སྤྲུལ་སྐུ་ཨོ་རྒྱན་ཉི་མ།
༄༅། །སྟོན་པའི་འཁོར་རྣམ་བཞིའི་ཡ་གྱལ་དགེ་སློང་མ་སྒྲུབ་ཏུ་ཡོད་མེད་ཀྱི་བཞེད་ཚུལ་རྣམ་གཉིས་འགལ་མེད་དུ་བསྒྲུབས་ཐུབ་དབང་དགྱེས་པའི་གཏམ་ཞེས་བྱ་བ་བཞུགས་སོ། ། མངོན་མཐོ་དང་ངེས་ཀྱི་ཕན་བདེ་མ་ལུས་པའི་ལམ་བཟང་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། སྲིད་ཞིའི་གདུང་སེལ་ཡོངས་རྫོགས་བསྟན་པའི་དཔལ། ། ངེས་འབྱུང་ཁྲིམས་ཀྱིས་ཐུགས་རྒྱུད་ལེགས་ཕྱུག་ཅིང་། ། བདེན་བཞིའི་ཆོས་ཚུལ་འདོམས་ལ་ཟླ་མེད་པའི། ། གནས་བརྟན་སྡེ་སྣོད་འཛིན་རྣམས་ཕྱག་གིས་ཡུལ། ། དེ་ཡང་བདག་ཅག་སྟོན་པ་རྣམ་འདྲེན་ཟས་གཙང་སྲས་པོ་དེ་ཉིད་ཀྱིས་བདེན་བཞིའི་ཆོས་སྐོར་ཡང་སྙིང་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལས། སྐབས་སུ་བབ་པ་དགེ་སློང་མའི་བསླབ་པའི་སྐོར་ཅུང་ཞིག་གླེང་བ་ལ། སྔར་དགེ་སློང་མའི་སྡོམ་རྒྱུན་ཇི་ལྟར་བྱུང་བའི་ཚུལ། དེང་སང་སྒྲུབ་ཏུ་རུང་བའི་ལས་ཡོད་མེད་ཀྱི་དོགས་གཅོད། མཐར་ཐུག་གྲུབ་དོན་བསྡུ་བ་དང་གསུམ་ལས། དང་པོ་ལ་བཞི་སྟེ། རྒྱ་གར་འཕགས་པའི་ཡུལ་དང་། སིངྒ་ལའི་ཡུལ། མ་ཧཱ་ཙི་ནའི་ཡུལ། གངས་ཅན་བོད་ཀྱི་ཡུལ་དུ་དགེ་སློབ་མ་ཇི་ལྟར་བྱུང་བའི་ཚུལ་ལོ། ། དང་པོ་འཕགས་ཡུལ་དུ་དགེ་སློང་མ་ཇི་ལྟར་བྱུང་པའི་སྐོར་ནི། མཚུངས་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་དཔལ་རང་བྱུང་གི་སྒོ་ནས་བསྙེན་པ་ར་རྫོགས་ཤིང་ཟག་པ་ཀུན་ཟད་དེ་སངས་རྒྱས་པ་ན། འཁོར་ལྔ་སྡེ་བཟང་པོ་སོགས་ལ་སྡུག་བསྔལ། ཀུན་འབྱུང་དང་། འགོག་པ་དང་། ལམ་ཀྱི་བདེན་ཏེ། བདེན་པ་བཞིའི་ཚུལ་ལས་བརྩམས་ཏེ་འཁོར་བ་དང་མྱང་འདས་ཀྱི་བླང་དོར་འཇུག་ལྡོག་གི་རིམ་པ་རྣམས་མཐར་ཕྱིན་པར་བསྟན་པ་ཅིང་། སྔོན་ཆོག་ལ་བརྟེན་ནས་སྐྱེ་དགུའི་བདག་པོ་དང་། དེའི་འཁོར་ཤཱཀྱ་མོ་ལྔ་བརྒྱ་དང་བཅས་པ་ལ་བསྙེན་རྫོགས་ཀྱི་དངོས་པོ་བསྩལ་བས། སྟོན་པའི་འཁོར་ཉན་ཐོས་མ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར། སྐྱེ་དགུའི་བདག་པོ་དེ་ཉིད་ཀྱིས་ད་ལྟའི་ཆོ་ག་ལ་བསྟེན་ནས་དགེ་སློང་མ་ཨུཏྤ་ལི་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བས། དེ་ནས་བཟུང་འཇིག་རྟེན་གྱི་བུད་མེད་ཇི་སྙེད་