒྱལ་ཁ་ཆེན་པོ་ཐོབ་པའི་དུས་མཚུངས་སུ།  ལས་བྱེད་ཁག་གཅིག་གིས་དར་ཆ་གསུམ་གྱི་དགོངས་དོན་འཐུས་སྒོ་ཚང་བ་ལག་བསྟར་བྱས་མེད་སྟབས།  རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་སེམས་ཤུགས་མར་ཆག་སྟེ་ང་ཚོའི་ཐོན་སྐྱེད་འཐབ་ཕྱོགས་ཚང་མར་དགོས་ངེས་མིན་པའི་ཤུགས་རྐྱེན་གང་འཚམས་ཕོག་པ་དང༌།  དེའི་ཁར་རང་རྒྱལ་ལ་མུ་མཐུད་དུ་ལོ་གསུམ་རིང་རང་བྱུང་གནོད་འཚེ་ཕོག་པས་ལོ་འབབ་མི་བཟང་བ་བཅས་ཀྱི་རྐྱེན་གཉིས་འཕྲད་དེ།  ད་ལྟ་ང་ཚོའི་མིག་སྔར་ཡོད་པའི་དཀའ་ལས་འདི་བཟོས་པ་རེད།

མི་དམངས་མང་ཚོགས་ལ་རང་གི་བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ཆེད་སོ་སོའི་བདེ་སྐྱིད་བློས་བཏང་ནས་ཟས་གོས་གྲོན་ཆུང་དང༌། དཀའ་སྤྱད་འབད་བརྩོན་བྱེད་པའི་ཕུགས་རིང་ལ་བསམ་བློ་གཏོང་བའི་རང་གཤིས་ལྡན་ཡོད། ཡིན་ནའང་འདི་ལ་ཡོངས་ཁྱབ་མིན་པ་དང༌། གཏིང་ཟབ་མིན་པ། རྒྱུན་བསྲིངས་མིན་པ་དང་ཕྱིར་བཤིག་རྒྱག་སླ་བའི་ངོ་བོ་ལྡན་པས་མ་འོངས་བའི་བདེ་སྐྱིད་ཁོ་ན་བཤད་པ་དང༌། ཆབ་སྲིད་ཀྱི་སློབ་གསོ་གཅིག་པར་བརྟེན་ན། ཡོངས་ཁྱབ་ཏུ་མང་ཚོགས་ཀྱིས་ཐོན་སྐྱེད་ལ་ཧུར་ཐག་འབད་ཐག་དང་བརྩོན་སེམས་སྐུལ་སྤེལ་བྱེད་རྒྱུ་ཁག་པོ་རེད། དེའི་རྒྱུ་མཚན་ནི་མི་དམངས་མང་ཚོགས་མང་ཆེ་པས་དངོས་ཡོད་ཀྱི་བདེན་དོན་ལ་ཡིད་ཆེས་གཙོ་བོ་བྱེད་ཀྱི་ཡོད་པ་དེ་རེད། དེ་ནི་ང་ཚོའི་བོད་ཀྱི་གཏམ་དཔེར་རྗེས་སུ་བརྡུང་དགོས་ཟེར་ན་སྐྲག་མི་དགོས། རྗེས་སུ་སྟེར་དགོས་ཟེར་ན་དགའ་མི་དགོས་ཅེས་པ་ལྟར་འདིས་མང་ཚོགས་མང་ཆེ་བའི་བསམ་ཚུལ་མཚོན་ཐུབ། དེར་བརྟེན་མི་དམངས་མང་ཚོགས་སྐུལ་སློང་བྱས་ནས། ཁོ་ཚོར་ཐོན་སྐྱེད་འཐབ་ཕྱོགས་ཐོག་ནུས་ཤུགས་འདོན་དུ་འཇུག་རྒྱུ་དང༌། ཐོན་སྐྱེད་གྲུབ་འབྲས་གསར་བ་ཞིག་ཐོབ་དགོས་ན། གྲུབ་འབྲས་ཆེ་ཆུང་ལ་གཞིགས་ནས་མང་ཚོགས་ནས་གྲུབ་འབྲས་ལ་ལོངས་སྤྱོད་པའི་ཚད་གཞི་ཡང་དེ་མཚུངས་སུ་མཐོ་རུ་གཏོང་དགོས། འདི་ལྟར་བྱས་ན་ད་གཟོད་མང་ཚོགས་ལ་ཐོན་སྐྱེད་ཁྲོད་སྤྲོ་སེམས་ཐེངས་གཉིས་བ་འཕེལ་དུ་འཇུག་རྒྱུར་དཀའ་ལས་རྒྱག་མི་དགོས་བར་ཁོ་ཚོས་རང་འགུལ་གྱིས་བསྒྲུབ་ཀྱི་རེད། དེའི་རྒྱུ་མཚན་ནི། བྱ་བ་ཐམས་ཅད་ཀྱི་གྲུབ་འབྲས་སྐྲུན་མཁན་ནི་མི་ཡིན་པ་དང༌། དེ་ཡང་མིའི་ནང་ནས་ཀྱང་མང་ཤོས་དེས་གཙོ་བོ་བྱེད་ཀྱི་ཡོད་པས། བྱ་བ་ཐམས་ཅད་མི་དམངས་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་ལ་བསྟུན་ནས་རིམ་བཞིན་བསྐྲུན་དགོས། བྱ་བ་གང་དང་གང་ཡིན་ཡང་གལ་སྲིད་འདི་ལྟར་བསྒྲུབས་ན་གྲུབ་འབྲས་ལེགས་པོ་ཐོབ་སྲིད་པ་དང༌། གལ་སྲིད་དེ་ལས་ལྡོག་ན་ཕམ་ཉེས་འབྱུང་ངེས་ཡིན། འདི་ནི་སྔ་རྗེས་ཀྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་གནས་ཚུལ་ལས་གསལ་པོ་མཐོང་ཐུབ།

མདོར་ན། ང་རང་གིས་ག་དུས་ཡིན་ཡང་འཚོ་བ་ནི་བྱ་བ་བཟང་ངན་ཐམས་ཅད་ཀྱི་རྩ་བའི་ནང་གི་རྩ་བ་ཡིན་པར་ངོས་འཛིན་གྱི་ཡོད།

ད་ལྟ་བརྗོད་བྱ་དངོས་ལ་ཞུགས་ཏེ་སྤུན་ཟླ་ཞིང་ཆེན་ཁག་གི་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་འཚོ་བའི་སྐོར་རོབ་ཙམ་བཤད་རྒྱུ་ཡིན། སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་བོད་རིགས་ས་ཁུལ་དུ་འདས་པའི་ལོ་ཁ་ཤས་རིང༌། མང་ཚོགས་ཀྱི་འཚོ་བ་ཁུལ་སོ་སོའི་ཐོན་སྐྱེད་ནུས་ཤུགས་དང་མཐུན་པའི་འདོད་བློ་ཚིམས་པ་ཞིག་བྱུང་མེད་པ་དང༌། འཚོ་བའི་ཆུ་ཚད་དམའ་བོ་རེད། ཡིན་ནའང་གནས་ཚུལ་གསལ་བོ་གདེང་ཚོད་འཕེར་བ་ཞིག་རྒྱུས་ལོན་མ་བྱུང་བས་འདིར་དེ་སྐོར་བཤད་ཀྱི་མིན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཕྲན་གྱིས་ཅུང་ཙམ་ཤེས་ཀྱི་ཡོད་པས་འདིར་རགས་ཙམ་ཞུ་རྒྱུར།

བོད་རིགས་ས་ཁུལ་འདི་དག་བཅིངས་འགྲོལ་བྱས་པ་ནས་བཟུང་ཟིང་འཁྲུག་མ་ལངས་སྔོན་བར། ཏང་གིས་ཕྱོགས་གང་ཅིའི་ཐད་ནས་དམིགས་གསལ་གྱི་ཐུགས་ཁུར་དང་ལྟ་སྐྱོང་བྱས་ཡོད་པས། རྒྱ་ཆེའི་ཞིང་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་མངོན་གསལ་དུ་མཐོར་འདེགས་དང་གོང་འཕེལ་ཆེན་པོ་བྱུང་སྟེ། སྔོན་ཆད་གོ་མིན་ཏང་ལོག་སྤྱོད་པས་དབང་སྒྱུར་སྐབས་བོད་རིགས་ས་ཁུལ་ལ་ཚབས་ཆེའི་གཉའ་གནོན་དང་བཤུ་བཞོག་གིས་བཟོས་པའི་དབུལ་ཕོངས་ཀྱི་རྣམ་པ་དེའང་མེད་པར་བཟོས་ཡོད་པ་དང༌། མི་ཕྱུགས་གཉིས་དར་གྱི་རྣམ་པ་གསར་བ་ཐོན་འདུག་པས། བོད་རིགས་ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་ཁག་ཐེག་དང༌། ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང༌། མི་རྣམས་ཧ་ཅང་འདོད་བློ་ཁེངས་པ་དང་སེམས་པའང་སྐྱིད་པོ་ཆགས་འདུག་པ་མ་ཟད། ཏང་དང་མེས་རྒྱལ་ལའང་དགའ་ཞེན་དང༌། མའོ་ཀྲུའུ་ཞི་ལ་ཡིད་ཆེས། གསར་བརྗེ་བྱེད་འདོད་པ། ཐོན་སྐྱེད་ལ་འབད་བརྩོན་དང༌། ངར་ཤུགས་རྩེར་སོན་སོགས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་ཧ་ཅང་ལེགས་པོ་རེད། དེའི་དཔལ་འབྱོར་ཐད་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་བྱས་རྗེས་གང་འཚམས་ཤིག་བཞག་ཡོད་སྟབས། ད་ལྟ་རྗེས་དྲན་ཞུ་འོས་པའི་མི་སྨོན་རང་སྐྱིད་དང༌། མཚན་སྙན་གོང་འཕེལ། མིང་ཡོད་དོན་ལྡན། དུས་བདེ་ཞི་འཇགས། ཕན་ཡོད་གནོད་མེད་ཀྱི་ཕུན་སུམ་ཚོགས་པའི་དུས་སྐབས་ཤིག་བྱུང་པ་རེད།

དེ་རྗེས་བོད་རིགས་ས་ཁུལ་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཟིང་འཁྲུག་ལངས་པ་དང༌། ཟིང་འཁྲུག་ཞོད་ འཇགས་གཏོང་སྐབས། ཞིང་ལས་དང་འབྲོག་ལས་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།

འདིས་མང་ཚོགས་ཀྱི་འཚོ་བ་ལ་དཀའ་ངལ་བཟོས་ཡོད། ངས་གོང་དུ་བཤད་པ་བཞིན། ས་ཁུལ་ཁ་ཤས་ཀྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་སྐྱེ་བ་མང་ཆེ་བ་དང༌། ས་ཁུལ་ཁ་ཤས་ཀྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་སྐྱེ་བ་མི་ཉུང་བ་ཞིག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་སྟབས། ངལ་རྩོལ་ནུས་ཤུགས་ཚབས་ཆེར་ཇེ་ཉུང་དུ་འདུག དེ་ཡང་ལྷག་ལུས་ཀྱི་བུད་མེད་དང་རྒན་བྱིས་པར་ཤིན་ཏུ་བློ་འཚབ་བྱེད་ཀྱི་ཡོད་པས། ཞིང་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་སེམས་བག་ལྷོད་ཅིང་ཚགས་ཆུད་ངང་ལེགས་པོ་བསྒྲུབ་ཐུབ་ཀྱི་མེད། ལྷག་པར་དུ་བོད་རིགས་ས་ཁུལ་ལ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་རྗེས། བཅོས་བསྒྱུར་བྱེད་ཐབས་ཐོག ལྷག་ལུས་ཀྱི་རྒྱ་ཆེའི་མང་ཚོགས་མང་ཆེ་ཤས་ཀྱི་འདོད་མོས་དང་གོ་རྟོགས་ཀྱི་ཚད་གཞི་ལ་མ་གཞིགས་པར། ཕལ་མོ་ཆེ་མུན་འཐོམས་ལོང་མཆོངས་དང༌། བཙན་ཤེད་དྲག་ཐབས་གཙོ་བོ་བྱེད་ཀྱི་ཡོད་པར་བརྟེན། བཅོས་བསྒྱུར་ཁྲོད་བྱུང་བའི་གནད་དོན་བོད་ལྗོངས་ལས་མང་བ་ཡོད། ཡིན་ནའང་འདིའི་ཐད་གསལ་བོ་བཤད་དགོས་དོན་མེད།

