Talk:བོད་ཡུལ།

Page contents not supported in other languages.
ཡོང་ཁུངས་Wikipedia

ཟླ་བཅུ་གཅིག༣༠།༢༠༠༦ ཉིན་{བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་ནམ}ཟེར་བའི་བརྗོད་གཞིའི་ཐོག་བཤད་པའི་གཏམ་འཁོར་ཐག་ནས་ཕབ་བཤུ་བྱས་ནས་དཔྱད་གཞི་ཡིག་ཆ་དང་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན། ད་ག་རེ་བཤད་དགོས་རེད། སྦྱངས་བཞག་པའི་ཤེས་ཡོན་ཡང་མེད། བསགས་བཞག་པའི་ཉམས་མྱོང་ཡང་མེད། གཏམ་བཤད་པའི་གོམས་པ་དེ་བས་ཀྱང་མེད། དེའི་ཁར་བརྗོད་བྱ་དེ་ཡང{བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་ནམ}ཟེར་བ་ཞིག་རེད།1 འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་རྒྱུ་བ་ལ། འཇམ་དཔལ་རྩ་རྒྱུད་ལས་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་ཞིག་བསྟན་མི་འདུག་ཟི། ངས་མ་མཐོང་བ་ཙམ་མ་ཟད། ང་དང་ང་ཡི་རོགས་པ། བོད་ཕྱི་ནང་གི་མཁས་པ་མང་པོས་བཙལ་འདུག་སྟེ་རག་མི་འདུག །ཕྱི་རྒྱལ་བ་བོད་རིག་པ་མཁས་ཅན་མང་པོས་ཉུག་འདུག་སྟེ་རྙེད་མི་འདུག །མེད་པ་ཡིན་ས་རེད། དེ་འདྲ་སོང་ཆོས་ཅན་ཁོ་རང་གཞི་མ་གྲུབ་པ་རེད་འདུག་ཟེར་ལབ་པ་ཡིན་ན། སྐད་ཅ་དེ་ག་རང་གིས་སྒྲོམ་རྫོགས་འགྲོ་བ་མ་གཏོགས་ཤོད་སྡོད་རྒྱུ་ཟེར་མེད་པའི་བཟོ་འདྲ་པོ་རེད། དང་ཐོག་ང་རང་གིས་བཤད་དགོས་ཀྱི་ཡོད་ནའང་འདྲ། ཡིག་ཐོག་ཏུ་ཕུལ་དགོས་ཀྱི་ཡོད་ནའང་འདྲ། བརྗོད་བྱ་གཉིས་པ་རིགས་ཀྱི་སྐོར་དེ་ཏོག་ཙམ་བཤད་པ་ཡིན་ན། ང་ཚོས་མི་རིགས་གཅིག་གི་འཐབ་རྩོད་དང༌། མི་རིགས་གཅིག་གི་རྩ་དོན། མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ། གང་ལྟར་མི་རིགས་སྐོར་སྐད་ཅ་བཤད་སྡོད་དགོས་པའི་སྐབས་འདིར་ཁྱད་པར་ཏོག་ཙམ་ཡོད་འགྲོ་བསམས་ནས་ཤུགས་འདྲ་པོ་དེའི་སྒང་ལ་བརྒྱབ་བསྡད་པ་ཡིན། ཡིན་ན་ཡང༌། རྗེས་སུ་བརྗོད་བྱ་དང་པོ་འཇམ་དཔལ་རྩ་རྒྱུད་ཀྱི་སྐོར་བཤད་དགོས་རེད་གསུངས་པ་ཡིན་དུས་ལགས་སོ་མ་ཞུས་ན་མ་འགྲིག་པ་ཆགས་སོང༌། དེ་འདྲ་ཡིན་དུས་ད་རེས་ངའི་བཤད་རྒྱུ་འདི་དང༌། ད་ནང་ཡིག་ཐོག་ལ་ཕུལ་བ་གཉིས་པོ་ཁ་ཁ་ཆགས་སོང་བ་རེད། འདིར་བཤད་ཡ་ལ། དང་པོ་འཇམ་དཔལ་རྩ་རྒྱུད་ཟེར་དུས་ག་རེ་ཟེར་གྱི་ཡོད་རེད། དེའི་ངོ་བོ་དང་ཁྱད་ཆོས་འདྲ་པོ་ག་རེ་ཡོད་རེད་ཟི། རྩ་རྒྱུད་ཁོ་རང་གི་ལོ་རྒྱུས་དེ་གཅིག་བཤད་བཞག་པ་ཡིན་ན་དུས་ཚོད་མང་ཆེ་བ་དེས་ཟ་མདོག་ཁ་པོ་རེད། གཉིས་པ་དེ་འཇམ་དཔལ་རྩ་རྒྱུད་ལས་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་བསྟན་གྱི་རེད་གསུང་མཁན་དེ་ཚོས་ཁུངས་ག་རེ་ལ་བཅོལ་གྱི་ཡོད་རེད། གཞི་ག་རེ་ལ་འཛིན་གྱི་ཡོད་རེད། དེ་གཅིག་བཤད་ན་བསམས་བྱུང༌། གསུམ་པ་དེ་འཇམ་དཔལ་རྩ་རྒྱུད་ནང་མཚོ་འབྲི་བའི་སྐད་ཅ་མེད་ན་ཡང༌། ཁ་བ་ཅན,གངས་ཅན,བྱང་གི་ཕྱོགས,ནས་དང་གྲོ་ལ་སྤྱོད་པ,ཟེར་བ་འདྲ་པོ་མང་པོ་ཞིག་ཡོད་པ་དེ་ཚོས་ག་རེ་བཤད་བསྡད་ཀྱི་ཡོད་རེད། ང་ཚོས་ཁ་བ་ཅན་དང་གངས་ཅན་རྣམས་ངོས་འཛིན་པར་འགྲོ་བའི་སྐབས་སུ་རྩོད་གཞི་ཡོང་དགོས་པའི་རྒྱུ་མཚན་ག་བར་ཐུག་ཡོད་རེད་ཟི། ས་བཅད་འདྲ་པོ་གསུམ་གྱི་སྒོ་ནས་བཤད་ན་བསམས་བྱུང༌། དོན་ཚན་དང་པོ། རང་ཉིད་ལྟ་བུར་ཆ་བཞག་ན། ཆུང་ཆུང་དུས་ནས་ཕ་ཡུལ་གྲྭ་པ་བྱས་ཏེ་གཞུང་བཀའ་པོད་ལྔ་ལ་བག་ཆགས་ཏོག་ཙམ་བཞག་པ་རེད། ཐོག་མར་གཞུང་རྩོད་ཡོང་བའི་སྐབས་སུ{ཤིང་རྟའི་སྲོལ་འབྱེད}ཟེར་བ་ཞིག་རྩོད་རྒྱུ་ཡོད་རེད། འདིར་ཤིང་རྟའི་སྲོལ་བྱེད་ཟེར་ན་སློབ་ཚན་ཞིག་གི་མིང་རེད། སློབ་ཚན་གྱི་མིང་བརྗོད་བྱའི་ཆ་ནས་བཏགས་ཡོང་དུས། ཡིན་ལོག་མིན་ལོག,ཤ་པ་སྒུར་ཅོག,ཟེར་བའི་བཟོ་འདྲ་པོ་ཁེ་མཚར་པོ་ཡོད་རེད། རྩོད་ཟེར་བ་འདི་དཔེ་ཆ་བའི་བརྡ་ཆད་ཅིག་ཡིན་ན་མི་ཤེས། གཞུང་གང་ཞིག་སློབ་ཚན་ལ་བཞག་ནས་སློབ་སྦྱོང་བྱེད་པ་ལ་རྩོད་ཟེར་ཀྱི་ཡོད་རེད། ཤིང་རྟའི་སྲོལ་འབྱེད་རྩོད་ཡོང་དུས་འཇམ་དཔལ་རྩ་རྒྱུད་ལས་ཟེར་ལུང་དྲངས་ཏེ། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་དང་དྲུག་བརྒྱ་ཙམ་སོང་བ་ན། ཀླུ་སྒྲུབ་དང་ཐོགས་མེད་ཟེར་བའི་དགེ་སློང་གཉིས་ཕེབས་ནས། སངས་རྒྱས་ཀྱི་གསུང་རབ་ལ་དྲང་ངེས་འབྱེད། བསྟན་པ་ཉི་མ་ཤར་བ་ནང་བཞིན་བྱེད། མཐར་རབ་ཏུ་དགའ་བའི་ས་སྒྲུབ་སྟེ་བདེ་བ་ཅན་དུ་སྐྱེ་འགྲོ་གི་རེད་ཟེར་ལུང་བསྟན་ཞིག་བརྒྱབ་ཡོང་དུས། ཨ་ཙི། བདག་ཅག་གི་སྟོན་པ་འདི་འདྲ་ས་མི་འདུག་ག །མངོན་ཤེས་སྲིད་པ་ལག་མཐིལ་འདི་འདྲ་ཞིག་བསམས་ནས་ལུང་དེ་སྐྱོར་གྱིན་སྐྱོར་གྱིན་དད་པ་ལྷག་པར་འཕེལ་བ་དང༌། དང་བ་འདྲེན་པ་ཞིག་ཡོད་ལེ་རེད། དེ་རྗེས་བོད་ནང་ལོག་ལ་ལོ་རྒྱུས་ཀྱི་ནང་ནས་ཐོག་མར་དེབ་ཐེར་སྔོན་པོ་དང་དམར་པོ་གསར་མ་དེ་ཚོ་པར་སྐྲུན་བྱས་སོང༌། དེ་ཚོ་གཅིག་ལྟ་ཡོང་བའི་སྐབས་སུ། ཡང་བོད་བཙན་པོའི་རྒྱལ་རབས་ཡོངས་རྫོགས་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་རེད་ཟེར། དེ་བཞིན་གཤེགས་པའི་བསྟན་འདི་ལ།།་་་་་ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད།། ཅེས་པའི་བར་ཤོ་ལོ་ཀ་བརྒྱད་ལྷག་ཡོད་པའི་ནང་། ས་སྲུང་དང་ནི་བེའུ་དང༌།༎ ཞེས་གླང་དར་མ་ཡན་ཆད་ལུང་བསྟན་པ་རེད་ཟེར་གཅིག་བཤད་ཡོང་དུས།2 ངས་འཇམ་དཔལ་རྩ་རྒྱུད་ཟེར་ན་སངས་རྒྱས་ཀྱི་ལུང་བསྟན་ཚང་མ་བསྡུ་རུག་བྱས་བཞག་པ་ཞིག་ཡིན་པར་བསམས་མྱོངས། དེ་ཚོ་སྔོན་མའི་སྐད་ཅ་རེད། ད་རེས་གོ་སྐབས་འདི་ཟིན་ནས་འཇམ་དཔལ་རྩ་རྒྱུད་སྡེ་དགེའི་པར་མ་དེ་མགོ་ནས་སྒབ་བར་ཚར་གཅིག་ཀློག་པ་ཡིན། དེ་ཡིན་དུས། འཇམ་དཔལ་རྩ་རྒྱུད་འདི། བདེ་མཆོག་རྩ་རྒྱུད། གསང་འདུས་རྩ་རྒྱུད། རྩ་རྒྱུད་བཤད་རྒྱུད་གཞན་དག་དང་འདྲ་བར་རྒྱུད་སྡེ་གཅིག་ལ་གང་ཚང་དགོས་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་བསྡད་པ་ཞིག །མགོ་གླེང་གཞིའི་ལེའུ་ནས་སྒབ་ཡོངས་གཏད་ཀྱི་ལེའུ། ཕན་ཡོན་གྱི་ལེའུ། སྔོ་བའི་ལེའུ་བར་ཡོད་བསྡད་པ་ཞིག །སྔགས་ཀྱི་གཞི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལམ་གྱི་རིམ་པ་ཆ་ཚང་ཡོད་བསྡད་པ་ཞིག །དབང་གི་སྟ་གོན་ནས་བསྙེན་པ་བྱས་ཏེ་སྦྱིན་སྲེག་བྱེད་སྟངས་ཚུན་ཆད་ཡོད་བསྡད་པ་ཞིག །མངོན་སྤྱོད་ཀྱི་སྒོ་ནས་བསད་པ་དང་བསྐྲད་པ་རེངས་པ་དེ་ཚོ་ག་འདྲ་བྱེད་དགོས་པ་ཆ་ཚང་ཡོད་བསྡད་མཁན་ཞིག་རེད་འདུག །གཞུང་ཚད་ཀྱི་སྒོ་ནས་བཤད་ན་ལེའུ་སུམ་ཅུ་སོ་དྲུག་རེད།3 ལོ་ཙཱ་བ་རྣམས་ཀྱིས་གཞུང་ཚད་ལ་སྒྲོ་སྐུར་སྤོང་ཆེད་ཤོ་ལོ་ཀ་གྲངས་ཀ་བརྒྱབ་ནས་བཟོས་པའི་ལེའུ་དེ་རེད་མི་འདུག །གཞུང་ཚད་མང་ཉུང་ལ་མ་ལྟོས་པར་དོན་ཚན་རེ་རྫོགས་པ་དང་ལེའུ་རེ་རྫོགས་པ་བྱས་འདུག །སྡེ་སྲིད་སངས་རྒྱས་རྒྱ་མཚོས་རབ་འབྱམ་གཅིག་དང་གཉིས་ཟེར་རྩིས་འདུག་ལ། གཞུང་ཁོ་རང་ནང་ལེའུ་དང་རབ་འབྱམ་གཉིས་ཀ་རེས་མོས་འདྲ་པོ་བྲིས་འདུག །རྒྱ་དཔེ་ནང་ལེའུ་ལྔ་བཅུ་ང་གྲངས་ཤིག་ཡོད་འདུག་པ་བོད་བསྒྱུར་ལེའུ་སོ་དྲུག་ཏུ་བསྡུས་པ་འདྲ། ལུང་བསྟན་གྱི་སྐོར་དེ་ལེའུ་ཉེར་བརྒྱད་པ་ནས་འགོ་བཙུགས་ཏེ་འབྱུང་བ་དང༌། ལུང་བསྟན་སྐོར་མང་ཆེ་བ་དེ་ལེའུ་སོ་དྲུག་པ་རང་ན་ཡོང་གི་འདུག །ལེའུ་དེར་ལུང་བསྟན་པའི་ཡུལ་དང་རྒྱལ་པོ་དེ་དག་ནི་མང་ཆེ་བ་རྒྱ་གར་ནང་གི་གངྒའི་འབབ་རྒྱུད་དུ་གཏོགས་པ་རྣམས་དང་བལ་ཡུལ་གྱི་རྒྱལ་རྒྱུད་རྣམས་རེད་འདུག །སངས་རྒྱས་ཀྱིས་ལུང་བསྟན་པའི་གང་ཟག་དེ་ལ་ལེགས་ཉེས་གང་གི་ཆ་ནས་ཡིན་ཀྱང་སྐད་གྲགས་ཅན་སྟོབས་དང་ལྡན་པ་ཞིག་དགོས་པར་བསམས་མྱོང༌། ཡིན་ནའང་སྐྱེས་ནས་ཞག་གསུམ་ཙམ་མ་ལས་ཐུབ་པའི་མི་ཡང་ལུང་བསྟན་པར་མཛད་འདུག །གང་ཟག་གཅིག་གི་སྐྱེས་རབས་ལྟ་བུ་ཞིག་ཡིན་ན་དེ་ལྟར་ཆོག་མོད་དེ་ཡང་མ་རེད། རྒྱུ་མཚན་ག་རེ་ཡིན་ཤེས་མ་སོང༌། ད་ང་ཚོས་རྟགས་ཀྱི་འཇུག་པའི་ནང་གི། གང་ལ་འཇུག་བྱེད་གང་གི་བྱེད།།ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།། ཅེས་པ་དེ་ཚུར་དཔེ་ལ་གཡར་ནས་བཤད་པ་ཡིན་ན། འཇམ་དཔལ་རྩ་རྒྱུད་འདི་གང་གིས་གསུངས་པའི་གསུང་པ་པོ་ནི། བདག་ཅག་གི་སྟོན་པ་དང༌། བར་བར་དུ་ལག་ན་རྡོ་རྗེས་ཀྱང་ཡར་ཞུ་མར་གནང་འགའ་རེ་བྱས་འདུག །གང་དུ་གསུངས་པའི་གནས་ནི་གནས་གཙང་མའི་སྟེང་གི་ནམ་མཁའ་ལ་རེད། གནས་གཙང་ཟེར་ན་བསམ་གཏན་བཞི་པའི་ལྷ་གནས་ཤིག་རེད། གང་གི་ཆེད་དུ་གསུངས་པའི་གདུལ་བྱ་ཟེར་ན་འགྲིག་གི་ཡོད་མེད་མི་ཤེས་ཏེ། དངོས་སུ་གསུང་སའི་འཁོར་གྱི་གཙོ་བོ་དེ་གནས་གཙང་མའི་ལྷ་ཡི་བུ་དེ་ཚོ་རེད། ལྷ་ཡི་བུ་མོ་ཡོད་ཟེར་མི་འདུག གང་འདྲ་སྟེ་ཇི་ལྟར་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་ལྷ་ཡི་བུ་དེ་དག་ལ་འཇམ་དཔལ་དབྱངས་ལ་བརྟེན་པའི་སྔགས་ཀྱི་གཞི་གལ་ཆེན་པོ་ཞིག་གསུང་རྒྱུ་ཡོད། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུངས་ཤིག་གསུངས། གསུངས་མ་ཐག་ཏུ་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས། བཞུགས་མ་ཐག་ཏུ་མཛོད་སྤུ་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། འཕྲོས་མ་ཐག་ཏུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ལ་ཁྱབ། ལྷག་པར་བྱང་ཤར་ངོས་སུ་གཅིག་གཉིས་ཟེར་རྩིས་པའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་ཕ་རོལ་ན། སངས་རྒྱས་ཀྱི་ཞིང་མེ་ཏོག་དང་ལྡན་པ་ཟེར་བ་ཞིག་ཡོད་དར་ཟི། དེ་ལ་འོད་ཟེར་དེ་ཕོག །ཞིང་དེ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་བཞུགས་བཞིན་པའི་འཇམ་དཔལ་གཞོན་ནུ་གྱུར་པས་འོད་ཟེར་དེ་གཟིགས་ཏེ། དེའི་གོ་དོན་འདྲ་པོ་གང་ཡིན་པ་དེ་མཁྱེན་ནས། ཞིང་ཁམས་དེའི་བདག་པོ་འདྲ་པོ་སངས་རྒྱས་མེ་ཏོག་ཀུན་ཏུ་སྐྱེས་པ་རྒྱལ་པོའི་དབང་པོ་ཟེར་བ་ཞིག་ཡོད་དར་ཟི། དེ་ལ་བཀའ་ཁྲོལ་འདྲ་པོ་ཞིག་ཞུས་ནས་ཚུར་ཕེབས། ཚུར་ཕེབས་ནས་བཅོམ་ལྡན་འདས་དང་དྲི་བ་དྲིན་ལན་གྱི་སྒོ་ནས་གསུངས་པ་ཞིག་ཆགས་ཀྱི་ཡོད་རེད། འདི་རྩ་རྒྱུད་འདི་ཡི་གླེང་གཞི་རེད་ལ། སངས་རྒྱས་གསུང་རབ་སྤྱི་ཡོངས་ཟེར་ན་འགྲིག་གི་ཡོད་མེད་གང་ཤེས་ཏེ། རྒྱུད་དང་མདོ་སྡེ་དང་ཤེར་ཕྱིན་སོགས་ཕལ་ཆེ་བའི་གླེང་གཞི་ཡོང་སྟངས་དེ་གཅིག་པ་རེད་འདུག་བསམ་གྱིན་ཡོད། འདུལ་བའི་གླེང་གཞི་ཡོང་སྟངས་དེ་ཏོག་ཙམ་མ་འདྲ་བ་རེད། མི་དང་མཐུན་ཆེ་བ་འོད་འཕྲོ་བ་ལ་སོགས་པ་གསང་བ་བསམ་མི་ཁྱབ་པའི་སྐད་ཅ་མང་པོ་ཡོད་མ་རེད། གང་གི་ཆེད་དུ་སྟེ་ཅི་ཕྱིར་གསུངས་པ་རེད་ཟེར་ན། འདི་གལ་ཆེ་ཤོས་དེ་རེད་ལ་འདོམ་བདེ་ཤོས་དེ་ཡང་རེད། ཞི་འགྱུར་མི་མཛད་ཁྱོད་ལ་མེད། ཟེར་བ་རེད། རྩ་རྒྱུད་ཁོ་རང་ནས་གསུངས་པ་ལྟར་བྱས་པ་ཡིན་ན་ལྔ་ཡོད་རེད། ༡།སེམས་ཅན་ཐམས་ཅད་ཚེ་རིང་བའི་ཕྱིར། ༢།ནད་མེད་པའི་ཕྱིར། ༣།དཔལ་ཐོབ་པའི་ཕྱིར། ༤།དབང་ཕྱུག་ཐོབ་པའི་ཕྱིར། ༥།བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ཕྱིར་དུ་ཡིན་གསུངས་འདུག །གང་ཞིག་གསུངས་པ་རེད་ཟེར་ན། སྒྲ་ཡི་དབང་དུ་བྱས་ན་འཇམ་དཔལ་རྩ་རྒྱུད་འདི་རེད། དོན་གྱི་དབང་དུ་བྱས་ན་འཇམ་དཔལ་དབྱངས་ལ་བརྟེན་པའི་སྔགས་ཀྱི་གཞི་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལམ་གྱི་རིམ་པ་ཞིག་གསུང་གི་ཡོད་རེད། གང་ཞིག་གསུངས་པའི་བསྟན་བཅོས་དེ་ལ་མིང་ག་རེ་བཏགས་དགོས་ཀྱི་རེད་ཅེས་འཇམ་དཔལ་དབྱངས་ཀྱིས་བཅོམ་ལྡན་འདས་ལ་ཡར་ཞུས་སྐབས། མིང་མི་འདྲ་བ་བདུན་གནང་འདུག་པ་གདམ་ག་ཅན་ཡིན་རྒྱུ་རེད། ༡།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་བ། ༢།ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ། ༣།བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་རྒྱུད་ཐམས་ཅད་ཀྱི་མཛོད། ༤།ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ངེས་པར་བསྟན་པ་ཉམས་པ་མེད་པ། ༥།བྱང་ཆུབ་སེམས་དཔའི་སྡེ་སྣོད། ༦།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག ༧།ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ངེས་པར་བསྟན་པ་ཟེར་བཏགས་ནའང་འགྲིག་གི་རེད་གསུངས་འདུག །འཇམ་དཔལ་རྩ་རྒྱུད་ཟེར་བའི་མིང་དེ་མི་འདུག །ངས་རྒྱ་དཔེ་ངོ་མ་ཞིག་གི་ཁ་བྱང་མཐོང་མ་མྱོང་ལ་སཾསྐྲྀ་ཏ་མི་ཤེས་ཏེ། འཇམ་དཔལ་རྩ་རྒྱུད་ཟེར་བའི་མིང་དེ་ཕལ་ཆེར་ལོ་ཙཱ་བ་ཚོས་བཏགས་མེད་འགྲོ་བསམས། ལོ་ཙཱ་བ་དེ་ཚོ་བཅོམ་ལྡན་འདས་ལས་མཁས་པ་དང་ཡིན་རྒྱུ་མ་རེད་དེ། ང་ཚོ་བོད་མིའི་སེམས་ཁམས་དང༌། གཡས་གཡོན་མདུན་རྒྱབ་ཀྱི་ཐ་སྙད་མང་པོ་ཞིག་གི་འགྲོས་དང་བསྟུན་དགོས་དུས་དེ་ཡག་པོ་བྱུང་འདུག་བསམས་སོང༌། བོད་དཔེ་འགོར{ཨཱརྱ་མཉ྄ཇུ་ཤྲིའ་མུ་ལ་ཏནྟྲཿ}ཞེས་འབྱུང་ཡང་རྒྱ་དཔེ་མཐོང་མཁན་ཚོས་ཟེར་ན{ཨཱརྱ་མཉ྄ཇུ་ཤྲིའ་མུ་ལ་ཀལྤ}ཞེས་འཁོད་འདུག་ཟེར། དེ་ལྟར་ན་གོང་གི་མིང་དྲུག་པ{འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག}ཞེས་པ་དང་ཉེ་ཆེ་བ་རེད། རྩ་རྒྱུད་རང་དུ་ཡང༌། ང་ཡིས་ཆོ་གའི་རྒྱལ་པོ་འདི།།འཇམ་དཔལ་དབྱངས་ལ་གཏད་པ་ཡིན༎ ཞེས་དང༌། སྔགས་ནི་རབ་ཏུ་འབྱེད་དོན་དུ།།ཆོ་ག་རྒྱ་ཆེན་བསྟན་པ་ཡིན།།4 ཞེས་པ་རྣམས་དང་ཡང་མཐུན་པ་ཞིག་རེད། འཇམ་དཔལ་རྩ་རྒྱུད་འདི་ལ་མཆོད་པ་དང་བསྟོད་པ། འཆང་བ་དང་ནི་བཏོན་ཏམ་ཀློག་ན་ཡང༌། ཕན་ཡོན་བཅུ་ཡོད་གསུངས་འདུག །འདི་ངས་ཚུར་བསྡུས་པ་ཡིན། སྒྲ་ཇི་བཞིན་པ་མིན་ན་ཡང་དོན་དག་ལ་འགྱུར་བ་ཕྱིན་མེད། ༡།ཕ་རོལ་དམག་ཚོགས་ཀྱིས་མི་འཇིག་པ། ༢།གཟའ་དང་རྒྱུ་སྐར་གྱིས་མི་འཚེ་བ། ༣།མི་དང་མི་མ་ཡིན་གྱིས་མི་འཇིག་པ། ༤།ཕྱི་རྒོལ་བ་དང་ནད་ཀྱིས་མི་འཇིག་པ། ༥།དུས་མ་ཡིན་པའི་འཆི་བས་མི་འཇིག་པ། ༦།ཆར་ཆེན་པོ་དང་རླུང་ཆེན་པོས་མི་འཇིག་པ། ༧།ཤ་ཟ་དང་དགྲ་ཡིས་མི་འཇིག་པ། ༨།གཡོན་ཅན་རྐུན་པོ་དང་ཆོམ་རྐུན་གྱིས་མི་འཇིག་པ། ༩།གཤིན་རྗེ་དང་ལྷ་ཀླུས་མི་འཇིག་པ། ༡༠།སྦྱར་དུག་དང་ནད་རིམས་ཀྱིས་མི་འཇིག་པ་བཅས་རེད། དེ་ག་ནང་བཞིན་འདི་ལ་མ་དད་པ་དང་ལོག་ལྟ་བྱས་པ་ཡིན་ན་སྡིག་ཉེས་ཆེན་པོ་བསགས་པ་རེད་ཟེར། ཁོ་རང་ནང་གསུངས་པ་ལྟར་བྱས་པ་ཡིན་ན། འཇམ་དཔལ་རྩ་རྒྱུད་འདི་ཀློག་ནས། ད་ཡིན་ན་བཅོམ་ལྡན་འདས་དང་འཇམ་དཔལ་དབྱངས་གཉིས་ཀྱིས་ཅི་གང་ཤེས་ཀྱི་མི་འདུག་ཟེར་སྐུར་བ་བཏབ་པ་ཡིན་ན། མི་དེ་དམྱལ་བར་འགྲོ་གྱུར་ཞིང༌།།དེ་ཉམས་ནས་ནི་དུད་འགྲོར་འགྲོ།།ཐིག་ནག་དང་ནི་ཡང་སོས་དང༌།།སྤུ་གྲི་སོ་དང་མེ་མ་མུར།།རོ་མྱགས་ཆུ་བོ་རབ་མེད་སྐྱེ།། ཞེས་གསུངས་འདུག5 ད་དུང་དེས་ཀྱང་ཚད་ཀྱི་མི་འདུག །ཡང་སོས་དང་ཐིག་ནག་དང་སྡུད་འཇོམ་དང་མནར་མེད་ནས་རྦད་དེ་རྡོ་རྗེ་གདན་བར་གཏུག་ཤག །དེ་ཡང་སངས་རྒྱས་གསུང་རབ་སྤྱི་ཡོངས་ཀྱི་འགྲོ་སྟངས་ཤིག་རེད་བསམས། ཡར་སྤྲོ་བ་སྐྱེ་དགོས་པ་ཞིག་དང༌། མར་ཞེད་སྣང་སྐྱེ་དགོས་པ་གཉིས་ཀྱི་བར་ནས་ང་ཚོ་ཟེར་ན་འགྲིག་མ་སོང༌། ང་དང་ང་འདྲ་བ་དེ་ཚོ་གཅུན་ཐབས་ཤིག་གནང་གི་ཡོད་རེད། ལོ་ཙཱ་བ་གང་གིས་དུས་རབས་ག་དུས་ནང་ལ་གང་འདྲ་བྱས་ནས་བསྒྱུར་བ་རེད་ཟེར་ན། ལོ་ཙཱ་བ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། བོད་ཀྱི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་གཉིས་ཀྱིས་དུས་རབས་བཅུ་གཅིག་པར་བསྒྱུར་བ་ཡིན་འདུག །དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཚ་བོ་བྱང་ཆུབ་འོད་ཀྱིས་སྐུལ་མ་གནང༌། སྐུལ་མ་གནང་བ་ཙམ་མ་ཡིན་པར་བསྒྱུར་དགོས་པའི་བཀའ་ཕབ། བཀའ་ཕབ་པ་ཙམ་མ་ཡིན་པར་འགྲོ་སོང་ཆ་ཚང་བཏང་ནས། ལོ་ཙཱ་བས་ཤེས་ཡོན་གྱིས་འདང་ན་འགྲོ་སོང་ལག་མ་ཐོགས་པ་ཞིག་བྱས་ནས་བསྒྱུར་ཡོད་པ་རེད། ཡིན་ན་ཡང༌། ངས་རྒྱ་དཔེ་མཐོང་མ་མྱོང་ལ་སཾསྐྲྀ་ཏ་ཡང་མི་ཤེས་ཏེ། ང་ཚོ་བོད་ཀྱི་གཏམ་དཔེར། རྟ་རང་གིས་ཞོན་མ་མྱོང་ཡང་སྐྱ་མི་ཐད་ལ་འགྲོ་བ་མཐོང་མྱོང༌། ཟེར་བ་ལྟར་འགྱུར་ཡག་པོ་རང་དང་ཨེ་ཡོད་དམ་སྙམ། སྔོན་མ་བོད་ནང་སྡོད་དུས་ཨ་མཆོད་ལ་ཏོག་ཙམ་འགྲོ་མྱོང་ཡོད། འབུམ་རྒྱས་པ་དེ་ཚོ་ཡིན་ན་འབྲས་རྐང་བརྒྱ་རྩ་བརྒྱད་དེ་བློ་ལ་ངེས་རྗེས། ཤོག་གྲངས་མང་པོ་རིགས་འདེད་ཀྱིས་བློ་ཐོག་ནས་ཀློག་ཐུབ་པ་ཉོབ་སྣང་སྐྱེ་ཡོང་བ་ཞིག་ཡོད་མོད། འབྲས་རྐང་ཕན་ཚུན་སྦྱར་སྟངས་དང༌། ཐ་ན་ཤད་ཀྱི་བཅད་མཚམས། ལེའུ་འགོད་སྟངས་ཚུན་གྲ་འགྲིག་པོ་ངོས་གཙང་མ་སྒྲིག་གཞི་གཅིག་གི་འོག་ཏུ་འགྲོ་ཐུབ་པ་ཞིག་རེད། འོན་ཀྱང་རྩ་རྒྱུད་འདི་ལ་དེ་འདྲ་ཞིག་མི་འདུག །ལེའུ་འགོད་སྟངས་ཀྱང་ལུགས་དང་མཐུན་མི་འདུག་ལ། བྱ་ཚིག་གཅིག་ལས་མི་དགོས་ས་ལ་གཉིས་གསུམ་བརྒྱབ་བཞག་པ་དེ་འདྲ་མང་པོ་རེད། ཕྱིས་ས་སྐྱ་བ་ལྟ་བུ་ཞིག་གིས་འགྱུར་བཅོས་ཞིག་གནང་ཡོད་ན་ཏན་ཏན་ཁྱད་པར་བྱུང་ཡོད་ཀྱི་རེད། གཞན་པ་ཞིག་བཤད་ན། འདི་དོགས་པ་ཆེན་པོ་ཟེར་གང་ཡང་མ་རེད། ལྡེའུ་ཆོས་འབྱུང་རྒྱས་པ་དེ་གལ་ཆེན་པོ་བརྩི་བཞིན་ཡོད། དེའི་ནང་འདི་འདྲ་ཞིག་གསུངས་འདུག །པནྜི་ཏ་སྨྲྀ་ཏི་ཛྙ་ན་བོད་སྐད་རབ་བེ་རོབ་བེ་ཤེས་པའི་སྐབས་དེར་ཟེར་གྱི་ཡོད་རེད། ཕྱིས་བོད་སྐད་བྱང་ནས། ཚོང་སྡེ་ངག་གི་དབང་ཕྱུག་ལ་སོགས་པས་ལོ་ཙཱ་བྱས་ནས། འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལ་སོགས་པའི་ཆོས་ཤས་ཙམ་བསྒྱུར་བ་དེ་ལ་སྔགས་གསར་མའི་འགྱུར་འགོ་ཚུགས་པ་གདའ། གསར་མ་རྒྱས་པ་ནི་རིན་ཆེན་བཟང་པོའི་རིང་ལ་བསྒྱུར་ཏོ། གསུངས་ཡོད་རེད།6 དེ་འདྲ་ཡིན་དུས་སྨྲྀ་ཏི་ཛྙ་ན་དང་ཚོང་སྡེ་ངག་གི་དབང་ཕྱུག་གཉིས་ཀྱིས་བསྒྱུར་བའི{འཇམ་དཔལ་ཆོ་ག་འདུས་པའི་རྒྱུད}ཅེས་པ་འདི་འཇམ་དཔལ་རྩ་རྒྱུད་ཡིན་ནམ་མིན། མིན་ན་དེ་གང་ལ་ངོས་འཛིན་དགོས། ཡིན་ན་འཇམ་དཔལ་རྩ་རྒྱུད་ཀྱི་འགྱུར་གཉིས་ཆགས་ཀྱི་ཡོད་རེད། ད་ངས་དོན་ཚན་དང་པོ་དེ་ཚར་བ་བྱེད་ཀྱི་ཡིན།

འཇམ་དཔལ་རྩ་རྒྱུད་ལས་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་བསྟན་གྱི་རེད་གསུང་མཁན་དེ་ཚོས་ཁུངས་ག་རེ་ལ་བཅོལ་གྱི་ཡོད་རེད། གཞི་ག་རེ་ལ་འཛིན་གྱི་ཡོད་རེད་ཟེར་ན། ཁ་བ་ཅན་གྱི་མཚོ་བྲི་ནས།།ས་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་པ་དེ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་རེད། དེས་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་བསྟན་གྱི་ཡོད་རེད་གསུངས་པ་ལས། དེ་ལས་གཞན་འཇམ་དཔལ་རྩ་རྒྱུད་ཀྱི་མགོ་སྒབ་ལེའུ་སུམ་ཅུ་སོ་དྲུག་གང་ན་ཡང་མཛུབ་མོ་བཙུགས་ས་ཡོད་མ་རེད། དེ་ལ་ཐོག་མར་དེ་འདྲའི་ལུང་ཞིག་འཇམ་དཔལ་རྩ་རྒྱུད་ནང་ཡོད་རེད་དམ་མ་རེད། དེ་གནད་འགག་གཅིག་རེད། གནད་འགག་དེ་རྟོགས་དཀའ་བའི་རང་བཞིན་ཞིག་མ་རེད། དཔེ་མཛོད་ལྟ་བུ་ཚོགས་སྡེ་ཞིག་གིས་སྡེ་དགེ་པར་མ། ར་རྒྱ་པར་མ། སྣར་ཐང་པར་མ། བྲིས་མ་ཁག །རྒྱ་དཔེ། རྒྱ་ནག་གི་དཔེ་བཅས་གཤིབ་བསྡུར་ཞིག་བྱས་པ་ཡིན་ན། ཟླ་བ་གཅིག་གི་ནང་ལ་ཡོད་མེད་ཐག་གཅོད་ཐུབ་པ་ཞིག་རེད། གཉིས་པ་ལུང་བསྟན་ཡིན་ཀྱང་མིན་ཀྱང་ཚིག་དེའི་ནང་གི{ཁ་བ་ཅན}དེ་བོད་ཡིན་པའི་ཁུངས་སྐྱེལ་ག་རེ་ཡོད། དེ་གནད་འགའ་གཉིས་པ་དེ་རེད། དགེ་འདུན་ཆོས་འཕེལ་ལྟ་བུ་ཡིན་ན། འཇམ་དཔལ་རྩ་རྒྱུད་ཀྱི་ལུང༌། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི།།གངས་ཅན་རི་ཡི་ནང་གནས་པ།། ཞེས་པའི་ལྷ་ལྡན,ཁ་བ་ཅན,རྣམས་བལ་ཡུལ་ལ་ངོས་གཟུང་དགོས་པར་བཤད་ཡོད་རེད།7 སྐབས་འདིའི་ཁ་བ་ཅན་ཡང་ཕལ་ཆེར་བལ་ཡུལ་རེད་གསུང་གི་རེད། གསལ་ཁ་མེད་པ་ཡིན་དུས་མི་རེས་རེ་རེ་བསམ་སྲིད་པ་རེད། བོད་ཡིན་ནམ། ནེ་པ་ལི་ཡིན་ནམ། ཀ་ཤིསྨྲིར་ཡིན་ནམ། ག་རེ་ཡིན་ག་རེ་ཡིན། གནད་དོན་དེ་ཐག་གཅོད་བྱེད་པར་མང་མོས་འོས་བསྡུ་འདྲ་པོ་བྱས་པ་ཡིན་ན་མ་གཏོགས་ཁག་པོ་རེད།

གསུམ་པ་ལུང་དེའི་ནང་གི་ཁ་བ་ཅན,ཤིང་སྐྱེ་ས,མཚོ་སྐམ་ས,དེ་དག་བོད་ཡིན་པའི་དབང་དུ་བཏང་ན་ཡང༌། དེ་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་དང་འབྲེལ་བ་ག་རེ་ཡོད་དམ། དེ་གནད་འགག་གཙོ་བོ་དེ་རེད།

བོད་ཀྱི་མཚོ་མ་སྐམ་ན་བོད་ཀྱི་མི་ཡོད་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད་དམ། མཚོ་མ་སྐམ་ན་ཡང་མཚོ་འགྲམ་ན་མི་ཡོད་ཆོག་གི་རེད། མཚོ་དང་ཆུ་ནི་མི་ཡི་འགྲོ་བ་འཚོ་གནས་བྱེད་པའི་ཆ་རྐྱེན་ཡིན་པ་ལས། སྣང་མུན་བཞིན་དེ་གཉིས་ལྷན་ཅིག་མི་གནས་པའི་འགལ་བ་ཞིག་མ་རེད། དེར་བརྟེན་མཚོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་མི་ཡི་འགྲོ་བ་མེད་པར་སྒྲུབ་ཐུབ་ཀྱི་མ་རེད།

ཨ་མེ་རི་ཀའི་གྲོང་ཁྱེར་ཆེ་ཤོས་ནེའུ་ཡོག་དང༌། ལོ་སན་ཇན། ཆི་ཥ་ཀོ་རྣམས་མཚོ་འགྲམ་ལ་ཆགས་ཡོད་རེད། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་བྷམ་བྷེ་མཚོ་འགྲམ་ལ་ཆགས་ཡོད་རེད། ཨ་ཞང་ཚང་གི་གྲོང་ཁྱེར་ཆེ་ཤོས་ཧོང་ཀོང་དང་ཤང་ཧེ་སོགས་མཚོ་འགྲམ་ལ་ཆགས་ཡོད་རེད། རྒྱ་གར་གྱི་ས་ཆ་དེ་སོག་པའི་དབྱིབས་ཅན་ལག་པ་བཀྲམ་པ་འདྲ་ཞིག་འདུག་ག །དེ་ཤར་ལྷོ་ནུབ་གསུམ་ནས་རྦད་དེ་མཚོ་ཡིས་བསྐོར་བསྡད་ཡོད་རེད། མཚོ་དེའི་མིང་ལ་རྒྱ་གར་རྒྱ་མཚོ་ཟེར་བ་རེད། རྒྱ་གར་རྒྱ་མཚོ་མ་སྐམ་བར་རྒྱ་གར་ན་མི་ཡི་འགྲོ་བ་ཆགས་ཐུབ་ཀྱི་མ་རེད་ཅེས་བརྗོད་ན་འགྲིག་མ་སོང་བ། རྒྱ་གར་རྒྱ་མཚོ་སྐམ་དགོས་ན་མཐའ་ཡས་རྒྱ་མཚོ་སྐམ་དགོས་ཀྱི་ཡོད་རེད། སྐམ་རྒྱུའི་ཚབ་ལ་རྒྱ་མཚོ་འཕེལ་ནས་བྷམ་བྷེ་དང་གྷོ་བ་དེ་ཚོ་མཚོ་ནང་དིམ་འགྲོ་གི་རེད་ཟེར་སྔོན་བརྡ་གཏོང་བཞིན་པ་རེད། ཧིན་དུ་ཁོ་རང་ཚོ་ལྟར་ན་རྒྱ་གར་ལ་མི་ཡི་འགྲོ་བ་བྱུང་ནས་ལོ་ལ་གྲངས་ཀ་ཡོད་མ་རེད། ཚེ་ལོ་དཔག་མེད་ཀྱི་དུས་ནས་གྲངས་ཅན་སོགས་ཆོས་ལུགས་གྲུབ་མཐའ་ཡང་དར་ཟིན་པ་རེད། དེང་ཚན་རིག་པས་བཤད་ནའང་ལོ་ངོ་ཁྲི་ཕྲག་ཁ་ཤས་རེད་ཟེར་གྱི་ཡོད་རྒྱུ་རེད། དེ་བཞིན་ཨི་ཊ་ལིའི་རོམ་དང་གྷི་རིག་སི་རྣམས་ནི་མི་དང་མིའི་ཤེས་ཡོན་དར་སྔ་བའི་གྲས་སྐད་གྲགས་ཆེན་པོ་རེད། དེ་དག་ཀྱང་རྒྱ་མཚོ་ཆེན་པོ་ཞིག་གིས་གོར་དུ་བསྐོར་བསྡད་ཡོད་པ་ས་ཁྲ་ལ་བལྟས་ན་མཐོང་གི་རེད། མཚོ་དེའི་སྤྱི་མིང་ལ་Mediterrenean seaཟེར་བ་རེད། ད་དུང་དུས་རབས་ཉི་ཤུ་པའི་ནང་ཚན་རིག་པ་འགའ་ཞིག་གིས་ནུབ་རྒྱ་མཚོའི་མཐིལ་ནས་ལོ་ངོ་ཆིག་ཁྲི་སྔོན་གྱི་གྲོང་ཁྱེར་གྱི་ཤུལ་རྙེད་པ་རེད།8

དེ་ག་ནང་བཞིན་ད་བོད་ལ་འཛུལ་ནས་བཤད་ན། ཡར་འབྲོག་གི་མཚོ་མ་སྐམ་བར་ཡར་འབྲོག་ལ་མི་ཡི་འགྲོ་བ་ཆགས་ཐུབ་ཀྱི་མ་རེད་ཟེར་ན་ག་ལ་འགྲིག །བོད་ཀྱི་ལོ་རྒྱུས་ནང་གསལ་བ་ལྟར་ན་དབུས་མིན་གཙང་མིན་ཡར་འབྲོག་པ་ཟེར་བའི་སྡེ་དུད་ཁྲི་ཚོ་གཅིག་ཆགས་ནས་མ་མཐར་མི་ལོ་བདུན་བརྒྱ་བརྒྱད་བརྒྱ་བརྒལ་ཟིན་པ་རེད། ཡར་འབྲོག་གི་མཚོ་ད་དུང་ཡང་སྐམ་ཡོད་མ་རེད། རྒྱ་མིས་གློག་ཁང་བརྒྱབ་ནས་བསྡད་ཡོད་རེད། དེ་ག་ནང་བཞིན་མཚོ་སྔོན་པོ་མ་སྐམ་བར་མཚོ་སྔོན་ལ་མི་ཡི་འགྲོ་བ་ཆགས་མི་ཐུབ་པར་བརྗོད་ན་འགྲིག་མ་སོང་བ།

ཡང་གཅིག་བཤད་ན། བར་སྐབས་ནུབ་ཕྱོགས་ཚན་རིག་པ་རྣམས་ཀྱིས་མི་ཡི་འགྲོ་བ་དང་ཤེས་རིག་ནི་ཆུ་བོ་ཆེན་པོ་དག་གི་འབབ་རྒྱུད་ནས་དར་བར་བཤད་པ་རེད། དཔེར་ན། ལྷོ་ནས་བྱང་དུ་རྒྱུག་པའི་ཨེ་ཇེབ་ཊིའིEgyptཆུ་བོ་ན་ཡེལNileདང༌། བྱང་ནས་ལྷོ་རུ་རྒྱུག་པའི་དབྱི་རག་གི་ཆུ་བོ་ཊི་གྷི་རི་སིTigresདང་ཡུ་ཕི་རེ་ཊེ་སིEuphratesསོགས་ཀྱི་འབབ་རྒྱུད་རྣམས་ནི་འཛམ་གླིང་གི་མི་དང་ཤེས་རིག་སར་སའི་འབྱུང་ཁུངས་ལྟ་བུར་བཤད་པ་རེད། ཡིན་ན་ཡང༌། གནའ་བོའི་མི་རྣམས་རླན་བཤེར་གྱིས་རྩི་ཤིང་སྐྱེ་བ་དང་ཆུས་གྲོད་པ་ངོམ་ཙམ་ཞིག་བྱུང་ན་འགྲིག་སྡོད་པ་ལས་དེང་སང་ལྟར་གློག་ཁང་འཛུགས་པ་དང་གྲུ་གཟིགས་ཀྱི་སྐྱེལ་འདྲེན་ལ་ལྟོས་པ་ཞིག་མ་རེད། དེར་བརྟེན་མི་ཡི་འགྲོ་བ་དང་ཤེས་རིག་དར་བར་ངེས་པར་དུ་ཆུ་བོ་ཆེན་པོ་ཞིག་ལ་བརྟེན་དགོས་པའི་རྒྱུ་མཚན་གང་ཡང་མེད། འོན་ཀྱང་ཁོང་ཚོས་ལོ་ངོ་སུམ་སྟོང་ནས་ལྔ་སྟོང་ཡས་མས་ཀྱི་གནའ་ཤུལ་འགའ་ཞིག་ཆུ་བོ་དེ་དག་གི་འབབ་རྒྱུད་ནས་རྙེད་པ་ལ་བརྟེན་ནས་བསམ་ཚུལ་དེ་བྱུང་བ་འདྲ།

ནུབ་ཕྱོགས་ཚན་རིག་པས་གང་བཤད་དང་མཐུན་ཐབས་བྱེད་པའི་དུས་རབས་འདིར། སྔར་རྒྱ་གར་ཀྱི་ཤེས་རིག་དེ་སྟེང་ནམ་མཁའམ་གངས་རིའི་སྟོད་ཕྱོགས་མར་དར་ཡོང་བ་འདྲ་ཞིག་ཡོད་པ་དེ་འགྱུར་བ་བཏང་ནས་ཆུ་བོ་སི་ཏཱ་དང་གངྒ་འབབ་རྒྱུད་ནས་ཡར་དར་བ་དང༌། རྒྱ་ནག་གིས་ཀྱང་ཆུ་བོ་རྨ་འབྲི་གཉིས་ཀྱི་འབབ་རྒྱུད་ནས་རྒྱ་ནག་གི་ཤེས་རིག་དར་བར་བཤད་དེ། ཆུ་བོ་ཆེན་པོའི་འབབ་རྒྱུད་ནས་དར་བ་དེ་ཨེ་ཇེབ་དང་དབྱི་རག་ནང་བཞིན་སོ་སོའི་ལུང་པ་དེ་ཤེས་རིག་དར་སྔ་བའི་ཡུལ་ཞིག་ཡིན་པར་མངོན་ཐབས་བྱས་ཡོད་རེད།9 དེ་ལྟར་ན་རྒྱ་དཀར་ནག་གཉིས་ཀྱིས་བཤད་པའི་ཆུ་བོ་དེ་དག་དང༌། དེ་ལས་གཞན་ཟླ་ཆུ་དང་རྒྱ་མོ་དངུལ་ཆུ། ཡང་ལུང་གཙང་པོ་སོགས་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཕལ་ཆེ་བ་བོད་ནས་འབབ་པས་འཛམ་གླིང་འདིར་ཤེས་རིག་དར་སྔ་ཤོས་དང་ཕུན་སུམ་ཚོགས་ཤོས་ནི་བོད་ཡིན་ངེས་རེད།

འདིར་དཔེ་མང་པོ་ཞིག་བཤད་པ་དེ་ཐུབ་བསྟན་ལགས་དང་མིག་དམར་ལགས་གཉིས་ཀྱིས་ཆོབ་སློང་ཆེད་རིང་པོ་ཞིག་བསྣར་འགྲོ་བ་ནང་བཞིན་མིན། དཔེ་ཟེར་བ་འདི་ཧ་ཅང་གི་གལ་ཆེན་པོ་རེད། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དཔེ་ཡི་སྒོ་ནས་ཤེས་དགོས་པར་གསུངས་ཡོད། གྲུབ་མཐའ་བཞིའི་ནང་ནས་མདོ་སྡེ་པ་ལ་དཔེ་སྟོན་པ་ཟེར་གྱི་ཡོད་རེད། ང་གྲུབ་མཐའ་དེ་ལ་འཐད་ཤོས་འདྲ་པོ་ཡིན། དབུ་མ་པས་སེམས་ཙམ་པ་ལ། ཁྱོད་ཀྱིས་གཞན་དབང་གི་སེམས་བདེན་པར་གྲུབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ཁྱོད་ཀྱིས་དཔེ་མི་རྙེད་པའི་ཕྱིར། དབུ་མ་པ་ང་ལ་དཔེ་མང་པོ་ཡོད། སྒྱུ་མ་བཞིན། རྨི་ལམ་བཞིན། སྨིག་སྒྱུ་བཞིན། ཆུ་ཟླ་བཞིན་ཞེས་པ་ལྟར་དཔེ་གང་དགོས་ཡོད་པས་བདེན་མེད་སྒྲུབ་སླ་པོ་ཡིན་ཟེར་གྱི་ཡོད་རེད། དཔེ་མང་པོ་ཡོད་པ་ལ་བརྟེན་ནས་དབུ་མ་པ་དེ་ཚོར་སེམས་ཙམ་པ་ལས་རྒྱལ་ཐུབ་པའི་གདེང་ཚོད་དང་སྤོབས་པ་ཆེན་པོ་ཡོད་རེད། ཆོས་གང་ཡང་རུང་བ་ཞིག་གམ། གནད་འགག་གང་ཡང་རུང་བ་ཞིག་ཡིན་དང་མིན། རེད་དང་མ་རེད། བདེན་མི་བདེན་སོགས་ཀྱི་དོན་གཏན་ལ་ཕབ་པའི་སྐབས་སུ་དཔེ་ཡང་དག་པ་ཞིག་རྙེད་པ་ཡིན་ན། རག་པ་ཡིན་ན། ཡོད་པ་ཡིན་ན། ཁྲིམས་ཁང་ནང་འགྲོ་བའི་སྐབས་སུ་དཔང་རྟགས་ཡང་དག་པ་ཞིག་དང༌། དཔང་རྟགས་ཁུངས་བཙན་པོ་ཞིག་རྙེད་པ་དང་གཅིག་པ་རེད།

དེ་ག་ནང་བཞིན་སཱ་ལའི་ནགས་མ་སྐྱེས་པའི་ཡུལ་དུ་མི་ཡི་འགྲོ་བ་ཆགས་མི་ཐུབ་པའི་ཁུངས་སྐྱེལ་ག་འདྲ་བྱེད་ཀྱི་ཡིན། དུང་དཀར་རིན་པོ་ཆེས་སཱ་ལ་ཟེར་དུས་སྤོས་དཀར་གྱི་ཤིང་རེད་གསུངས་འདུག10 ཤིང་བྱེ་བྲག་པ་ཞིག་རེད། སཱ་ལ་ཞེས་པ་ཤིང་སྤྱི་ལ་གོ་བའི་དབང་དུ་བྱས་ཀྱང་ཤིང་མེད་ན་མི་ཡི་འགྲོ་བ་ཆགས་ཐུབ་ཀྱི་མེད་པའི་ཁུངས་སྐྱེལ་ཐུབ་ཀྱི་མ་རེད་བསམས། གཏན་ཚིགས་རིག་པའི་དབང་དུ་བྱས་ན། ཤིང་གིས་དབེན་པའི་བྲག་རྫོང་ན་ཆོས་ཅན། མི་མེད་དེ། ཤིང་མེད་པའི་ཕྱིར། ཞེས་ལབ་པ་ཡིན་ན། བསྡུས་གྲྭ་རྩོད་མཁན་གྱི་གསར་ཐོམ་པ་ཞིག་ཡིན་ཀྱང༌། ཁྱབ་ལོག་འདོམ་པ་བཅོ་བརྒྱད་སྒྲོགས། ཅེས་ལབ་ངེས་རེད། ཤིང་མཛུབ་མོ་ཙམ་ཡང་མེད་པའི་བྲག་དཀར་རྟ་སོ་ན་མི་ལ་རས་པ་རས་རྐྱང་བསྣབས་ནས་བཞུགས་ཡོད་པ་དང༌། ཏི་སེ་གངས་ལ་དགྲ་བཅོམ་ལྔ་བརྒྱ་ཡོད་པའི་ཕྱིར། ཞེས་ལབ་ཡོང་གི་རེད།

ད་སྒྲུང་འདྲ་པོ་ཆགས་འགྲོ་ས་རེད་དེ། རྒྱུ་མཚན་བཤད་དགོས་པ་ཡིན་ཙང་སྐྱོན་མེད་ཤས་ཆེ། ང་རང་ཨ་རིར་འགྲོ་བའི་སྐབས་དང་བསྟུན་འཛམ་བུ་གླིང་ལ་གཡས་སྐོར་ཞིག་བརྒྱབ་པ་ཡིན། རྒྱ་གར་རྒྱལ་ས་དྷི་ལི་ནས་ཁ་ནུབ་ཏུ་གཏད་ནས་ནེའུ་ཡོག་ཏུ་ཕྱིན། དེ་ནས་ཐད་ཀར་ཀ་ལི་ཕོ་ནི་ཡར་ཕྱིན། དེ་ནས་ཇར་པན་དང་རྒྱ་ནག་ནས་འབར་མ་བརྒྱུད་མཁའ་ཐོག་ནས་ཡོང་བ་ཡིན། སྐུད་པ་ཞིག་བསྣར་ཡོད་ན་དྷི་ལི་གནམ་ཐང་དུ་སླེབས་སྐབས་སྣེ་མོ་གཉིས་ཏག་ཏག་ཐུག་ཡོད་རེད། ཕར་འགྲོ་ས་ནས་ཚུར་མ་ཡོང་བར་གཡས་སྐོར་ཞིག་བརྒྱབ་དགོས་དོན་ནི་འཛམ་བུ་གླིང་གི་ཆགས་སྟངས་དེ་རོབ་ཙམ་ཞིག་མཐོང་བའི་རེ་བ་བྱས་པ་ཡིན། མཐའ་མའི་རྐུབ་ཀྱག་གི་ཨང་གྲངས་སྤྲོད་པའི་སྐབས་Please window side ཟེར་བའི་དབྱིན་ཇི་སྐད་དེ་ཤེས་ཀྱི་ཡོད། དེ་ལབ་དུས་ཁོ་རང་ཚོས་ཀྱང་ང་ལ་སྒེ་ཁུང་འཁྲིས་དེར་རྐུབ་ཀྱག་ཅིག་སྤྲད་ཡོང་གི་འདུག །གནམ་གྲུའི་སྒེ་ཁུང་ནས་མར་ལྟ་བའི་སྐབས་སུ་ཤིང་ཕར་བཞག་རྩྭ་དང་ལྗང་ཁུའི་རིགས་རྩ་བ་ནས་མེད་པའི་ས་ལ་མི་ཚོགས་དང་གྲོང་སྡེ་མང་པོ་ཞེ་དྲག་རེད། གྲོང་སྡེ་དང་མཁར་གྲོང་ཁ་ཤས་ཆགས་སྟངས་ལ་བལྟས་པ་ཡིན་ན་ལོ་སྟོང་ཕྲག་མང་པོ་ཕྱིན་པའི་ཚོར་སྣང་སྟེར་གྱིན་འདུག །བྱས་ཙང༌། ཤིང་མེད་ན་མི་ཡི་འགྲོ་བ་ཆགས་ཐུབ་ཀྱི་མ་རེད་ཅེས་ལབ་ན། མངོན་སུམ་ལ་བསྙོན་པ་ལས་རྒྱུ་མཚན་ཡང་དག་པ་དང་མཁས་པའི་གསུང་ཞིག་ཆགས་ཀྱི་ཡོད་མ་རེད།

སྡོམ་བརྒྱབ་ནས་ཞུས་པ་ཡིན་ན། དེ་འདྲའི་ལུང་ཞིག་ཡོད་དུ་གྱུར་ཀྱང་རུང༌། མེད་དུ་གྱུར་ཀྱང་རུང༌། བོད་ཀྱི་ཕྱི་སྣོད་ཀྱི་བཀོད་པའམ་རང་བྱུང་ཁམས་ཀྱི་འཕོ་འགྱུར་དང་འབྲེལ་བ་ཡོད་སྲིད་པ་ཞིག་ལས། བོད་ཀྱི་མི་ཡི་འགྲོ་བ་ཐོག་མར་ག་དུས་བྱུང་མིན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མ་རེད། དེ་གསལ་པོ་བྱས་ནས་ཞུ་དགོས་བསམ་བསྡད་ཡོད། མི་ཁ་ཤས་ཀྱིས་གལ་སྲིད་ལུང་དེ་ཡོད་ན་བོད་ཀྱི་འགྲོ་བ་མི་ཡི་བྱུང་དུས་དང་འབྲེལ་བ་དམ་ཟབ་ཡོད་སྲིད་སྙམ་གྱི་འདུག་པ་ནི་ནོར་འཁྲུལ་ཞིག་རེད།

བོད་ཀྱི་རྒྱལ་རྒྱུད་རྣམས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་རེད་ཟེར་ཐོག་མར་འགོས་ལོ་ཙཱ་བས་གསུངས་པ་འདྲ། དམིགས་སུ་བཀར་ནས་འཇམ་དཔལ་རྩ་རྒྱུད་ནང་བོད་ཀྱི་སྐོར་གང་ཡོད་མེད་བཙལ་མཁན་ཐོག་མ་དེ་ཡང་ཁོང་ཡིན་རྒྱུ་རེད། འོན་ཀྱང་ཁོང་གིས་འཇམ་དཔལ་རྩ་རྒྱུད་དང་བོད་ཀྱི་མི་ཡི་འགྲོ་བ་བྱུང་དུས་གཉིས་འབྲེལ་བ་ཡོད་པ་ཞིག་གཟིགས་མི་འདུག །བོད་འདི་ཡང་རྒྱ་གར་དང་འདྲ་བ་ཡུལ་དང་མི་ལ་སོགས་པ་བསྐལ་པ་ནས་བྱུང་བར་ཁས་བླངས་ཀྱང་ལུང་དང་རིགས་པས་གནོད་པ་མེད་གསུངས་ཡོད་རེད།11 གལ་ཏེ་འཇམ་དཔལ་རྩ་རྒྱུད་ནང་བོད་ཀྱི་མི་ཡི་འགྲོ་བ་འདི་ལོ་ཉིས་སྟོང་ལྷ་གི་སྔོན་ཙམ་དེར་བྱུང་བའི་ལུང་ཞིག་ཡོད་ན། བསྐལ་པ་ནས་བྱུང་བར་ཁས་བླངས་ཀྱང་ལུང་གིས་གནོད་པ་མེད་གསུངས་ཤེས་ཀྱི་མ་རེད་སྙམ།

ཐོག་མར་འཇམ་དཔལ་རྩ་རྒྱུད་ལས་ཟེར་ལུང་དེ་དྲངས་ཡོང་མཁན་སུ་ཡིན་ངས་མི་ཤེས། འབྲུག་པ་པད་དཀར༡༥༢༧།༡༥༩༢ཡིན་འགྲོ་མིན་འགྲོ། ད་ལྟ་ང་ཚོས་མཐོང་བ་རྣམས་ཀྱི་ནང་ནས་སྔ་ཤོས་དེ་འབྲུག་པ་པད་དཀར་ཆགས་ཀྱི་ཡོད་རེད།12 ཡིན་ན་ཡང༌། དེའི་སྔོན་གྱི་ལོ་རྒྱུས་མང་པོ་ཞིག་དེང་སང་རག་གི་མེད་དུས་དེ་ཚོའི་ནང་ལུང་དེ་དྲངས་ཡོད་མེད་ཤེས་ཀྱི་མི་འདུག །གང་ལྟར་མི་ལོ་སུམ་བརྒྱ་ལྷག་རིང་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཕལ་ཆེ་བས་ལུང་དེ་དྲངས་པ་རེད། དགེ་ཆོས༡༩༠༣།༡༩༥༡ཀྱིས་ཀྱང་འཇམ་དཔལ་རྩ་རྒྱུད་ནང་ལུང་དེ་མེད་པར་མ་དགོངས་པ་འདྲ། སྟོན་པ་འདས་ནས་ལོ་བརྒྱ་ན་མཚོ་བྲི་བར་བཤད་པ་དེ་དགྲ་བཅོམ་པ་ཉི་མ་གུང་པས་གསེག་ཤིང་གིས་ཁ་ཆེའི་ཡུལ་མཚོས་གང་བ་བརྟོལ་བ་དང་སྦྱར་ཡོད་རེད།13