ཅིག་གིས་དགེ་སློང་མའི་དངོས་པོ་བཞེས་པའི་སྐལ་བ་ཅན་དུ་གྱུར་ཅིང་། སྟོན་ཞི་བར་གཤེགས་པའི་རྗེས་སུའང་སྐྱེ་དགུའི་བདག་མོ་ཉིད་ཀྱི་ཀུན་དགའ་ར་བ་ན་དགེ་སློང་ས་ཡ་བརྒྱད་ཅུ་ལས། ཟག་པ་ཀུན་ཟད་པའི་དགྲ་བཅོམ་པ་འབུམ་ཕྲག་གཅིག་དང་། དགེ་སློང་མ་འབུམ་ཕྲག་དགུ་བཅུ་དང་། དེའི་ནང་ནས་སྲིད་ཞིའི་གདུང་བ་མཐའ་དག་གི་རྒྱུ་ཀུན་སྤངས་ཟིན་པའི་དགྲ་བཅོམ་མ་སྟོང་ཕྲག་གཅིག་འདུས་ཞེས་ལུང་བསྟན་པའི་མདོ་དང་། དགེ་སློང་མའི་མདོ་སོགས་སུ་གསུངས་པ་ལ་གཞིགས་ན། སྐབས་དེར་དགེ་སློང་ཕ་མ་གཉིས་ཀ་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་མིང་དོན་མཚུངས་པའི་བདག་མོ་ཉིད་དུ་གྱུར་ཡོད་པར་སེམས། དེ་ནས་ལོ་མང་གི་རྗེས་སུ་ཉན་ཐོས་རྣམས་ཀྱི་མདོ་འདོན་ཚུལ་དང་། བྱིན་ལེན་བྱ་བ་སོགས་མི་མཐུན་པ་མང་པོ་ཞིག་གིས་སྡེ་བ་བཅོ་བརྒྱད་དུ་གྱེས་དུས་དགེ་སློང་མ་རྣམས་ཀྱང་རང་རང་གི་སློབ་དཔོན་དང་། རིགས་གཅིག་པའི་སྡེ་བ་དག་གི་རྗེས་སུ་ཕྱོགས་ཏེ། སྡོམ་པའི་བརྒྱུད་རིམ་ཡང་མི་འདྲ་བར་གྱུར་ཡོད་པར་བསྙམ་མོ། ། གཉིས་ས་སིངྒ་ལའི་ཡུལ་དུ་དགེ་སློང་མ་ཇི་ལྟར་དར་བའི་ཚུལ་མདོར་བསྡུས་ཏེ་འགོད་པ་ལ། གནས་བསྟན་སྡེ་བའི་རང་ལུགས་སྟོན་པ་སྐུ་ཞི་བར་གཤེགས་ནས་ལོ་༢༤༠་ཡན་མན་ཞིག་ལ་བསྟན་པའི་སྦྱིན་བདག་ཆེན་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རང་གི་སྲས་གནས་བརྟན་དབང་ཆེན་སྡེ་ལ་བཀའ་ཕེབས་པ་བཞིན་སིངྒ་ལའི་ཡུལ་དུ་གཤེགས། དེར་འདུས་པའི་འཁོར་རྣམས་ལ་དམ་པའི་ཆོས་བསྟན་པས། ཡུལ་དེའི་རྒྱལ་པོའི་བུ་མོ་ཨནུལཱ་དེཝཱི་འཁོར་དང་བཅས་པས་བསྙེན་རྫོགས་གནང་བར་ཞུས་པ་ན། ཁོང་གིས་བསྟོན་པསདགེ་སློང་ཁོ་ནས་བུད་མེད་བསྙེན་རྫོགས་སྒྲུབ་པར་མ་གནང་བས། ཁོ་བོའི་སྲིང་མོ་གནས་བརྟན་མ་དགེ་འདུན་རྩ་ལག་མ་བྱ་བ་ཡོད་པས། དེ་གདན་དྲོངས་ལ་སྡོམ་པ་མནོས་ཤིག་ཅེས་བཀའ་བསྩལ་པ་དང་། སིངྒ་ལའི་རྒྱལ་པོ་སྐར་རྒྱལ་གྱིས་ཀྱང་ཡུལ་དབུས་ཀྱི་རྒྱལ་པོ་ལ་ཞུ་ཡིག་ཕུལ་བས། མྱ་ངན་མེད་ཀྱིས་གནས་བརྟན་རྩ་ལག་མ་དང་། དགེ་སློང་མ་བཅུ་གཅིག་བཅས། སིངྒ་ལ་ཡའི་བུད་མེད་རྣམས་རབ་བྱུང་དང་བསྙེན་པར་རྫོགས་པའི་ཆེད་དུ་བརྫངས། དེ་དག་གིས་རྒྱལ་པོའི་སྲས་མོ་འཁོར་དང་བཅས་པ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བས། མཐར་ཟག་པ་ཀུན་ཟད་ནས་འབྲས་བུ་དགྲ་བཅོམ་མའི་གོ་འཕངས་ཐོབ། དེ་ནས་དུས་རབས་བཅུ་གཅིག་པར་སྡོམ་རྒྱུན་མ་ཆད་པར་གནས་ཡོད་ཀྱང་། དེའི་རྗེས་ནས་དམིགས་བསལ་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཆད་ཡོད་པར་ཆ་མི་འཚལ་ཡང་། ཡུལ་དུས་ཀྱིས་རྐྱེན་པས་ཆད་ཡོད་པར་མངོན་ནོ། །ཁ་ཅིག་གིས་སིངྒ་ལར་སྟོན་པ་ཞི་བར་གཤེགས་ནས་ལོ་༢༣༦་མཚམས་སུ་རྒྱལ་བསྟན་དབུ་ཞེས་བཞེད་ཀྱང་དེ་ནི་མ་ངེས་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་གཉིས་མ་ཕེབས་པའི་སྔོན་དུ་སིངྒ་ལའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཡོད་སྒྲུབ་བྱེད་དུ། སིངྒ་ལའི་རྒྱལ་པོའི་སྲས་མོ་མུ་ཏིག་འཁྲི་ཤིང་གིས་སྤྲིངས་ཡི་ཕུལ་བའི་ལན་དུ། སངས་རྒྱས་ཀྱིས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་པ་ཞིག་གནང་བས་དམ་པའི་ཆོས་འདུལ་བ་ཡོད་པ་དང་། བསླབ་པའི་གཞི་ལྔ་ལ་བསླབ་ཚུལ་ཡང་རིག་འཛིན་འཇིགས་མེད་གླིང་པས་མཛད་པས་༡༧༢༩།༡༧༩༨་མཛད་པའི་ཡོན་མཛོད་ཀྱི་འགྲེལ་བ་ལས་གསུངས་པ་དང་། སྟོན་པ་སིངྒ་ལར་ཕེབས་ནས་ལང་ཀར་གཤེགས་པའི་མདོ་གསུངས་འདི་གཉིས་ཀྱིས་སྟོན་པ་ཞལ་བཞུགས་དུས་ནས་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་དར་ཡོད་པ་རྟོགས་ནུས་སོ། ། གསུམ་པ་མ་ཧཱ་ཙི་ནའི་ཡུལ་དུ་དགེ་སློང་མ་ཇི་ལྟར་བྱུང་བའི་ཚུལ་ནི། དུས་རབས་བཞི་པ་ནས་༣༥༧་རྒྱ་ནག་ཡུལ་དུ་དགེ་སློང་མའི་སྡོམ་རྒྱུན་དེ་དར་ཡོད་ཀྱང་། བརྒྱུད་ཚུལ་དེ་ལ་ཕ་ཚོགས་ཁོ་ན་ལ་བརྟེན་ནས་བྱུང་བ་དང་། ཕྱིས་སུ་དུས་རབས་ལྔ་པ་༤༣༣་གཉིས་ཚོགས་ཀྱིས་བསྒྲུབས་པ་སྟེ། བརྒྱུད་རིམ་མི་འདྲ་བ་གཉིས་ཀའི་སྡོམ་རྒྱུན་རྣམ་དག་ཏུ་འཆད་པར་མ་ཟད། ད་ལྟ་ཡང་རྒྱའི་འདུལ་འཛིན་རྣམས་ཀྱིས་གཙིགས་སུ་བཟུང་ཞིང་སྡོམ་པ་འབོག་ཆོག་གི་ཕྱལ་ལེན་ཡང་ཡོད་པར་སྣང་། རྒྱའི་བཙུན་པ་ཞིག་གིས་བྲིས་པའི་དགེ་སློང་མ་དྲུག་ཅུའི་ལོ་རྒྱུས་ལས་སྤྱི་ལོ་༣༦༡་ན་བྱུང་བའི་དགེ་སློང་མ་དང་པོ་ཆཱིང་ཆན་བྱ་བའི་རྣམ་ཐར་དུ་ཕ་ཚོགས་ཁོ་ནས་བསྒྲུབས་ཚུལ་དང་། དགེ་སློང་མ་བཅུ་བཞི་པ་དང་། ཉེར་བདུན་པ་གཉིས་ཀྱི་རྣམ་ཐར་ལས་ཕ་ཚོགས་དང་མ་ཚོགས་གཉིས་ཀ་ལས་བྱུང་ཚུལ་བཤད་ཡོད་པས། སྐབས་དེ་དུས་རྒྱའི་དགེ་སློང་མ་སཱིང་ཀོས། ཁ་ཆེ་ཡུལ་གྱི་དགེ་སློང་ཡོན་ཏན་གོ་ཆ་ལ་སྔོན་གྱི་སྡོམ་རྒྱུན་ཕ་ཚོགས་ཁོ་ནས་བྱུང་ཚུལ་ཞུས་པས། དེ་ལ་ལེགས་སོ་མ་གནང་ཞིང་གཉིས་ཚོགས་ཀྱིས་བསྒྲུབ་དགོས་པའི་ཞལ་བཞེས་ཐོབ་ནའང་། སྐུ་ཚེའི་འདུ་བྱེད་མ་ཐུབ་པར་ཞི་བའི་དབྱིངས་བསྡུས། ཕྱིས་སུ་རྒྱ་གར་གྱི་འདུལ་འཛིན་དགེ་འདུན་གོ་ཆ་རྒྱ་ནག་ཏུ་ཕེབས་པ་ལ་དགེ་སློང་མ་སཱིང་ཀོས་སྔར་གྱི་རྒྱུ་མཚན་བསྙད་པས། དགེ་འདུན་གོ་ཆས་མཁན་པོ་མཛད་དེ་གཉིས་ཚོགས་ཀྱིས་སཱིང་ཀོ་སོགས་བསྒྲུབ་བྱ་སུ་བརྒྱ་ལྷག་གིས་སླར་ཡང་བསླབ་ཚིག་ཕྱི་མ་བཞེས། གང་ལྟར་གོང་གི་མཁན་པོ་རྣམ་པ་གཉིས་ཀྱིས་ཕ་ཚོགས་ཁོ་ན་ལ་བརྟེན་ནས་དགེ་སློང་མ་སྒྲུབ་པ་དེ་ཡང་དག་ཏུ་མ་གཟིགས་པ་དངོས་ཡོད་དུ་སོང་ལ། ད་དུང་འཕགས་ཡུལ་གྱི་དགེ་སློང་ཕ་དང་། སིངྒ་ལའི་དགེ་སློང་མ་གཉིས་སྡེ་བ་གཅིག་ཡིན་མིན་དང་། སིངྒ་ལའི་དགེ་སློང་མའི་སྡོམ་རྒྱུན་དེ་གནས་བརྟན་སྡེ་བའི་ལུགས་ཡིན་ན་ཡང་། ཆེན་པོ་རྒྱའི་ཡུལ་དུ་ཆོས་སྲུང་སྡེ་བ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་གསལ་པོ་མ་ངེས་པས་ཐེ་ཚོམ་ཆེན་པོ་ཞིག་མཆིས་སོ། ། བཞི་བ་བོད་གངས་ཅན་ལྗོངས་སུ་དགེ་སློང་མའི་སྡོམ་པ་ཇི་ལྟར་དར་བའི་ཚུལ་མདོར་ཙམ་ཞིག་བརྗོད་པ་ལ། སྔར་བོད་ཡུལ་དུ་ཕ་མ་གཉིས་ཚོགས་ཀྱི་ལས་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྒྲུབ་པའི་སྲོལ་དེ་མེད་པ་ཐག་བཅད་དེ་བཤད་ན་ཡང་ཆོག་སྟེ། སྔོན་གྱི་རྒྱལ་རབས་དང་། ཆོས་འབྱུང་། འདུལ་བའི་ལས་ཆོག་སོགས་ཡིག་རྙིང་ཚད་ལྡན་རྣམས་ཀྱི་ནང་དུ་གཉིས་ཚོགས་ཀྱིས་བསྒྲུབས་ཡོད་པ་སུས་ཀྱང་གསུངས་མེད། ཡིན་ན་ཡང་ཕ་ཚོགས་ཁོ་ན་ལ་བརྟེན་པ་ནི་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་མེད་ན་ཡང་། ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་༡༢༣༥།༡༢༨༠ཁོང་གིས་བསྒྲུབས་ཚུལ་རྣམ་ཐར་དུ་གསལ་བ། སྤྱིར་རྒྱ་དཀར་ནག་བལ་ཡུལ་བོད་སོགས་སུ་དགེ་ཚུལ་དང་། དགེ་སློང་ཕ་མ་སྟོང་ཕྲག་བཞི་དང་བཞི་བརྒྱ་ཉི་ཤུ་རྩ་ལྔའི་མཁན་པོར་མཛད་པ་དང་། ནམ་མཁའ་བསོད་ནམས་ཀྱིས་༡༣༨༧།༡༤༦༦དུས་རབས་བཅོ་ལྔ་པའི་ནང་ཆུ་དབར་རང་བྱོན་དབོན