 མདོར་ན།  མི་དམངས་སྤྱི་ཁང་གི་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ལྟར་རླབས་ཆེན་གྱི་མའོ་ཀྲུའུ་ཞི་ཡི་མཁས་མཛངས་ལྡན་པའི་རྣམ་དཔྱོད་འོག་བཙུགས་པ་རེད།  འདི་ནི་ལོ་རྒྱུས་ཐོག་གི་གཟི་འོད་ལྡན་ཞིང་མཆོག་གྱུར་གྱི་གསོལ་བྱ་བ་ལེགས་པ་ཞིག་དང༌།  མི་དང་དངོས་བོ།  རྒྱུ་ནོར་སོགས་ཀྱི་ནུས་ཤུགས་མཉམ་སྡེབ་ཀྱིས་བཙུགས་པའི་སྔར་མ་གྲགས་པའི་ངོ་བོ་ལྡན་ལ།  མཉམ་ལས་ཁང་སོགས་ཀྱི་སྐབས་ལེགས་གྲུབ་མ་བྱུང་བའི་ལས་དོན་མང་པོ་ཞིག་བདེ་བླག་ངང་བསྒྲུབས་པ་དང༌།  རང་རྒྱལ་གྱི་དབུལ་ཕོངས་ཀྱི་རྣམ་པ་ཡོད་ཚད་བཅོས་བསྒྱུར་གཏོང་བར་ཕྱོགས་གང་ཅིའི་ཐད་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད།  ཡིན་ནའང་མི་དམངས་སྤྱི་ཁང་འཛུགས་དགོས་ན་ངེས་པར་དུ་དཔལ་འབྱོར་གྱི་མཐུན་རྐྱེན་དང༌།  ནང་བསམ་བློའི་མཐུན་རྐྱེན་སོགས་མི་ཉུང་བ་ཞིག་འཛོམས་དགོས།  གལ་སྲིད་མཐུན་རྐྱེན་གང་ཡང་མ་འཛོམས་པར་སོ་སོའི་རང་འདོད་ལྟར་བཙུགས་པ་ཡིན་ན།  དེར་ཕན་ཐོགས་ཅི་ཡང་མེད་པ་མ་ཟད།  དོན་དངོས་ཐོག་གྱོང་གུད་མང་པོ་བཟོ་གི་རེད། བོད་རིགས་ས་ཁུལ་ལའང་འདི་ལྟར་ལས་གཞན་བྱེད་མི་རུང༌།  ཡིན་ནའང༌།

༡ མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་ཞིང་འབྲོག་ས་ཁུལ་ལ་ཆ་རྐྱེན་འཛོམས་ཡོད་མེད་ཞིབ་ཏུ་བསམ་བློ་མ་བཏང་བར། དུས་ཡུན་ཐུང་ཐུང་ནང་རི་གཟར་རྦབ་རྡོ་འདྲིལ་བ་ལྟར་འགོག་ཐབས་མེད་པར་མི་མང་སྤྱི་ཁང་ཆེ་གྲས་རྐྱང་བཙུགས་པ་རེད། དེར་བརྟེན། མི་དམངས་སྤྱི་ཁང་འཛུགས་པར་ཆ་རྐྱེན་མི་ལྡན་མཁན་ལ་དཀའ་ཚེགས་མང་པོ་བཟོས་ཡོད་པ་རེད།

༢ ཞིང་ཆེན་འདི་གཉིས་ཀྱི་ས་ཁུལ་ཁག་ལ་བྱུང་བའི་སྐྱོན་ཆ་དང་ནོར་འཁྲུལ་འདི་བོད་རིགས་ས་ཁུལ་ཡོངས་ལ་གནས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གྲལ་རིམ་ནང་ངེས་པར་དུ་གནས་དགོས་བའི་དམངས་ཡོངས་ལ་དབང་བའི་ལམ་ལུགས་དང༌། ཐུན་མོང་ལ་དབང་བའི་ལམ་ལུགས་གཉིས་མཉམ་བསྲེས་བྱས་ཏེ། དམངས་ཡོངས་དང་ཐུན་མོང་ལ་དགོས་ངེས་ཀྱི་དབྱེ་འབྱེད་བྱས་མེད་པ་མ་ཟད། མི་དམངས་སྒེར་ལ་དབང་བའི་ཅ་དངོས་ནི་ཧ་ཅང་སྟབས་བདེའི་ཉེར་སྤྱོད་དངོས་རིགས་ཁ་ཤས་མ་གཏོགས་གཞན་ཅི་ཡང་མེད། མི་རྣམས་ཀྱིས་མི་དམངས་སྤྱི་ཁང་ནང་མི་རེ་ལ་གྱོན་གོས་གཅིག་དང་ཉལ་ཆས་གཅིག ཕོར་བ་དང་ཐུར་མ་གཅིག་བཅས་སྒེར་ལ་དབང་བའི་ཅ་དངོས་འདི་གསུམ་མ་གཏོགས་མེད་ཅེས་བཤད་ཀྱི་ཡོད། བརྗོད་སྟངས་འདི་ནི་ཞིང་ཆེན་འདི་དག་ནང་དངོས་ཡོད་གནས་ཚུལ་ཆགས་འདུག

 ༣  དབང་བའི་ལམ་ལུགས་ཐད།  དགོས་ངེས་ཀྱི་དབྱེ་འབྱེད་མེད་པའི་རྐྱེན་གྱིས། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཚན་པ་ཕན་ཚུན་དང་གོང་འོག་དབར་གཅིག་ནས་ཆ་སྙོམས་དང་གཉིས་ནས་སྐོང་འགུག་བྱེད་པ་མ་ཟད།  ཐུན་མོང་ལ་དབང་བའི་ལམ་ལུགས་ཁྲོད་ནས་རང་འདོད་ལྟར་མི་དམངས་ཡོངས་ལ་དབང་བའི་ལམ་ལུགས་འཐེན་གཏོང་བྱེད་ཀྱི་ཡོད་པ་སོགས་གུང་ཁྲན་(རྒྱུ་ནོར་མཉམ་སྤྱོད  བསྒྱུར་ཆེན) གྱི་རླུང་ཡན་དྲག་ཏུ་ལྡང་བཞིན་ཡོད།
 ༤  ཐོན་སྐྱེད་དམིགས་ཚད་ཐད། གོང་རིམ་གྱིས་རེ་འདོད་དང་དགོས་མཁོ་ཁོ་ནར་བསམ་བློ་གཏོང་གི་ཡོད་པ་ལས།  གཞི་རིམ་གྱི་ཐོན་སྐྱེད་ཁག་གི་ལས་གནས་དང་པོའི་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་དང༌།  མང་ཚོགས་མང་ཆེ་བའི་ཐོན་སྐྱེད་སྤྲོ་སྣང་ལ་དོ་དམ་དང་བསམ་བློ་ཞིབ་ཚགས་མ་བཏང་བར།  འགྲུབ་ཐབས་མེད་པའི་དམིགས་ཚད་མཐོན་པོ་བཏོན་འདུག གལ་སྲིད་འོག་རིམ་ནས་དམིགས་ཚད་འདི་བསྒྲུབ་དཀའ་བའི་དངོས་ཡོད་གནས་ཚུལ་སྙན་སེང་ཞུས་བ་ཡིན་ན།  ཁྱོད་ནི་ལྟ་བ་མཁྲེགས་འཛིན་ཅན་དང༌།  རྙིང་སྲོལ་རྒྱུད་འཛིན་མཁན། བསམ་བློར་བཅིངས་འགྲོལ་མ་ཐོབ་པ་དང༌།  ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁས་མི་ལེན་པ།  ཚན་རིག་དང་རྒྱབ་འགལ།  མདུན་སྐྱོད་ཆེན་པོ་བྱེད་འདོད་མེད་པ་སོགས་བཤད་དེ་འཐབ་རྩོད་གཏོང་བ་དང༌།  ཐ་ན་ཁ་ཤས་ལ་གཡས་ལྷུང་དང་གཡས་ཕྱོགས་པའམ།  ལོག་སྤྱོད་པའི་ཞྭ་མོ་གཡོགས་ཏེ་རྡུང་རྡེག་གཏོང་གི་ཡོད།  དེར་བརྟེན།  འོག་རིམ་གྱི་ལས་བྱེད་པས་གཙོས་བའི་སྐབས་འཚོལ་བ་ཁག་ཅིག་གིས།  ཁ་ཕོ་འབྲུག་སྒྲ་ལྡིར་བ་ལྟར་སྐད་ཅོར་བརྒྱབ་སྟེ་ཡོང་གི་རེད། འགྲིག་གི་རེད་ཅེས་ཁག་ཐག་བྱེད་ཀྱི་ཡོད།  ཡིག་ཐོག་གམ་ངག་ཐོག་ཏུ་མདུན་བསྐྱོད་ཆེན་པོ་ཡོད་ནའང་དོན་དངོས་སུ་དེ་འདྲ་ཡིན་མིན་ངེས་བ་མེད།  ཞིང་འབྲོག་ཐོན་སྐྱེད་ལ་ལོ་ཁ་ཤས་རིང་མིས་བཟོས་བའམ་རང་བྱུང་གི་གནོད་འཚེ་མང་པོ་བྱུང་ཡོད་པས།  ལས་བྱེད་པའི་འུད་ཤོབ་ནང་བཞིན་གྱི་དམིགས་ཚད་ལ་སླེབས་ཐུབ་པ་ཁག་པོ་རེད།  འོན་ཀྱང་ལས་བྱེད་པ་མང་ཆེ་ཤས་ཀྱིས་རང་གི་འུད་ཤོབ་རྫུན་རྐུབ་བརྟོལ་རྗེས་སོ་སོས་ཉེས་ཆད་ཕོག་རྒྱུར་ཞེད་དེ་སྙན་ཞུའི་ནང༌།  གོང་རིམ་གྱི་དམིགས་ཚད་ལས་བརྒལ་ཡོད་པ་དང༌།  ལེགས་གྲུབ་བྱུང་ཡོད་ཅེས་བཀོད་འདུག  གོང་རིམ་གྱིས་ཀྱང་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་མ་བྱས་བར།  མི་ཤེས་ཤེས་མདོག་བྱས་ཏེ་རྫུན་གཏམ་འདྲ་ཆགས་པ་བཤད་མཁན་ཚོར་གཟི་བརྗིད་ལྡན་པའི་དར་ཆ་དམར་པོ་སོགས་ཀྱི་གཟེངས་རྟགས་དང་བསྔགས་བརྗོད་གནང་འདུག  དེར་བརྟེན།  འུད་ཤོབ་ཀྱི་རླུང་ཡན་དེ་བས་རྒྱ་ཁྱབ་དང་ཤུགས་དྲག་ཏུ་ལྡང་བཞིན་ཡོད།
 ༥  ལས་བྱེད་པ་ནི་ཏང་གི་རླབས་ཆེན་གྱི་འདུན་པ་སྒྲུབ་མཁན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཞབས་འདེགས་པ་བཟང་བོ་ཞིག་ཡིན་དགོས་བ་ལས།  ཏང་གི་འདུན་པ་དང་འགལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཉའ་ལ་ཞོན་མཁན་གྱི་སྐུ་ངོ་ཞིག་ཡིན་མི་རུང༌།  གལ་སྲིད་དེ་འདྲ་ཡིན་ན་སྤྱི་ཚོགས་རྙིང་བའི་ལས་བྱེད་པ་དང་གཅིག་མཚུངས་རེད།  དེ་ལ་གསར་བརྗེ་ལས་བྱེད་པའི་གཤིས་ཀ་དང་ཕུལ་བྱུང་གི་ངོ་བོ་ལྡན་མེད།  ཡིན་ནའང་ས་ཁུལ་དེ་དག་གི་ལས་བྱེད་པ་མི་ཉུང་བ་ཞིག་གིས།  སོ་སོ་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་རྫོགས་དང་ནོར་འཁྲུལ་ཅི་ཡང་མེད་པར་བསམ་ཏེ།  ལས་དོན་གང་ཅིར་བྱང་ཆུབ་ཡོད་པར་འདོད་ཀྱི་ཡོད་སྟབས།  གང་བྱུང་དུ་ཐེ་གཏོགས་དང༌།  སོ་སོའི་བྱ་སྤྱོད་ཚང་མ་ཡང་དག་ཡིན་པར་བརྗོད་ཀྱི་ཡོད།  དེ་ཡང་སོ་སོས་ལད་དོན་ཁྲོད་གཙོ་ཁྲིད་དང་རྐང་འཛིན་གྱི་ནུས་བ་འདོན་ཐུབ་ཀྱི་མེད་ནའང༌།  གཙོ་ཁྲིད་དང་རྐང་འཛིན་གྱི་ནུས་བ་སྒེར་སྡོམ་བྱས་ཏེ། དམངས་གཙོ་མིང་ཡོད་དོན་སྟོང་དང༌།  ལས་ཀ་བར་མཚམས་ཆད་ཅིང༌།  ལས་དོན་ལེགས་བསྒྲུབ་དང་གོང་འཕེལ་གཏོང་བ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད།  ལས་བྱེད་པ་འདི་རིགས་ནི་དོན་དངོས་སུ་ཏང་གི་རླབས་ཆེན་གྱི་འདུན་པ་རང་ཤེད་ཀྱིས་ཐག་གཅོད་བཟོ་བཅོས་བྱེད་མཁན་དང༌།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཉའ་བར་ཞོན་མཁན་གྱི་སྐུ་དྲག་རེད་འདུག   དེར་བརྟེན་ལས་བྱེད་པར་དམིགས་གསལ་གྱི་རླུང་ཡན་དྲག་པོ་རྒྱག་གི་ཡོད་པ་རེད། 
༦ ལས་བྱེད་པ་མི་ཉུང་བ་ཞིག་གིས་རྙིང་བ་ཐམས་ཅད་རྗེས་ལུས་དང་གསར་བ་ཐམས་ཅད་སྔོན་ཐོན་དུ་འཛིན་པའི་ལྟ་བ་དང་མཐོ་ཚུལ།  ངོས་འཛིན་དང་བྱ་སྤྱོད་ཀྱི་དབང་གིས།  ཞིང་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་ ཆ་རྒྱུས་མེད་པ་དང༌།  ས་གནས་ཀྱི་དངོས་ཡོད་གནས་ཚུལ་མ་ཤེས་པར་རང་ཤེད་རྩལ་ངོམས་དང་སྲིད་དབང་བེད་སྤྱོད་ཀྱིས་ཞིང་འབྲོག་ཐོན་སྐྱེད་ལ་མགོ་མ་ཚོས་བའི་བཀོད་འདོམས་སྣ་ཚོགས་བྱས་པ་དང༌།  རང་སྣང་གང་ཤར་དང་རྨོངས་ཚོད་ཀྱིས་ཉམས་མྱོང་ཁྱེར་ཡོང་སྟེ་ཕན་ཐོག་ཅི་ཡང་མེད་པའམ།  ཕན་ཐོག་ཆེར་མེད་པའི་བཟོ་སྐྲུན་སྣ་མང་འཛུགས་གཉེར་བྱས་ཏེ།  དངོས་ཡོད་ཀྱི་ནུས་བར་བསམ་བློ་ཞིབ་ཚགས་མ་བཏང་བར།  འདོད་ཧམ་ཆེན་པོའི་ངང་བཙན་ཤེད་ཀྱིས་རྒྱ་ཆེ་མི་དམངས་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང༌།  དེ་བཞིན་ལས་ཀའི་བར་གསེང་ཚང་མ་ཚོགས་འདུ་རྐྱང་རྐྱང་གིས་གང་བ་སོགས་མང་ཚོགས་ཀྱི་སེམས་ཤུགས་གཅོག་པ་དང༌།  ཐོན་སྐྱེད་ལ་གཏོར་བརླག་བྱེད་པའི་དངོས་ཡོད་གནས་ཚུལ་དང་འགལ་བའི་བྱ་སྤྱོད་འདི་རིགས་ཚ་ཚ་འུར་འུར་སྤེལ་གྱི་ཡོད་པའི་རྐྱེན་གྱིས།  རྨོངས་ཚོད་ཀྱིས་བཀོད་འདོམས་བྱེད་པའི་རླུང་ཡན་ཤུགས་དྲག་ཏུ་ལྡང་གི་ཡོད།

༧ ས་ཁུལ་འདི་དག་གི་འགན་ཁུར་མི་སྣ་ཁག་ཅིག་གིས་བཟོས་བའི་མཇུག་འབྲས་ཀྱིས། དམངས་གཙོའི་འཚོ་བ་ནི་མིང་སྟོང་ཙམ་ལས་ལྷག་མེད། གལ་སྲིད་འགན་ཁུར་མི་སྣ་དེ་ཚོས་འོག་རིམ་ལ་གཏམ་བཤད་སྤེལ་སྐབས་མི་དམངས་ནས་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་བཏོན་པ་ཡིན་ན། དེར་ཁ་གཡར་ས་སྣ་ཚོགས་བཙལ་ནས་རྡུང་རྡེག་དྲག་པོ་བཏང་སྟེ། གཅིག་མཇུག་གཉིས་མཐུད་དུ་བཙིར་གནོན་གཏོང་གི་རེད། འདི་ནི་རྒྱུག་ཆུ་ཐུར་དུ་བཞུར་བ་ལས་གྱེན་དུ་མི་འགྲོ་བ་ནང་བཞིན་འོག་རིམ་ནས་ལས་བྱེད་པའི་ཅི་བསམ་ཅི་བཤད་ལ་ལགས་སོ་ཞུ་རྐྱང་ལས་གཞན་འགྲོ་ས་གང་ཡང་མེད། དེའི་ཐོག་ནས་ཕྱོགས་སོ་སོར་བཙན་དཀའ་གཏོང་བའི་རླུང་ཡན་ཤུགས་དྲག་ཏུ་ལྡང་གི་ཡོད་པ་གསལ་བོར་མཐོང་ཐུབ། གཞན་ཡང༌། འདིའི་རིགས་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་མང་བའི་ཞིང་འབྲོག་ཐོན་སྐྱེད་ལ་ཚབས་ཆེའི་གནོད་འཚེ་དང༌། གཏོར་བརླག་ཕོག་ཡོད་པ་མ་ཟད། གཞི་རིམ་ལས་བྱེད་ནས་གོང་རིམ་གྱིས་སྤྲད་པའི་དམིགས་ཚད་ལས་འགན་འགྲུབ་ཆེད། མང་ཚོགས་ཀྱི་ཟ་འབྲུ་ལ་བསམ་བློ་ཞིབ་ཚགས་མ་བཏང་བར་འབྲུ་རིགས་བསྡུ་ཉོ་བྱེད་ཀྱི་ཡོད་པ་དང༌། དམིགས་ཚད་ལས་འགན་འགྲུབ་ཡོད་མོད། རྒྱ་ཆེའི་ངལ་རྩོལ་མི་དམངས་མང་ཚོགས་ལ་མི་རེར་ཟླ་རེ་བཟའ་འབྲུ་རྒྱ་མ་བཅུ་ཡས་མས་ཡོད་ལུགས་དེ་ས་ཁུལ་ཁ་ཤས་ལ་དེ་ཙམ་ཡང་གྲངས་ཚང་ཐོབ་ཡོད་པ་མ་རེད།

 སྤྱི་ཁང(སྤྱི་ཐབ)བཙུགས་རྗེས།  མང་ཚོགས་ལ་འདོད་མོས་ཡོད་མེད་མ་ལྟོས་བར་བཙན་ཤེད་ཀྱིས་ཟ་ཁང་ནས་ཟ་རུ་བཅུག་སྟབས།  ཚད་གཞི་ཧ་ཅང་དམའ་བའི་ཟ་འབྲུ་དེ་ཙམ་གྱིས་གྲངས་ཀ་ཚང་མིན་ཡང་མང་ཚོགས་ཀྱིས་ཤེས་ཀྱི་མེད། ཟ་འབྲུ་ཧ་ཅང་ཉུང་དྲགས་ཏེ་ཚད་གཞི་ཤིན་ཏུ་དམའ་བའི་འཚོ་བའང་སྤྱོད་ཁག་པོ་བྱུང་བ་དང༌།  མི་རྣམས་བཀྲེས་ཤིང་ལྟོགས་པའི་སྡུག་བསྔལ་གྱི་མེ་ལྕེ་འབར་སྟབས།  སྔོན་ཆད་ང་ཚོའི་བོད་ཁུལ་དུ་རྟ་བོང་དང་འབྲུ་གཡག བ་གླང་སོགས་ལ་སྤྲད་བྱའི་འབའ་ཆ་( སྣུམ་རིགས་བཙག་འཕྲོས་ཀྱིས་སྙིགས་རོ། བསྒྱུར་མཆན)དང་ཕུག་མ་( སྤུན་པའམ་སྤུན་པ་སྟེ།  འབྲུ་རིགས་ཀྱི་ཕྱི་ཤུན། བསྒྱུར་མཆན།)སོགས་ཀྱང་ཐོབ་དཀའ་ཞིང་བྲོ་བཅུད་ལྡན་པའི་བཟའ་ཆས་སུ་གྱུར་འདུག  དེ་ཡང་ཟ་ཁང་གི་འགན་ཁུར་བས་མཐོང་སྣང་དུ་ཟ་མ་མང་ཙམ་ཡོང་བ་དང༌།  ཉིན་གཅིག་གི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་ཆེད།  ཟ་རུང་བའི་རྩྭའི་རིགས་སྨོས་མེད་ཁར།  ཟ་མི་རུང་བའི་ཤིང་ཤུན་དང་ཤིང་ལོ།  རྩྭའི་རྩ་བ་དང་རྩ་འབྲས་སོགས་མང་ཙམ་བཀོག་སྟེ་ལས་སྣོན་བྱས་རྗེས་འབྲུ་རིགས་ཉུང་ངུ་བསྲིས་ཏེ་ཕག་ལྟོ་ནང་བཞིན་སླ་ཆོབ་ཆོབ་བཟོས་ཏེ་མི་རྣམས་ལ་ཟ་རུ་འཇུག་གི་ཡོད་ཅིང༌།  ཐ་ན་འདི་ལ་ཡང་ཚོད་འཛིན་བྱས་ཏེ་གྲོད་ཁོག་རྒྱགས་ཐག་ཆོད་ཅིག་ཟ་རྒྱུ་ཡོད་པ་མ་རེད།  འདིའི་རིགས་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་དང༌། འདི་ལྟ་བུའི་ཚབས་ཆེའི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་འབྱུང་རྒྱུ་མི་རྣམས་ཀྱི་རྨི་ལམ་ནང་དུའང་འཁོར་མྱོང་མེད་ལ།  མི་དམངས་མང་ཚོགས་ཀྱིས་གདུག་རྩུབ་ཆེ་བའི་མནར་གཅོད་འདི་རིགས་བཟློག་ཐབས་མེད་པར་གཟུགས་གཞི་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་གི་ཡོད་སྟབས།  ས་ཁུལ་ཁ་ཤས་ལ་ཆམ་ནད་སོགས་འགོས་ནད་ཆུང་རིགས་ཀྱིས་ཀྱང་རྒྱ་ཆའི་གྲངས་ཚད་ལོན་པའི་མི་མང་པོ་ལས་སླ་བོར་འདས་གྲོངས་སུ་ཕྱིན་པ་དང༌།  ས་ཁུལ་ཁ་ཤས་སུ་མི་གྲངས་མི་ཉུང་བ་ཞིག་ཟ་འབྲུ་ཆད་པའི་ཉེར་ལེན་གྱིས་ལྟོགས་ཤི་ཐེབས་ཤིང༌།  དེ་བས་ཀྱང་ས་ཁུལ་ཁ་ཤས་ལ་བཟའ་མི་ཚང་མ་འདས་གྲོངས་ཕྱིན་པའི་གནས་ཚུལ་བྱུང་འདུག  འདི་དག་ཚང་མ་ཟ་འབྲུ་མི་འདང་བའི་དབང་གིས་དུས་མིན་འཆི་རྐྱེན་བྱུང་བ་ཞིག་དང༌། དོན་དངོས་ཐོག་ཚང་མ་ལྟོགས་ཤི་ཐེབས་པར་བརྩི་དགོས།

དཔེར་ན། མཚོ་སྔོན་ཞིང་ཆེན་ཡ་རྫི(ཞྭང་ཧྭ)རྫོང་གི་བིས་མདོ་དགོན་དུ་ཐེངས་འདིར་ང་རང་གིས་བོད་རིགས་དང༌། རྒྱ་རིགས། ཟ་ལར་རིགས་སོགས་ཀྱི་གཞི་རིམ་གྱི་ལས་བྱེད་པ་དང༌། མང་ཚོགས་ཀྱི་སྐུ་ཚབ་སུམ་བརྒྱ་ལྷག་ཆེད་བསྐོངས་ཀྱིས་བཞུགས་མོལ་ཚོགསའདུ་ཚོགས་པ་ཡིན། ཚོགས་ཐོག་ཏུ་གཞི་རིམ་གྱི་ལས་བྱེད་པས་གཙོར་བྱས་ཏེ་བཤད་དོན། ༡༩༥༩ལོ་ནས་༡༩༦༡ལོའི་ལོ་སྟོད་བར། ཡ་རྫི་ས་ཁུལ་གྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ནི་བསམ་ཡིད་ལས་འདས་པ་དང༌། བརྗོད་དཀའ་བ་ཞིག་རེད། སྡེ་བ་རེ་རེར་རྒྱ་ཆའི་གྲངས་ཚད་ལོན་པའི་མི་མང་པོ་ཞིག་ཡིད་སྐྱོ་བའི་ངང་ལྟོགས་ཤི་ཐེབས་སོང་ཞེས་སྡུག་བསྔལ་བགྲེང་བ་མ་ཟད། ཁོང་ཚོའི་ད་དུང་འདི་སྔོན་ང་ཚོར་ལོ་ལེགས་བྱུང་ཡོད་ནའང་འཚོ་བ་ལེགས་བཅོས་ཐོབ་མེད་པ་དང༌། ད་ལྟ་ཉི་མ་གང་འཁྱོལ་གྱི་བསམ་བློ་མ་གཏོགས་མེད་ལ། འདི་ལྟའི་དཀའ་སྡུག་ཆེ་བའི་འཚོ་བའི་གནས་ཚུལ་འོག་ཐོན་སྐྱེད་ཀྱི་སེམས་ཤུགས་འཕར་རྒྱུ་ཁག་པོ་ཡིན་སྟབས་ལོ་འབབ་ཀྱང་ལེགས་པོ་ཐོབ་དཀའ། ཕྱིན་ཆད་རྒྱ་ཁབ་ཀྱིས་ང་ཚོ་ངལ་རྩོལ་བར་དྲོད་ཁོག་རྒྱགས་པ་ཞིག་ཟ་རུ་བཅུག་པ་ཡིན་ན། ང་ཚོས་ཀྱང་ལོ་ཡག་པོ་ཡོང་རྒྱུར་འབད་ཆོག་ཅེས་སོགས་ངལ་རྩོལ་མི་དམངས་ཀྱིས་སྐད་ཆ་དྲང་བདེན་མང་པོ་བཤད་ཡོད་མོད། དེ་རིང་འདིར་གནད་དོན་རེ་རེ་བཞིན་བཤད་ན་གཏམ་རིང་དྲག་པས་འདི་ཙམ་གྱིས་འགྲིག་པར་བྱས་ཡོད།

མདོར་ན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ནང་གི་བོད་རིགས་ཚུད་པའི་རིགས་སོ་སོའི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་ནི་མི་ལ་བརྗོད་དཀའ་བ་ཞིག་རེད། འདིས་ཏང་དང་རྒྱལ་ཁབ་ཀྱི་མཚན་མཐོང་ལ་རྒྱལ་ཁབ་ཕྱི་ནང་དང༌། འཕྲད་ཕུགས་ཀུན་ནས་ལེགས་པོ་དང་འཚམས་པོ་མེད། ཐེངས་འདིར་ངས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་ལྟ་ཞིབ་བྱེད་སྐབས། གཞི་རིམ་ལས་བྱེད་པའི་བཀག་འགོག་ལས་ཐར་ཐབས་བྱས་ཏེ་མཇལ་ཁར་སླེབས་པའི་བོད་རིགས་མང་ཚོགས་མི་ཉུང་བ་ཞིག་གིས། ང་མཐོང་མ་ཐག་སྐབས་ཤིག་རིང་གི་སྡུག་བསྔལ་དྲན་ཏེ་དབང་མེད་དུ་མིག་ཆུ་བཏོན་པ་དང༌། ཁོང་ཚོའི་ཁྲོད་སྤོབས་པ་ཡོད་མཁན་ཁ་ཤས་ངུ་ངག་འདོན་བཞིན། འགྲོ་བ་ཐམས་ཅད་ལ་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་དུ་མ་འཇུག ནང་ཆོས་རྩ་གཏོང་དུ་འགྲོ་རུ་མ་འཇུག ངེད་གངས་ཅན་པ་རྣམས་རྩ་མེད་དུ་གཏོང་དུ་མ་འཇུག་ཅེས་སྐྱབས་འཇུག་ཞུ་གི་འདུག འདི་ནི་ད་ལྟའི་བོད་རིགས་ས་ཁུལ་གྱི་དངོས་སུ་བྱུང་བའི་སྡུག་བསྔལ་དང༌། དངོས་ཡོད་ཀྱི་གནས་ཚུལ་ནས་ཐོན་པའི་རྒྱ་ཆེའི་སེར་སྐྱ་མི་དམངས་མང་ཚོགས་ཀྱི་ཚིག་ཉུང་དོན་གསལ་དང་སྐོམ་པ་ཆུ་འདོད་ལྟར་གྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་རེད་འདུག དོན་དངོས་ཀྱིས་ཡང་བསྐྱར་མི་དམངས་མང་ཚོགས་ཀྱི་གཏམ་བཤད་ལ་དོན་སྙིང་ཆེན་པོ་ལྡན་ཡོད་པའི་ར་སྤྲོད་བྱས་འདུག མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ལས་དོན་ཁྲོད་བྱུང་བའི་ཚབས་ཆེན་གྱི་སྐྱོན་ཆ་དང་ནོར་འཁྲུལ་དེ་དག་རླབས་ཆེན་ཀྱི་ཀྲུང་གུང་ཀྲུང་དབྱང་དང༌། སྡུག་བསྔལ་མྱོང་མཁན་མི་དམངས་ཀྱི་མགོན་སྐྱབས། བྱམས་སེམས་ལྡན་པའི་རླབས་ཆེན་གྱི་གཙོ་འཛིན་མའོ་ཙེ་ཏུང་གིས་མཁྱེན་རྟོགས་བྱུང་འཕྲལ། ལམ་སེང་ཞིང་ཆེན་འདི་གཉིས་ཀྱི་འགན་ཁུར་མི་སྣ་བརྗེ་འཐེན་བྱས་པ་དང་ཆབས་ཅིག་ལས་བྱེད་པ་རྒན་གྲས་ཁྲོད་ཆབ་སྲིད་ཀྱི་བསམ་བློ་ལྡན་པ། བྱ་བ་སྒྲུབ་རྒྱུའི་ནུས་ཤུགས་དང་ཉམས་མྱོང་ཡོད་པ་དང༌། ལྷག་བསམ་རྣམ་དག་ངང་འབད་བརྩོན་བྱེད་མཁན་གྱི་ལས་བྱེད་པ་ཁོ་ཚོའི་ཚབ་ཏུ་མངགས་གཏོང་གནང་ཡོད། དེར་མ་ཟད་གཟབ་ནན་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང༌། ལས་དོན་ཁྲོད་ཀྱི་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་དང་དགོས་ངེས་ཀྱི་ཐག་གཅོད་བྱེད་དགོས་པ། དེ་བཞིན་ལས་དོན་དར་སྤེལ་དང་ལེགས་སྒྲིག་བྱས་ནས་དེ་སྔའི་གནས་ཚུལ་གང་མགྱོགས་འགྱུར་བ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད།

   ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཧྥན་ལ་ཀྲུང་གུང་ཀན་སུའུ་ཞིང་ཆེན་གྱི་ཧྲུའུ་ཅི་དང་བོའི་ལས་འགན་ཁུར་དུ་བཅུག་པ་དང༌།  ཁོང་གིས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཙོ་སྐྱོང་བྱས་ཏེ།  ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་སློབ་སྟོན་ལྟར།  ཉིན་མཚན་མེད་པར་འབད་བརྩོན་བྱས་ཏེ་ལས་དོན་བསྒྲུབ་སྟབས།  དུས་ཡུན་ཐུང་ཐུང་ནང་ཀན་སུའུ་ཁོངས་ཀྱི་ཚབས་ཆེའི་སྐྱོན་ཆ་དང་ནོར་འཁྲུལ་གྱི་རླུང་ཡན་གྱིས་སྐྱེ་དགུའི་བདེ་བ་འཕྲོག་ཅིང་དོན་མེད་རྙོག་དྲ་བཟོ་བའི་གནས་ཚུལ་འདི་རིགས་ཁྱབ་གདལ་དུ་འགྲོ་བར་བཀག་འགོག་བྱེད་ཐུབ་པ་དང༌།  རིམ་བཞིན་སྐྱོན་ཆ་དང་ནོར་འཁྲུལ་དེ་དག་ཡོ་བསྲང་བྱས་ཡོད། ད་ལྟ་ཀན་སུའུ་ཞིང་ཆེན་གྱི་གནས་ཚུལ་ཇེ་ལེགས་ཕྱིན་དང་འགྲོ་བཞིན་ཡོད།  མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ཀན་སུའུ་ལྟར་ཇེ་ལེགས་སུ་སོང་མེད་མོད།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འབད་བརྩོན་འོག་གནས་ཚུལ་ཅུང་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད།  མདོར་ན།  ཏང་གིས་རྒྱལ་དམངས་དཔལ་འབྱོར་ལ་ལེགས་བསྒྲིག་དང༌།  སྲ་བརྟན།  འཐུས་ཚང༌།  མཐོར་གཏོང་གི་བྱེད་ཕྱོགས་བཏོན་པའི་འོག  གྲོང་གསེབ་མི་དམངས་སྤྱི་ཁང་གིས་སྔ་རྗེས་སུ་ལས་དོན་སྲོལ་ཡིག་དོན་ཚན་བཅུ་གཉིས་དང་དྲུག་ཅུ་གཏན་འབེབས་དང་འོག་རིམ་ལ་ལག་བསྟར་དགོས་པའི་ཁྱབ་བསྒྲགས་བྱས་རྗེས།  གཞི་རིམ་ནས་མཐའ་འཁྱོལ་བ་ཞིག་བྱས་ཡོད་མེད་གང་ལྟར་ཡང་ཕྲན་ཙམ་ཞིག་ལག་བསྟར་བྱས་ཡོད་པས།  ཞིང་འབྲོག་གྲོང་སྡེའི་ལས་བྱེད་པའི་བྱ་བ་སྒྲུབ་སྟངས་དང་བྱ་སྤྱོད་ཅུང་ཙམ་ལེགས་སུ་ཕྱིན་འདུག  མང་ཚོགས་ཀྱང་རིམ་བཞིན་སྡུག་བསྔལ་གྱི་གཅོང་རུང་ལས་ཐར་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་བསྐྱར་དུ་ཐོབ་པའི་རྣམ་པ་ཐོན་འདུག  རིགས་སོ་སོའི་མི་དམངས་ཀྱིས་བཤད་དོན།  མའོ་ཀྲུའུ་ཞི་ནི་ང་ཚོ་སྡུག་བསྔལ་མྱོང་མཁན་གྱི་ཕ་མ་རེད།  ཁོང་གི་ང་ཚོའི་སྡུག་བསྔལ་མཁྱེན་མ་ཐག་སྡུག་བསྔལ་སེལ་ཏེ་ང་ཚོར་གཟིགས་སྐྱོང་གནང་གི་ཡོད།  སྔོན་ཆད་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་ཕལ་ཆེར་འོག་རིམ་གྱིས་ལས་བྱེད་པའི་བྱས་པ་རེད་ཅེས་སོགས་བཤད་ཀྱི་ཡོད།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐེ་ཚོམ་དང་རྣམ་རྟོག  མི་འདོད་པའི་བསམ་བློ་རིམ་བཞིན་སེལ་གྱི་ཡོད་པ་དང༌།  འདི་ནི་ཏང་དང་མའོ་ཀྲུའུ་ཞི་ལ་དགའ་ཞེན་དང་ཡིད་ཆེས་བྱེད་བཞིན་པའི་མཚོན་རྟགས་ཤིག་རེད།
 སི་ཁྲོན། མཚོ་སྔོན། ཀན་སུའུ།  ཡུན་ནན་སོགས་ཀྱི་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་བོད་རིགས་མི་དམངས་དང་འབྲེལ་ཡོད་ཀྱི་གཙོ་བོའམ།  གཞི་རྩའི་རང་བཞིན་གྱི་བདེ་སྡུག་གི་གནད་དོན་གསུམ་པ་འདིར་བཤད་མཚམས་བཞག་པ་ཡིན།  རབ་བྱུང་ན་སྤུན་ཟླ་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་་གྱི་དངོས་ཡོད་གནས་ཚུལ་དང་དངོས་སུ་བྱུང་བའི་གནས་ཚུལ་གྱི་ལེགས་ཉེས་ཞིབ་ཚགས་པའི་སྒོ་ནས་སྙན་སེང་ཞུ་དགོས་བ་གལ་ཆེ་མོད།  གལ་སྲིད་དེ་ལྟར་ཞུས་ན་བོད་རིགས་ས་ཁུལ་དེ་དག་གི་དངོས་ཡོད་གནས་ཚུལ་རྙོག་འཛིང་ཆེ་བ་དང༌།  དངོས་སུ་བྱུང་བའི་གནད་དོན་བསམ་ཡུལ་ལས་འདས་ཤིང་བརྗོད་དཀའ་བས་འདིར་ཕྱོགས་ཡོངས་ནས་བརྗོད་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང༌།  གལ་སྲིད་ཕྱོགས་ཀྱི་ཆ་ཙམ་ཞིག་ཞུས་བ་ཡིན་ནའང་ཡིག་འབྲུ་འབུམ་ཕྲག་ལྷག་དགོས་སྟབས་ཐེངས་འདིར་གནད་དོན་གཙོ་བོ་གསུམ་པོ་འདི་ཞུས་བ་ཡིན།
 ངས་གོང་དུ་ཅུང་གསལ་བོར་བཤད་པ་བཞིན།  དུས་སྐབས་ཤིག་ལ་བོད་ལྗོངས་ས་ཁུལ་ཡིན་ནའང་འདྲ། སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཡིན་ནའང་འདྲ།  ཚད་གཞི་མི་འདྲ་བ་མ་གཏོགས་དོན་དངོས་སུ་ཚང་མ་ལ་སྐྱོན་ཆ་དང་ནོར་འཁྲུལ་མི་ཉུང་བ་ཞིག་བྱུང་ཡོད་པ་དང༌།  ཕན་མེད་གནོད་ཆེའི་གནས་ཚུལ་ཐོན་ཡོད་པ་དང་ཆབས་ཅིག་དེ་དག་གི་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་གླེང་ཡོད།  ད་ལྟ་སྐྱོན་ཆ་དང་ནོར་འཁྲུལ་དེ་དག་བྱུང་བའི་ཐུན་མོང་དང་གཞི་རྩའི་ཕྱི་རྐྱེན་དང་ནང་རྐྱེན་རགས་ཙམ་འཆད་པ་དང༌།  བོད་རིགས་ས་ཁུལ་མང་ཆེ་བར་ལོག་སྤྱོད་རུ་ཚོགས་དང་བཙན་རྒྱལ་རིང་ལུ་གས།  དེ་བཞིན་ཕྱི་རྒྱལ་གྱི་ལོག་སྤྱོད་རུ་ཚོགས་ཀྱིས་ངན་ཇུས་འོག་བསླངས་བའི་ཏང་དང་མེས་རྒྱལ་དང༌།  མི་དམངས་དང་གསར་བརྗེ་ལ་ངོ་ལོག་བྱེད་པའི་དྲག་པོའི་ཟིང་འཁྲུག་ནི།  བོད་རིགས་ས་ཁུལ་ལ་ཚབས་ཆེའི་གནོད་འཚེ་དང་གྱོང་གུན་ཕོག་པའི་ནང་རྐྱེན་གཙོ་བོ་ཡིན་པ་དང་གཅིག
 དེ་མཚུངས་སུ་སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་མང་ཆེ་ཤས་ཀྱི་རིམ་པ་སོ་སོའི་ཏང་སྲིད་དམག་གི་འགན་ཁུར་མི་སྣ་དང་ལས་བྱེད་པ་ཁ་ཤས་ཀྱིས་ཏང་གི་ཡང་དག་པའི་བྱེད་ཕྱོགས་དང་སྲིད་ཇུས་བྱེད་ཐབས།  ལས་འགན།  དབྱེ་མཚམས།  གོ་རིམ་སོགས་དང་རྒྱབ་འགལ་བྱས་སྟབས།  བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་ལ་དོགས་པ་དང་དངངས་སྐྲག་བྱུང་སྟེ་མཐར་ཟིང་འཁྲུག་ལངས་བ་དང༌།  དེ་བཞིན་དགྲ་བོས་ཆོས་ལུགས་དང་མི་རིགས་ཀྱི་ཁེ་ཕན་ལ་ཁ་གཡར་བའི་མགོ་སྐོར་དུ་ཚུད་དེ་ཟིང་འཁྲུག་ལངས་བ་བཅས་ཟིང་འཁྲུག་རིགས་འདི་གཉིས་ནི་བོད་ཀྱི་ས་ཁུལ་ནང་ལངས་བའི་ཟིང་འཁྲུག་ཡོངས་ཀྱི་སྤྱིའི་བསྡོམས་འབོར་གྱི་མང་ཤོས་རེད།

