User talk:Gengdeng2015

Page contents not supported in other languages.
ཡོང་ཁུངས་Wikipedia

རོང་བོ་དགེ་འདུན་ལེགས་ཚོགས་མཚམས་སྦྱོར་མདོར་བསྡུས།   རོང་བོ་དགེ་འདུན་ལེགས་ཚོགས་སམ་སྨད་བུ་དབྱངས་ཅན་ནི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལེ་ལག་སྨད་པ་སྡེ་བར་སྐྱེས། ཆུང་དུས་སུ་རང་ཡུལ་གྱི་སྨད་པ་སློབ་ཆུང་འགྲིམས་ཤིང་རང་ལོ་བཅུ་གསུམ་གྱི་སྟེང་དུ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་བསྟན་འཛིན་ལས་རབ་ཏུ་བྱུང་ཞིང་རོང་བོ་དགོན་ཆེན་ཐོས་བསམ་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་སློབ་དཔོན་ཆེན་མོ་འཇིགས་མེད་ཕུན་ཚོགས་མཆོག་དགེ་རྒན་གྱི་ཐོག་མར་བསྟེན། ད་དུང་བསེ་ཚང་བློ་བཟང་དཔལ་ལྡན་དང་དགེ་བའི་བཤེས་གཉེན་ལྷ་སྡེ་ཨ་ཁུ་ཚང་རྗེ་དགེ་འདུན་བསྟན་འཛིན། རྗེ་འཕྲིན་ལས་རྒྱ་མཚོ། དགེ་བཤེས་འཇམ་དབྱངས་ཆོས་འཕེལ། དགེ་བཤེས་བློ་བཟང་ཆོས་གྲགས་སོགས་བླ་མ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་གི་མདུན་ནས་ཐུན་མོང་རིག་གནས་སྤྱི་དང་ཐུན་མོང་མ་ཡིན་པ་གཞུང་བཀའ་པོད་ལྔའི་མཚོན་པའི་ནང་བསྟན་གཞུང་ལུགས་ལ་ལོ་ངོ་སུམ་ཅུ་ཙམ་ལ་སྦྱངས་བརྩོན་བྱས། དགེ་བའི་བཤེས་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེས་རང་ལོ་བཅོ་ལྔའི་སྟེང་ནས་བཟུང་བཀའ་པོད་ལྔའི་རྩ་བ་དང་དྲང་ངེས་ལེགས་བཤད་སྙིང་བོ། སློབ་དཔོན་སེང་གེ་བཟང་བོའི་མཛད་པའི་འགྲེལ་ཆུང་དོན་གསལ་སོགས་བློ་འཛིན་བྱས་པར་མ་ཟད། ༡༩༨༩ལོར་རོང་བོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་འདུན་སྟོང་ཕྲག་འདུས་པའི་དབུས་སུ་འགྲེལ་ཆུང་དོན་གསལ་སྟན་ཐོག་གཅིག་ཏུ་ཚོགས་རྒྱུགས་སུ་ཕུལ་བར་བླ་མ་དགེ་བའི་བཤེས་གཉེན་ཀུན་གྱིས་བསྟོད་བསྔགས་དང་བྱ་དགའི་ཟོང་སྐྱེས་གནང་། ད་དུང་སློབ་གཉེར་གྱི་ཞོར་དུ་རྩོམ་རིག་སྒྱུ་རྩལ་གྱི་ལས་ལ་འབད་པ་བྱས་ཏེ་སྦྲང་ཆར་དང་གངས་རྒྱན་མེ་ཏོག  མང་ཚོགས་སྒྱུ་རྩལ། གུར་གུམ་ཆུན་པོ་སོགས་གཞུང་སྒེར་གྱི་དུས་དེབ་ཁག་ཏུ་སྙན་རྩོམ་དང་ལྷུག་རྩོམ་བཅུ་ཕྲག་ལྷག་སྤེལ། ཁོང་ཉིད་བོད་ཀྱི་རིག་གནས་ཀུན་ལ་ཕྱོགས་རིས་མེད་པར་འབད་པ་བྱེད་རྒྱུར་མོས་པ་ཡོད་པས་ཉིས་སྟོང་གཅིག་ལོ་ནས་ལོ་ངོ་ཁ་ཤས་ཀྱི་རིང་ལ་རོང་བོ་དགོན་ཆེན་གསོ་རིག་ཀུན་ཕན་གླིང་དུ་གཙོ་འགན་དང་སྨན་པའི་བྱ་བ་གཉེར། ཞོར་དུ་སློབ་དཔོན་ཆེན་མོ་འཇིགས་མེད་