གཞན་རྣམས་ལ་ཡ་མཚན་རྒྱུ་གང་ཡང་མེད། ང་དང་འདྲ་བར་གཞན་ཞིག་གིས་དྲངས་པར་མཐོང་ན་ངས་ཀྱང་དྲངས་ཡོང་གི་རེད། ཁོས་དྲངས་ཆོག་པ་ངས་མི་ཆོག་པ་གང་རེད་ཟེར་ནས་ཐོབ་ཐང་རྩོད་ཡོང་གི་རེད། འོན་ཀྱང་ང་མི་གཉིས་ལ་ཡ་མཚན་སྐྱེས་བྱུང༌། དེ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས༡༧༠༠།༡༧༧༤དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ༡༦༥༣།༡༧༠༥གཉིས་རེད། ཁོང་གཉིས་མཁས་པ་ཡིན་པའི་རྒྱུ་མཚན་གཅིག་པུས་མ་རེད། དེ་ལས་གཞན་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་རེད།

སི་ཏུ་ཆོས་ཀྱི་འབྱུང་གནས་འདྲ་ཞིག་ཆ་བཞག་པ་ཡིན་ན། སྡེ་དགེས་བཀའ་འགྱུར་པར་རྐོ་བའི་སྐབས་ཁོང་གིས་ཞུ་དག་གནང་ཡོད་རེད། དེ་དག་གི་སྡེ་ཚན་དང་གོ་རིམ་སྒྲིག་སྟངས་སོགས་ལ་འགན་ཁུར་ཆེན་པོ་བཞེས་ཡོད་རེད། དེ་ལ་ཞུ་དག་དང་ཞིབ་འཇུག་གནང་ནས་དཀར་ཆག་བྲིས་པ་རེད། དཀར་ཆག་བྲི་ཡོང་དུས་བོད་ཀྱི་སྣོད་བཅུད་ཀྱི་བཀོད་པ་བཤད་སྐབས་འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་གྱི་མཚོ་བྲི་ནས།།སཱ་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་ལུང་དེ་འདྲ་ཞིག་དྲངས་ཡོང་གི་ཡོད་རེད།14 ང་ཚོས་སྡེ་དགེ་པར་མའི་འཇམ་དཔལ་རྩ་རྒྱུད་ནང་དེ་འདྲའི་ལུང་ཞིག་གཏན་ནས་རག་གི་ཡོད་མ་རེད། ཁོང་གིས་དེ་ཞུ་དག་བྱས། དེ་ཞིབ་འཇུག་བྱས་ནས་དེའི་དཀར་ཆག་འབྲི་ཡོང་དུས་ལུང་དེ་དྲངས་ཡོང་བ་ནི་ཡ་མཚན་པ་དང་ངོ་མཚར་བ་ཞིག་ལོས་ཡིན།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང༌། ང་ནི་འདས་ནས་ལོ་བརྒྱ་ན།།ཁ་བ་ཅན་གྱི་མཚོ་བྲི་ནས།།སཱ་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་ལུང་དེ་འདྲ་ཞིག་དྲངས་ཡོད་རེད།15 སི་ཏུས། ང་ནི་འདས་ནས་ལོ་བརྒྱ་ན། ཟེར་བ་དེ་མི་འདུག །དེ་འདྲའི་ཚིག་གཅིག་འཇམ་དཔལ་རྩ་རྒྱུད་ནང་ཕལ་ཆེར་ཡོད་མ་རེད། དེ་དང་དོན་མཚུངས་པ་གཅིག་ཡོད་པ་ནི་ལེའུ་སོ་དྲུག་པར། ང་ནི་ས་སྟེང་མྱ་ངན་འདས།།ལོ་བརྒྱ་དག་ནི་འདས་པ་ན།།་་་་གྲོང་ཁྱེར་མེ་ཏོག་ཅན་དུ་ནི།།མྱ་ངན་མེད་ཅེས་བྱ་བ་ཡི།། ཞེས་ཆོས་རྒྱལ་མྱ་ངན་མེད་སྟོན་པ་འདས་ནས་ལོ་བརྒྱ་ཙམ་ལ་འབྱུང་བར་གསུངས་འདུག16 ངོ་མཚར་དགོས་པའི་དོན་དེ་ཚིག་རྐང་གཅིག་ལྷག་མོ་སྦྱར་བ་དེ་མ་ཡིན། ཚིག་རྐང་གཉིས་གསར་པ་བཅུག་ཟིན་པ་ལ་གཅིག་འཐོལ་པ་ཡོད་དང་མེད་ཀྱི་ཁྱད་པར་གང་ཡང་མི་འདུག །རྒྱུ་མཚན་གཞན་པ་ཞིག་ཡོད་རེད།

དེའི་གོང་དེ་ག་རང་ན་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་གཞན་པ་ཞིག་དྲངས་ཡོད་རེད། ལུང་དེ་ནི་ང་ཚོས་ནམ་རྒྱུན་དྲངས་སྡོད་པ། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི།།གངས་ཅན་རི་ཡི་ནང་གནས་པ།། ཟེར་བ་སོགས་རེད། དེ་དྲངས་བའི་སྐབས་འཇམ་དཔལ་རྩ་རྒྱུད་ལས་ཞེས་དྲངས་ཡོད་མ་རེད། བྱ་བའི་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་འཇམ་དཔལ་རྩ་བའི་རྒྱུད་ལས། ཞེས་དྲངས་ཡོད་རེད།17 བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ལ་མིང་བདུན་གནང་བ་དེའི་ནང་ལ་ཡང་དེ་འདྲ་ཞིག་ཡོད་མ་རེད། བཀའ་བསྟན་འགྱུར་གྱི་དཀར་ཆག་གང་དུ་ཡང་དེ་འདྲ་ཞིག་མེད་པ་ཡིན་ཙང༌། དེ་འཇམ་དཔལ་རྩ་རྒྱུད་འགྱུར་མ་འདྲ་བ་གཞན་པ་ཞིག་ཡིན་ནམ་ག་རེ་ཡིན་བསམས་ནས། ཐོག་མའི་སྐབས་ང་དང་ང་འདྲ་བའི་མི་མང་པོ་ཞིག་འཐོམ་བཅུག་གི་ཡོད་རེད། ཁོང་གིས་དེ་ལྟར་དྲངས་པར་ཐད་ཀར་ཀྱི་དགོས་པའི་དབང་དུ་བྱས་ན། སྐབས་དེར་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་མང་པོ་ཞིག་བསྟུད་མར་དྲངས་དགོས་པ་ཡིན་ཙང༌། འཇམ་དཔལ་རྩ་རྒྱུད། འཇམ་དཔལ་རྩ་རྒྱུད། ཡང་འཇམ་དཔལ་རྩ་རྒྱུད་ལས་ཟེར་དྲངས་ན་མི་མཛེས་པ་ལྟ་བུ་ཞིག་དང༌། དོན་ལ་མི་དཔྱོད་པ་རྣམས་ཀྱིས་ཁོ་མཁས་པ་ཡིན་ཟེར་ན་ཡང་ལུང་འཇམ་དཔལ་རྩ་རྒྱུད་མ་གཏོགས་དྲང་རྒྱུ་མི་འདུག་ཟེར་ནས་འཕྱ་སྨོད་བྱེད་པ་དང༌། མིང་འདོགས་ལ་ཡང་འཇམ་དཔལ་རྩ་རྒྱུད་ཟེར་ནས་བཏགས་པའི་ཉེན་ཁ་མཐོང་བ་ཡིན་སྲིད། ཡིན་ན་ཡང་དེ་ལས་ང་ཚོར་གོ་རྒྱུ་གཞན་པ་ཞིག་སྟེར་གྱི་ཡོད་རེད།

སྤྱིར་རྒྱུད་སྡེ་ག་འདྲ་ཞིག་ཡིན་ན་ཡང་རྒྱུད་སྡེ་ཆེན་པོ་བཞི་ཡི་ནང་འདུ་དགོས་ཀྱི་ཡོད་རེད། གྲུབ་མཐའ་བཤད་པའི་སྐབས་སུ། ལྔ་པ་ཐུབ་པའི་དགོངས་པ་མིན། ཟེར་བ་ནང་བཞིན་རྒྱུད་སྡེ་ལ་ཡང་ལྔ་པ་ཞིག་བཞག་ན་འགྲིག་གི་ཡོད་ས་མ་རེད། དེ་ཡང་སྤྱིར་བཏང་ནས་བཤད་ན་བོད་ཀྱི་བླ་མ་ཚོས་རང་རང་གིས་ལྷ་ཡི་དམ་གང་ལ་བྱེད་པའི་ཁྱད་པར་ལས་ལྷ་དེ་ཚོ་རྒྱུད་སྡེ་གང་ན་བཞག་པ་དང་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་ཡོང་གི་ཡོད་རེད། ཡིན་ན་ཡང་ལོ་རྒྱུས་རིག་པའི་ལྟ་སྟངས་ཀྱི་ཐོག་ནས་ཟེར་ན་ཧམ་པ་ཆེ་དྲགས་ཡོད་འགྲོ། གང་ལྟར་བོད་གངས་ཅན་ན་བཀའ་བསྟན་འགྱུར་པར་དུ་བརྐོས་པ་ཡིན་ན་ཡང་འདྲ། གསེར་དངུལ་གྱིས་བཞེངས་པ་ཡིན་ཡང་འདྲ། མདོ་སྡེ་དང་འདུལ་བ་དང་རྒྱུད་སོགས་དེ་དག་གི་ཚན་པ་སྒྲིག་སྟངས་ཤིག་ཡོད་རེད། རྒྱུད་ལ་ཡང་བྱ་རྒྱུད་སྤྱོད་རྒྱུད་བླ་མེད་རྒྱུད་སོགས་མ་འཁྲུགས་པར་ཚན་པ་སྒྲིག་ཡོད་རེད། ཚན་པ་སྒྲིག་པའི་སྐབས་ཕལ་ཆེ་བས་འཇམ་དཔལ་རྩ་རྒྱུད་འདི་བྱ་རྒྱུད་ཀྱི་ཁོངས་སུ་བཞག་ཡོད་སྟབས་ཐོག་མར་བྱ་བའི་རྒྱུད་ཅེས་གསུངས་པ་རེད། བྱ་བའི་རྒྱུད་ལ་ཡང༌། བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི།།རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས།།18 ཞེས་གསུངས་པ་བཞིན་བྱ་རྒྱུད་ལ་ནང་གསེས་དེ་བཞིན་བཤེགས་པའི་རིགས། པདྨའི་རིགས། རིན་པོ་ཆེའི་རིགས་གསུམ་ཡོད་པ་ནས་དེ་བཞིན་གཤེགས་པའི་རིགས་རེད། དེ་ལ་ཡང་གཤེགས་རིགས་འཁོར་སྒྱུར་དང༌། གཤེགས་རིགས་གཙུག་ཏོར། གཤེགས་རིགས་ཁྲོ་བོ་སོགས་བརྒྱད་ཡོད་པ་ནས་འདི་གཤེགས་རིགས་འཁོར་སྒྱུར་ཆགས་ཀྱི་ཡོད་རེད། དེར་བརྟེན་བྱ་བའི་རྒྱུད་དེ་བཞིན་བཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་འཇམ་དཔལ་རྩ་བའི་རྒྱུད་ལས་ཞེས་གསུངས་པ་རེད།

དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དེ་འཇམ་དཔལ་རྩ་རྒྱུད་ལ་རྒྱུས་མངའ་ཡོད་མཁན་ཞིག་དང་དེ་ལ་མཁས་པ་ཞིག་ཡིན་པར་མཚོན་གྱི་ཡོད་རེད། དེ་འདྲའི་འཇམ་དཔལ་རྩ་རྒྱུད་ལ་མཁས་པ་ཡིན་པར་གདེང་འཇོག་བྱེད་འོས་པ་ཞིག་གིས་ང་ཚོས་བཙལ་ཀྱང་རྙེད་རྒྱུ་མེད་པའི་ལུང་ཚིག་རྐང་གསུམ་དྲངས་ཡོང་བ་དེ་ཡ་མཚན་པོ་ཞིག་རེད། མཐའ་གཅིག་ཏུ་མི་འདུག་ཟེར་ལབ་མ་ཕོད་པའི་ཚོར་སྣང་ཞིག་ཀྱང་ཡོང་གི་འདུག །དོན་ཚན་གཉིས་པ་དེ་མཚམས་དེ་ན་བཞག་གི་ཡིན།