(མཆན མཚམས་འདིར་རྒྱ་ཡིག་མ་དཔེའི་ཤོག་གྲངས་གཅིག་ཚང་མི་འདུག)ལས་དོན་གྱི་ནུས་ཤུགས་དང༌། ལས་དོན་གྱི་ཉམས་མྱོང༌། མིག་རྒྱང་རིང་ཐུང༌། དོན་དངོས་མཐོང་ཐུབ་མིན་དང༌། བྱེད་སྟངས་འཚམས་མིན། ཤེས་ཡོན་གྱི་ཆུ་ཚད་དང༌། སྤྱི་སྒེར་གྱི་ལྟ་སྟངས། ཀུན་སྤྱོད་ལེགས་ཉེས། དྲང་བདེན་ཡིན་མིན། ལྷག་བསམ་ཡོད་མེད་སོགས་ཀྱི་བཟང་ངན་ལ་ཐུག་ཡོད། ཡིན་ནའང་ལས་བྱེད་པ་ཡོད་ཚད་ཀྱི་ཆུ་ཚད་གཅིག་མཚུངས་ཡིན་མི་སྲིད། རྒྱུ་མཚན་ནི་མི་རེ་རེར་སོ་སོའི་དངོས་ཡོད་གནས་ཚུལ་རེ་ཡོད་པས། ཏང་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་དང་མཛུབ་སྟོན་དེ་འོག་རིམ་ནས་ལག་བསྟར་བྱེད་སྐབས། གཅིག་གྱུར་དང་འཐུས་ཚང་ཞིག་ཡོང་དཀའ་བ་དང་གསུམ།

