Jump to content

Wikipedia:སྒེར་ཁྲིམས།

ཡོང་ཁུངས་Wikipedia

བྱུར་ངན་ཟློག་པ་དགུ་སྐོར།

ཀླུ་ཁྱུང་ཕུར་ཐོགས། དེང་གི་དུས་སྐབས་འདིར་འཇིག་རྟེན་གོ་ལ་ཟླུམ་པོ་འདིའི་ཐོག་གི་རྒྱལ་ཁབ་ཆེ་ཆུང་འདྲ་མིན་དང་། ཡང་ན་ཚོགས་སྡེའམ་མི་སྒེར་སུ་འདྲ་ཞིག་ཡིན་ཡང་། ཚང་མས་རང་དབང་དང་འདྲ་མཉམ། དམངས་གཙོ་དང་ཞི་བདེ་ཡི་ལམ་ཁ་ཞིག་ལ་འཚོལ་སྙེག་བྱེད་ཀྱིན་ཡོད་ལ། འཇིག་རྟེན་མི་སྡེ་གར་ཁྱབ་ཀྱི་མི་དམངས་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་དང་སྤྱི་ཚོགས་འཕེལ་རིམ་དེའང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་བཟུང་། ལོ་རྒྱུས་ཀྱི་གནས་བབ་དང་མི་དམངས་ཀྱི་མངོན་འདོད་མཚོན་པའི་འཚོ་བའི་དགོས་མཁོ་འབའ་ཞིག་གི་ཕྱིར་དུ་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེར་མངོན་ཡོད། དེ་བཞིན་དུ་འཇིག་རྟེན་འདིའི་ཐོག་གི་རྒྱལ་ཁབ་ཕལ་མོ་ཆེ་མི་རིགས་གཅིག་དང་རིག་གཞུང་གཅིག་གི་ལོ་རྒྱུས་བྱུང་རིམ་ལ་རྨ་མ་བྱུང་བར་རྒྱལ་ཁབ་གཅིག་གི་ངོ་བོར་གནས་ཡོད་པའང་ཤིན་ཏུ་ཉུང་ཞིང་། མང་ཆེ་བ་མི་རིགས་མི་འདྲ་བ་མང་པོ་ཕྱོགས་གཅིག་ཏུ་འདུས་ནས་ཐུན་མོང་གི་ཚོགས་སྤྱི་ཚོགས་ཤིག་ཏུ་གྲུབ་ཡོད་མོད། དེ་དག་གི་སོ་སོའི་སྐད་དང་ཡི་གེ ལོ་རྒྱུས་དང་རིག་གཞུང་། གནས་ཡུལ་ས་ཁོངས་སོགས་ལ་དབྱེ་མཚམས་གསལ་བོར་ཕྱེས་ཡོད། ཕྱི་ལོ་༡༨༤༨ཀྱི་མཚམས་ནས་དམར་ཕྱོགས་རིང་ལུགས་དར་འགོ་ཚུགས་ཤིང་། ལྷག་པར་དུ་ལེ་ཉིན་རིང་ལུགས་ཟེར་བས་མར་ཁེ་སུའི་རིང་ལུགས་ལ་བསྒྱུར་བཅོས་དང་འཕྲི་སྣོན་མང་པོ་བྱས་ཏེ། རིམ་བཞིན་མའོ་ཙེ་ཏུང་གི་བསམ་ཚུལ་དང་བཅས་པའི་དེང་གི་རྒྱ་ནག་དམར་ཕྱོགས་པའི་རིང་ལུགས་འདི་གྲུབ་ཡོད་ལ། ཁོ་ཚོའི་འདོད་ཚུལ་ལྟར་ན་རྒྱལ་ཁབ་ནི་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ཞིག་ལ་གཉའ་གནོན་བྱེད་པའི་ཡོ་བྱད་ཡིན་ཟེར་གྱི་ཡོད་པ་རེད། འཛམ་གླིང་འདིའི་ཐོག་འདི་ལྟ་བུའི་རྙོག་ཟིང་དང་འཁྲུག་རྩོད་ཁྲོད་ཀྱི་ལྟ་གྲུབ་ཁྱེར་པའི་ཚོགས་སྡེའམ་ཡང་ན་རྒྱལ་ཁབ་མང་པོ་ཞིག་བྱུང་མྱོང་ཡོད་པས། སྐབས་དེ་དུས་ཀྱི་མི་དམངས་རྣམས་ལ་ཞི་བདེ་བག་ཕེབས་དང་དུས་བདེ་གནས་འཇམ་ཞིག་ཡོང་རྒྱུ་ཤིན་ཏུ་ནས་ཁག་པོ་ཡིན་མོད། སྤྱི་ལོ་སྔོན་གྱི་ལོ་ངོ་༧༥༠ཡས་མས་སུ། གནའ་བོའི་ཀེ་རི་སིའི་གཙོ་བོ་སྤྱི་དམངས་ཀྱིས་ཐུན་མོང་ལ་གཙོ་ཁྲིད་བྱེད་པའི་ལམ་ལུགས་འགོ་ཚུགས་པ་ནས་བཟུང་། དུས་རབས་དང་ལོ་རབས་མང་པོར་རིམ་བརྒྱུད་ཀྱིས་མི་དམངས་དམངས་གཙོའི་འཕེལ་རིམ་གྱི་ལམ་ཁ་ཡངས་པོར་ཕྱེས་ཏེ། འོས་བསྡུའི་ན་ཚོད་ཟིན་པའི་སྐྱེ་བོ་ཀུན་གྱི་རང་དབང་དང་ཐོབ་ཐང་འདྲ་མཉམ་གྱི་མཉམ་ཞུགས་གཞི་རྩར་བཟུང་བའི་རྒྱལ་འབངས་མང་མོས་ཀྱི་དབང་སྒྱུར་འོག ཡང་དག་པའི་དམངས་གཙོའི་ལམ་ལུགས་བྱུང་སྟེ་དེང་གི་དུས་སུ་རྒྱལ་ཁབ་ཕལ་མོ་ཆེས་དམངས་གཙོའི་ལམ་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་གོང་བཀུར་ཚད་མཐོན་པོ་བྱེད་པ་དང་། དེ་ལྟ་བུའི་ལྟ་གྲུབ་དང་ལམ་ལུགས་འོག་མི་དང་མིའི་བར། ཕོ་མོ་དང་རིགས་རྒྱུད། ལོ་རྒྱུས། རིག་གཞུང་། ཆོས་ལུགས་སོགས་ཕན་ཚུན་དབྱེ་འབྱེད་བྱེད་པ་ནི་སོ་སོའི་བྱེད་ནུས་དང་འབྱུང་ཁུངས་སོགས་ཀྱིས་མཚོན་པའི་ཐུན་མིན་གྱི་ཁྱད་ཆོས་དང་། རིགས་མི་འདྲ་བའི་རིག་གཞུང་དག་གི་བདག་དབང་ངམ་འགན་འཁྲིའི་སྐོར་ལ་གསལ་ཁ་དོད་པོའི་དབྱེ་མཚམས་ཕྱེས་པ་ཞིག་ལས། མི་རིགས་དང་མི་རིགས་བར་རིགས་རྒྱུད་མཆོག་དམན་བགར་བ། དད་སེམས་གཅིག་གྱུར་བྱེད་པ། དབང་ཆ་གཅིག་སྡུད་བཟོ་བ། ཡང་ན་མཆོག་དམན་དང་མང་ཉུང་གི་གྲལ་རིམ་བགར་ཏེ་རིགས་རྒྱུད་གཅིག་གི་ཁོངས་སུ་བཙན་ཤེད་ཀྱིས་སྒྱུར་ཐབས་བྱེད་པ་སོགས་རྩ་བ་ནས་མ་ཡིན་པར། དེ་ལས་ལྡོག་ཏེ་མི་སེར་སྤེལ་ཡུལ་རིང་ལུགས་དང་དབང་ཆ་སྒེར་འཛིན་ལམ་ལུགས་པ་རྣམས་ལ། སུན་འབྱིན་དང་། ངོ་རྒོད། དམན་པར་བལྟ་བ། ཁྲིམས་གཏུག་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། འཛམ་གླིང་ཐོག་གི་སྒེར་འཛིན་པའི་གཞུང་སྒེར་ཚོགས་སྡེ་མང་པོ་ཞིག་འཐབ་རྩོད་ཀྱི་ངོ་བོ་མི་འདྲ་བའི་རྣམ་པའི་ཐོག་ཀུན་མཐུན་གྱི་ལམ་ཁ་ཞིག་ལ་འགྱུར་ཏུ་བཅུག་པ་དང་། ཡང་ན་རྩོད་རྙོག་དང་འཐབ་རྩོད་ཀྱི་ངོ་བོར་མ་སོང་བར་སྤྱི་མོས་རང་བཞིན་གྱིས་འགྱུར་བ་ཐེབས་པ་སོགས་མང་པོ་ཞིག་བྱུང་ཡོད། རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་སོ་སོའི་རྒྱལ་ཁོངས་སུ་གནས་པའི་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ལོ་རྒྱུས། ཁོར་ཡུག སྐད་ཡིག