འཇམ་དཔལ་རྩ་རྒྱུད་ནང་མཚོ་འབྲི་བའི་སྐད་ཅ་མེད་ན་ཡང་ཁ་བ་ཅན,གངས་ཅན,བྱང་གི་ཕྱོགས,ནས་དང་གྲོ་ལ་སྤྱོད་པ,ཟེར་བ་འདྲ་པོ་མང་པོ་ཞིག་ཡོད་པ་དེ་ཚོས་ག་རེ་བཤད་བསྡད་ཀྱི་ཡོད་རེད། དེ་ཚོ་ལུང་བསྟན་རེད་དམ་ཟེར་ན་མ་རེད། གོང་དུ་བཤད་པ་ལྟར་ལུང་བསྟན་གྱི་སྐོར་དེ་ལེའུ་ཉེར་བརྒྱད་པ་ནས་འགོ་བཙུགས་ཀྱི་ཡོད་རེད། ད་ལྟ་འདི་ཚོ་མང་ཆེ་བ་ཞིག་ལེའུ་བཅུ་དང་བཅུ་གཅིག་པ་རྣམས་སུ་ཡོང་གི་འདུག །འོ་ན་དེ་ཚོས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན། སྔོན་དུ་བཤད་པ་ལྟར་རྩ་རྒྱུད་འདིས་གཙོ་བོར་འཇམ་དཔལ་དབྱངས་ལ་བརྟེན་པའི་སྔགས་ཀྱི་གཞི་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་རིམ་པ་ཞིག་བསྟན་གྱི་ཡོད་རེད། དེ་སྒྲུབ་པ་ལ་སྒྲུབ་སའི་གནས་དེ་གལ་ཆེན་པོ་བྱས་ནས་བཤད་སྡོད་པ་འདི་རྒྱུད་ཆེན་པོ་དེ་ཚོའི་གཤིས་ལུགས་འདྲ་པོ་ཆགས་ཡོད། ད་ལྟ་ང་ཚོས་གནས་ཅིག་ཅིག་མག་མག་ཟེར་སྡོད་པ་ཡང་འདི་དག་གི་ཤུགས་རྐྱེན་ཡིན་རྒྱུ་རེད། འཇམ་དཔལ་རྩ་རྒྱུད་ལེའུ་བཅུ་པ་ལས། ཆུ་ཀླུང་རྒྱ་མཚོའི་འགྲམ་དག་དང༌།།དེ་བཞིན་རི་བོ་ཁ་བ་ཅན།།རི་ཡི་རྒྱལ་པོ་འབིགས་བྱེད་ལ།།ལས་ཀྱི་མཆོག་ནི་བསྒྲུབ་པར་བྱ།། ཞེས་དང༌།༡༩ བྱང་ཕྱོགས་ཡོད་པའི་རི་དག་དང༌།།ཁ་ཆེ་དང་ནི་རྒྱ་ཡུལ་དང༌།།བལ་པོ་དེ་བཞིན་མང་ཡུལ་དང༌།།རྒྱ་ཡུལ་ཆེ་དང་ལི་ཡུལ་དང༌།།དེ་དག་མ་ལུས་འགྲུབ་པའི་ཞིང༌།།བྱང་ཕྱོགས་ལ་ནི་གནས་པ་དང༌།།ནས་དང་གྲོ་ལ་སྤྱོད་པ་དང༌།།རི་དང་ཆུ་བོ་དག་ལ་ཡང༌།།བསོད་ནམས་ཡུལ་དུ་བསྟན་པ་ཡིན།།༢༠ ཞེས་པའི་རྒྱ་མཚོའི་འགྲམ,རི་ཁ་བ་ཅན,རི་བོ་འབིགས་བྱེད,ཁ་ཆེ,རྒྱ་ཡུལ,བལ་ཡུལ,མང་ཡུལ,ལི་ཡུལ,སོགས་སུ་འཇམ་དཔལ་དབྱངས་སྒྲུབ་ན་ཡག་པོ་ཡོད་པའམ་སྒྲུབ་པའི་གནས་སུ་རུང་བ་ཙམ་བསྟན་པ་རེད། དེ་ལས་གཞན་ཡུལ་དེའི་ཁོར་ཡུག་གི་ཆགས་འཇིག་དང༌། མི་ཡི་འགྲོ་བ་ག་དུས་བྱུང་མིན། རྒྱལ་པོ་དེའི་སྟོབས་མངའ་ཐང་ཆེ་ཆུང་དང་དམག་བུ་རྟ་མང་ཉུང་སོགས་རྩ་ནས་བསྟན་གྱི་ཡོད་མ་རེད། རྒྱ་ནག་བཤད་པའི་སྐབས་སུ། རྒྱ་དང་རྒྱ་ནི་ཆེ་ཉིད་ལ།།འཇམ་དཔལ་དབྱངས་ནི་རབ་འགྲུབ་འགྱུར།།༢༡ ཞེས་རབ་ཀྱི་སྒྲ་ཡོད་པ་ཡིན་ཙང་འཇམ་དཔལ་དབྱངས་སྒྲུབ་སའི་གནས་མཆོག་དེ་རྒྱ་ནག་ཡིན་པའི་ཤོད་སྲོལ་དེ་བྱུང་བ་འདྲ། ཚོས་ཁ་བ་ཅན་དང་གངས་ཅན་རྣམས་ངོས་འཛིན་པར་འགྲོ་བའི་སྐབས་སུ་རྩོད་གཞི་ཡོང་དགོས་པའི་རྒྱུ་མཚན་ག་བར་ཐུག་ཡོད་རེད་ཟེར་ན། མཁས་པ་སྔ་མ་འགས་འདིའི་སྐོར་ཞིབ་འཇུག་བྱས་འདུག །རྒྱ་སྐད་ནང་ཀཻ་ལ་ཤ,ཀཻ་ཏ་ར.ཧི་མ་ཝན,ཧི་མ་ལ་ཡ,བཅས་ཁག་བཞི་འབྱུང་བ་དང༌། རྒྱ་གར་བའི་ཛོ་ཀི་ཨ་ཙ་ར་རྣམས་ཀྱིས་ཀཻ་ལ་ཤ་ཏི་སེ་དང་ཀཻ་ཏ་ར་སྤོས་ངད་ལྡན་གྱི་རི་ལ་ངོས་འཛིན་གྱི་ཡོད་འདུག །བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་དང༌། གྱི་ཇོ་ཟླ་བའི་འོད་ཟེར་གཉིས་ཀྱིས་ཀཻ་ལ་ཤ་ཏི་སེར་བསྒྱུར་བ་ལས། དེ་མིན་ཕལ་ཆེ་བའི་རྒྱ་སྐད་སོར་བཞག་པ་དང༌། ལ་ལས་གངས་ཅན་དུ་བསྒྱུར་ཡོད་འདུག །དེ་བཞིན་བདེ་དགྱེས་ཀྱི་རྒྱུད་ལས་ཧི་མ་ལ་ཡ་ཞེས་འབྱུང་བ་ས་སྐྱ་བའི་བླ་མ་གོང་མ་འགས་འདི་དང་ཏི་སེ་གཉིས་གཅིག་པར་ངོས་འཛིན་མཛད་པ་དང༌། ལོ་ཙཱ་བ་འགའ་ཞིག་གིས་སོར་བཞག །ལ་ལས་ཁ་བའི་རི། ཁ་ཅིག་གིས་གངས་ཅན་དུ་བསྒྱུར་བ་དང༌། ཧ་ནུ་མན་ཐས་སི་ཏ་སྲོག་སྐྱོབ་པའི་ཆེད་གངས་ཅན་ཁུར་ནས་ཡོང་བ་ཕར་གཡུག་པའི་སྐབས་གངས་དུམ་བུར་གྲུག་པ་ལ་ཧི་མ་ལ་ཡའི་རི་རྒྱུད་འདི་བྱུང་བ་ལས། གངས་ཅན་ངོ་མ་དེ་ཆེས་རྒྱང་རིང་བར་གནས་པའི་དགའ་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ནས་གངས་ཅན་རང་ཡང་ངོས་འཛིན་བྱེད་སྟངས་མ་འདྲ་བ་བྱུང་འདུག༢༢ དེས་ན་ཀཻ་ལ་ཤ་སོགས་ཀྱི་སྐད་དོད་འདི་ཡིན་ཟེར་བའི་གཅིག་གྱུར་གྱི་གཏན་འབེབས་ཤིག་མེད་པར་བརྟེན། ལོ་ཙཱ་བ་རྣམས་ཀྱིས་སྣ་ཚོགས་སྤུ་ཚོགས་སུ་བསྒྱུར་བ་ལས་ད་སྐབས་ང་ཚོ་མགོ་བོ་རྨོངས་ཤིང་འཁྲུགས་པའི་དཀལ་ངལ་དེ་བྱུང་བར་སྙམ། འོན་ཀྱང་སྒྲ་སྦྱོར་བམ་གཉིས་ནང་གི་བཀས་བཅད་ལྟར་ན། ཧི་མ་ལ་ཡ་ལྟ་བུ་ཡུལ་དང་རི་ལ་འདོད་མཁན་སོ་སོའི་ཁྱད་པར་ལས། ཡུལ་ཧི་མ་ལ་ཡ་དང་རི་ཧི་མ་ལ་ཡ་ལྟ་བུ་ཡོང་དགོས་པ་འདྲ་ཞིག་ཡོད་ཀྱང་དེ་ལྟར་བྱུང་མི་འདུག །དེས་ན་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བའི་མཁས་པ་རྣམས་ཀྱིས་རྒྱ་གར་བས་དེ་དག་གང་ལ་ངོས་འཛིན་གྱི་ཡོད་པ་བལྟ་དགོས་ཀྱི་རེད། དེ་ཡང་ཡུལ་མིང་བརྗེ་མོ་ཐེབས་པ་དང༌། གནས་སྤོ་བ། ཁྱབ་ཆེ་ཆུང་འགྲོ་བ་སོགས་འཕོ་འགྱུར་སྣ་ཚོགས་ཡོང་གི་ཡོད་ཙང་ད་ལྟ་གང་ལ་ངོས་འཛིན་གྱི་ཡོད་པ་གཅིག་པུས་འགྲིག་གི་མ་རེད། རབ་བྱུང་ན་སྟོན་པ་ཞལ་བཞུགས་དུས་དང༌། མ་མཐའ་ལ་དུས་རབས་བཅུ་པ་ཡས་མས་དེར་བལྟ་དགོས་པ་གལ་ཆེན་པོ་རེད། དེ་ནས་ཕུག་གཅིག་ཆོད་པ་ཡིན་ན་དཀའ་ངལ་དེ་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད། མདོར་ན་འཇམ་དཔལ་རྩ་རྒྱུད་ནང་གི་ཁ་བ་ཅན,གངས་ཅན,རྣམས་བོད་ཡིན་ས་མ་རེད། དཔེར་ན། འཇམ་དཔལ་རྩ་རྒྱུད་ལེའུ་སོ་དྲུག་པ་ལས། ཆ་ཤས་ཀ་མ་རཱུ་ཞེས་པ།།ཁ་བ་ཅན་གྱི་ནང་ན་གནས།། ཞེས་ཡུལ་ཀ་མ་རཱུ་ཟེར་བ་དེ་འཇམ་དབྱངས་སྒྲུབ་སའི་གནས་སུ་རུང་བ་དང༌། དེ་གང་དུ་ཡོད་ན་ཁ་བ་ཅན་གྱི་ནང་ན་ཡོད་གསུངས་པ་རེད།༢༣ གྷོ་ཧ་ཊར་ནས་ཀི་ལོ་མི་ཊར་བཅུ་བདུན་སོང་ན་ཀ་མ་རཱུར་སླེབས་པ་དང༌། སྔོན་གྱི་ལོ་རྩཱ་བ་ཚོས་གནས་དེ་ལ་ཤར་རྩྭ་མཆོག་གྲོང་ཟེར་བར་དགེ་ཆོས་ཀྱི་ལམ་ཡིག་ནང་བཤད་ཡོད།༢༤ གྷོ་ཧ་ཊར་ནས་ཀི་ལོ་མི་ཊར་བཅུ་བདུན་སོང་ན་བོད་ནང་སླེབས་ཐུབ་ཀྱི་མ་རེད། འོན་ཀྱང་འཇམ་དཔལ་རྩ་རྒྱུད་ནས་བཤད་པའི་ཁ་བ་ཅན་ནང་སླེབས་ཀྱི་ཡོད་པ་རེད། དེ་ལས་ཆེས་ཁ་གསལ་བ་ཞིག་ནི་རྩ་རྒྱུད་དེ་ཉིད་ཀྱི་ལེའུ་ཉེར་བརྒྱད་པར། ཁ་བ་ཅན་ནང་ཡོད་པ་ཡི།།ཆུ་བོ་གསེར་དང་ལྡན་འགྲམ་སུ།།ང་ནི་མྱ་ངན་འདའ་བར་འགྱུར།། ཞེས་སྟོན་པ་མྱ་ངན་ལས་འདས་པའི་གནས་ཆུ་བོ་གསེར་ལྡན་གྱི་འགྲམརྩྭ་མཆོག་གྲོང་ཡང་ཁ་བ་ཅན་ནང་ཡོད་པར་གསུངས་འདུག་ག༢༥ དེས་ན་འཇམ་དཔལ་རྩ་རྒྱུད་ནང་གི་ཁ་བ་ཅན,གངས་ཅན,ལྷ་ལྡན,སོགས་བོད་ཡིན་པ་དང༌། བོད་ཀྱི་ནང་ནས་ཀྱང་དབུས་ཕྱོགས་ལྷ་སའི་ཕྱོགས་དེར་ཡིན་འདྲ་བར་བསམ་ཞིང་བརྗོད་པ་ནི་ནོར་བ་རེད། ཆོས་འདུལ་བ་ལྟར་ན་ཁ་བ་ཅན་ཞེས་པ་ནི་ཡུལ་བྱེ་བྲག་པ་ཞིག་གི་མིང་མིན་པར་ཆུ་ལ་འཁྱག་པ་ཐེབས་པའི་ཡུལ་སྤྱིའི་མིང་ཡིན་པ་དང༌། བལ་ཡུལ་ཡང་དེའི་ཁོངས་སུ་ཚུད་པ་གསལ་པོ་ཡོད་རེད།༢༦ ཡང་གཅིག་བཤད་ན། རྩ་རྒྱུད་ལེའུ་སོ་དྲུག་པ་ལས། ང་ནི་ས་སྟེང་མྱ་ངན་འདའ།།ཁ་བ་ཅན་གྱི་ནང་དག་ཏུ།།སཱ་ལའི་ནགས་ནི་ཡང་དག་འབྱུང༌།།གསེར་དང་ལྡན་པའི་ཆུ་བོ་དང༌།།གྱད་རྣམས་ཀྱི་ནི་ཉེ་འཁོར་ཏུ།།སཱ་ལ་ཟུང་གི་ནགས་ནང་དུ།།ང་ནི་མྱ་ངན་འདའ་བར་འགྱུར།།་་་་་དེ་ན་གྱད་ཀྱི་ཉེ་འཁོར་དང༌།།གངྒཱའི་བྱང་ཕྱོགས་འགྲམ་དག་ནི།།ཆུ་བོ་ཆེན་པོ་དེ་ལས་གཞན།།ཁ་བ་ཅན་རིའི་ལྷོ་ཕྱོགས་ཆར།།སཱ་ལའི་ནགས་ཞེས་བྱ་བ་འབྱུང༌།།དེ་ཚེ་ནུབ་ཕྱོགས་བལྟས་པའི་མལ།།དེ་ཡི་གནས་སུ་འབྱུང་བར་འགྱུར།།དེ་ཚེ་ཆུ་བོ་རབ་དགའ་བ།།བཟང་པོ་གསེར་ལྡན་འགྲམ་དག་ཏུ།།ལྷ་རྣམས་ཀུན་གྱི་ཚོགས་ལ་སོགས།།འདུས་པ་དག་ནི་འབྱུང་བར་འགྱུར།། ཞེས་དང༌།༢༧ སཱ་ལ་ཞེས་བྱའི་ནགས་སུ་ནི།།དེ་དག་མཆོད་དོན་རྩོམ་པར་བྱེད།།ཆུ་བོ་གསེར་ལྡན་འགྲམ་དང་ནི།།ཅོད་པན་འཆིང་བའི་མཆོད་རྟེན་དུ།།ཞི་བའི་དབྱིངས་ལ་བརྟེན་པའི་ཕྱིར།།ང་ནི་མྱ་ངན་འདས་མལ་འཆའ།།༢༨ ཞེས་པ་འདི་དག་དང་འདྲ་བ་མང་པོ་འདུག་པ་རྣམས་དང༌། རྩ་རྒྱུད་ཀྱི་གཞུང་ཁོ་རང་གོང་འོག་གུང་བསྒྲིགས་ནས་བལྟས་པ་ཡིན་ན། འདི་ནས་བཤད་པའི་སཱ་ལའི་ནགས་སྐྱེས་སའི་ཁ་བ་ཅན་ནི་ཧི་མ་ལའི་ལྷོ་ཕྱོགས་གངྒའི་འབབ་རྒྱུད་དུ་གཏོགས་པ་ཕལ་ཆེ་བ་དང༌། གཙོ་བོ་ནི་སྟོན་པ་རང་ཉིད་མྱ་ངན་ལས་འདས་སའི་གནས་རྩྭ་མཆོག་གྲོང་ཟེར་བ་དེ་ཡིན་འདུག །རྩྭ་མཆོག་གྲོང་གི་བཀོད་པ་ནི་ཐང་ཟན་ཙང་གི་རྒྱ་གར་ལམ་ཡིག་ནང༌། སཱ་ལའི་ཚལ་ཆེན་པོ་འཁོར་ཡུག་ཏུ་ལེ་དབར་སུམ་ཅུ་ཡོད་པ་མཐའ་སྐོར་དམའ་ཞིང་དཀྱིལ་མཐོ་བ་ཞེས་པ་ལྟར་རེད།༢༩ དོན་དག་ངོ་མ་ནི་སྟོན་པ་རང་ཉིད་ཤིང་སཱ་ལའི་ནགས་ཚལ་ན་སཱ་ལ་ཆེན་པོ་ཟུང་གི་དྲུང་དུ་འདས་རྒྱུ་ཡིན་པ་དེ་གོ་དགོས་པ་ཡིན་འདུག འགོས་ལོས་དྲངས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང༌། དེ་བཞིན་གཤེགས་པའི་བསྟན་འདི་ལ།།རྣམ་པ་སྣ་ཚོགས་བྱ་བ་བྱེད།།བྱང་གི་ཕྱོགས་ལ་བརྟེན་ནས་ནི།།དེ་ཡི་ཚེ་ན་འབྱུང་བར་འགྱུར།།ལྷ་ལྡན་ཡུལ་ཞེས་བྱ་བ་ཡི།།གངས་ཅན་རི་ཡི་ནང་གནས་པ།།རྒྱལ་པོ་མི་ཡི་ལྷ་ཞེས་པ།།ལི་ཙ་བིའ་རྣམས་རིགས་སུ་འབྱུང༌།། ཞེས་སོགས་ཀྱིས་བོད་དང་བོད་ཀྱི་བཙན་པོ་མང་པོ་ཞིག་ལུང་བསྟན་པར་བཤད་པ་ཡང༌། རྒྱ་དཔེར། ནེ་པཱལ་མཎྜལ་ཁྱཱ་ཏེ༎ ཞེས་འབྱུང་བས། ནེ་པལ་ཡུལ་ཞེས་བྱ་བ་ཡི༎ ཞེས་བསྒྱུར་དགོས་པ་སྨོས་མེད་རེད། རྒྱ་དཔེ་དེའི་ནང་གི་ནེ་པཱལ་ཞེས་པ་གཞན་རྣམས་བལ་ཡུལ་དུ་བསྒྱུར་ཡོད་ཀྱང༌། ནེ་པཱལ་མཎྜལ་ཁྱཱ་ཏེ༎ ཞེས་པ་གཅིག་པུར་ལྷ་ལྡན་དུ་བསྒྱུར་བ་ནི། དགེ་ཆོས་ཀྱིས་བཤད་པ་ལྟར་ལྷ་ལྡན་གྱི་སྐད་དོད་དེ་ཝལ་དང་བལ་ཡུལ་གྱི་སྐད་དོད་ནེ་པཱལ་གཉིས་པོ་རྒྱ་ཡིག་ཏུ་ནོར་ཉེན་ཆེ་བས་ནོར་བ་ཡིན་སྲིད་པ་རེད། དེ་བཞིན་འོག་གི་རྒྱལ་པོ་རྣམས་ཀྱི་མིང་ཡང་བལ་ཡུལ་གྱི་རྒྱལ་པོ་རྣམས་དང་གཅིག་མཚུངས་ཡིན་འདུག ད་དུང་། རྒྱལ་པོ་མི་ཡི་ལྷ་ཞེས་པ།།ལི་ཙ་བིའ་རྣམས་རིགས་སུ་འབྱུང༌།། ཞེས་པ་ཡང་བལ་ཡུལ་གྱི་རྒྱལ་རྒྱུད་དེ་ལ་ལི་ཙ་བཱིའི་རིགས་དང༌། ཋ་ཀུ་རའི་རིགས་གཉིས་ཡོད་པ་ལས་རྒྱལ་པོ་མི་ཡི་ལྷ་སྟེ་མཱན་དེ་བ་སོགས་ཕལ་ཆེ་བ་ལི་ཙ་བཱིའི་རིགས་སུ་བྱུང་བ་དང༌། བལ་ཡུལ་དེ་བཞིན་ལི་ཙ་བཱིའི་རིགས་ཀྱིས་བཟུང་བའི་ཡུལ་ཡིན་པས་ན་ལི་ཡུལ་ཞེས་འབོད་པའང་བྱུང་ཡོད། དེར་བརྟེན་བོད་དང་སུམ་པའི་དམག་གིས་བཅོམ་པར་ལུང་བསྟན་པའི་ལི་ཡུལ་དེ་བོད་ཀྱི་ལྷོ་བྱང་གང་གི་ལི་ཡུལ་ཡིན་མིན་བལྟ་རྒྱུ་ལས། སྤྱིར་ལི་ཡུལ་བལ་ཡུལ་ལ་ངོས་བཟུང་བ་ནོར་ཞེས་ང་འདྲ་བས་ཐག་གཅོད་ནུས་པ་ཞིག་གཏན་ནས་རེད་མི་འདུག འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་ཞེས་འུར་བའི་འདྲོག་འགོ་འདི་ག་ནས་སློང་པ་རེད་ཟེར་ན། ཉེ་རབས་ས་གཤིས་རིག་པ་འགའ་ཞིག་གིས་བོད་མཐོ་སྒང་ནས་སྔ་མོའི་ཆུ་གནས་སྲོག་ཆགས་ཀྱི་རུས་པའམ་འགྱུར་རྡོ་མང་པོ་རྙེད་པ་དང༌། གནམ་མཐོངས་ནས་བླངས་པའི་འདྲ་པར་བཅས་ལ་བརྟེན་ནས་བོད་ཡུལ་འདི་སྔ་དུས་མཚོ་འོག་ཏུ་ཡོད་པའི་ཤོད་རྒྱུན་ཞིག་བྱུང་བ་རེད། སྐབས་དེར་བོད་རིགས་གྱི་ལར་ཞེན་ལྟ་བུ་འགའ་ཞིག་གིས་དུས་རབས་ཉི་ཤུ་པའི་ནང་འཕྲུལ་ཆས་ལ་བརྟེན་ནས་ཤེས་པར་ཧ་ལས་རྒྱུ་ག་རེ་ཡོད་དམ། ང་ཚོས་མི་ལོ་སྟོང་ཕྲག་གི་སྔོན་ནས་དེ་ལྟར་ཤེས་པ་དང་བཤད་ཟིན་པ་ཡིན། ཞེས་ཁ་ཕོ་སྒྲོགས་པ་དང༌། དེའི་དཔང་རྟགས་སམ་སྒྲུབ་བྱེད་དུ། ཁ་བ་ཅན་གྱི་མཚོ་བྲི་ནས།།སཱ་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་པ་འདྲི་དྲངས་པ་རེད། དེ་ལ་འགའ་ཞིག་ནས་ལུང་ཚིག་རྐང་གཉིས་པོ་དེའི་གོང་ན། ང་ནི་འདས་ནས་ལོ་བརྒྱ་ན༎ ཟེར་བ་འདི་བསྟན་ནས། དེ་ལྟར་ན་བོད་ལ་མི་ཡི་འགྲོ་བ་བྱུང་ནས་མི་ལོ་གཉིས་སྟོང་ལྷག་ལས་མི་འགྱུར་བ་དང༌། དུས་ཡུན་ཐུང་ཐུང་ནང་སྤྲེའུ་མི་ལ་འགྱུར་བ་ཚན་རིག་དང་མི་མཐུན་པ་སོགས་བཤད་པ་རེད། དེར་བརྟེན་ཕྱོགས་གཅིག་ནས་ཁ་ཕོ་སྒྲོག་བྱེད་ཀྱི་ལུང་དེས་ཕྱོགས་གཞན་ཞིག་ནས་བོད་མི་རིགས་ཀྱི་ལོ་རྒྱུས་དེ་ཆེས་ཐུང་ངུ་ཞིག་ཏུ་བསྒྱུར་འགྲོ་བ་དང༌། ཚན་རིག་དང་ཡང་འགལ་འགྲོ་བའི་དོགས་པ་སྐྱེས་ཏེ་འཇམ་དཔལ་རྩ་རྒྱུད་ནང་ལུང་དེ་ཡོད་མེད་དང༌། ལུང་དེའི་གོ་དོན་གང་ཡིན་གཞི་ནས་དཔྱད་པ་བྱེད་དགོས་པ་འདི་བྱུང་བ་རེད། འོན་ཀྱང་གོང་དུ་བཤད་པ་ལྟར་གལ་སྲིད་ལུང་དེ་འདྲ་ཞིག་ཡོད་དུ་གྱུར་ཀྱང་བོད་ཀྱི་མི་ཡི་འགྲོ་བ་བྱུང་དུས་དང་འབྲེལ་བ་དམ་པོ་དེ་འདྲ་གང་ཡང་མེད། མ་གཞི་ནས་དང་པོ་ཁ་ཕོ་སྒྲོག་པ་དེ་ཡང་ནོར་བ་རེད། འཇམ་དཔལ་རྩ་རྒྱུད་ནང་ལུང་དེ་འདྲ་ཞིག་ཡོད་དུ་གྱུར་ཀྱང་དེ་ནི་རྒྱ་གར་གྱི་མཁས་པ་ཞིག་གི་གསུང་ཡིན་པ་ལས་བོད་མིས་བཤད་པ་ཞིག་མ་རེད། དེ་ལས་ཀ་ཁོལ་མ་སོགས་ལོ་རྒྱུས་རྙིང་པ་མང་པོར་བོད་འདི་དང་པོ་ཆུས་གང་བ་བཤད་ཡོད་རེད། དེ་དག་ནི་བོད་མི་རང་གིས་བཤད་པ་ཞིག་ཡིན་ངེས་རེད། མཐའ་དོན། ངས་བཤད་རྒྱུའི་བརྗོད་བྱ{བོད་ཀྱི་འགྲོ་བ་མིའི་བྱུང་དུས་འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་ནམ། ལུང་ལྟར་ཁས་བླངས་ན་བོད་ལ་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལས་ཡོང་དཀའ}ཞེས་པ་འདི་ལ་ཆ་བཞག་ན། དང་པོ་ལུང་ལྟར་ཁས་ལེན་རྒྱུ་བ་ལ་ལུང་དེ་འདྲ་ཞིག་སྡེ་དགེ་དང་ཞོལ་པར་མ་གཉིས་ནང་བཞུགས་པའི་འཇམ་དཔལ་རྩ་རྒྱུད་ནང་གཏན་ནས་མེད། གཉིས་པ་ལུང་དེ་འདྲ་ཞིག་ཡོད་དབང་དུ་བཏང་ཡང་བོད་ལ་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལས་ཡོང་དཀའ་བའི་དཀའ་ངལ་གང་ཡང་མེད། གཞན་ཡང་བོད་ཀྱི་མི་རྒྱུད་འདི་རྒྱ་དཀར་ནག་ནས་མཆེད་ཅིང་དེ་ཡང་མི་ལོ་སུམ་སྟོང་ལས་བརྒལ་མེད་པར་བཤད་མཁན་ཡོད། དེའི་ཁུངས་སུ་རྒྱལ་བའི་བཀའ་བསྟན་དང་རྒྱ་ཡི་ཐང་ཧྲུའུ་གསང་རྙིང་སོགས་དེབ་ཐེར་སྐད་གྲགས་ཅན་མང་པོ་དྲངས་རྒྱུ་ཡང་ཡོད་མོད། འོན་ཀྱང་དེང་ས་འོག་ནས་ཐོན་པའི་གནའ་རྫས་མང་པོ་ཡོད་པ་ནས་རྫ་མ་ཆག་རོ་གཅིག་གིས་ཀྱང་སྔར་གྱི་ལུང་དེ་དག་ནུས་མེད་དུ་བསྒྱུར་ནུས། རྫ་མ་ཆག་རོ་དེ་ནི་མི་ལོ་བཞི་སྟོང་ནས་ཁྲི་ཕྲག་སྔོན་དུ་བོད་ལ་མི་ཡི་འགྲོ་བ་འཚོ་སྡོད་བྱས་ཡོད་པའི་དཔང་རྟགས་ཤིག་རེད། དེ་ཡང་ཚན་རིག་གིས་ཁས་བླངས་པའི་དཔང་རྟགས་ཞིག་ཡིན་པས་རིག་གསར་ཀྱི་དུས་རབས་འདིར་རྩོད་ནུས་པའི་རྒོལ་བ་ཞིག་ཡོང་མདོག་མ་རེད།། དཔྱད་གཞི་དང་མཆན། ༡༽ དྲི་བའམ་བརྗོད་བྱ་དངོས། བོད་ཀྱི་འགྲོ་བ་མིའི་བྱུང་དུས་འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་ནམ། དྲི་བ་དང་པོ་འདི་བོད་ཀྱི་བྱུང་རབས་ལོ་ཚིགས་དང་འབྲེལ་ཞིང༌། ལུང་ལྟར་ཁས་བླངས་ན་བོད་ལ་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལས་ཡོང་དཀའ། ༢༽ དེབ་ཐེར་སྔོན་པོ་སྟོད་ཆའི་ཤོག་གྲངས་༧༡ནང་གསལ། འགོས་ལོ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།༡༩༨༤། ༣༽ འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལེའུ་སོ་དྲུག །གཤམ་གྱི་ཨང་གྲངས་༣༠པར་གཟིགས། ༤༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༥༨༦ནང་གསལ། སྡེ་དགེ་པར་མའི་རྒྱུད་པོད་ན་པ། ༥༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༦༦༢ནང་གསལ། ༦༽ ལྡེའུ་ཆོས་འབྱུང་རྒྱས་པའི་ཤོག་གྲངས་༣༩༦ནང་གསལ། མཁས་པ་ལྡེའུ། བོད་ལྗོངས་སྤྱི་ཚོགས་ཚན་རིག་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།༡༩༨༧། ༧༽ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོའི་ཤོག་གྲངས་༨༣ནང་གསལ། གངས་ཅན་རིགས་མཛོད་དགུ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།༡༩༩༠། ༨༽ འཛམ་གླིང་གི་ལོ་སྟོང་ཕྲག་ལྔ་ཡི་ལོ་རྒྱུས་དེབ་དང་པོའི་ཤོག་གྲངས་༢པར་གསལ། ཁྲིན་པི་ཞང་གིས་རྩོམ་སྒྲིག་བྱས་པ་སྐལ་བཟང་རྣམ་གྲོལ་སོགས་ཀྱིས་བསྒྱུར་བ། མི་རིགས་དཔེ་སྐྲུན་ཁང༌།༡༩༩༠། ༩༽ འཛམ་གླིང་གི་ལོ་སྟོང་ཕྲག་ལྔ་ཡི་ལོ་རྒྱུས་དེབ་དང་པོའི་ཤོག་གྲངས་༤པར་གསལ། ༡༠༽ ཚལ་པའི་དེབ་དམར་གྱི་མཆན་འགྲེལ་ཤོག་གྲངས་༡༦༩ནང་གསལ། དུང་དཀར་རིན་པོ་ཆེ། མི་རིགས་དཔེ་སྐྲུན་ཁང༌།༡༩༨༡། ༡༡༽ དེབ་སྔོན་སྟོད་ཆའི་ཤོག་གྲངས་༦༠ནང་གསལ། ༡༢༽ ཆོས་འབྱུང་བསྟན་པའི་ཉིན་བྱེད་ཀྱི་ཤོག་གྲངས་༣༡༥ནང་གསལ། འབྲུག་པ་པདྨ་དཀར་པོ། ལྡི་ལི་གསར་པ།༡༩༨༦། ༡༣༽ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོའི་ཤོག་གྲངས་༨༣ནང་གསལ། ༡༤༽ སྡེ་དགེའི་བཀའ་འགྱུར་དཀར་ཆག་གི་ཤོག་གྲངས་༡༩༧ནང་གསལ། སི་ཏུ་ཆོས་ཀྱི་འབྱུང་གནས། སྡེ་དགེ་པར་མ། ༡༥༽ གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཤོག་གྲངས་༡༣༡ནང་གསལ། །སྡེ་སྲིད་སངས་རྒྱས་རྒྱ་མཚོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང༌།༡༩༩༠། ༡༦༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༦༠༦ནང་གསལ། ༡༧༽ གསེར་གདུང་དཀར་ཆག་ཤོག་གྲངས་༡༣༠ནང་གསལ། ༡༨༽ རྟོགས་བརྗོད་འདུན་ལེགས་མའི་ཤོགས་གྲངས་༣༥༡ནང་གསལ། ཆོས་སྤྱོད་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། འབྲས་བློ་གླིང་པར་ཁང༌།༢༠༠༡། ༡༩༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༢༩༧ནང་གསལ། ༢༠༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༢༩༨ནང་གསལ། ༢༡༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༤༡༦ནང་གསལ། ༢༢༽ གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་ཤོག་གྲངས་༢༧༣ནང་གསལ། ངག་དབང་འཕྲིན་ལས། གངས་ཅན་རིགས་མཛོད།༢༧། ༢༣༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༦༢༧ནང་གསལ། ༢༤༽ དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཤོག་གྲངས་༣༣༤ནང་གསལ། དེབ་གསུམ་པ། ༢༥༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༤༨༨ནང་གསལ། ༢༦༽ བསྟན་འགྱུར་སྡེ་དགེ་པར་མའི་འདུལ་བ་ཁ་པའི་ཤོག་གྲངས་༡༤ནང་གསལ། ༢༧༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༥༨༡ནང་གསལ། ༢༨༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༥༨༥ནང་གསལ། ༢༩༽ ལུང་འདི་དུང་དཀར་ཚིག་མཛོད་ཤོག་གྲངས་༢༠༢༨ནང་དྲངས་འདུག་ཀྱང༌། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བབྱབྱཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགབྱབྱནང་ཀུ་ཤིའི་ཡུལ་རྩྭ་མཆོག་གྲོང་བཤད་སྐབས་ཀྱི་ཚིག་རིས་དང་མི་མཚུངས་པས། དུང་དཀར་རིན་པོ་ཆེས་གཟིགས་པ་ནི་སོག་པོ་རྟ་དབྱངས་ཀྱིས་བསྒྱུར་བ་དེ་ཡིན་ནམ་སྙམ། ༣༠༽ འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལེའུ་སོ་དྲུག སྡེ་དགེ་པར་མ་རྒྱུད་པོད་ན་པའི་ཤོག་གྲངས་༡༧༥།༦༦༧བར། ལེའུ་སོ་དྲུག་ནི། ༡།ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་བསྟན་པའི་ཆོ་ག་ཞིབ་མོ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་པར་འཕྲུལ་བའི་ལེའུ་རབ་འབྱམ་རྩ་བའི་ཆོ་ག་ཞིབ་མོ་ལས་འདུས་པའི་ལེའུ་སྟེ་དང་པོའོ།༢༡༦། ༢།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆོ་ག་ཞིབ་མོའི་རྒྱལ་པོའི་དབང་པོ་ལས། འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་པར་འཕྲུལ་བ་བྱང་ཆུབ་སེམས་དཔའི་ལེའུ་རབ་འབྱམ་ལས་དཀྱིལ་འཁོར་གྱི་ཆོ་ག་བསྟན་པ་སྟེ་ལེའུ་གཉིས་པ།༢༥༥། ༣།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོ་ག་རབ་འབྱམ་ལས། འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བ་ལས་ཀྱི་དཀྱིལ་འཁོར་གསུམ་པའི་ལེའུ་སྟེ་གསུམ་པ།༢༥༧། ༤།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ལས། རས་རིས་ཆེན་མོ་དང་པོའི་ཆོ་གའི་ལེའུ་སྟེ་བཞི་པ།༢༧༣། ༥།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་རྒྱ་ཆེ་བའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ལེའུ་ལྔ་པའི་ཆོ་ག་རབ་འབྱམ་ལས་རས་རིས་གཉིས་པའི་ཆོ་ག༢༧༦། ༦།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་ལས། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ལེའུ་དྲུག་པའི་ཆོ་ག་རབ་འབྱམ་ལས་རས་རིས་ཆུང་ངུ་གསུམ་པའི་ཆོ་ག༢༧༨། ༧།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བདུན་པའི་ལེའུ་རབ་འབྱམ་ལས་རས་རིས་ཀྱི་ཆོ་ག་བཞི་པའི་ལེའུ་རབ་འབྱམ།༢༨༤། ༨།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་རྒྱ་ཆེ་བའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་རབ་འབྱམ་སྒྲུབ་པའི་ཐབས་མཆོག་གི་ལས་ཀྱི་ལེའུ་བརྒྱད་པ་ལས་དང་པོ།༢༨༨། ༩།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་དགུ་པའི་ལེའུ་རབ་འབྱམ་ལས་གཉིས་པ་སྒྲུབ་པའི་ཐབས་དམ་པའི་ལས་ཀྱི་ལེའུ་རབ་འབྱམ།༢༩༤། ༡༠།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བཅུ་པ་རས་རིས་ཆེན་པོའི་ཆོ་གའི་ལེའུ་རབ་འབྱམ།༣༠༥། ༡༡།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་རབ་འབྱམ་ལས། སྒྲུབ་པའི་ཐབས་ཀྱི་ལས་ཀྱི་གནས་བཞི་པ་ལས་བཟླས་པ་དང་ངེས་པར་སྡོམ་པ་དང་སྦྱིན་སྲེག་དང་བསམ་གཏན་དང༌། གཙང་མའི་སྤྱོད་པ་དང་ལས་ཐམས་ཅད་ཀྱི་ཆོ་ག་སྒྲུབ་པའི་ལེའུ་རབ་འབྱམ་བཅུ་གཅིག་པ།༣༣༣། ༡༢།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ལས་རས་རིས་བར་མ་ལ་བརྟེན་པ་ཆོ་ག་རབ་འབྱམ་ལས། ཕྲེང་བའི་ཆོ་ག་རབ་འབྱམ་བཅུ་གཉིས་པ།༣༣༧། ༡༣།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བཅུ་གསུམ་པ་སྟེ་སྦྱིན་སྲེག་གི་ཆོ་ག་རབ་འབྱམ།༣༤༣། ༡༤།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ལས། ལེའུ་བཅུ་བཞི་པ་འཁོར་ལོས་སྒྱུར་བའི་རས་རིས་ཀྱི་ཆོ་གའི་དཀྱིལ་འཁོར་སྒྲུབ་པའི་ཐབས་རབ་འབྱམ།༣༥༩། ༡༥།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་ཐམས་ཅད་ཀྱི་བྱ་བའི་དོན་གྱི་ལེའུ་རབ་འབྱམ་བཅྭ་ལྔ་པ།༣༧༩། ༡༦།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཚིགས་སུ་བཅད་པའི་ལེའུ་རབ་འབྱམ་བཅུ་དྲུག་པ།༣༨༢། ༡༧།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་བདག་གིར་བྱས་པའི་རྐྱེན་གྱི་ལེའུ་རབ་འབྱམ་ལས་བཅུ་བདུན་པ།༣༨༦། ༡༨།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། སྐར་མའི་དཔྱད་ཀྱི་རྒྱུ་མཚན་ཤེས་པའི་ལེའུ་རབ་འབྱམ་ལས་བཅྭ་བརྒྱད་པ།།༤༠༥། ༡༩།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བ་འབྱུང་བའི་ལེའུ་རབ་འབྱམ་ལས་བཅུ་དགུ་པ།༤༡༡། ༢༠།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བའི་ལས་ཀྱི་ཆོ་ག་དང་རས་རིས་བསྟན་པའི་ལེའུ་རབ་འབྱམ་ལས་ཉི་ཤུ་པ།༤༢༨། ༢༡།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་རྩ་བའི་རྒྱུད་འཕགས་པ་འཇམ་དཔལ་གྱི་སྙིང་པོའི་ཆོ་ག་རབ་འབྱམ་ལས་ལེའུ་ཉི་ཤུ་རྩ་གཅིག་པ།༤༤༢། ༢༢།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཆོ་གའི་བྱ་བ་འཇམ་དཔལ་གྱི་ཆོ་ག་རབ་འབྱམ་ལས་ལེའུ་ཉི་ཤུ་རྩ་གཉིས་པ།༤༥༧། ༡།རས་རིས་ཀྱི་ཆོ་ག་དང་པོ། ༢།རས་རིས་ཀྱི་ཆོ་ག་གཉིས་པ། ༣།རས་རིས་ཀྱི་ཆོ་ག་གསུམ་པ། ༤།རས་རིས་ཀྱི་ཆོ་ག་བཞི་པ། ༥།རས་རིས་ཀྱི་ཆོ་ག་ལྔ་པ། ༢༣།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཇམ་དཔལ་གྱི་རས་རིས་ཀྱི་ཆོ་གའི་ལེའུ་རབ་འབྱམ་ལས་ལེའུ་ཉི་ཤུ་རྩ་གསུམ་པ།༤༦༠། ༢༤།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཞིང་དང་དུས་ཀྱི་ཆོ་ག་ངེས་པའི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་བཞི་པ།༤༦༥། ༢༥།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གདོན་འཇུག་པའི་སྤྱོད་པའི་ཆོ་གའི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་ལྔ་པ།༤༧༠། ༢༦།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཆོ་ག་ངེས་པར་སྡོམ་པའི་དུས་ཀྱི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་དྲུག་པ།༤༧༤། ༢༧།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་དང་བྱ་བ་དང་ཆོ་ག་དང་རྒྱུ་མཚན་ཤེས་པའི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་བདུན་པ།༤༨༤། ༢༨།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱ་བསྐུལ་བའི་ཆོ་ག་འཇམ་དཔལ་གྱིས་ཡོངས་སུ་ཞུས་ཤིང་བསྟན་པའི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་བརྒྱད་པ།༤༨༨། ༢༩།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱའི་ཆོ་གའི་ལེའུ་རབ་འབྱམ་ལས་ཉི་ཤུ་རྩ་དགུ་པ།༥༡༥། ༣༠།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱའི་ཆོ་ག་ལེའུ་རབ་འབྱམ་གཉིས་པ་ལས་སུམ་ཅུ་པ།༥༡༧། ༣༡།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། སྔགས་དང་ཕྱག་རྒྱ་དང་ངེས་པར་སྡོམ་པ་དང་ལས་དང་ཆོ་གའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་གཅིག་པ།༥༣༩། ༣༢།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱ་དང་སྔགས་དང་ལས་ཐམས་ཅད་དང་ངེས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུ་ཅུ་རྩ་གཉིས་པ།༥༤༣། ༣༣།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གཤིན་རྗེ་གཤེད་ཀྱི་ཡོངས་སུ་བསྔགས་པ་དང་སྔགས་ཀྱི་བདག་ཉིད་ཆེན་པོའི་ངེས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་གསུམ་པ།༥༤༨། ༣༤།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་མངོན་སྤྱོད་དང་ལེགས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་བཞི་པ།༥༥༥། ༣༥།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་རབ་འབྱམ་ལས་ལེའུ་སུམ་ཅུ་རྩ་ལྔ་པ།༥༨༠། ༣༦།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕན་ཡོན་དང་ཉེས་དམིགས་ཀྱི་ནུས་པ་རབ་འབྱམ་བསྟན་པའི་ལེའུ་སུམ་ཅུ་རྩ་དྲུག་པ།༦༦༧།