ཕུན་ཚོགས་དང་། གསོ་རིག་སྨྲ་བའི་དབང་བོ་རོང་བོ་དཀའ་ཐུབ་ཚེ་རིང་། དགེ་བའི་བཤེས་གཉེན་ངང་རོང་འཇམ་དབྱངས་དམ་ཆོས། རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་པ་རྒྱ་ཡེ་ཉི་མ་སོགས་ཀྱི་མདུན་ནས་གསོ་རིག་རྒྱུད་བཞིའི་མཚོན་པའི་ཆ་ལག་བཅོ་བརྒྱད་དང་མན་ངག་ལག་ལེན་ལ་སྦྱངས་པ་དང་། གསོ་རིག་ཕྱོགས་ཀྱི་དབང་ཁྲིད་སོགས་ལའང་གསན། ལྷག་པར་ཏུ་ཉིས་སྟོང་ལྔ་ལོར་འཇིགས་མེད་བོད་སྨན་ཞིབ་འཇུག་ཁང་དུ་ཞིབ་འཇུག་པ་གཞོན་པའི་འགན་ཁུར་བ་ནས་བཟུང་སློབ་དཔོན་ཆེན་མོ་འཇིགས་མེད་ཕུན་ཚོགས་མཆོག་གི་མཛུབ་ཁྲིད་འོག་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་ལྔ་ལ་བཟོས་པ་དང་། འཇིགས་མེད་བོད་སྨན་བཟོ་གྲྭའི་ཚད་གཞི་ལྟར་བོད་སྨན་ངོས་འཛིན་དང་འདུལ་སྦྱོང་། སྨན་སྦྱོར་སོགས་ལ་ཞིབ་ཏུ་སྦྱངས་པར་མ་ཟད་དངོས་སུ་ལག་ལེན་ཏུ་བཏབ། ད་དུང་སློབ་དཔོན་ཆེན་མོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བོད་སྨན་ནད་བཅོས་གསར་གཏོད་ཚད་གཞི་ཆེན་མོའི་རྒྱུན་འཛིན་སློབ་མར་བདམས་ཤིང་གཞུང་ལུགས་དང་ལག་ལེན་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ལོ་འདི་གར་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ་དང་ནང་སོག་གི་ཨོ་ཨར་དོ་སི་གྲོང་ཁྱེར།ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་སོགས་སུ་འཇིགས་མེད་བོད་སྨན་སྨན་བཅོས་ལས་འགུལ་ནང་ཞུགས་ཏེ་ནད་བརྟག་སྨན་བཅོས་བྱས་པ་དང་། ཡུལ་ཤུལ་ས་འགུལ་སྐབས་སུ་ཟླ་གཅིག་ཙམ་གྱི་རིང་ལ་འཇིགས་མེད་བོད་སྨན་གྱིས་སྒྲུབ་པའི་མ་དངུལ་སྒོར་ཁྲི་ཉིས་བརྒྱའི་སྨན་བཅོས་རོགས་སྐྱོར་ཀྱི་ལས་འགུལ་ནང་ཞུགས་ཏེ་ཉིན་རེར་ནད་པ་སུམ་བརྒྱ་ལྷག་ལ་སྨན་སྦྱིན་བཏང་སྟེ་ནད་བརྟག་སྨན་བཅོས་བྱས། ད་ལྟ་ཁོ་རང་འཛམ་གླིང་ཀྲུང་མཐུན་བོད་གསོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། འཇིགས་མེད་བོད་སྨན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ། འཇིགས་མེད་བོད་སྨན་སྒོ་བསྟེན་ཁང་དང་པོའི་ཀྲུའུ་རེན་གྱི་འགན་ཁུར་བཞིན་ཟི་ལིང་གྲོང་ཁྱེར་དུ་ཆགས་པའི་མཚོ་སྔོན་འཇིགས་མེད་བོད་སྨན་སྒོ་བསྟེན་ཁང་དུ་རིས་མེད་འགྲོ་བ་ཡོངས་ལ་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ལག་ལེན་གྱི་ཐོག་ནས་སྨན་བཅོས་དང་གསོ་རིག་ཞིབ་འཇུག   དཔེ་བསྒྲིགས་བཅས་ཀྱི་ལས་ཀ་བྱེད་མུས་སུ་ཡོད་དོ། །