ཆོས་ལུགས་སོགས་ལ་སྲུང་སྐྱོབ་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར། མི་ཚང་མར་ཐོབ་ཐང་འདྲ་མཉམ་དུ་ཐོབ་ན་ད་གཟོད་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་བརྟན་ལྷིང་ཡོང་བ་སོགས། མི་དམངས་ལ་ཐོབ་འོས་པའི་ཐོབ་ཐང་དེ་རིགས་ནི་མིའི་རིགས་ཐུན་མོང་ལ་བདག་པའི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པའི་གནས་ལུགས་རྟོགས་པའི་སྒོ་ནས། རང་ལས་གཞན་གཅེས་དང་ཀུན་ཕན་སེམས་སྐྱེད་ཀྱི་ཚད་མཐོན་པོའི་བསམ་བློའི་ཁ་ཕྱོགས་བཟུང་ཏེ། མི་ཚང་མ་འགྲ་མཉམ་གྱི་ཐོབ་ཐང་ཐོག དུས་རབས་ཉེར་གཅིག་པའི་བདེ་སྐྱིད་རྫོགས་ལྡན་གསར་པའི་ཕུན་ཚོགས་ལ་མཉམ་གཅིག་ཏུ་རོལ་ཆོག་པའི་རྒྱལ་སྤྱི་རང་བཞིན་གྱི་སྤྱི་ཚོགས་གསར་བ་ཞིག་བཞེངས་སྐྲུན་བྱེད་པའི་གསོན་ཤུགས་དེ་ཆེ་ཆེར་རྒྱས་བཞིན་ཡོད། དེ་བས་དེང་གི་དུས་སྐབས་འདིར་མིའི་རིགས་ཀྱི་ཐོབ་ཐང་འདྲ་མཉམ་དང་བདེ་སྡུག་ལ་བསམ་ཤེས་མི་བྱེད་པའི་མི་སེར་སྤེལ་ཡུལ་ལམ་ལུགས་དང་། ཡང་ན་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱིས་རྒྱལ་ཁབ་སྐྱོང་བ་དང་། དེ་ལ་མཐུན་འགྱུར་དང་རམ་འདེགས་ཀྱི་ལག་ཆར་སྤྱད་ཆོག་པའི་ཚོགས་སྡེའམ་ཕྱོགས་ཁག་འདྲ་མིན་འཛུགས་པའི་དུས་རབས་དེ་རྨང་ནས་ཞིག་ཅིང་རལ་ཏེ། ཉག་ཕྲ་ཞིང་མིང་གི་ལྷག་མར་གྱུར་པ་རེ་ཟུང་ཞིག་ལས་གནས་མེད་པར་བལྟས་ན། ཐེངས་འདིའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་མི་རིགས་བྱེ་བྲག་པ་སྐོར་ཞིག་དམར་གསོད་བྱེད་པར་བརྩམས་པའི་སྟར་གྲི་འདིའང་སྒེར་འཛིན་སྲིད་གཞུང་ཞིག་གི་དབུགས་རྒྱུན་མ་ཆད་གོང་གི་འཕག་འཚག་ཙམ་ལས་མ་འདས་མོད། རྒྱ་ནག་དམར་པོའི་གཞུང་གིས་སྒྲོ་འདོགས་སྐུར་འདེབས་དང་གཞི་རྩ་མེད་པའི་སྡིགས་ར་བསྐུལ་ཏེ། ཕྱི་ཤུན་ལ་མཛེས་ཆོས་སྤྲོས་པའི་ཁྱབ་བསྒྲགས་རྫུན་མ་རྣམས་དུས་ནས་དུས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་བ་དང་། ད་དུང་ཆེས་ཉེན་ཚབས་དང་ནོར་འཁྲུལ་གྱི་ལས་འགུལ་དེ་རིགས་སྤེལ་སྐབས་སྔོན་ལ་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་སོ་མྱུལ་ཐེངས་གཅིག་བྱེད་སྲོལ་ཡོད་པས། བོད་མི་རིགས་གཙོས་གྲངས་ཉུང་མི་རིགས་སུ་འབོད་པའི་སོག་པོ་དང་། ཡུ་གུར་བ། ཁ་ཆེ་རིགས་སོགས་ཀྱིས་མཚོན་པའི་ཉམ་ཆུང་མི་རིགས་ཚོ་ཇི་ལྟར་རྨེག་མེད་དུ་གཏོང་བའི་བྱེད་ཐབས་ཉི་ཚེ་བ་འདིར་བརྡར་ཤ་ཐེངས་ཤིག་གཅོད་འདོད་སྐྱེས་སོང་། ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ “ མི་རིགས་གནད་དོན ” ཟེར་བ་ཞིག་གླེང་གིན་འདུག་པ་དེ་ནི་དྲང་ཕྱོགས་ཀྱི་བསམ་བློའི་འཁྱེར་སྟངས་ཤིག་དང་། ཁོ་ཚོའི་དྲིལ་བསྒྲགས་བརྒྱུད་ལམ་ཁག་གི་བསྟན་དོན་ཁོ་ནར་ཆ་འཇོག་དང་ངོས་འཛིན་བྱས་ན། མི་རིགས་ཕན་ཚུན་མཐུན་བསྒྲིལ་དང་། མི་རིགས་ཀྱི་འཚོ་བ་ཡར་རྒྱས། མི་རིགས་ཀྱི་རིག་གནས་གོང་སྤེལ། མི་རིགས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་པ་སོགས་ཕྱོགས་ལྷུང་མེད་པའི་སྲིད་ཇུས་ཤིག་གི་སྣང་བརྙན་རྫུམ་མ་ཞིག་མངོན་ཅི་ཐུབ་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁོ་རང་ཚོའི་དགོས་འདུན་དང་དམིགས་ཡུལ་ངོ་མ་ནི་དེ་དག་གི་ལྡོག་ཕྱོགས་འབའ་ཞིག་ལས་མ་འདུས་སྟེ། དེ་ནི་རྒྱ་ནག་དམར་པོ་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་མགོ་ཁྲིད་ཚོའི་དབང་ཤུགས་སྲ་བརྟན་དང་། སྒེར་སྤྱོད་སྲིད་དབང་ཡུན་གནས། དེ་བཞིན་དུ་ཁྱིམ་བརྒྱུད་དབང་འཛིན་པ་ཚོའི་ལོངས་སྤྱོད་ལ་ཟད་མཐའ་མེད་པར་བརྟན་ལྷིང་ཡོང་དགོས་ན། རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་སྒེར་ལ་དབང་བའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་དང་། སློབ་གསོའི་དམིགས་ཚད་ལ་ཚད་བཀག་གིས་བཟོ་བཅོས་བྱས་ཏེ། མི་དམངས་རྣམས་དབུལ་ཕོངས་དང་རྨོངས་ཞེན་གྱི་གནས་སུ་བཅར་བཅུག་ནས་གཞན་རྟེན་དང་སྐྱབས་འཚོལ་གྱི་ལམ་ཁར་བཙན་ཤེད་ཀྱིས་དེད་དེ་སྒེར་འཛིན་སྲིད་གཞུང་གི་བཀོད་ངག་ལ་ཉན་པར་བྱེད་དུ་འཇུག་པ། འཚོ་གནས་སྡོད་ཁང་དང་བཅས་པ་གཅིག་བསྡུས་ཅན་དང་། ཐུན་མོང་ཅན་དུ་བསྒྱུར་ནས་གྲངས་ཉུང་མི་རིགས་རྣམས་འདུས་སྡོད་བྱེད་སའི་ས་ཁུལ་དག་ཏུ“ སྡོད་ཁང་སྲང་ལམ་ཅན། འཚོ་བ་ཐུན་མོང་ཅན། རྩ་འཛུགས་དམག་དོན་ཅན། བྱ་སྤྱོད་འཐབ་འཛིང་ཅན”སོགས་རིག་གསར་སྐབས་ཀྱི་ཐབས་ལམ་རྙིང་རུལ་རྣམས་ཡང་བསྐྱར་རོ་ལངས་བརྒྱག་ཏུ་འཇུག་ནས། མི་དམངས་ཀྱི་གཞུང་དང་མི་དམངས་ཀྱི་རྒྱལ་ཁབ་ཟེར་བའི་རྒྱལ་སྤྱིའི་ཐོག་གི་རྒྱལ་ཁབ་མང་པོའི་ལམ་ལུགས་དང་རྦད་དེ་ལྡོག་ཕྱོགས་སུ་ལངས་ཏེ། རྒྱལ་ཁབ་ཀྱི་མི་དམངས་ཁོ་ནར་བཞེངས་སྐྲུན་བྱས་ནས་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ཐོག་མངོན་སུམ་འཛེམས་མེད་དུ་བསྐྱོད་དེ། གྲངས་ཉུང་མི་རིགས་ཚོའི་ས་ཐོག་ཏུ “ བཟོ་གྲྭ་ལས་བཙོན་ཁང་མང་བ་དང་། མི་དམངས་ལས་དམག་མི་མང་བ། སྒེའུ་ཁུངས་ལས་ཀློག་ལེན་པར་ཆས་མང་བ ” སོགས་རྒྱལ་ཁོངས་གཅིག་གི་མི་དམངས་ཚོར་གྲལ་རིམ་མི་འདྲ་བའི་ཐོབ་ཐང་གི་དབྱེ་འབྱེད་གསལ་བོ་བཟོས་ཏེ། བཙན་ཤེད་ཀྱིས་སྲིད་དབང་སྒེར་འཛིན་གྱི་གཞུང་ལ་གོང་བཀུར་དང་ཁོ་ཚོའི་སྒེར་བདག་དབང་ཆ་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་འབྱུང་བའི་ཐབས་ལམ་དུ་ཉམ་ཆུང་མི་དམངས་ཚོའི་ཐོག་རྡུང་རྡེག་མནར་གཅོད་དང་བཙོན་འཇུག་དམར་གསོད་ཀྱི་ལས་འགུལ་བར་མཚམས་མེད་པར་སྤེལ་དང་སྤེལ་མུས་སུ་ཡོད་པ་མ་ཟད། ཕྱོགས་གཅིག་སློབ་གསོའམ་དམིགས་བཀར་སློབ་གསོ་ཁོ་ན་མྱངས་སུ་བཅུག་ནས་མཚམས་རེར་མི་རིགས་ཆེན་པོའི་རིང་ལུགས་ཀྱི་འདུ་ཤེས་སྤེལ་བ་དང་ཕྱོགས་མཚུངས། དམར་ཕྱོགས་སྒྲིག་འཛུགས་དང་སྒེར་བདག་མགོ་ཁྲིད་ཚོའི་ཁེ་ཕན་ལ་ཉེན་ཚབ་དང་བར་ཆད་ཆེ་བའི་སྐབས། རྒྱ་ནག་མི་རིགས་དང་མི་རིགས་གཞན་དག་བར་འགལ་ཟླ་བཟོས་ནས་མི་རིགས་ཆེན་པོའི་རིང་ལུགས་སྤེལ་ཏེ་རྒྱ་མི་རིགས་རྣམས་ལ་རང་ཉིད་མཆོག་འཛིན་གྱི་ལྟ་བ་སྐྱེས་སུ་འཇུག་པ། རྒྱལ་ཁབ་གཞན་གྱི་བྱས་ཉེས་ཆུང་ཙམ་ལའང་ཆེ་བརྗོད་ཆེ་གླེང་གིས་ཚབས་ཆེའི་ཉེས་འགེལ་སོགས་བྱས་ཏེ། མི་དམངས་སྤྱི་ཡོངས་ཀྱི་བསམ་བློའི་འཐབ་རྩོད་དང་ལར་ཞེན་ཕྱོགས་གཅིག་ཏུ་བསྡུས་ནས། སྒེར་འཛིན་སྲིད་གཞུང་གི་ཕྱོགས་སུ་འགུགས་ཐབས་ཀྱིས་རྒྱལ་གཅེས་བསམ་བློ་སྐྱེད་སྲིང་བྱེད་ཐབས་ཀྱི་གཡོ་བཅོས་སྤེལ་བ། དེ་ཙམ་གྱིས་ཀྱང་མ་ཕན་པའི་གནས་སྟངས་བྱུང་ཚེ་དམག་འཁྲུག་སོགས་ཀྱི་འགལ་ཟླའི་རྣམ་པ་བཟོ་ཐབས་བྱས་ཏེ་མི་མང་གི་བསམ་བློ་ཚུར་འགུགས་བྱེད་པའི་ཐབས་ཤེས་བྱེད་པ་རེད། འདི་ལྟ་བུའི་ཆབ་སྲིད་བསམ་བློའམ་སྲིད་ཇུས་ཉི་ཚེ་བ་དེ་རིགས་སྤེལ་བའི་ཆེད་དུ་ངེས་པར་དུ་མི་མང་གི་ཤེས་ཡོན་ཚད་གཞི་དང་། དཔལ་འབྱོར་ཚད་གཞི་དམའ་རིམ་ཐོག་ཚོད་འཛིན་བྱེད་ཀྱིན་འདུག མདོར་ན་དམར་པོའི་གཞུང་འདིས་མི་རིགས་སློབ་གསོའི་དམིགས་འབེན་དང་འཕེལ་རྒྱས་གྱི་ཚད་འཛིན་ས་ནི་མི་རིགས་ཐུན་མོང་ལ་ཕན་པའམ། མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་ཕན་ཐུབ་པའི་མིའི་བསམ་སྤྱོད་དང་ཤེས་ཡོན་ཡར་རྒྱས་འབྱུང་ཐབས་ཀྱི་ནུས་ཚད་ཁྲིད་སྟོན་བྱེད་པ་སོགས་ཀྱི་སློབ་གསོའི་བྱེད་ཐབས་གང་ཡང་མི་སྤྱོད་པར། སྒེར་བདག་སྲིད་གཞུང་གི་བརྟན་ལྷིང་ཁོ་ནའི་ཆེད་དུ་མི་རྣམས་ཀྱི་བསམ་བློའི་འཁོར་རྒྱ་ཆུང་དུ་གཏོང་བ་དང་། མིའི་རིགས་ཀྱི་བསམ་བློའི་འཕེལ་རྒྱས་དང་། འཇིག་རྟེན་ལྟ་གྲུབ། ཆོས་ལུགས་དད་མོས། སྨྲ་བརྗོད་རང་དབང་སོགས་ལ་ཚོད་འཛིན་བྱས་ཏེ་མི་ཚང་མ་འཕྲུལ་ཆས་ལྟར་བཀོད་འདོམས་གཅིག་གི་ཁྱབ་འོག་ལ་གནས་སུ་འཇུག་རྒྱུ་དེའོ།། མི་དམངས་རྣམས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་བསམ་བློའི་མཐོང་རྒྱ་དང་འཕེལ་རྒྱས་ཐད་ལ་ཚད་བཀག་ཐེབས་སུ་བཅུག་པའི་ས་ཁུལ་ཁག་དང་། ཡང་ན་སྲིད་དབང་སྒེར་འཛིན་བྱེད་པའི་སྒེར་གཅོད་པ་འདོད་རྔམས་ཅན་ཉུང་ཤིས་ཤིག་ད་དུང་ཡང་། འཛམ་གླིང་སྤྱིའི་འཕེལ་རིམ་གྱི་ལྡོགས་ཕྱོགས་སུ་འགྲོ་བཞིན་ཡོད་པས། གནས་སྟངས་འདིའི་རིགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ནས་ངེས་པར་དུ་ཟློག་ཐབས་བྱེད་དགོས་པའི་ལས་འགན་གལ་པོ་ཆེ་ཞིག་རེད། དེང་གི་རྒྱ་ནག་དམར་པོའི་སྲིད་གཞུང་ནི་འགྲོ་བ་མིའི་སྤྱི་ཚོགས་འཚོ་བར་ཆེས་མི་འཚམ་པའི་ཚབ་མཚོན་རང་བཞིན་གྱི་སྲིད་གཞུང་དེ་ཡིན་ལ། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྒེར་བདག་དབང་འཛིན་པ་ཉུང་ཤས་ཤིག་གི་ཁྱིམ་བརྒྱུད་ཁོ་ནར་ཐོབ་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་སུ། རྒྱལ་སྤྱིའི་ལྡིང་ཆ་དང་བརྒྱུད་ལམ་ཁག་འདྲ་མིན་ཐོག་ཀུན་རྫོབ་ལྟར་སྣང་གི་སྲིད་ཇུས་ཉི་ཚེ་བ་དེ་རིགས་ཆེ་ཆེར་བརྒྱུད་བསྒྲགས་བྱེད་པ་དང་། མངོན་དང་ལྐོག་གི་དབྱེ་མཚམས་ཐབས་བཅོས་སུ་བརྟེན་ནས་རྒྱལ་སྤྱིའི་མི་དམངས་ཀྱི་སྤྱན་ལམ་དུ་དངོས་དོན་ལྟར་དུ་སྣང་ཡང་དོན་དམ་དུ་མ་ཡིན་པའི་སྙང་བརྙན་མང་པོ་ཞིག་བཞེངས་སྐྲུན་བྱས་ཡོད། དཔེར་ན། སྤྲང་བོར་གོས་གཡར་སྤྲོས་ནས་འདུ་འཛིར་ཤོམས་སྟོན་བྱེད་པ་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚོན་བྱེད། བདག་པོ་དོང་དུ་སྦོས་ནས་མགྲོན་པོའི་ན་མ་བསུ་བ་རང་ཁྱིམ་རང་བདག་གི་མཚོན་བྱེད། གནའ་སྲོལ་དུག་ཏུ་ཕབས་ཏེ་སྐད་ཡིག་གཅིག་ཏུ་སྒྱུར་པ་ཤེས་ཡོན་ཡར་རྒྱས་ཀྱི་མཚོན་བྱེད། སྲོག་ལ་སྟར་གྲི་བཙུགས་ཏེ་ཁ་ནས་བུ་རུ་འབོད་པ་ཐོབ་ཐང་འདྲ་མཉམ་གྱི་མཚོན་བྱེད། རང་བྱུང་ཤིང་ནགས་བཅད་ནས་ལྷས་རར་སྨྱུ་གུ་འཛུགས་པ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚོན་བྱེད། བླ་མ་དུག་གིས་བཀྲོངས་ཏེ་སློང་བཟེད་དར་གྱིས་བཏུམ་པ་ཆོས་ལུགས་རང་མོས་ཀྱི་མཚོན་བྱེད། འདི་དང་འདི་ལྟ་བུའི་གཡོ་འཕྲུལ་དང་རྫུན་སྒྲིག་གི་འཁོར་ལོ་བར་མེད་དུ་བསྐོར་ནས་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་བཞིན་ཡོད་ལ། འཇིག་རྟེན་དབང་དུ་བསྡུ་པའི་ཧམ་སེམས་དང་འདོད་རྔམས་ཀྱང་དེ་ལྟར་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་དམར་སྒེར་སྤྱོད་སྲིད་དབང་གིས་ཁོ་ཚོ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅིག་ཡིན་ཟེར་བ་དང་། སྲིད་དབང་སྒེར་སྤྱོད་པ་ཡིན་ཡང་དམངས་གཙོ་ཡོད་ཟེར་བ། ཡང་དམངས་གཙོའི་གོང་ན་གཅིག་སྡུད་ཡོད་དགོས་པ་བཅས་ཆ་མི་འཚལ་བའི་བྱེད་ཐབས་དེ་རིགས་སྤྱད་དེ་མི་དམངས་རྣམས་བླུན་རྨོངས་དང་རྗེས་ལུས་ཀྱི་གནས་སུ་ཕྱིར་སྣུར་བྱེད་དུ་བཅུག་ནས་མཐར་བསམ་བློ་བག་འཁུམས་ཅན་དང་། བྱ་སྤྱོད་གོང་བཀུར་ཅན། རྩ་འཛུགས་ཁྱིམ་བརྒྱུད་ཅན། ཐོན་སྐྱེད་འདྲ་བཤུས་ཅན། དྲིལ་བསྒྲགས་སྟར་སྣང་ཅན་དུ་བསྒྱུར་ན་ད་བཟོད་ཁོ་རང་ཚོའི་ཁེ་ཕན་ཡུན་གནས་དང་། ལོངས་སྤྱོད་ལ་ཟད་མཐའ་མེད་པར་ཇི་སྲིད་བར་གནས་ཐུབ་པའི་འདུ་ཤེས་བཅངས་ཡོད་པ་རེད། སྲིད་དབང་སྒེར་སྤྱོད་པ་འདི་ཚོས་ཁོ་ཚོའི་ཁྱབ་འོག་གི་མི་དམངས་ཚང་མར་མིའི་རིགས་ཐུན་མོང་ལ་ཡོད་ཐུབ་པའི་གཅིག་མཚུངས་ཀྱི་ནུས་ཤུགས་རྣམས་མེད་པར་བཟོ་བའམ། འཛམ་གླིང་སྔོན་ཐོན་མི་རིགས་རྣམས་ཀྱི་རྗེས་སུ་ལུས་བར་བྱེད་འདོད་པ་སོགས་ནི་དེང་གི་རྒྱ་ནག་དམར་པོའི་དབང་འཛིན་པ་ཁག་ཅིག་གི་སྲིད་ཇུས་འཛིན་སྟངས་ཀྱི་བསམ་བློའི་ལྟེ་བའམ་དམིགས་ཡུལ་གཙོ་བོ་རང་རེད། ཀྲུའུ་ཝེ་ཆོན་གྱིས “རང་རྒྱལ་མི་རིགས་དང་ཆོས་ལུགས་ལས་དོན་དེ་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད་ཀྱང་། ད་དུང་དཀའ་ངལ་མི་ཉུང་བ་ཞིག་ཡོད། དཀའ་ངལ་དེ་ཚོ་ནི་བཅོས་སྒྱུར་གུ་ཡང་ལས་བྱུང་བ་དང་། འགའ་ཤས་ནུབ་ཕྱོགས་དགྲར་གཏོགས་”ཟེར་བ་ལས་བྱུང་བར་བཤད་ཡོད། ཁོས་བཤད་པས་སྐད་ཆ་འདིའི་མངོན་ལྐོག་གཉིས་ལ་ཞིབ་ཏུ་བརྟགས་ན་རྒྱ་ནག་དམར་པོའི་གཞུང་ལ་མི་རིགས་དང་མི་རིགས་དབར་འགལ་རྐྱེན་ཅན་གྱི་གནད་དོན་མང་པོ་ཞིག་ལྷགས་ཡོད་པ་དང་། དེ་དག་ཐག་གཅོད་བྱེད་པའི་ཐབས་ལམ་ནི་གྲངས་ཉུང་མི་རིགས་ཚོར་གུ་ཡང་སྟེར་མི་ཉན་པ་དང་། སྤྱི་ཡོངས་ཀྱི་ཐོབ་ཐང་འདྲ་མཉམ་སྟེར་མི་ཉན་པ། མི་རིགས་ཀྱི་ངོ་བོར་གྲུབ་པའི་ཆོས་ལུགས་དང་སྐད་ཡིག་རིག་གནས་སོགས་མེད་པར་གཏོང་དགོས་པ་ནི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པར་མ་ཟད། རྒྱ་ནག་དམར་པོའི་སྒེར་གཅོད་གཞུང་གི་དབང་འཛིན་པའི་ཕྱོགས་རྟོགས་མི་རིགས་དང་། གཞན་པའི་གྲངས་ཉུང་མི་རིགས་ཟེར་བར་དབྱེ་མཚམས་གསལ་བོ་ཕྱེས་ནས། གྲངས་ཉུང་མི་ཚོར་མི་རིགས་གྲངས་མང་ངམ་རྒྱ་རིགས་ཆེན་པོའི་མི་རིགས་ལྟར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆ་ཚང་སྟེར་མི་ཉན་པ་དང་། དབང་ཆ་གཅིག་སྡུད་དམ་སྲིད་དབང་སྒེར་གཅོད་ལམ་ལུགས་ཐོག་མི་སེར་སྤེལ་ཡུལ་ཁོ་ནས་བྱེད་ཐབས་སྤྱད་སྟེ། བཙན་ཤེད་ཀྱིས་བསྒྱུར་བཀོད་བྱེད་དུ་འཇུག་པ་དང་། བཙན་ཤེད་ཀྱིས་སྐད་ཡིག་རྒྱ་རིགས་ཅན་དང་། ལོ་རྒྱུས་རྒྱ་རིགས་ཅན། ཡིག་གེ་རྒྱ་རིགས་ཅན། མཐར་རིགས་བརྒྱུད་རྒྱ་རིགས་ཅན་ཏེ་ཧྭ་ཞ་མི་རིགས་སམ་ཧན་མི་རིགས་སུ་བཙན་བསྒྱུར་གྱིས་མི་རིགས་བྱེ་བྲག་པའི་ཐུན་མོང་ལ་དབང་བའི་ས་ཁོངས་དང་། ཐུན་མོང་ལ་དབང་བའི་སྐད་དང་ཡི་གེ ཐུན་མོང་ལ་དབང་བའི་སྲོད་རྒྱུན་རིགས་རྣམས་རྩ་གཏོར་བྱས་ན་མི་རིགས་ཅེས་པའི་གནད་དོན་མེད་པར་སེམས་པ་དང་། རྒྱ་རིགས་མི་དམངས་ཀྱིས་ཀྱང་རྗེས་སུ་ཡུ་རིང་བྱེད་པ་ལས་བཀག་འགོག་དང་གནོད་ཤུགས་ཅི་ཡང་མི་སྤྲོད་པར་གྲངས་ཉུང་མི་རིགས་སུ་འབོད་པ་རྣམས་རྩ་བརླགས་སུ་བཏང་ན་མི་རིགས་ཆེན་པའི་སྟོབས་ཤུགས་ལ་འཕེལ་རྒྱས་བྱུང་བའི་བསམ་ཚུལ་འཛིན་པར་འདོད་པ་དེ་ཡིན། སྤྱིར་འཇིག་རྟེན་མི་སྡེ་ཀུན་ཁྱབ་ཀྱི་རིག་གཞུང་ནི་འཛམ་གླིང་མི་མང་ཐུན་མོང་གི་ཡིན་པ་དང་། རིགས་མི་འདྲ་བའི་མི་རིགས་རྣམས་ཀྱི་དབྱེ་བའང་ཐུན་མོང་མ་ཡིན་པའི་སྲོད་རྒྱུན་རིག་གཞུང་དག་གིས་ཕན་ཚུན་གཅིག་ཏུ་མ་འདྲེས་བར་སོ་སོར་ཕྱེས་ཡོད་ལ། དེ་ལྟ་བུའི་རིགས་གནས་རྣམས་ནི་ཆེ་གནའ་རབས་ཅན་དང་། ཆེ་ལྐོག་གྱུར་ཅན་ཤ་སྟག་སྟེ། གནའ་བོའི་ལོ་རྒྱུས་རིག་གནས་དང་། སྐད་ཡིག་རིག་གནས། ཆོས་ལུགས་རིགས་གནས། གནའ་ཤུལ་རིག་གནས་སོགས་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་ལྟ་ཚུལ། མདོར་ན་འཇིག་རྟེན་དང་འཇིག་ལས་འདས་པའི་རིག་གནས་ཀྱི་དོན་གནད་མང་པོ་ཞིག་རིགས་མི་འདྲ་བའི་མི་རིགས་རྣམས་ལ་སོ་སོར་ངོ་བོ་གཡེར་མེད་དུ་འཐིམ་ཡོད། དེ་བས་མི་རིགས་ཤིག་ཡིན་ན་རིག་གཞུང་བྱེ་བྲག་པ་ཞིག་གི་བང་མཛོད་ཡིན་ལ་གནའ་སྲོད་རིག་གཞུང་དེ་དག་ནི་དེང་རབས་མིའི་རིགས་ཀྱི་འཕེལ་རྒྱས་དང་། ཡར་ཐོན་བསམ་བློའི་སྒུལ་ཤུགས་ཡིན་པར་མ་ཟད། ཐ་ན་མིའི་རིགས་ཐུན་མོང་གི་ཚེ་སྲོག་རིན་ཐང་ལ་ཐད་གར་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་པས། མི་རིགས་སྲུང་སྐྱོབ་དང་། མི་རིགས་དེ་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ནི་འགྲོ་བ་མི་ཐུན་མོང་གི་འགན་དབང་དང་། མི་རིགས་བྱེ་བྲག་པའི་རིག་གཞུང་བྱེ་བྲག་རྣམས་ནི་འཛམ་གླིང་མི་དམངས་ལ་ཁ་བྲལ་ཐབས་མེད་པའི་ཐུན་མོང་གི་ཁྱད་ནོར་ཅིག་ལ་ངོས་འཛིན་མཐའ་གཅིག་ཏུ་བྱེད་དགོས། དེ་བས་ཀྲུའུ་ཝེ་ཆོན་དུ་འབོད་པའི་དམར་ཕྱོགས་སྒེར་གཅོད་ཀྱི་བསམ་སྦྱོར་ཅན་དེ་དང་ཁོའི་རྗེས་འཇུག་དང་སྟངས་འཛིན་པ་སུ་ཞིག་གིས་གྲངས་ཉུང་མི་རིགས་སུ་འབོད་པ་ཚོར་དམར་གསོད་ཆེན་པོའི་ཡོ་ལང་ཅི་འདྲ་ཞིག་བཤམ་འདོད་ཡོད་ཀྱང་། དེ་ནི་ཟློག་ཏུ་མེད་པའི་རྒྱལ་སྤྱིའི་གནད་དོན་ཞིག་དང་། རྒྱལ་སྤྱི་རང་བཞིན་གྱི་འཐབ་རྩོད་རྣོ་ངར་ཅན་ཞིག་ཏུ་ཅིས་ཀྱང་འགྱུར་ངེས་ཡིན། གཞན་ཡང་ཀྲུའུ་ཝེ་ཆོན་གྱིས་“མི་རིགས་ས་ཁུལ་ཡར་རྒྱས་དང་ཁ་བྲལ་ལ་འཐབ་རྩོད་བྱེད་པའི་སྐོར་”ཞེས་པའི་ནང་། “གང་ཐུབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། གང་ཐུབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་སུ་གཏོང་རྒྱུ་ནི། ང་ཚོས་འཐབ་རྩོད་ཀྱི་དམིགས་འབེན་དེ་ཡིན་ལ། ཁ་བྲལ་ལ་འཐབ་རྩོད་བྱེད་པའི་ཆོས་དགོས་མཁོའང་ཡིན་”ཟེར། གོང་གི་ཚིག་ཕྲེང་འདི་གཉིས་ཀྱི་བསྟན་བྱ་གཙོ་བོ་ནི་ཁོ་ཚོས་ལོ་ལོ་ལྔ་བཅུ་ལྷག་གི་རིང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གྱི་འཛུགས་བསྐྲུན་ཡར་རྒྱས་དང་། འཚོ་བ་ཡར་རྒྱས། རིག་གཞུང་ཡར་རྒྱས་ཟེར་བའི་བསྒྲགས་གཏམ་དེ་ཚོ་ནི་ངེས་པ་དོན་གྱི་མགོ་སྐོར་གྱི་སྲིད་ཇུས་ཞིག་ཡིན་པ་དང་། དོན་དངོས་ཐོག་མི་རིགས་ཕྱེ་བྲག་པ་ཞིག་ལ་ཚད་བཀག་དང་སྟངས་འཛིན། ཡང་ན་མེད་པར་གཏོང་བའི་འཐབ་རྩོད་རང་བཞིན་གྱི་ཐབས་ལམ་ཅིག་ཡིན་པ་གསལ་སྟོན་བྱས་འདུག་པ་ལས་གཞན། ཁོ་ཚོས་རླབས་ཆེན་གཙོ་འཛིན་དུ་འབོད་པའི་མའོ་ཙེ་ཏུང་གིས་སྐད་ཆ་ཞིག་ཀྱང་དྲན་བཅུག་སོང་། དེ་ནི་གྲུང་གོའི་མི་གྲངས་དུང་ཕྱུག་དྲུག་ལ་གྲངས་འབོར་གྱི་ཁྱད་ཆོས་ལས་གཞན་ད་དུང་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་དབུལ་ཞིང་ཕོངས་པ་དེ་ཡིན་པ་དང་། དབུལ་བ་ནི་བྱ་བ་ངན་པ་ཞིག་མ་ཡིན་པར་བཅོས་སྒྱུར་བྱེད་བདེ་བོ་ཡོད་པ། དཔེར་ན། ཤོག་བུ་དཀར་པོ་དཀར་རྐྱང་ཞིག་གི་ཐོག་ཅི་ཡང་བྲིས་མེད་པ་ལྟ་བུ་ཞིག་ཡིན་པས་དེའི་ཐོག་ཏུ་ཡི་གེ་དང་རི་མོ་སོགས་ཅི་དགར་བྲིས་ཆོག་པར་བཤད་ཡོད་པ་ནང་བཞིན། དེང་སྐབས་དཔལ་ཡོན་གཉིས་ཀྱི་འཕེལ་རྒྱས་ལ་ཚད་བཀག་ཐེབས་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་རྣམས་ལ་དོན་མེད་གཅར་རྡུང་དང་ཉེས་མེད་བསྙོན་འཛུགས། བཙོན་འཇུག་དམར་གསོད་སོགས་བྱེད་པར་ཐེ་མི་ཚོམ་པའི་དྲག་ཆོས་དམག་དཔུང་འབུམ་ཕྲག་མང་པོ་གནས་སྡོད་དང་། སྐོར་སྐྱོད་བྱེད་བཞིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕྱི་ཤུན་བཀོད་ནས་དེང་རབས་ཀྱི་གྲོང་ཁྱེར་མང་པོ་གསར་བརྒྱག་གིས་གྲངས་མང་མི་རིགས་སམ་དབང་འཛིན་མི་རིགས་ཀྱི་ཕ་ཡུལ་གཉིས་པ་བཞེངས་བསྐྲུན་བྱེད་པ། གྲངས་ཉུང་མི་རིགས་ཀྱི་མིང་ཐོག་ནས་ས་འོག་ས་སྟེང་གི་གཏེར་དངོས་སྣ་ཚོགས་ཀྱིས་མཚོན་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་སྐྱེལ་འདྲེན་བྱེད་བདེ་རུ། གཞུང་ལམ་དང་ལྕགས་ལམ། མཁའ་ལམ་སོགས་ཀྱི་དྲ་བ་གར་སར་འཐེན་པ། གྲངས་ཉུང་མི་རིགས་ཀྱི་མིང་ཐོག་ནས་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ལ་སྣེ་ལེན་དང་། འཚམས་གཟིགས་སྐོར་བསྐྱོད་ཀྱི་རྣམ་པའི་ཐོག་དྲིལ་བསྒྲགས་རྫུན་མ་སྤེལ་ཅི་ཐུབ་བྱེད་པ། དེ་འབྲེལ་གྱིས་དངུལ་དངོས་དང་ཚོང་དོན་སོགས་ཀྱི་ཁེ་ཕོགས་ལེན་ཐབས་བྱེད་པ་བཅས་ནི་ངེས་པ་དོན་གྱི་ཅི་འདོད་དུ་བྲིས་ཆོག་པའི་རི་མོ་དེ་མ་ཡིན་ནམ། ད་དུང་དཔལ་འབྱོར་བསླུ་བྲིད་ཀྱིས་འཛུགས་བསྐྲུན་མི་རིགས་ཅན་གྱི་ཕྱི་ཤུན་ལ་བརྟེན་ནས་རྒྱལ་སྤྱིའི་མི་དམངས་ལ་མགོ་སྐོར་དང་བསླུ་བྲིད་བྱེད་པ། རྒྱ་རིགས་མང་པོ་གྲངས་ཉུང་མི་རིགས་ས་ཁུལ་དུ་གནས་སྤོ་བྱེད་འཇུག་རྒྱུ་ནི་གྲངས་ཉུང་མི་རིགས་རྣམས་རྩ་མེད་དུ་གཏོང་བའི་ཐབས་ལམ་ཅིག་ཡིན་ཚུལ་དང་། དེ་ལྟར་སྒྲུབ་དགོས་ན་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་དུ་གཏོང་དགོས་ཚུལ་ཡང་ཤུགས་བསྟན་བྱས་་ཡོད། ད་དུང་གྲངས་ཉུང་མི་རིགས་རྣམས་རྒྱལ་ཁབ་གཅིག་གི་ཆབ་འབངས་ཡིན་ཡང་། ཁོ་ཚོར་རྒྱ་མི་རིགས་དང་འདྲ་མཚུངས་ཀྱི་ཐོབ་ཐང་སྟེར་མི་ཉན་པ་མ་ཟད། མི་རིགས་འདྲ་མཉམ་དང་། དམངས་གཙོ། རང་དབང་། ས་ཁོངས་རང་སྐྱོང་ཟེར་བ་སོགས་ཀྱང་རྩ་བའི་ཆ་ནས་ཁ་བཤད་ཙམ་ཡིན་ཡང་། དེ་ལྟ་བུའི་ཕྱི་ཚུལ་གྱི་རྣམ་པ་ཙམ་གྱིས་ཀྱང་བརྟན་ལྷིང་དང་གཅིག་གྱུར་ལ་གནོད་ཀྱི་ཡོད་པས་རྗེས་ཕྱོགས་རྣམ་པ་ཙམ་གྱི་ཐོབ་ཐང་ཡང་སྟེར་མི་ཉན་པར་བཤད་ཡོད། དེ་ལ་ཨུ་རུ་སུ་སོགས་རྒྱལ་ཁབ་རེ་ཟུང་དཔེ་རུ་བཀོད་ནས་བཤད་ཡོད་དེ། “སྔོན་ཆད་ཨུ་རུ་སུའི་རྒྱལ་ཁབ་ཀྱིས་འཐུས་མི་འཐར་སྣོན་གྱིས་སྤྱི་མཐུན་ལམ་ལུགས་ལག་བསྟར་བྱས་པ་དང་། རང་ཐག་རང