 རླབས་ཆེན་གྱི་ཏང་དང་མའོ་ཀྲུའུ་ཞི་ཡི་ཡང་དག་ཟབ་ཡངས་ཀྱི་དགོངས་གཞི་དེ།  ཡང་དག་པའི་ལས་བྱེད་པ་ཕུལ་བྱུང་ཅན་གྱིས་བསྒྲུབས་པ་ཡིན་ན་ད་གཟོད་ཡང་དག་པའི་རྒྱལ་ཁའམ་གྲུབ་འབྲས་ཐོབ་སྲིད།  ཏང་དང་མའོ་ཀྲུའུ་ཞི་ཡི་རླབས་ཆེན་གྱི་དགོངས་གཞི་དང༌།  རླབས་ཆེན་གྱི་དགོངས་གཞི་འདི་མངོན་དུ་འགྱུར་བ་གལ་སྲིད་ཟམ་པ་ལྟ་བུའི་ཡང་དག་མཁས་མཛངས་ལྡན་པའི་གསར་བརྗེའི་ལས་བྱེད་པ་མེད་ན།  དེ་ནི་ནུས་ལྡན་གྱི་སྨན་ཡོད་ཀྱང་སྨན་པ་ཡག་པོ་མེད་པས་ཕན་ཐོགས་མེད་པ་དང་གཅིག་མཚུངས་རེད།  རང་རྒྱལ་གྱི་རིམ་པ་སོ་སོའི་ལས་དོན་ནང་གཙོ་ཁྲིད་ཀྱི་ནུས་བ་འདོན་བཞིན་པའི་སྔོན་ཐོན་རུ་ཁག་སྟེ་གུང་ཁྲན་ཏང་མི་ཁྲི་ཕྲག་མང་པོའི་ཁྲོད།  གསར་བརྗེ་འཐབ་རྩོད་ཀྱི་སྦྱོང་བརྡར་ཐོབ་མཁན་དང༌།  དཀའ་སྡུག་དང་ཉེན་འགག་མང་བོར་ཉམས་ཚོད་ཐོབ་པའི་བརྟན་ཚུགས་ཡོད་ལ།  ཆབ་སྲིད་ཀྱི་ཆུ་ཚད་མཐོ་ཞིང་ཤེས་རྒྱ་ཆེ་བའི་གསར་བརྗེ་ལས་བྱེད་པ་ཕུལ་བྱུང་ཅན་མང་པོ་ཡོད་པ་རེད།  ཡིན་ནའང་ང་ཚོའི་བོད་རིགས་ས་ཁུལ་ནི་མེས་རྒྱལ་གྱི་མཐའ་མཚམས་ན་ཡོད་པས།  ཏང་དང་མའོ་ཀྲུའུ་ཞི་ཡི་རླབས་ཆེན་ཟབ་ཡངས་ཀྱི་དགོངས་གཞི་དང༌།  དགོངས་གཞི་འདི་མངོན་དུ་འགྱུར་བའི་བར་ལ་ཟམ་པ་ལྟ་བུའི་ནུས་བ་འདོན་མཁན་གྱི་ཡང་དག་མཁས་མཛངས་ལྡན་པའི་གསར་བརྗེའི་ལས་བྱེད་པ་ཕུལ་བྱུང་ཅན་མང་བོ་ཕེབས་ཐུབ་མེད་པ་དང་བཞི།
 ལྷག་པར་དུ་བོད་རིགས་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་པར་མཚོན་ན།  རྒྱ་རིགས་ལས་བྱེད་པ་མང་ཆེ་ཤོས་ལ་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌།  དམིགས་བསལ་གྱི་གནས་བབ།  རིམ་པ་ཁག་གི་མི་དམངས་མང་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་སོགས་ཤེས་རྟོགས་གཏིང་ཟབ་དང་འཐུས་ཚང་མེད་པའི་རྐྱེན་གྱིས།  ཏང་གི་ཡང་དག་མཁས་མཛངས་ཀྱི་དགོངས་གཞི་འདི་བོད་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ལག་བསྟར་ཡང་དག་བྱེད་དཀའ་བ་དང༌།  རྒྱ་རིགས་ལས་བྱེད་པ་མི་ཉུང་བ་ཞིག་གིས་རང་ཉིད་དཔེ་མི་སྲིད་པ་ཞིག་ཡིན་སྙམ་གྱི་ཡོད་པས།  བོད་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་དངོས་སུ་བྱུང་བའི་གནས་ཚུལ་ལ་གང་གཟབ་ཀྱིས་བསམ་གཞིགས་དང་སློབ་སྦྱོང་བྱས་མེད།
 བོད་རིགས་ལས་བྱེད་པར་མཚོན་ན་རིགས་གཉིས་ཡོད་པ་སྟེ།  རིགས་གཅིག་ནི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱས་རྗེས་གཞི་ནས་ལས་བྱེད་ཁྲོད་ཞུགས་པ་དང༌།  ཁོང་ཚོར་གནས་ཚུལ་མི་འདྲ་བའི་ཐོག་ཏང་གི་སྲིད་ཇུས་ཀྱི་དགོངས་དོན་དང༌།  ཆབ་སྲིད་ཀྱི་ཤེས་རྟོགས་གང་འཚམས་ཤིག་ཡོད་ཅིང༌།  སོ་སོའི་ས་ཁུལ་གྱི་གནས་ཚུལ་ཡང་ཆ་རྒྱུས་ཡོད་པ་རེད།
 ཡིན་ནའང༌།  ལས་བྱེད་པ་དེ་དག་མང་ཆེ་ཤོས་ཀྱི་སྐྱེ་ཁུངས་བཤུ་གཞོག་གྲལ་རིམ་ཡིན་སྟབས།  ཁོང་ཚོའི་ཁྲོད་ཉུང་ཤས་ཅིག་ལ་ལས་བྱེད་པས་མཐོང་ཆེན་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་ལས།  གཞན་མང་ཆེ་ཤས་ཀྱིས་སོ་སོར་བསྒྱུར་བཀོད་བྱེད་རྒྱུ་མ་གཏོགས་འོག་རིམ་གྱི་ལས་བྱེད་པའི་ཡིད་ཆེས་ཐོབ་མི་ཐུབ་པར་ཕྱི་མར་བརྩི་གི་ཡོད། དེའི་ཕྱིར་གསར་བརྗེ་ལས་དོན་ཁྲོད་ལྷག་བསམ་རྣམ་དག་དང༌།  ཧུར་ཐག་འབད་ཐག་ངང་རང་གི་ནུས་ཤུགས་ཡོངས་རྫོགས་འདོན་དཀའ་བ་ཆགས་ཡོད།  རིགས་གཞན་ཞིག་ནི་ལས་འགུལ་ལམ་ལས་ཀ་ཡང་ན་སློབ་སྦྱོང་ནང་ཐོན་པའི་རྣམ་པ་སྣ་ཚོགས་ཀྱི་ཧུར་བརྩོན་ཅན་ཁྲོད་ཀྱི་རེ་བ་ཡོད་མཁན་ཁག་གཅིག་ལ་དུས་ཐུང་སྦྱོང་བརྡར་དང་གསོ་སྐྱོང་བྱས་ཏེ་ལས་བྱེད་དུ་ཞུགས་སུ་བཅུག་པ་དང༌།  དེ་རིགས་མང་ཆེ་ཤོས་ནི་ཚ་ཚ་འུར་འུར་ཁྲོད་ནས་ཚ་ཚ་འུར་འུར་ངང་འཚར་ལོང་བྱུང་བ་ཞིག་ཡིན་སྟབས།  ཁོ་ཚོ་ལ་ལས་དོན་འཕྲལ་སྒྲུབ་ཀྱི་ངོ་བོ་ཁོ་ན་མ་གཏོགས་ཞིབ་ཚགས་ཀྱི་བསམ་བློ་མེད།  གསར་བརྗེ་ལ་དགའ་ཞེན་ཡོད་ནའང༌།  ཆབ་སྲིད་ཀྱི་གོ་རྟོགས་དང་ཏང་གི་མཛུབ་སྟོན་ཤེས་རྟོགས་ཀྱི་ཆུ་ཚད་དམའ་བ་དང༌།  མདུན་བསྐྱོད་ཀྱི་རང་བཞིན་ཡོད་ནའང།  ལེགས་ཉེས་བཟང་ངན་མཐོང་མི་ཐུབ་པ།  དེ་བཞིན་ཧུར་བརྩོན་གྱི་རང་བཞིན་ཡོད་ནའང༌།  ཉམས་མྱོང་མི་འདང་བ་སོགས་ཀྱི་དབང་གིས།  ང་ཚོའི་བོད་རིགས་ས་ཁུལ་གྱི་བོད་རྒྱ་ལས་བྱེད་པའི་ཁྲོད་ཡང་དག་མཁས་མཛངས་ལྡན་པའི་གསར་བརྗེའི་ལས་བྱེད་པའི་ཀུན་སྤྱོད་དང་ཆ་རྐྱེན་འཛོམས་མཁན་ཧ་ཅང་ཉུང་ཉུང་རེད།
 ལྷག་པར་དུ་དུས་སྐབས་ཤིག་ལ་གོང་རིམ་ནས་འོག་རིམ་གྱི་ལས་བྱེད་པས་བཤད་པའི་སྐད་ཆ་མང་ཆེ་བ་ལྡན་པར་ཡིད་ཆེས་བྱས་ཏེ།  ཞིབ་བཤེར་ནན་པོ་དང་ལས་བྱེད་པར་རྒྱུས་ལོན་བྱེད་པའི་གལ་ཆེའི་ལས་དོན་ལྷོད་གཡེང་དུ་བཏང་བ་དང་ལྔ།  ང་རང་གིས་འདི་དག་ནི་ང་ཚོའི་བོད་རིགས་ས་ཁུལ་ནས་བྱུང་བའི་རྙོག་དྲ་དང་ལས་དོན་ཁྲོད་བྱུང་བའི་སྐྱོན་ཆ་དང་ནོར་འཁྲུལ་གྱི་ཐུན་མོང་གི་གཙོ་བོའམ་གཞི་རྩའི་ཕྱི་རྐྱེན་དང་ནང་རྐྱེན་རེད་བསམ་གྱི་འདུག
 ངས་ང་ཚོར་བཀའ་དྲིན་ཆེ་བའི་ཀྲུང་གུང་གུང་ཁྲན་ཏང་དང༌།  རླབས་ཆེན་གྱི་མའོ་ཀྲུའུ་ཞི་དང་མེས་རྒྱལ་གྱི་མཚན་མཐོང་དང་ལ་རྒྱ།  གཟི་བརྗིད།  སྙན་གྲགས་བཅས་བར་ཕན་པ་དང་རང་རྒྱལ་མྱུར་མགྱོགས་སུ་དེང་རབས་ཅན་དང༌།  སྟོབས་འབྱོར་ལྡན་ཞིང་མི་རིགས་ཚང་མར་འདྲ་མཉམ་བདེ་སྐྱིད་ཀྱི་ཐོབ་ཐང་ལྡན་ལ།  ཚང་མ་བདེ་སྐྱིད་དགའ་སྤྲོ་དང༌།  མི་སྨོན་རང་སྐྱིད་ཀྱི་རླབས་ཆེན་གྱི་སྤྱི་ཚོགས་ཤིག་མངོན་བསྒྱུར་བྱེད་པ་སོགས་ལ་དམིགས་ཏེ།  གཏམ་དཔེར་ཕན་པའི་གཏམ་ལ་སྙན་མོ་མེད་ཅེས་བ་ལྟར།  ཕྲན་གྱིས་དངོས་སུ་མཐོང་ཐོས་ཀྱི་བོད་ལྗོངས་གཙོར་བྱས་བའི་བོད་ཁུལ་ཡོངས་ལ་དངོས་སུ་བྱུང་བའི་གནད་དོན་བཟང་ངན་དང༌།  དངོས་ཡོད་གནས་ཚུལ་ལེགས་ཉེས་ཁྲོད་རྩ་དོན་ཀྱི་རང་བཞིན་དང༌།  དཔེ་མཚོན་རང་བཞིན་ལྡན་པའི་གནས་ཚུལ་ཁག་ཅིག་དྲང་བོ་སྦ་གསང་མེད་པར་སྙན་སེང་ཞུས་བ་དང༌།  དེ་བཞིན་དུ་གོང་གསལ་གནད་དོན་ཁག་སྙན་སེང་ཞུ་སྐབས།  ལས་དོན་ཁྲོད་ཁ་གསབ་ཡོ་བསྲང་དགོས་པའི་བསམ་འཆར་དང༌།  བོད་ལྗོངས་གཙོས་བའི་བོད་རིགས་ས་ཁུལ་ལ་དངོས་སུ་གནས་བ་དང༌།  དངོས་སུ་བྱུང་བའི་བདེ་སྡུག་གི་གནས་ཚུལ་ལ་བལྟས་ནས་རེ་འདུན་བཏོན་ཡོད་པ་དང༌།  ཕྱིན་ཆད་ཀྱི་ལས་དོན་ཐོགས་ལེགས་སྤེལ་ཉེས་འགོག་གི་རེ་བ་སོགས་ཚང་མ་ཅུང་འཐུས་ཚང་ངང་དངོས་བརྒྱུད་ཅི་རིགས་ནས་བཤད་ཡོད།  དེར་བརྟེན་ཀྲུང་དབྱང་གིས་ཕྱིན་ཆད་བོད་རིགས་ས་ཁུལ་ལ་འགེབས་སྲུང་བཀའ་དྲིན་གང་གནང་དགོས་ཀྱང༌།  གལ་སྲིད་གོང་དུ་གནས་ཚུལ་ལ་ཞིབ་ཏུ་གཟིགས་ཚེ་ལས་སླ་བའི་ངང་རྟོགས་ཐུབ་ཀྱི་ཡོད་སྟབས།  ཡང་བསྐྱར་རེ་འདུན་གསལ་བོར་ཞུས་མ་ཞུས་ལ་ཁྱད་པར་མེད་པས་འདིར་ཞིབ་པར་ཞུ་རྒྱུ་མིན།
  མདོར་ན།  གོང་གསལ་གྱི་གནད་དོན་ཁག་ལ་གཟབ་ནན་ངང་དགོངས་བཞེངས་གནང་རྒྱུ་དང༌།  དགོས་ངེས་ཀྱི་འགེབས་སྲུང་གནང་རྒྱུའི་ཐུགས་བརྩེ་མི་འདོར་བ་ཞུ།  དེའི་ནང་གནད་དོན་གསུམ་ཧ་ཅང་གལ་ཆེན་པོ་ཡིན་ཕྱིན།  འདིར་ཡང་བསྐྱར་གཟབ་ནན་གྱིས་ཞུ་རྒྱུར།
 དང་པོ།  རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཆོས་དད་རང་མོས་ཀྱི་མཁས་མཛངས་ལྡན་པའི་སྲིད་ཇུས་དང༌།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ལེའུ་གསུམ་པ་སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་དང༌།  འོས་འགན་ཞེས་པའི་ནང་གསེས་བརྒྱད་བཅུ་གྱ་བརྒྱད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་ཅེས་བཅའ་ཁྲིམས་ནང་གསལ་བོར་གཏན་འབེབས་བྱས་པའི་དགོངས་དོན་འདི།  ཕྱིན་ཆད་ཁྱོན་ཡོངས་ནས་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་ནང་མི་རིགས་དང༌།  རིམ་གྲས།  ཆོས་ལུགས་སོགས་དབྱེ་འབྱེད་མ་བྱས་བར་མངོན་ལྐོག་དང༌།  ཁ་ཞེས་གཉིས་མེད་ཀྱིས་ལག་བསྟར་མཐར་ཕྱིན་པ་བྱེད་རྒྱུའི་རེ་བ་ཡོད།  དེ་འདྲ་བྱས་ན་དོན་དངོས་ཐོག་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱི་བསམ་བློར་གུང་ཁྲན་ཏང་གིས་ཆོས་ལུགས་རྩ་མེད་བཟོ་གི་འདུག  ཆོས་དད་བྱེད་དུ་འཇུག་གི་མི་འདུག་ཅེས་པའི་མཐོང་ཚུལ་མེད་པ་བཟོ་ཐུབ།  
  དེ་དང་དུས་མཚུངས་སུ་བོད་རིགས་ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་རིམ་པ་ཁག་གི་མི་དམངས་ཚང་མས་ཆོས་ལུགས་ལ་་དད་པ་བྱེད་ཆོག་པར་ཁག་ཐེག་བྱེད་དགོས་པ་མ་ཟད།  རྒྱ་ཆེའི་རིམ་པ་ཁག་གི་མི་དམངས་ཚང་མས་ཆོས་དད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།  སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་ཀྱི་འཚོ་བ་སྤྱད་ཆོག་པར་ཁག་ཐེག་དང་དེ་བཞིན་སེར་སྐྱ་མི་དམངས་ཀྱི་ཆོས་ལུགས་ཀྱི་འཚོ་བ་སྤྱོད་ཐུབ་པར་ཁག་ཐེག་རྒྱ་ཆེའི་སེར་སྐྱ་མི་དམངས་ཚང་མས་སྔོན་ཆད་ལྟར་མངོན་གསལ་དུ་ཆོས་ལུགས་ལས་འགུལ་སྤེལ་ཆོག་པར་ཁག་ཐེག་བྱེད་དགོས་རྒྱུ་མ་ཟད། རྒྱ་ཆེའི་སེར་སྐྱ་མི་དམངས་ཚང་མས་སྔོན་ཆད་ལྟར་མངོན་གསལ་དུ་ཆོས་ལུགས་ལས་འགུལ་སྤེལ་ཐུབ་པར་ཁག་ཐེག་བྱེད་དགོས་རྒྱུ།   ཆོས་ལུགས་ཉམས་རྒུད་དུ་མ་སོང་བར་གནས་ཆོག་པར་ཁག་ཐེག་བྱེད་དགོས་རྒྱུ་མ་ཟད། ཆོས་ལུགས་ཉམས་རྒུད་དུ་མི་འགྲོ་བར་ཧ་ཅང་ཡག་པོ་གནས་ཐུབ་པར་ཁག་ཐེག་བྱེད་དགོས་རྒྱུ།  བླ་སྤྲུལ་དང་དགེ་འདུན་པས་ཆོས་ལུགས་ལ་བརྟེན་ནས་བྱ་བ་བསྒྲུབ་ཆོག་པར་ཁག་ཐེག་བྱེད་དགོས་པ་མ་ཟད།  དགོན་པའི་བདག་དབང་དགེ་འདུན་འདུས་མང་ཕལ་མོར་ཆེར་དབང་རྒྱུ་དང༌།  མིང་དོན་མཚུངས་བའི་དམངས་གཙོ་དོ་དམ་བྱེད་ཆོག་པར་ཁག་ཐེག་བྱེད་དགོས་པ་མ་ཟད།  དགོན་པའི་བདག་དབང་དགེ་འདུན་འདུས་མང་ཕལ་མོ་ཆེར་དབང་ཐུབ་པ་དང༌།  མིང་དོན་མཚུངས་བའི་དམངས་གཙོ་དོ་དམ་བྱེད་ཐུབ་རྒྱུར་ཁག་ཐེག་བྱེད་དགོས།  དགོན་པ་ནི་མིང་དོན་མཚུངས་བའི་ཆོས་ལུགས་སྒྲིག་འཛུགས་ཤིག་བྱས་ཆོག་པར་ཁག་ཐག་བྱེད་དགོས་པ་མ་ཟད།  དགོན་པ་ནི་མིང་དོན་མཚུངས་བའི་ཆོས་ལུགས་སྒྲིག་འཛུགས་བྱེད་ཐུབ་པར་ཁག་ཐག་བྱེད་དགོས་རྒྱུ།  དེ་བཞིན་དགོན་པ་གཙོ་བོ་ཁག་ཅིག་གིས་བསླབ་ཁྲིམས་དང་འདུལ་ཁྲིམས་སོགས་ནས་གཏན་འབེབས་བྱས་པའི་རྩ་འཛུགས་དང་སྒྲིག་སྲོལ།  བཅའ་སྒྲིག་སོགས་ལག་བསྟར་བྱས་ཆོག་པར་ཁག་ཐེག་བྱེད་དགོས་པ་མ་ཟད།  དགོན་པ་གཙོ་བོ་ཁག་ཅིག་གིས་བསླབ་ཁྲིམས་དང་འདུལ་ཁྲིམས་སོགས་ནས་གཏན་འབེབས་བྱས་བའི་རྩ་འཛུགས་དང་སྒྲིག་སྲོལ། བཅའ་སྒྲིག་སོགས་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།  ཆོས་ལུགས་ཀྱི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཆོག་པར་ཁག་ཐེག་བྱེད་དགོས་པ་མ་ཟད།  ཆོས་ལུགས་ཀྱི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་རྒྱུ།  དེ་ཡང་ནང་ཆོས་ཀྱི་རབ་འབྱམས་རྒྱལ་བའི་གསུང་རབ་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ་བྱེད་བཞིན་པའི་དགེ་འདུན་པའི་འཚོ་བར་རྒྱབ་ཁབ་ཀྱིས་ལྟ་རྟོགས་བྱ་རྒྱུ་སོགས་ལ༌།  ཀྲུང་དབྱང་གིས་ཁས་ལེན་གནང་རྒྱུ་དང་ཆབས་ཅིག་འོག་རིམ་ལ་བཀའ་ཕབ་སྟེ་ལག་བསྟར་བྱེད་རྒྱུ་དེ་ནི་བརྒྱ་ཆ་དགུ་ཅུ་ཡན་གྱི་བོད་རིགས་མི་དམངས་ཀྱི་རེ་བ་རེད།  དེར་བརྟེན་ཀྲུང་དབྱང་ནས་ཁོག་རྒྱ་ཆེན་པོའི་ངང་དགོངས་བཞེས་ཀྱིས་གཟིགས་སྐྱོང་མི་ཆུང་བ་ཞིག་གནང་བར་འཚལ།
 གཉིས་པ། བོད་རིགས་ས་ཁུལ་མང་ཆེ་ཤོས་ཀྱི་མི་རིགས་རང་བཞིན་ལྡན་པའི་ངོ་ལོག་ཟིང་འཁྲུག་ནི།  རྒྱུ་རྐྱེན་སྣ་ཚོགས་ལས་བྱུང་བ་ཞིག་ཡིན་པས།  ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་འཐབ་རྩོད་ཁྲོད།  གཅིག་གྱུར་གྱི་ཁྱིམ་ཚང་ཆེན་པོ་གཅིག་ནང་གི་སྤུན་ཟླ་མི་རིགས་བར་ཕན་ཚུན་གསོད་རེས་མི་བྱེད་ཐབས་མེད་བྱུང་ཡོད།  དེར་བརྟེན། སྤུན་ཟླ་མི་རིགས་ཕན་ཚུན་བར་ལ་ལྟ་སྟངས་དང་མཐོང་ཚུལ་ངན་པ་བྱུང་བ་མ་ཟད།  ཟིང་འཁྲུག་ཞོད་འཇགས་གཏོང་བའི་སྐབས་སུ་ས་ཁུལ་ཁ་ཤས་ཀྱི་འགན་ཁུར་མི་སྣའི་བྱས་འབྲས་ནི།  ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་བྱེད་ཐབས་དོན་དངོས་དང་མི་མཐུན་པ་དང་ཡང་དག་མཁས་མཛངས་མ་ཡིན་པ།  མཐར་ལུགས་མཐུན་གྱིས་དཀར་ནག་དབྱེ་འབྱེད་མ་བྱས་པར་ཚང་མར་རྡུང་རྡེག་བྱས་འདུག་པ་དང།  བོད་རིགས་མང་པོ་ལ་དོན་མེད་ངང་གནོད་འཚེ་ཕོག་པ་གཅིག  ལས་བྱེད་པའི་བྱས་འབྲས་ཀྱིས་བོད་རིགས་མི་དམངས་ཚོས་སྲོག་ལྟར་གཅེས་བའི་རང་གི་ཆོས་ལུགས་དང་ཆོས་དད་བྱེད་པ་དེ་མིང་ཙམ་མ་གཏོགས་མེད་པ་བཟོས་འདུག་པ་དང་གཉིས།  ལས་བྱེད་པས་བྱས་འབྲས་ཀྱིས་བོད་རིགས་མི་དམངས་ཀྱིས་སྲོག་ལྟར་གཅེས་པའི་སོ་སོའི་མི་རིགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་བ་དང་གསུམ་བཅས་འདི་གསུམ་གྱིས་མི་རྣམས་ཀྱི་མཐོང་སྣངདུ་བོད་རིགས་ལ་ངན་སེམས་ཀྱིས་རྡུང་རྡེག་བྱེད་ཀྱི་འདུག་བསམ་གྱི་ཡོད་པ་རེད།
  དེའི་ཕྱིར་བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་མི་ཉུང་བ་ཞིག་གི་བསམ་བློའི་ཐོག་ལ་དོགས་པ་དང༌། དངངས་སྐྲག  རྣམ་རྟོགས་དང་འཁོན་འཛིན་ཆེན་པོ་སྐྱེས་པ་རེད།  དེ་དག་ནི་མི་རིགས་བར་གྱི་འབྲེལ་བ་གསར་བ་དང་མཐུན་སྒྲིལ་གསར་བ།  བརྩེ་དུང་གསར་བ་ལ་ཚབས་ཆེའི་གནོད་འཚེ་ཕོག་པའི་འབྱུང་རྩ་གཙོ་བོ་ཡིན། དེར་བརྟེན།  ང་ཚོས་ངེས་པར་དུ་དོ་སྣང་ཆེན་པོ་བྱས་ཏེ་འདི་དག་མེད་པ་བཟོ་དགོས།  འོན་ཀྱང་ལས་དོན་འདི་གཏམ་སྙན་པོ་ཁ་ཤས་བཤད་ནས་ལས་སླ་བའི་ངང་ཐག་གཅོད་དང༌།  དུས་ཡུན་ཐུང་ཐུང་ནང་འབད་བརྩོན་བྱས་ཏེ་ཐག་གཅོད་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།  དེའི་སྟབས་ཀྱིས་ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་བསམ་བློའི་ཐོག་ངོ་ཚ་དཀའ་ངལ་ལ་མི་སྐྲག་པ་དང༌།  ལས་ཀའི་ཐོག་དཀའ་ངལ་རྙོག་དྲ་ལ་མི་སྐྲག་པ་བྱེད་དགོས་པ་དང་ཆབས་ཅིག  དཔལ་འབྱོར་ཐོག་འགྲོ་གྲོན་གང་འཚམས་ཤིག་བཏང་སྟེ།  ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་བོད་རིགས་ལ་ཕོག་པའི་གནོད་འཚེ་དང་གྱོང་གུད་གཙང་སེལ་བསྐྱར་གསོ་བྱེད་དགོས་པ་དང༌།  བོད་རིགས་མི་དམངས་ཀྱིས་དད་མོས་བྱེད་པའི་ཆོས་ལུགས་ལ་སྲུང་སྐྱོབ།  དེ་བཞིན་བོད་རིགས་ནི་མི་རིགས་གཞན་ཞིག་ཏུ་མ་འགྱུར་བར་མུ་མཐུད་དུ་འཚོ་གནས་དར་རྒྱས་དང༌།  བོད་རིགས་ཀྱི་རིམ་པ་ཁག་གི་མི་དམངས་ཀྱི་འཚོ་བ་ལ་བདེ་སྐྱིད་ཡོང་རྒྱུ་སོགས་ལ་ཁག་ཐེག་བྱེད་དགོས། 
  བོད་རིགས་མི་དམངས་ཀྱི་རེ་འདུན་གང་ལེགས་སྐོང་དགོས་པ་དང༌།  རེ་འདོད་ཚང་མ་བསྒྲུབས་ཏེ།  མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་གི་མི་རིགས་ཚང་མ་འདྲ་མཉམ་དང་བདག་གཞན་དབྱེར་མེད་དང༌།  མཉམ་ལས་མཉམ་སྤྱོད།  སྐྱིད་སྡུག་མཉམ་མྱོང་དང་མཉམ་སྡོད་མཉམ་དབང་བྱས་ཏེ།  ཁག་གི་མི་མི་ཉུང་བ་ཞིག་གི་བསམ་བློའི་ཐོག་གི་ཤུགས་རྐྱེན་ངན་པ་དེ་གཙང་སེལ་བྱས་ཏེ་བོད་རིགས་མི་དམངས་ལ།   སྐབས་ཤིག་རིང་གི་སྐྱོན་ཆ་དང་ནོར་འཁྲུལ་ནི་འོག་རིམ་ལས་བྱེད་པས་བཟོས་པ་ཞིག་ལས།  ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་པ་མ་ཡིན་པའི་གཞོམ་གཞིག་བྲལ་བའི་བདེན་དོན་འདི་མགོ་ནས་འཇུག་བར་གསལ་བོ་མཐོང་ཐུབ་པ་བྱས་ནས།  བོད་ཀྱི་རིམ་པ་ཁག་གི་མི་དམངས་བསམ་བློ་ཏང་ལ་འཁོར་ཐུབ་པ་དང༌།  ཏང་དང་མའོ་ཀྲུ་ཞི་ཡི་ཡང་དག་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་དགའ་སྤྲོའི་ངང་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་བསྐྱོད་པར་ནུས་ལྡན་གྱི་བསམ་བློའི་ལས་དོན་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།
  མདོར་ན། བོད་ནི་རྙོག་དྲ་བྱུང་བའི་ས་ཁུལ་དང་མི་རིགས་ཤིག་ཡིན་པས།  ཕྱིན་ཆད་ཀྲུང་དབྱང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་ལ་དགོངས་བཞེས་གཟབ་ནན་གནང་བ་དང་དུས་མཚུངས་སུ།  བོད་རིགས་ཀྱི་ཁེ་ཕན་ལ་མི་སེམས་འགུག་ཐུབ་པའི་དམིགས་གསལ་གྱི་གཟིགས་སྐྱོང་གནང་རྒྱུའི་རེ་བ་ཡོད།
  གསུམ་པ། མེས་རྒྱལ་འདི་འགྲན་ཟླ་མེད་པའི་སྟོབས་ཤུགས་དང༌།  རྫོགས་མཐའ་མེད་པའི་ལོངས་སྤྱོད་ལྡན་པའི་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་དགོས་ན།  ངེས་པར་དུ་གོང་འོག་ཚང་མས་བསམ་བློ་གཅིག་མཐུན་གྱིས་མིག་སྔའི་དཀའ་ངལ་ཡོད་ཚད་ལས་རྒྱལ་ཏེ།  གཅིག་རྗེས་གཉིས་མཐུད་ཀྱི་རྒྱལ་ཁ་དེ་བས་ཆེ་བ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད།  མི་ཚང་མས་ཅི་ལྕོགས་ཀྱིས་རང་ལ་ ཡོད་པའི་ནུས་ཤུགས་ཚང་མ་འདོན་དགོས།
 དེར་བརྟེན་རིགས་སོ་སོའི་མི་དམངས་ཡོངས་ཀྱི་བསམ་བློ་ཏང་དང་རྒྱལ་ཁབ་ལ་འཁོར་དགོས་པ་ནི་མེད་དུ་མི་རུང་བ་ཞིག་རེད།  དེ་ལྟར་བྱེད་པ་ལ།  མི་སུ་དང་སུ་ཡི་ནའང་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ནི་བཤད་མ་དགོས་པས།  རྒྱལ་ཡོངས་ཀྱི་སྤུན་ཟླ་ཞིང་ཆེན་དང༌།  གྲོང་ཁྱེར།  རང་སྐྱོང་ལྗོངས་སོ་སོར་ཡོད་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་འཚོ་བ་ཐུགས་ཁུར་བྱས་ཏེ།  ལེགས་སུ་འགྲོ་བཞིན་ཡོད་པའི་རྨང་གཞིའི་ཐོག་མུ་མཐུད་ལེགས་བཅོས་གཏོང་བར་མཐུན་འགྱུར་གནང་དགོས།  ང་ཚོའི་བོད་ལྗོངས་ལ་མཚོན་ན།  སྟོད་སྨད་ལྷོ་བྱང་གི་ཞིང་འབྲོག་གྲོང་སྡེ་དང་གྲོང་དང་གྲོང་ཁྱེར།  མི་དམངས་མང་ཚོགས་ཀྱི་འཚོ་བ་ད་ལྟ་ཅུང་བརྟན་པོ་ཡིན་པས།  འདི་ནི་མི་ཚང་མར་དགའ་སྤྲོ་སྐྱེས་པའི་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན།  ང་ཚོའི་རེ་བ་ནི་ཕྱིན་ཆད་ལས་དོན་ཁག་གཟབ་ནན་ངང་སྒྲུབ་རྒྱུ་དང༌།  མང་ཚོགས་ཁྲོད་ནས་བསྡུ་ཉོ་སྣ་ཚོགས་བྱེད་སྐབས་གང་ཐུབ་ཀྱིས་ཁུར་བོ་ཡང་དུ་གཏོང་རྒྱུའིགཟུགས་སྐྱོང་གནང་རྒྱུ་དེ་ཡིན༌།
 མདོར་བསྡུས་ནས་བཤད་ན།  རིམ་པ་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བ་ད་ལྟའི་དུས་ལས་མི་དམའ་བར་ཁག་ཐེག་བྱེད་དགོས་བ་མ་ཟད།  རྨང་གཞི་འདིའི་ཐོག་བོད་ལྗོངས་རང་ངོས་ཀྱི་ཐོན་ཚད་གཞིར་བཟུང་སྟེ་རིམ་བཞིན་འཚོ་བ་ལེགས་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་བ་དང༌།  དུས་མཚུངས་སུ་སྤུན་ཟླ་ཞིང་ཆེན་བཞིའི་ནང་ཧ་ཅང་སྐྱོ་བར་གནས་བའི་རིམ་པ་ཁག་གི་བོད་རིགས་མི་དམངས་ཀྱི་འཚོ་བ་ལ་གཟིགས་སྐྱོང་དང་ཐུགས་ཁུར་མི་ཉུང་བ་ཞིག་གནང་སྟེ།  ཕྱིན་ཆད་བོད་རིགས་ས་ཁུལ་དེ་དོན་རེ་ཞིག་མི་ལ་བཤད་དཀའ་བའི་སྡུག་བསྔལ་གྱི་འཚོ་བ་བྱུང་མྱོང་བ་དེ་ལྟར་མི་ཡོང་བ་དང༌།  ལྷག་པར་དུ་ལྟོགས་ཤི་ཐེབས་མི་དགོས་བ་ཞིག་ཁག་ཐེག་གནང་རོགས།  འདི་གཉིས་ཀྱི་རྨང་གཞིའི་ཐོག ཐོན་སྐྱེད་ལོ་ལེགས་བྱུང་སྐབས་རིམ་བཞིན་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ།  བོད་རིགས་མི་དམངས་མང་ཚོགས་གསར་བརྗེའི་ཕྱོགས་ལ་མདུན་བསྐྱོད་བྱེད་པའི་བསམ་པའི་རྨང་གཞི་བཟོ་རྒྱུ་འདིར་ལྷོད་གཡེང་དུ་མ་སོང་བར་ཐུགས་ཁུར་གནང་རོགས།
 གོང་དུ་ཞུས་བ་ཚང་མ་ངའི་སྙིང་གཏམ་ཟོལ་མེད་ཡིན་པ་མ་ཟད། བོད་རིགས་མི་དམངས་ས་ཡ་གསུམ་གྱི་བསམ་པའི་གཏིང་གི་རེ་འདོད་ཀྱང་ཡིན།  དེར་བརྟེན།  སྙན་ཞུ་འདིའི་ནང་ཞུས་བ་ཚང་མའང་ཕྲན་རང་གི་མིང་ཐོག་ནས་བོད་རིགས་མི་དམངས་ཀྱི་བསམ་བློ་ཡིག་ཐོག་ཏུ་བྲིས་བ་ཡིན།  སྙན་ཞུ་འདི་སྲིད་བློན་ཁྱེད་ལ་ཕུལ་བ་དང་ཆབས་ཅིག   ཁྱེད་བརྒྱུད་ནས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་(རྒྱ་ནག་དབུས་འཐུས་མི་ལྷན་ཁང། བསྒྱུར་མཆན) དང་རླབས་ཆེན་དང་ཡང་དག་མཁས་མཛངས་ལྡན་པའི་གཙོ་འཛིན་མའོ་ཀྲུའུ་ཞི་ལ་འབུལ་རོགས་ཞུ་རྒྱུ་དང༌།  སྐུའི་ཐུགས་ཀྱི་ཟབ་ཡངས་དཀྱེལ་ཆེའི་ཐུགས་དགོངས་སུ་རོབ་ཙམ་མངའ་བ་གནང་རོགས།  དེ་ཡང་ངའི་ཤེས་ཚད་དམའ་སྟབས་སྙན་ཞུ་འདིའི་ནང་ཆ་མ་ཚང་བ་དང༌། མ་འགྲིག་མ་འཚམས་པའམ།  མི་འོས་བའི་ཆ་མང་པོ་ཏན་ཏན་ཡོད་སྲིད་པས་ཕ་མས་བུ་ལ་འདོམས་པ་ཇི་བཞིན་གཡེལ་བ་མེད་པར་སྐྱོན་བརྗོད་སློབ་སྟོན་གཟབ་ནན་གནང་རོགས། བོད་ལྗོངས་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་ཆོས་ལུགས་དང༌།   མི་རིགས་སོགས་ཀྱི་ལས་དོན་འཐུས་ཚང་གི་ལམ་ཕྱོགས་སུ་འཇུག་ཆེད།  གལ་སྲིད་ང་དང་དྲི་བ་གནང་རྒྱུ་ཡོད་ན།  ངོས་ནས་རང་གི་གང་ཤེས་ལྷག་བསམ་ཟོལ་མེད་དང་དགའ་སྤྲོ་དང་འཛེམ་སྲོལ་མེད་པའི་བསམ་ཚུལ་བཏོན་ཆོག