http://books.google.com/books?id=xH6FAAAAIAAJ&pg=PA122#v=onepage&q&f=false

http://books.google.com/books?id=n6lAAQAAIAAJ&pg=PA55#v=onepage&q&f=false http://books.google.com/books?id=TyELAQAAMAAJ&pg=PA55#v=onepage&q&f=false http://books.google.com/books?id=a8RGAAAAcAAJ&pg=PA55#v=onepage&q&f=false http://books.google.com/books?id=hbRNAAAAcAAJ&pg=PA55#v=onepage&q&f=false

http://books.google.com/books?id=8CYYAAAAYAAJ&pg=PA471#v=onepage&q&f=false http://books.google.com/books?id=4ipGAAAAcAAJ&pg=PA471#v=onepage&q&f=false

http://books.google.com/books?id=ASMJAAAAQAAJ&pg=PA107#v=onepage&q&f=false http://books.google.com/books?id=yQ0-AAAAcAAJ&pg=PA107#v=onepage&q&f=false

http://books.google.com/books?id=s2ovAQAAMAAJ&pg=PA629#v=onepage&q&f=false

http://books.google.com/books?id=yvNWAAAAMAAJ&pg=PA298#v=onepage&q&f=false

British Expedition to Tibet[རྩོམ་སྒྲིག]

en:British expedition to Tibet

British expedition to tibet 1904

http://books.google.com/books?id=tXxCAAAAIAAJ&printsec=frontcover&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CEQQ6AEwBw#v=onepage&q&f=false

http://books.google.com/books?id=5IYtAAAAYAAJ&pg=PR18&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CC8Q6AEwAA#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=7uVTAAAAYAAJ&pg=PA2992&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CDIQ6AEwAQ#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=GQ8EAAAAYAAJ&pg=PA283-IA1&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CDUQ6AEwAg#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=lphVNWFMcVYC&pg=PA305&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CDgQ6AEwAw#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=8pgsAAAAYAAJ&pg=PA118&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CDsQ6AEwBA#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=AYw_AQAAIAAJ&pg=PA445&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CD4Q6AEwBQ#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=X3dHAAAAYAAJ&pg=PA435&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CEEQ6AEwBg#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=2icPAQAAIAAJ&pg=PA808&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CEcQ6AEwCA#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=A3lxAAAAMAAJ&pg=PA127&dq=guru+battle+tibetans&hl=en&sa=X&ei=gkiwULzlKZS00AG88YGgDQ&ved=0CEoQ6AEwCQ#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=usoaAAAAYAAJ&pg=PA425&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CDgQ6AEwAzgK#v=onepage&q=guru%20battle%20tibetans&f=false http://books.google.com/books?id=12lCAAAAIAAJ&pg=PA425&dq=guru+battle+tibetans&hl=en&sa=X&ei=7kmwUL4p5oDQAeyGgMgF&ved=0CDIQ6AEwATgU#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=aZLNAAAAMAAJ&pg=PA716&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CDsQ6AEwBDgK#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=XXVUAAAAYAAJ&pg=PA716&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CD4Q6AEwBTgK#v=onepage&q=guru%20battle%20tibetans&f=false http://books.google.com/books?id=g1swAQAAMAAJ&pg=PA716&dq=guru+battle+tibetans&hl=en&sa=X&ei=7kmwUL4p5oDQAeyGgMgF&ved=0CC8Q6AEwADgU#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=qtYTAAAAYAAJ&pg=PA199&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CEEQ6AEwBjgK#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=-Q4QAQAAMAAJ&pg=PA282&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CEQQ6AEwBzgK#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=gvIxAQAAIAAJ&pg=PA283&dq=guru+battle+tibetans&hl=en&sa=X&ei=7kmwUL4p5oDQAeyGgMgF&ved=0CDsQ6AEwBDgU#v=onepage&q=guru%20battle%20tibetans&f=false

http://books.google.com/books?id=NqcrAAAAYAAJ&pg=PA447&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CDIQ6AEwATgK#v=onepage&q=guru%20battle%20tibetans&f=false http://books.google.com/books?id=P23d9Y6XK-kC&pg=PA447&dq=guru+battle+tibetans&hl=en&sa=X&ei=IUmwUMnmCPS10QGguICIDA&ved=0CC8Q6AEwADgK#v=onepage&q=guru%20battle%20tibetans&f=false

Secondary source

http://books.google.com/books?id=Bwi-sUw5Z24C&pg=PA14&dq=guru+britain+enemies&hl=en&sa=X&ei=CdGtUNHsMoTT0wGA6ICICg&ved=0CDgQ6AEwAw#v=onepage&q=guru%20britain%20enemies&f=false