་གཅོད་ཀྱི་དབང་ཚད་ཡོད་པ་སོགས་དངོས་དོན་མ་ཡིན་པའི་ཁ་བཤད་ཙམ་བཀོད་ཀྱང་དེས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་གཅིག་གྱུར་ལ་གནོད་ཡོད་ཚུལ། དེ་མིན་ཡུ་ཀུ་སི་ལ་ཞི་ཡ་ལ་མཚོན་ནའང་རྒྱལ་ཁབ་དེས་སྤྱི་མཐུན་ཚོགས་པ་ཁག་དང་། རང་སྐྱོང་ས་ཁུལ་གྱི་ལས་བྱེད་གྲངས་ཉུང་མི་རིགས་པ་ཚོ་བྱེད་དུ་བཅུག་པ་མ་ཟད། ཀྲུང་དབྱངས་ཆོས་མཐོའི་ལས་རིགས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་གྲངས་ཉུང་མི་རིགས་པ་ཚོ་དང་དབང་ཚད་འདྲ་མཉམ་གྱིས་བདག་དུ་བཅུག་པའི་ཉེར་ལེན་གྱིས་ནོར་འཁྲུལ་བྱུང་ཚུལ་སོགས་བཤད་དེ། དོན་དངོས་ཐོག་རྒྱ་ནག་དམར་པོའི་གཞུང་གི་སྒྲིག་འཛུགས་འོག་གྲངས་ཉུང་མི་རིགས་ཀྱི་མི་ཞིག་ཡིན་ཕྱིན་རྒྱལ་ཁབ་ཀྱི་ལས་དོན་ཆེ་འབྲིང་ཆུང་གསུམ་གྱི་ངོ་ཚབ་མཚོན་ཐུབ་པའི་དབང་ཚད་སྟེར་མི་ཉན་པ་དང་། མི་དམངས་འཐུས་ཚབ་ཀྱི་ཐོབ་ཐང་སྟེར་མི་ཉན་པ། གཞུང་ཞབས་ཡན་ཆོད་ཀྱི་ཐོབ་ཐང་ལ་ཚད་བཀག་བྱེད་དགོས་ཟེར་ནས། རྒྱ་ནག་དམར་པོའི་གཞུང་གིས་སྔོན་ཆད་ཀྱི་མི་མངོན་པའི་མི་སེར་སྤེལ་ཡུལ་ལམ་ལུགས་ཏེ་མངོན་གསལ་དུ་སྟོན་དགོས་ཀྱང་ཕན་པ་ཆེ་ཚུལ་བཤད་ཡོད། ཀུན་གྱིས་རྟོགས་དགོས་པ་ཞིག་ལ་འཇིག་རྟེན་ཁམས་འདིར་གནས་ལུགས་དང་མི་མཐུན་པའི་གནས་ལུགས་འདི་རིགས་ཡུན་གནས་སྲ་བརྟན་ཡོང་བའི་འདོད་འདུན་ཤུགས་དྲག་ཏུ་བཅངས་བའི་སྒེར་སྤྱོད་པ་རེ་ཟུང་ཡོད་ཀྱང་། ཁོ་ཚོ་ལྟར་བདེན་རྫུན་གོ་ལྡོག་གིས་དོན་དངོས་དང་བདེན་པ་ལ་རྒྱལ་ཁ་མེད་པའི་འདོད་ཚུལ་དེ། དངོས་ཡོད་འཚོ་བར་སྔར་བྱུང་བར་འཕྲུལ་ཡང་སླར་མི་འབྱུང་པའི་རྨི་ལམ་རིང་མོ་ཞིག་མ་ཡིན་ནམ། “མི་རིགས་འདུ་ཤེས་དང་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྐོར”་ཞེས་པར“མི་རིགས་འདུ་ཤེས་ནི་ལྷན་སྐྱེས་ནས་ཡོད་པ་དང་། མི་རིགས་ཡོད་ན་མི་རིགས་འདུ་ཤེས་དེ་ཡང་ཡོད་པ་རེད། མི་རིགས་རྩ་འཐོར་གྱི་འདུ་ཤེས་དེ་མེད་ན། མི་རིགས་དེའང་རྩ་ཐོར་ཏུ་འགྲོ་མི་སྲིད”ཟེར། དེ་བས་གྲངས་ཉུང་མི་རིགས་རྣམས་རྩ་གཏོར་བྱེད་དགོས་ན། དྲག་ཤེད་དང་དྲག་ཤེད་མ་ཡིན་པའི་སྒོ་ནས་རྩ་གཏོར་བྱེད་དགོས་ཀྱི་ཡོད་པ་དང་། དྲག་ཤེད་ཁོ་ནའི་སྒོ་ནས་རྩ་གཏོར་བྱེད་པ་ཡང་མ་ཡིན་པར་ཁོ་རང་ཚོ་རང་ཤུགས་ཀྱི་རྩ་འཐོར་དུ་འགྲོ་བའི་འདུ་ཤེས་སྐྱེས་སུ་འཇུག་དགོས། དེ་ཡང་མི་རིགས་ཀྱི་འདུ་ཤེས་ཟེར་བ་ཞིག་རྩ་བ་ནས་བཟུང་མི་ཆོག་པ་མ་ཡིན་པར་མི་རིགས་འདུ་ཤེས་དངོས་ནི་“ཀྲུང་ཧྭ་མི་རིགས་ཀྱི་དོན་སྙིང་འོག་གནས་པའི་མི་རིགས་ཀྱི་འདུ་ཤེས་”ཡིན་དགོས་པ་དང་། ཡང་དེ་ལ་རྒྱ་རིགས་ཆེན་པོའི་དོན་སྙིང་འོག་གནས་དགོས་ཞེས་ཐད་ཀར་གླེང་བ་མིན་པར་ “ཀྲུང་ཧྭ་མི་རིགས་ཀྱི་དོན་སྙིང་”འོག་གནས་དགོས་ཚུལ་གླེང་བ་སོགས་མི་རིགས་ཀྱི་འདུ་ཤེས་ནི་ “ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་”ཏེ་རྒྱ་རིགས་ཆེན་པོའི་འདུ་ཤེས་ལས་གཞན་པའི་མི་རིགས་འདུ་ཤེས་ཟེར་བ་ཞིག་གླེང་མི་ཆོག་པར་བཤད་ཡོད། དེ་བཞིན་དུ་རྒྱ་རིགས་རྣམས་ཀྱིས་ཀྱང་རྒྱ་རིགས་ཀྱི་བྱུང་རབས་བརྗོད་ནས་འབྲུག་གི་བརྒྱུད་པ་ཡིན་ཚུལ་དང་ཡང་ན་ཧྭ་ཞ་མི་རིགས་ཀྱི་ལོ་རྒྱུས་དང་། སྙིང་སྟོབས། འཕེལ་རྒྱས་བཅས་ཀྱི་རྒྱུད་རིམ་སོགས་རྒྱ་མི་རིགས་ཀྱི་འདུ་ཤེས་ཐད་ཀར་གླེང་བ་ཡིན་ན་མི་རིགས་གཞན་དག་ཚོ་ཧྭ་ཞ་རིགས་རྒྱུད་ཀྱི་ཆ་ཤས་མིན་པ་དང་། “ཀྲུང་ཧྭ་མི་དམངས་སྤྱི་འཐུམ་རྒྱལ་ཁབ་”ཀྱི་མིང་དོན་འདིའང་ཧྭ་ཞ་སྟེ་ཧན་མི་རིགས་ཀྱི་རྒྱལ་ཁབ་ཅིག་ལ་མིང་དུ་བདག་ཡོད་པ་སོགས་ནང་འགལ་དུ་འགྲོ་བའི་རྒྱུ་དང་རྐྱེན་མང་པོ་ཞིག་ཡོད་པའི་གནས་ལུགས་རྟོགས་ངེས་པའི་ཐེ་ཚོམ་གྱིས། རྒྱ་རིགས་རྣམས་ཀྱིས་ཁོ་ཚོ་འབྲུག་གི་རྒྱུད་པ་སོགས་ཡིན་ཚུལ་བཤད་མི་ཉན་པར་མ་ཟད། ཀྲུང་ཧྭ་མི་རིགས་དང་། ཧྭ་ཞ་མི་རིགས་། ཧན་མི་རིགས་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་དོན་དངོས་བཀབ་ནས་མི་རིགས་གྲངས་ཉུང་དུ་འབོད་པ་ཚོ་“ཀྲུང་ཧྭ”་ཞེས་པའི་ཡིག་འབྲུ་འདི་གཅིག་པའི་ཐོག་འགུགས་ཐབས་བྱེད་དགོས་ཚུལ་གྱི་བསམ་ཚུལ་བཏོན་ཡོད། དེ་བཞིན་དུ་“ཀྲུང་ཧྭ་”མི་རིགས་སམ་རྒྱ་མི་རིགས་ཀྱི་འདུ་ཤེས་ཁོ་ན་འཛིན་དགོས་པ་ལས་རང་ཉིད་མི་རིགས་ཡན་གར་བ་ཞིག་ཡིན་པ་དང་“ཀྲུང་ཧྭ”་མི་རིགས་དང་ཐ་དད་དུ་འདོད་པའི་འདུ་ཤེས་འཛིན་མཁན་རྣམས་ནི་ཧ་ཅང་གི་ནོར་འཁྲུལ་དང། ཧ་ཅང་གི་ཁྲིམས་འགལ། ཧ་ཅང་གི་བྱབ་ཆུང་ཡིན་པར་བཤད་ཡོད། ད་དུང་“ཁ་བྲལ་རིང་ལུགས་པའི་འདོད་འདུན་འགྲུབ་ཏུ་མི་འཇུག་པའི་ཆེད་དུ་ཡིན་”ཟེར་བའི་འོས་འགན་གཙོ་བོ་ནི། མི་རིགས་འདྲ་མིན་རྣམས་ཀྱིས་རྒྱ་ནག་དམར་ཕྱོགས་ཀྱི་ཁྱིམ་ཚང་ཆེན་པོར་འཛུག་སྐྲུན་བྱེད་ཕྱོགས་ཀྱི་ཐད་སྐད་ཆ་མང་ཙམ་བཤད་དེ་ “ཁྱོད་ཚོའི་ཕྱོགས་ན་ང་ཚོ་ཡོད་པ་དང་ང་ཚོའི་ཕྱོགས་སུ་ཁྱེད་ཚོ་ཡོད”ཟེར་ནས། ཉེ་བའི་དུས་རབས་ནང་ “བཙན་རྒྱལ་རིང་ལུགས་”ཀྱིས་དམག་འཁྲིག་དང་འཐབ་རྩོད་སྲིད་ཇུས་ཀྱིས་ང་ཚོ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ཚུལ་དང་། དུས་དེ་ནས་བཟུང་ཚང་མ་ཁྱིམ་ཚང་གཅིག་གི་ཡིན་ཚུལ། སྐྱིད་སྡུག་སྐྱ་སྔོན་གཅིག་པ་ཡིན་ཚུལ། གྲངས་ཉུང་མི་རིགས་སུ་འབོད་པ་ཚོ་ཕྱི་དགྲ་མང་པོ་ཞིག་གིས་སྐོར་ཡོད་ཚུལ། དེ་དག་གི་ཁ་གཏད་དང་གྲངས་ཉུང་མི་རིགས་སུ་འབོད་པ་ཚོའི་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་མི་རིགས་དང་རྒྱ་ནག་དམར་ཕྱོགས་སྲིད་གཞུང་དང་ཁ་བྲལ་ཐབས་མེད་ཚུལ་སོགས་མང་དག་ཅིག་བཤད་དེ། དམར་ཕྱོགས་གཅིག་སྡུད་སྲིད་དབང་སྒེར་འཛིན་གྱི་གཞུང་ལ་ངེས་ལེན་དང་། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངེས་ལེན། དམར་པོའི་གཞུང་གི་ལམ་སྲོལ་སྲིད་ཇུས་ལ་ངེས་ལེན་བྱེད་དགོས་ཚུལ་སོགས་བཤད་ཡོད་ལ། རྒྱ་རིགས་མི་དམངས་ཀྱིས་ངེས་པར་དུ་གྲངས་ཉུང་མི་རིགས་སམ་རང་ཉིད་མི་རིགས་ཡན་བཀར་བ་ཞིག་ཡིན་པའི་འདུ་ཤེས་འཛིན་མཁན་ཚོར་འཐབ་རྩོད་བྱེད་དགོས་ཚུལ་ཡང་བཤད་ཡོད་པ་མ་ཟད། མཐར་མི་རིགས་ཅེས་པའི་ཐ་སྙད་དེ་རྩ་ཁྲིམས་ཐོག་མེད་པ་བཟོས་ཏེ། མི་རིགས་ཚང་མ་ “མཉམ་བསྲེས་”བྱེད་དགོས་པ་དང་། “མཉམ་སྲེས”་ཅེས་པ་དེ་ནི་མི་རིགས་གྲངས་ཉུང་དུ་འབོད་པ་ཚོ་བཙན་ཤེད་ཀྱིས་མེད་པར་གཏོང་བ་མ་ཡིན་པར་། རྒྱ་རིགས་རྣམས་གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཏུ་གནས་སྤོར་ཤུགས་ཆེན་བྱེད་དགོས་པ་དང་། ཁོ་ཚོའི་འཚོ་བའི་དགོས་མཁོ་ཆ་ཚང་གཞུང་ངོས་ནས་འཐུས་ཚང་བར་བཀོད་སྒྲིག་བྱེད་དགོས་པ་སྟེ། ས་གནས་སྲིད་གཞུང་དག་གིས་གནས་སྤོས་མི་དམངས་ལ་བྱ་བ་བཀོད་སྒྲིག་བྱེད་པ་དང་། བྱིས་པ་སློབ་འཅུག སྨན་བཅོས་འགན་ལེན། འཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་འཐུས་ཚང་དགོས་པ་སོགས་འཚོ་བའི་དགོས་མཁོ་རྣམས་འབད་མེད་ལྷུན་འགྲུབ་བྱས་ན་ཤར་ཁུལ་གྱི་རྒྱ་མི་རིགས་རྣམས་མི་རིགས་གཞན་གྱི་ས་ཐོག་ཏུ་སྤོ་ཤུགས་ཆེ་རུ་འགྲོ་ཐུབ་ཚུལ་དང་། གཞི་ས་བཟུང་གི་མི་རིགས་ཡན་གར་བ་རྣམས་རང་བཞིན་གྱིས་གྲངས་ཉུང་མི་རིགས་སུ་འགྱུར་བ། མཐར་རང་བཞིན་གྱིས་སྐད་ཡིག་རིགས་གནས་སོགས་རྒྱ་རིགས་ཅན་དུ་འགྱུར་ནས་མི་རིགས་ “མཉམ་བསྲེ་”བྱེད་པར་ཕན་པ། གྲངས་ཉུང་མི་རིགས་སུ་འབོད་པ་ཚོའང་། ཚོང་ལས་ཀྱི་རྣམ་པ་དང་། སློབ་སྦྱོང་གི་རྣམ་པ། ཡུལ་སྐོར་གྱི་རྣམ་པ་སོགས་དོན་དངོས་སུ་བསླུ་བྲིད་བརྒྱུད་ཚོང་བྱེད་པ་དང་། འཚོ་བར་དཀའ་ཁག་འཕྲད་དུ་བཅུག་ནས་སྤྲང་འཁྱམས་སུ་གཏོང་བ། གྲངས་ཉུང་མི་རིགས་འདུས་བསྡོད་ཀྱི་ས་ཆར་རྒྱལ་འབངས་སྤྱི་ཡོངས་ལྟར་གྱི་ཐོབ་ཐང་མེད་པ་བཟོས་ཏེ་རྒྱ་ནག་ནང་སར་གོ་སྐབས་ཕྲན་ཙམ་སྤྲད་ནས་ལྟོགས་པ་གཟན་འགུག་གི་བྱེད་ཐབས་སྤྱོད་པ་སོགས་བྱས་ཏེ། བཙན་ཤེད་ཀྱིས་རྒྱ་རིགས་ཅན་ལ་མཉམ་བསྲེ་བྱེད་མི་དགོས་པར་རང་བཞིན་གྱིས་མཉམ་བསྲེས་རྒྱ་འགྱུར་བྱེད་ཐུབ་པས། གྲངས་ཉུང་མི་རིགས་སུ་འབོད་པ་ཚོའང་སོ་སོའི་མི་རིགས་ཀྱི་འདུ་ཤེས་དང་། ཞེན་ཁོག དད་སེམས། དགའ་མོས་སོགས་བློས་གཏོང་མི་ཐུབ་པའི་དཀའ་ངལ་དང་། མཉམ་བསྲེས། རྒྱ་བསྒྱུར། བཙན་ཤེད་སོགས་ཀྱི་སྔངས་སྐྲག་མྱོང་མི་དགོས་པར་རིམ་འགྱུར་བྱེད་ཐུབ་པའི་གནས་ལུགས་ཤིག་བཤད་ཀྱིན་ཡོད་པ་དེ་ནི། དཔེར་བཞག་ན་མི་གསོད་གཤེད་མ་ཞིག་གིས་ཕ་རོལ་བོ་ཞིག་གི་སྐེ་ལ་སྟར་གྲི་བཙུགས་ཏེ་མགོ་བོ་བཅད་ཀྱང་འཆི་ཡི་མ་རེད་སོམས་ནས་མིག་གཉིས་ཚུམ་པར་ཅིག་ཤིག་ཟེར་བ་དང་གཉིས་སུ་མ་མཆིས་པས་འདི་ལྟ་བུའི་བསམ་ཚུལ་བཤད་པ་དང་འདི་ལྟ་བུའི་སྲིད་ཇུས་འཛིན་པ་ནི་བསམ་བཞིན་དུ་གྲངས་ཉུང་མི་རིགས་སུ་འབོད་པ་ཚོས་སྙིང་ལ་མེ་བཏང་བ་མ་ཡིན་ནམ། སྤྱིར་རྒྱ་རིགས་དུང་ཕྱུར་བཅུ་གྲངས་ཚང་མ་ཡང་ཤ་ཡི་སྙིང་ལ་ཁྲག་གི་རྒྱུ་བ་ཁོལ་བའི་མི་སེམས་རློན་པ་ཅན་གྱི་མིའི་རིགས་རྐྱང་རྐྱང་ཡིན་པས་དམར་པོ་སྒེར་གཅོད་སྲིད་གཞུང་དང་དེའི་རྒྱུག་ཁྱི་སུ་ཞིག་གིས་ཀྱང་རྒྱ་རིགས་ཚང་མ་མི་གསོད་གཤེད་མར་བཞེང་སྐྲུན་བྱེད་མི་ཐུབ། རྒྱ་མི་རིགས་རྣམས་ནི་ལོ་རྒྱུས་རིང་ལ་དཔལ་ཡོན་ལྡན་པའི་མི་རིགས་ཤིག་སྟེ་ཁོ་ཚོའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་ལྟ་ཚུལ། ལོ་རྒྱུས་ལྟ་ཚུལ་སོགས་མིའི་སྤྱི་ཚོགས་ལ་ཕན་པར་སྨན་པའི་གནའ་བོའི་སྲོད་རྒྱུན་རིག་གཞུང་གི་གཏིང་འཐུག་ཅིང་རྨང་བརྟན་པའི་མི་རིགས་ཤིག་ཡིན་པས། དམར་པོའི་སྲིད་གཞུང་གི་དུས་གཏན་གྱི་ལག་ཆ་ཁོ་ནར་འགྱུར་མི་སྲིད། རྒྱུ་མཚན་ནི་རྒྱ་ནག་དམར་པོའི་སྲིད་གཞུང་འདིས་རྒྱ་རིགས་ཨ་མ་ཁྲི་སྟོང་མང་པོའི་སྙིང་གསོན་པོ་ལེན་མྱོང་ཡོད་ལ། གཅེས་ཕྲུག་རིག་སྟོབས་ཅན་གྲངས་མེད་ཅིག་སྤྲང་འཁྱམས་དང་ཡུལ་འཁྱར་བྱེད་དུ་བཅུག་ཡོད། ད་དུང་འཚེ་བ་སྤོང་བ་དང་ཞི་བདེ་མཉམ་གནས་ཀྱིས་དྲང་བདེན་གཙུགས་སུ་འཛིན་པའི་ཆོས་ལུགས་འདྲ་མིན་གྱི་སྲོལ་རྒྱུན་ལམ་ལུགས་