མདོར་ན་འདས་བའི་ལོ་བཅུ་གཉིས་རིང་ང་ནི་ཏང་གི་བཀའ་དྲིན་འོག་གནས་པ་དང༌། རླབས་ཆེན་གྱི་གཙོ་འཛིན་མའོ་ཙེ་ཏུང་གིས་གཙོས་པའི་ཀྲུང་དབྱང་གི་དབུ་ཁྲིད་རྣམ་པ་དང༌། དེ་བཞིན་ཀྲུང་དབྱང་གི་བོད་སྐྱོད་སྐུ་ཚབ་ཀྲང་ཅེ་ཝུ་ཡིས་གཙོས་བའི་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྣམ་པས་རྒྱུན་དུ་ང་ལ་སློབ་སྟོན་དང་རོགས་རམ་གནང་ཡོད་པས། ང་ལ་གསར་བརྗེའི་ལྟ་བ་དང་ཤེས་རྟོགས། ཕུགས་བསམ་སོགས་གང་ལ་གང་འཚམས་ཤིག་ལྡན་ཡོད། དེའི་སྟབས་ཀྱིས་དེ་སྔ་ངས་ཚམ་ཚོམ་གཏན་ནས་མེད་པའི་ངང་ཏང་དང་མི་དམངས་ཀྱི་ཆེད་དུ་གསར་བརྗེ་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་དང༌། བྱ་བ་ངན་པ་གང་ཡང་བསྒྲུབས་མྱོང་མེད། གནས་ཚུལ་འདི་ངའི་ལོ་རྒྱུས་སུ་བཀོད་ཡོད།

