་འདྲ་མཉམ་སློབ་གསོ་

ཡོང་ཁུངས་Wikipedia

ཐོག་མའི་སློབ་གསོའི་གྲུབ་འབྲས་ནི་རང་དབང་གི་འདྲ་མཉམ་ལ་ཐུག་ཡོད། རང་དབང་འདྲ་མཉམ་ནི་རྒྱུན་ཆད་མེད་པའི་ཁུར་བརྩོན་དྲག་པོ་དང་། དཀའ་སྡུག་ཚད་མེད་སྤྱད་པའི་འབྲས་བུ་ཞིག་ཀྱང་ཡིན། དུས་རྒྱུན་ཏུ་ཉམ་ཐག་པའི་ཡུལ་རྣམས་བདེ་ཐབས་བྱེད་པའི་སྲོལ་བཟང་དེ་རང་དབང་གི་འདྲ་མཉམ་ཡིན་པར་བདག་གིས་ངོས་འཛིན་བྱེད་ཆོག རྒྱལ་ཁབ་ཀྱི་ལམ་ལུགས་མི་མཚུངས་པ་དང་མི་དམངས་ཀྱི་འདོད་བློ་མི་མཐུན་པ། དུས་རབས་ཀྱི་དགེ་མཚན་མི་འདྲ་བའི་སྟབས་ཀྱིས། མིའི་སེམས་ཁམས་ཀྱི་འགྱུར་བག་དང་སྤྱོད་ཚུལ་གྱི་རང་གཤིས་མངོན་གྱུར་སྣ་ཚོགས་པ་ཞིག་སྔོན་བྱུང་དང་ད་ལྟ་འབྱུང་བཞིན་པ་ང་ཚོ་ཚང་མའི་ཤེས་གསལ་ལྟར། འཛམ་གླིང་གོ་ལ་ཧྲིལ་བོའི་ཁྱོན་ན་རྒྱ་མཚོའི་རླབས་ལྟར་འཕྱོ་བའི་འཚེ་མེད་ཞི་བདེའི་འབོད་སྐུལ་སྒྲོག་པ་དེ། ང་ཚོའི་མི་རིགས་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིགས་གཞན་དག་གིས་རང་དབང་ཞི་བདེའི་ལམ་ལུགས་དགོས་ཞེས་མགྲིན་པའི་གསེང་ལམ་ནས་ད་ལྟ་དར་ཕྱར་ཕྱར་དང་དུང་འབུད་འབུད་སྒྲོག་བཞིན་མཆིས། དེང་སྐབས་ཀྱི་དགོན་སྡེ་དང་སྤྱི་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་ནི་མི་རིགས་ཡར་རྒྱས་གོང་འཕེལ་གྱི་གཞི་རྩའི་འབྱུང་ཁུངས་ཡིན་པར་མ་ཟད། སྤྱི་ཚོགས་དུས་རབས་འགྲན་ཤུགས་ཀྱི་སྐུལ་སློང་ཞིག་ཀྱང་ཡིན།

རྒྱུ་མཚན་དེའི་དབང་གིས་མི་རིགས་ཕན་ཚུན་བར་ལ་འདྲ་མཉམ་གྱི་འདུ་ཤེས་ལས་གཞན་མེད། རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་བྱེད་པ། མི་རིགས་སྲིད་གཞུང་གི་མི་སྣ་དང་དམངས་ཚོགས་ཀྱི་འདོད་མོས་གཅིག་གྱུར་དུ་མཚོན་པ། ཁྱད་པར་དུ་སྤྱི་དམངས་ཀྱི་རེ་འདོད་དང་དུ་བླངས་ནས་དམངས་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ན། ད་ཟོད། འདྲ་མཉམ་གྱི་ལམ་ལུགས་གསར་བ་དེ་མ་འོངས་པ་ན་བདེ་ལེགས་དང་ཞི་བདེའི་ངང་ནས་མི་རིགས་འདྲ་མཉམ་ཡང་དག་ཞིག་ཡོང་བར་བདག་ལ་ཡིད་ཆེས་བརྟན་པོ་ཡོད། མདོར་དྲིལ་ན། དོན་ལྡན་གྱི་ཚངས་ཐིག་ལྟ་བུ་མི་རིགས་འདྲ་མཉམ་དེ་དག་ལྷད་མ་འདྲེས་བ་ཞིག་ཡོང་འདོད་ན། ཐོགས་མར་ཕ་མའི་བསམ་བློའི་བསླབ་བྱ་ཆེས་གལ་ཆེ་བའི་སྤྱི་གཙུག་ཏུ་བཀུར་ཏེ་སྙིང་དབུས་སུ་བཅངས་པ་དང་། བར་དུ་དགེ་རྒན་གྱི་སློབ་གསོའི་ཁ་ཕྱོགས་མ་འཁྲུལ་བའི་གདམས་ངག་ཅིག་སློབ་པ་དེ་བས་ཀྱང་གལ་ཆེ་བར་སྙམ། མཇུག་ཏུ་མི་རང་ངོས་ནས་ཀྱང་འགྱུར་མེད་ལྷན་སྐྱེས་དམ་པོའི་རང་ཚུགས་མ་བོར་བའི་ཕུགས་བསམ་རྣམ་མ་ཞིག་ལྡན་ན། བར་མའི་བརྒྱུད་རིམ་འདྲ་མཉམ་གྱི་བགོ་སྐལ་དེ་དག་གོང་གི་སློབ་གསོའི་གོ་རིམ་མ་ལྡོག་པའི་འདྲ་མཉམ་ངེས་ཅན་ཞིག་གི་ སྟེང་ནས་སློབ་གསོ་ཡར་རྒྱས་གོང་དུ་འཕེལ་བ་དང་མཉམ་དུ་བར་མའི་བརྒྱུད་རིམ་ཡོད་ཚད་འཐུས་ཚང་ཅན་དུ་འགྱུར་ངེས། འདྲ་མཉམ་གཅིག་གྱུར་ཡོང་བ་དེ་ནི་མ་འོངས་ལམ་བཟང་མངོན་གྱུར་ཐུབ་པའི་མཚོན་དོན་གལ་ཆེན་ཞིག་ཡིན། སྔ་མའི་དེ་གཉིས་ཀྱི་གཞུང་ཤིང་ལ་བརྟེན་ནས་འདྲ་མཉམ་ལམ་ལུགས་འདི་དག་ལ་གོམ་གང་མདུན་དུ་སྐྱོད་ན། རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་བར། མི་དང་མིའི་བར། ཐ་ན་ཁོར་ཡུག་སྲོག་ཆགས་ནང་ཕན་ཚུན་གྱི་བར་ལ་བདེ་འཇགས་དང་མཐུན་སྒྲིལ་དམ་པོའི་སྒོ་ནས་བཟུང་ན། མཇུག་གི་གྲུབ་འབྲས་ཆེན་པོ་དེ་ཡང་བགྲོད་དཀའ་བའི་ཆུ་ཆེན་ལ་ཟམ་པ་འཕངས་པ་ཇི་བཞིན། མི་རིགས་ཚང་མའི་དཀའ་ངལ་དང་འབད་རྩོལ་སོགས་ཅུང་མེད་པར་ལས་སླ་བས་ངང་ནས་མི་རིགས་འདྲ་མཉམ་ཡང་དག་པ་ཞིག་མངོན་གྱུར་ཐུབ་པར་སེམས་སོ།