ལ་བཙན་ཤེད་ཀྱིས་བཅོས་སྒྱུར་བྱེད་པ། བཙན་ཤེད་ཀྱིས་ཚད་བཀག་བྱེད་པ། བཙན་ཤེད་ཀྱིས་རྩ་མེད་གཏོང་བ་སོགས་བྱས་ཏེ། ཡེ་ཤུ་ཆོས་ལུགས་དང་། ནང་པའི་ཆོས་ལུགས། ཁ་ཆེ་ཆོས་ལུགས་བཅས་ཀྱིས་མཚོན་པས་འཛམ་གླིང་འཛིན་མའི་ཁྱོན་གྱི་ཆོས་བརྒྱུད་ཆེན་མོ་རྣམས་ལ་དད་གུས་དང་བརྩི་མཐོང་བྱེད་པའི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རང་དབང་དང་། དད་མོས་རང་དབང་ཐད་དོ་ཕོག་དང་། ཁྱད་གསོད། དམའ་འབེབས་བྱེད་པ་སོགས་མི་འདོད་པའི་བར་ཆད་དང་མི་མཐུན་པའི་ཡ་སྣ་ཚོགས་ཤིག་བར་མེད་དུ་སྤེལ་བཞིན་ཡོད། དེ་བཞིན་དུ་རྒྱ་ནག་ནང་ཁུལ་གྱི་དམངས་གཙོ་དོན་གཉེར་བ་དང་། རྩོམ་པ་པོ་། སྒྱུ་རྩལ་བ། ཁྲིམས་རྩོད་པ། ལག་ཤེས་པ། སློབ་གྲྭ་བ་སོགས་མདོར་ན་མི་དམངས་ཀྱིས་ཡིད་ཆེས་དང་གོང་བཀུར་བྱེད་སའི་མི་སྣ་གྲངས་མེད་ཅིག་བཙོན་འཇུག་དང་། ཁྲིམས་གཅོད། གཅར་རྡུང་། དམར་གསོད་བྱེད་དང་བྱེད་མུས་སུ་ཡོད་པ། གཞན་ཡང་ལྐོག་ཟ་རུལ་སུངས་ཀྱིས་སྤྱི་དངུལ་སྒེར་གཅོད་བྱས་ཏེ་མི་དམངས་དབུལ་ཕོངས་ཀྱི་གནས་སུ་སྦྱར་བས། དབུལ་ཕྱུག་གི་ཁྱད་པར་ལ་གནམ་ས་ལྟ་བུའི་བར་ཆད་ཤོར་ཡོད་པ། གྲོང་ཁྱེར་བསྐྱར་བཞེངས་དང་གྲོང་ཁྱར་ཡར་རྒྱས་ཀྱི་ཁ་གཡང་བསྒྲགས་ཏེ་སྲིད་དབང་སྒེར་འཛིན་པ་ཚོའི་སྒེར་གྱི་ཚོང་རྭ་སྣ་ཚོགས་དང་། སྒེར་གྱི་བཟོ་གྲྭ་སྣ་ཚོགས། སྒེར་གྱི་མགྲོན་ཁང་སོགས་རྒྱལ་ཁབ་དང་མི་དམངས་ཀྱི་མིང་ཐོག་ནས་ལས་གཞི་སྣ་མང་སྤེལ་ཆེད། མི་དམངས་ཀྱི་བདེ་སྡུག་ལ་ཅི་མི་སྙམ་པར་སྲོལ་རྒྱུན་རིག་གནས་དང་གནའ་ཤུལ་རིག་གནས་ལ་བདག་དོམ་དང་ཉམས་གསོ། སྲུང་སྐྱོབ་བྱེད་རྒྱུའི་ཚབ་ཏུ། གཏོར་བཤིག་བཏང་སྟེ་གནའ་ཤུལ་རིག་དངོས་ཀྱི་རིན་ཐང་ལྡན་པའི་ཁྱིམ་བརྒྱུད་སྡོད་ཁང་རྩ་ཆེན་སོགས་ཀྱང་རྨང་ནས་གཏོར་བ་སོགས། འདག་ཐབས་མེད་པའི་ནག་ཉེས་གནམ་སར་མི་ཤོང་བ་མཐའ་དག་རྒྱ་མི་རིགས་ཀྱིས་ཀྱང་ཇི་སྲིད་བར་དུ་ཡལ་བར་མི་འདོར་སྲིད། དེ་ལྟ་ན་རྒྱ་རིགས་མི་དམངས་ཚོས་རེ་ཞིག་གོ་མེད་ཚོར་མེད་དུ་གྱུར་པའི་རྟུལ་ཞུགས་བཟུང་ཡོད་ནའང་། ཁོ་ཚོ་ནི་གཉིད་དུ་ཡུར་བའི་རྒྱ་སྟག་ངར་མ་ཞིག་ཡིན་པ་ལས་འདམ་དུ་ཟུག་པའི་བ་གླང་ཉམ་ཐག་ཅིག་མིན་པ་ཤེས་དགོས། ནམ་ཞིག་གི་ཚེ་ཁོ་ཚོ་ཧར་གྱིས་སད་ངེས་ཡིན་ལ་ས་སྤྱི་ལེ་གྲུ་བཞི་མ་ཁྲི་ཉིས་བརྒྱ་ལྷག་གི་ཁྱོན་ལ་བཀྲམ་སྟེ་གནས་བའི་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་བར་གྲགས་པའི་ཐུ་བྷོད་པའི་ནང་འཛིན་དག་གིས་ཀྱང་། སྲིན་པོ་གདོང་དམར་བའི་རང་གཤིས་བསླར་མངོན་ཏེ། རྟ་མཆོག་ཁྲོས་པའི་བཟི་ཁ་ལ་བསྐྱར་དུ་མངའ་སྒྱུར་བའི་ཉིན་མོ་ཞིག་བདམ་མི་སྲིད་པའི་ངེས་པ་མེད་པ་དང་། རྟ་ཐོག་གི་མི་རིགས་ཏེ་ཅིང་གར་བའི་བུ་བརྒྱུད་རྣམས་དང་འཛམ་གླིང་གི་གཞི་ཁྱོན་ཀུན་ལ་ཁྱབ་པའི་ཏུར་ཀི་སུ་ཐཱན་པ་དང་ཁ་ཆེ་ཆོས་རྒྱུད་པ་ཚོའང་སྔོན་གྱི་ཚེ་ན་རྒྱུད་ཆད་ཅིང་དཔའ་ཞུམ་པའི་ལོ་རྒྱུས་བྱུང་མྱོང་མེད་ལ། དེང་གི་དུས་སུ་དེ་བས་ཀྱང་སྒེར་གཅོད་པ་ཉུང་ཤས་ཤིག་གི་དམར་གསོད་ལ་ཡེ་ནས་ཞེད་མི་སྲིད། མདོ་དོན་མི་རིགས་མི་འདྲ་བ་ལྔ་བཅུ་ང་གྲངས་ཤིག་སྡེབ་གསོད་བྱེད་པའི་བཤས་ར་འདི། ཡ་ང་ཞིང་སྐྱི་གཡའ་བའི་མི་ཡུལ་གྱི་དམྱལ་ཁམས་ཆེན་པོ་ཞིག་ཡིན་པ་བདེན་ཡང་། ཉམ་ཆུང་དང་བདེན་པ་ལ་རྒྱལ་ཁ་མེད་ཟེར་བ་ནི་གནས་ལུགས་དང་མི་མཐུན། ལོ་རྒྱུས་དང་མི་མཐུན། འཇིག་རྟེན་དང་མི་མཐུན། འགྲོ་བ་མིའི་བསམ་སྤྱོད་དང་མི་མཐུན། དེ་བས་ང་ཚོའི་བདེ་སྡུག་འཛམ་གླིང་མི་དམངས་ལ་བཅོལ་ཏེ། ང་ཚོའི་རྒྱལ་ཁའང་འཛམ་གླིང་མི་དམངས་དང་མཉམ་དུ་རྩོད་དགོས། གང་དུ་གཉའ་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད་པའི་བདེན་ཚིག་དང་། དེང་སྐབས་ཀྱི་རྒྱ་ནག་དམར་པོའི་གཞུང་གི་ནོར་འཁྲུལ་ཅན་དང་། གདུག་རྩུབ་ཅན་གྱི་སྲིད་ཇུས་དེའི་ཉེར་ལེན་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་དུ་གས་ཤིང་འབར་པའི་མེ་རི་དམར་པོ་དང་། ཏུར་ཀི་སི་ཐན་དང་མོང་གོལ་རྩྭ་ཐང་ནས་འཕྱུར་པའི་རླུང་འཚུབ་དྲག་པོ་གཞི་གཅིག་ཏུ་འདྲེས་ཏེ་སྲིད་གསུམ་གཞོམ་པར་ནུས་པའི་སྒུལ་ཤུགས་ཤིག་འཕྱུར་སྲིད་ལ། རྒྱ་ནག་མི་དམངས་ཀྱིས་བུ་གསོད་ལག་དམར་ལ་འཛིན་པའི་ཞེ་འཁོན་དྲག་པོའང་ང་རྒྱལ་དང་ཞེ་སྡང་གིས་དྲན་སྲིད། དེ་དུས་འཇིག་རྟེན་ཡོངས་རྫོགས་ཀུན་ནས་བསྐྱོམས་ཤིང་གཡོ་བར་བྱེད་ཐུབ་པའི་འཛམ་གླིང་མི་རིགས་ཐམས་ཅད་ཀྱི་བདེན་སྟོབས་རྒྱ་མཚོའི་དྲག་རླབས་ཆེན་པོ་ང་ཚོ་དང་མཉམ་དུ་ང་ཚོའི་རྒྱལ་ཁའི་དཔུང་རོགས་སུ་ལྡིང་ཞིང་འཕུར་བར་གདོན་མི་ཟ་བས། ཟློག་ལ་ཉེ་བའི་རྒྱ་གཞུང་དམར་པོའི་མཐའ་མཇུག་གི་རྣམ་པ་ཅི་འདྲའི་ཉམ་དམས་པ་དང་། ཅི་འདྲའི་རེ་གནས་འཚོལ་བ་ཞིག་ཏུ་གྱུར་ཡོད་ནའང་། འགྲོ་བ་མིའི་རིགས་ཀྱི་ཉེས་ཅན་དུ་གྱུར་པའི་སྒེར་གཅོད་དཔོན་ངན་ཚོའི་བླ་ས་ལ་བཏབ་ཀྱང་མིང་བཙོན་དུ་འཛིན་ངེས་ཡིན། །