ངས་ད་ཐེངས་འདིར་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་སྒེར་གྱི་ཁེ་ཕན་བློས་བཏང་སྟེ། སྤོབས་པ་ཆེན་པོའི་ངང་ལྷག་བསམ་རྣམ་དག་གི་སྙན་ཞུ་འདི་ཕུལ་བ་ཡིན་ལ། འདི་ཡང་ངའི་ལོ་རྒྱུས་དོན་སྙིང་ལྡན་པའི་བྱ་བ་ལེགས་པོ་ཞིག་ཡིན། ངས་ཕྱིན་ཆད་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་ཀ་ལེགས་སྒྲུབ་ཞུ་རྒྱུ་མ་ཟད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད །

ཤོག་ངོས་འདི་ཐེངས་ (༡༥༧༣) ལ་བཀླགས་འདུག ཡར་འཇོག་མཁན། : དྲ་ཞབས་རྒྱལ་མཚན། རྩོམ་པ་པོ། : པཎ་ཆེན་རིན་པོ་ཆེ། ཡོང་ཁུངས། : ཕྱོགས་བསྡུས། སྤེལ་དུས : ༢༠༡༠/༡༠/༣༡ ༢༢:༠༨:༣༠



མཆན། 

དྲ་ཞབས་སེང་གེ ༢༠༡༠/༡༡/༠༡

དྲ་ཞབས་རྒྱལ་མཚན་ལགས། གོང་བཀོད་འདིར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཆ་ཚང་བ་ཡོད་དམ། འདི་དངོས་གནས་རིན་བྲལ་གྱི་ནོར་བུ་རེད་འདུག་ཡ། ཐུགས་རྗེ་ཆེ་ཞུས་པ་ཡིན།

དྲ་ཞབས་རྒྱལ་མཚན། ༢༠༡༠/༡༡/༠༢

སྙན་ཞུ་ཆ་ཚང་འདིར་ཡོད། འདི་ནི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བསྒྱུར་མ་དེ་རེད། འདིའི་ནང་དེ་སྔ་ནས་ཤོག་ལྷེ་གཅིག་ཆད་ཡོད་པ་འདིར་ཡང་ཆད་འདུག ཡིག་ནོར་མང་ཙམ་ཤོར་འདུག་པ་བཅོས་ལོང་མ་བྱུང་བས་བཟོད་གསོལ་ཞུ། སྒྱུར་མཁན་ནི་བཀྲ་ཤིས་རྒྱ་མཚོ་སོགས་སྐབས་དེའི་གསར་འབྱོར་ལས་བྱེད་སྐོར་ཞིག་རེད།

བཀླགས་མང་ཤོས།

༅། འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར། (༢༣༠༧)
༅། གནམ་ས་གོ་འབྱེད། (༢༡༤༨)
༅། འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ།། (༡༩༤༣)
༅། འདོད་པའི་བསྟན་བཅོས། (༡༩༠༣)
༅། བོད་རང་བཙན་གྱི་ལམ་ཡིག (༡༦༦༠)
༅། པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། (༡༥༧༤)
༅། གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཀུན་བཏུས། (༡༥༥༨)
༅། རྒྱ་བོད་དབྱིན་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད། (༡༢༩༡)
༅། བོད་ཀྱི་གཏམ་དཔེ་བདམས་བཀོད། ༤༡ (༡༢༥༡)
༅། ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་བརྩམས་པའི་རྒྱ་ནག་ངོ་སྤྲོད་གནད་བསྡུས། གཉིས་པ། (༡༡༤༩)

མཆན་མང་ཤོས།

༅། གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཀུན་བཏུས། (༤)
༅། པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། (༢)
༅། འདོད་པའི་བསྟན་བཅོས། (༡)
༅། རྩིས་འཁོར་གྱི་བདེ་འཇགས་དང་དུག་སེལ་མཉེན་ཆས་སྐོར་བརྗོད་པ། (༡)
༅། Microsoft Office 2010 ངོ་སྤྲོད་མདོར་བསྡུས། (༡)
༅། ༄༅།། ས་སྐྱ་ལེགས་བཤད། (༠)
༅། ༄༅།། ས་སྐྱ་ལེགས་བཤད། (༠)
༅། བོད་རང་བཙན་གྱི་ལམ་ཡིག (༠)
༅། ལེགས་བཤད་བསླབ་བྱ་ལས་༼ཆུའི་བསྟན་བཅོས།༽ (༠)
༅། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། (༠)


བརྡ་འཕྲིན་ལག་རྩལ་བ། : མར་སྒྲོན་མཉེན་ཆས་གསར་སྤེལ་ཁང་།