་མོ་སོགས་ལ་བསྙེན་རྫོགས་ཀྱི་བསླབ་པ་བརྩལ་བ་དང་། ཡང་དུས་རབས་བཅོ་ལྔ་པའི་ནང་དུ་མཁན་པོ་སངས་རྒྱས་བཟང་པོ་ཡིས་མཁན་པོ་བྱས་ནས་ཤཱཀྱ་མཆོག་ལྡན་གྱི་མ་ཡུམ་ཤཱཀྱ་བུ་འདྲེན་སོགས་དགེ་སློང་མར་བསྒྲུབ་པ་དང་། ཡང་དུས་རབས་བཅོ་ལྔ་པའི་ནང་པཎ་ཆེན་ཤཱཀ་མཆོག་ཁོང་༡༤༢༨།༡༥༠༧གིས་དགེ་སློང་མ་མང་དུ་བསྒྲུབས་པས། རྒྱ་མ་དགེ་སློང་མ་ཞེས་པ་བཙུན་པའི་ཚད་དུ་གྲགས་པ་ཞིག་བྱུང་ཞེས་གསུངས། གཉིས་པ་དེང་སང་སྒྲུབ་ཏུ་རུང་བའི་ལས་ཡོད་མེད་ཀྱི་དོགས་པ་གཅོད་པ་ལ་གཉིས། དགག་ཕྱོགས་དང་། སྒྲུབ་ཕྱོགས་ཀྱི་དོགས་པ་གཅོད་པའོ། །དང་པོ་ལ་འདོད་པ་བརྗོད་པ་དང་། དོགས་སེལ་གཉིས་ལ། དང་པོ་ནི། བོད་གངས་ཅན་པའི་སྔ་ཕྱིའི་མཁས་པ་དུ་མས། བོད་དུ་དགེ་སློང་མའི་སྡོམ་པ་མེད་པར་མ་ཟད། ཕ་ཚོགས་ཁོ་ནས་སྡོམ་པ་འབོག་མི་རུང་བར་སྒྲུབ་བྱེད་ཀྱི་ལུང་ལ། མདོ་རྩ་ལས། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །འདིར་ཆོ་ག་ནི་དགེ་འདུན་གྲངས་ཚང་བ་དང་། ལས་བརྗོད་པ་དང་། ལས་བྱེད་པ་ཉིད་དོ། །ཞེས་གསུངས་པ་ལ་ཁུངས་བཅོལ་ནས། མཁན་པོ་ཡོན་ཏན་རྒྱ་མཚོའི་༼མངའ་རིས་པཎ་ཆེན་གྱིས་༡༤༨༧།༡༥༤༣་མཛད་པའི་སྡོམ་གསུམ་རྣམ་ངེས།༽སྡོམ་འགྲེལ་རིག་འཛིན་འཇུག་ངོགས་ལས། བོད་འདིར་དགེ་སློང་མ་མ་དར་བས་མདོར་བསྡུས་པ་དེ་ཙམ་མོ། །ཞེས་དགེ་སློང་མའི་དགག་སྒྲུབ་ཀྱི་བསླབ་བྱ་དག་རྒྱས་པར་མ་གསུངས་པ་ནི་བོད་ཡུལ་འདིར་དགེ་སློང་མ་མ་དར་རྒྱུ་མཚན་གྱིས་མདོར་བསྡུས་སུ་བསྟན་པ་ཡིན་ཞེས་པའོ། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྡོམ་འགྲེལ་ཉི་མའི་འོད་ཟེར་ལས། བོད་ཡུལ་འདིར་དགེ་སློབ་མ་དང་། དག་སློང་མ་སྒྲུབ་པའི་སྲོལ་ཐོག་མ་ནས་མ་བྱུང་ངོ་། །ཞེས་དང་། གཞན་ཡང་ངག་དབང་བློ་གྲོས་སྙིང་པོས་མཛད་པའི་སྡོམ་འགྲེལ་འཇམ་དབྱངས་དགོངས་རྒྱན་ལས། ལྗོངས་འདིར་མ་ཚོགས་མེད་ཕྱིར་ཚིག་ཕྱི་མ། །སྒྲུབ་པའི་ལག་ཆེན་སྔོན་གྱི་དུས་ན་མེད། །ཅེས་དང་། ཀརྨ་པ་འཕྲིན་ལས་ཀྱིས་༡༤༥༦།༡༥༣༩་མཛད་པའི་དྲིས་ལན་པད་དཀར་ཆུན་པོའི་ལན་ལ། དགེ་སློང་མའི་སྡོམ་པ་འབོགས་ཆོག་གི་ལག་ཆེན་བོད་ན་ཡོད་དམ་ཟེར་ན། ཐེག་དམན་ལུགས་ཀྱི་ཉེས་མེད་ཕུན་ཚོགས་ནི་བོད་ན་མེད་དེ། དགེ་སློང་མའི་ཚོགས་པ་བོད་དུ་འོང་མ་མྱོང་ངོ་། །ཞེས་མེད་པར་བཞེད་དོ། ། གཉིས་པ་དོགས་སེལ་ནི། དེ་དག་གིས་བོད་ཡུལ་དུ་དགེ་སློང་མའི་སྡོམ་པ་མ་བྱུང་བའམ། མེད་ཅེས་གསུངས་པ་ནི། རྒྱ་ཆེར་འགྲེལ་ལས། གཉིས་ཀའི་དགེ་འདུན་འདུས་པ་ལས། ལས་བྱེད་པའི་དགེ་སློང་གིས་གསོལ་བ་ལ་སོགས་པའི་ལས་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། །ཞེས་པ་ལྟར་གཉིས་ཀའི་དགེ་འདུན་ཞལ་མ་འཛོམས་པར་མའི་བསླབ་ཚིགས་ཕྱི་མ་མནོས་ན་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་མི་འཐོབ་པར་ལུང་གིས་གྲུབ་པས། དམན་པ་ལ་དགག་པའི་སྒྲ་སྦྱར་ཏེ་མེད་པར་གསུངས་པ་ཡིན་གྱི། གལ་སྲིད་རྩ་བ་ནས་མེད་པར་གསུངས་ན། མདོ་དང་བསྟན་བཅོས་དུ་མ་ནས་ཉེས་བཅས་སྐྱེ་ངེས་སུ་གསུངས་པས་མངོན་སུམ་ལ་བསྙོན་འདིངས་པར་ཟད་དོ། །མཚོ་ཊཱིཀ་ལས། ཆོ་ག་ལས་འདས་ན་ལས་མི་ཆགས་པ་ལ། །ལས་གཏན་ནས་མི་ཆགས་པ་དང་། ལས་ཉེས་མེད་ཕུན་ཚོགས་མི་ཆགས་པ་སྟེ། རྣམ་པ་གཉིས་སུ་དབྱེའོ། །ཞེས་པ་ལྟར་ལས་ཉེས་ཕུན་ཚོགས་མི་ཆགས་པ་ལ་ལས་མི་ཆགས་ཞེས་སྒྲས་བསྙད་པ་ཡིན་གྱི་གཏན་དུ་ནི་མ་ཡིན་ནོ། །དགག་ཚིག་ཡོད་པ་མཐའ་དག་རྩ་བ་ནས་མི་ཆོག་པར་འགྱུར་དགོས་ན། སྐྱེ་དགུའི་བདག་མོར་དགེ་སློང་མའི་སྡོམ་པ་དུས་ནམ་ཡང་མི་ཐོབ་པར་ཐལ། སྟོན་པས་ཐོག་མའི་དུས་སུ་མ་གནང་བའི་ཕྱིར། སྟོན་པས་མ་གནང་བར་ཐལ། ལུང་ཕྲན་ཚེགས་ལས། སྐྱེ་དགུའི་བདག་མོ་ཆེན་མོས། བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་མ་གནང་བ་དང་། བཅོམ་ལྡན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོན་ལྡན་འདས་ཀྱི་དྲུང་ནས་དོང་ངོ་། །ཞེས་གསུངས་པས་སོ། །སངས་རྒྱས་ཀྱིས་དགག་པའི་རྗེས་སུ་གནང་བ་མི་རིགས་པར་ཐལ། དང་པོ་ཉིད་ནས་མི་ཆོག་པར་གསུངས་པའི་ཕྱིར། །དེ་ནི་ཐོག་མ་ཙམ་ཡིན་གྱི་ཕྱིས་སུ་གནང་བའི་རྒྱུ་མཚན་གྱིས་གོང་གི་སྒྲུབ་བྱེད་དུ་མི་རུང་ངོ་ཞེ་ན། འོ་ན་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་གཏན་ནས་མ་རྟོགས་པར་ཐལ། ལེགས་ལྡན་འབྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་རྟོགས་ཞེས་མ་གསུངས་པའི་ཕྱིར་རོ། །གོ་རམས་པ་༡༤༢༩།༡༤༨༩་བསོད་ནམས་སེང་གེས་ཀྱང་། འགའ་ཞིག་སྐྱེས་ཚོགས་ཁོ་ན་ཡིས། །དེང་སང་བུད་མེད་བསྙེན་རྫོགས་བྱེད། །ཞེས་པའི་དོན་ཡང་ཉེས་པ་ཡོད་པ་ཙམ་ལ་དགོངས་ཏེ་གསུངས་པ་ལས། རྩ་བ་ནས་བཀག་ན་འདུལ་གཞུང་དུ་མར་སྒྲུབ་བྱེད་ལ་ཉེས་བྱས་ཙམ་འབྱུང་བའི་དབང་དུ་བཏང་ན་སྒྲུབ་རུང་བར་གསུང་ཡོད་པས། རབ་འབྱམས་པ་རང་ལའང་སྐྱོན་སོ་ན་གནས་སོ་བསྙམ་མོ། །དགེ་སློང་མ་སྒྲུབ་པ་ལ་ལུང་དང་། གཏན་ཚིགས་གཉིས་ཀའི་ལམ་ནས་གཉིས་ཚོགས་དགོས་ཞེས་སེ་ར་རྫེ་བཙུན་དང་། པཎ་ཆེན་ལེགས་བཟང་གི་འདུལ་བའི་སྤྱི་དོན་ལས་ལན་གྲངས་དུ་མར་གསུངས་པ་དག་ཀྱང་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པར་སེམས་སོ། ། གཉིས་པ་སྒྲུབ་ཕྱོགས་ཀྱི་དོགས་པ་གཅོད་པ་ལ། གཉིས་ཚོགས་དང་། གཅིག་ཚོགས་ཁ་ནའི་སྒྲུབ་ཚུལ་གྱི་དོགས་གཅོད་གཉིས། དང་པོ་ལའང་། སྡེ་བ་ཐ་དད་པ་དང་གཅིག་པ་གཉིས་ལས། དང་པོ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་འདུན་དང་། ཕལ་ཆེན་པའི་གནས་བརྟན་མ་དག་ལ་བསྟེན་ནས་དགེ་སློང་མ་བསྒྲུབ་རུང་སྟེ། དགེ་འདུན་སྡེ་གཉིས་དང་། གསུམ་སོགས་འཛོམས་ནའང་འདུལ་བའི་ལས་ཆགས་པའི་ཕྱིར། ལས་ཆགས་པར་ཐལ། སངས་རྒྱས་མྱ་ངན་འདས་པའི་ཕྱི་ལོར་སྡེ་བ་ཐ་དད་པ་དུ་མས་གསོལ་གཉིས་ཀྱི་ལས་ཀྱིས་བཀའ་བསྡུ་དང་པོ་མཛད་པའི་ཕྱིར་ཏེ། དཔེར་ན་མ་སྐྱེས་དགྲས་སྦྱིན་བདག་བྱས་པ་བརྟེན་ནས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་ཀུན་དགའ་བོ་དང་། མང་བཀུར་སྡེ་བའི་མཁན་པོ་ཉེ་བ་འཁོར། ཕལ་ཆེན་སྡེ་བའི་མཁན་པོ་འོད་སྲུང་སོགས་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་བསྡུས་པའི་ཕྱིར་རོ། །དེ་ནི་ཉན་ཐོས་སྡེ་བ་སོ་སོར་མ་གྱེས་པའི་སྐབས་ཡིན་པས་སྡེ་བ་ཐ་དད་བཞག་མི་རུང་ངོ་། །ཞེ་ན། འོ་ན་བཀའ་བསྡུ་གཉིས་པ་དང་། གསུམ་པའི་སྐབས་སུ་ལས་མི་ཆགས་པར་ཐལ། སྡེ་བ་བཅོ་བརྒྱད་ཀྱི་དགེ་སློང་དང་དགེ་འདུན་ཡོད་པའི་ཕྱིར། དེ་དག་གི་དགེ་འདུན་ཡོད་དེ། སོ་སོའི་འདོན་པའི་ལུང་དེ་རྣམ་དག་ཏུ་སྒྲུབ་པ་ལ་ཁུངས་ལྡན་གྱི་ལུང་ལ་གཏུག་དགོས་པ་དང་། ཚུལ་ཤིང་བྲིམ་པ་སོགས་ཀྱི་ལས་ལ་ལྟོས་དགོས་པས་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ལས་བྱ་དགོས་སོ། །གང་ལྟར་ཡང་ལས་གང་རུང་བརྗོད་པ་ལ་དགེ་འདུན་དུ་ལོངས་དགོས་ཏེ། ཆོས་རྗེ་རྫ་དཔལ་སྤྲུལ་གྱིས། གཞི་བཅུ་བདུན་གྱི་ཟིན་བྲི་ལས། གསོལ་བ་འབའ་ཞིག་པ་ནས་གསོལ་བཞིའི་བར་ལས་གང་བརྗོད་ཀྱང་དགེ་འདུན་དུ་ལོངས་དགོས་པར་གསུངས་པ་དང་། དེ་ལ་ཁ་སྐོང་གི་ཆོས་བཅོ་ལྔ་ཚང་དགོས་པ་གང་ཞིག ཕལ་ཆེན་པའི་དགེ་སློང་མའི་དགེ་འདུན་ལ་དེ་དག་ཚང་ཞིང་ཞིང་འགལ་རྐྱེན་དང་བྲལ་བའི་ཕྱིར། ཡིན་ནའང་དེ་དག་གི་སྡོམ་རྒྱུན་ལ་བར་མ་ཆད་པ་ཞིག་ཡོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་གོ་ཐོས་མ་བྱུང་ངོ་། །ཡང་ཧ་ཅང་ཐལ་དྲགས་པའི་མིང་ལ་ངག་གི་དབང་ཕྱུག་ཅེས་ཐོབ་ཀྱང་། དོན་ལ་ཚིག་རྩུབ་ཁོ་ན་ལས་མེད་པའི་ཧམ་པ་ཅན་ཞིག་གིས། ལི་ཡུལ་དུ་ལུང་བསྟན་པ་ལས། གདོང་དམར་བོད་ཀྱི་ཡུལ་དུ་གཙུག་ལས་ཁང་དང་། མཆོད་རྟེན་མང་དུ་བརྩིགས། དགེ་འདུན་སྡེ་གཉིས་བཙུགས། ཞེས་པ་ལས་དགེ་འདུན་སྡེ་གཉིས་ཞེས་པའི་དོན། རབ་བྱུང་ངུར་སྨྲིག་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་ཡིན་པར་མ་རྟོགས་ཏེ་དགེ་སློང་ཕ་མའི་སྡེ་གཉིས་སུ་འཁྲུལ་བ་དང་། ཡང་ཁོས་ཁུངས་ལྡན་གྱི་བསྟན་བཅོས་དག་ལ་སྒྲོ་འདོགས་དང་བསྐུར་འདེབས་ཀྱིས། རྒྱ་འགྲེལ་རྫུན་མ་དང་། བོད་འགྲེལ་ཁུངས་མེད་ཅེས་རྒྱུ་མཚན་གྱིས་སྟོང་པའི་གཏམ་ཁོ་ནས། དཔེར་ན་རིགས་པ་གཅིག་གིས་བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པ་ལྟར་བཤད་པར་བྱ་སྟེ། ཞེས་དམ་བཅས་ཀྱང་འགོག་བྱེད་ཀྱི་རྟགས་དང་གཏན་ཚིག་ནི་མོ་གཤམ་བུའི་ཟླ་བོར་གྱུར། ད་དུང་ཨུ་ཚུགས་ཁོ་ནས་བཀའ་བསྟན་མང་པོ་ཞིག་བསྔོགས་ཏེ་ལུང་མང་པོ་ཞིག་བསྡུས་ནའང་། དེའི་དངོས་ཤུགས་གང་རུང་གི་དགོངས་དོན་ཕར་ཞོགས། ཚོགས་སུ་དབྱུང་རུང་བའི་སྡེབས་སྦྱོར་ལེགས་པ་ཙམ་ཡང་མི་འདུག་པས་མཁྱེན་ལྡན་རྣམས་ཀྱིས་གཟིགས་དང་ཤེས་ངེས་ཡིན། གཞན་ཡང་སུ་དང་མི་འདྲ་བ་དང་། ཀུན་དང་མི་མཐུན་པ་ཞིག་བྱེད་དགོས་བསམ་ནས་ཤོག་ལྡེབ་རེ་ལ་བརྗོད་བྱའི་ཕུང་པའི་ཕུང་པོ་རེ་དང་། ཤོག་ངོས་རེ་ལ་གནད་མ་ཟིན་པའི་ས་བཅད་གཉིས་ནས་ལྔའི་བར་བཀོད་དེ། གཞུང་འགྲེལ་དང་ས་བཅད་གཉིས་གང་མང་མེད་པའི་རྒྱུ་མཚན་ལྟར་སྣང་འབའ་ཞིག་གིས་ཤོག་བུ་གྲོན་པ་དག མཁས་པས་མཐོང་ན་ཁྲེལ་ངེས་སོ། ། གཉིས་པ་སྡེ་བ་གཅིག་པའི་ཕ་མའི་ཚོགས་པ་གཉིས་ཀྱིས་སྒྲུབ་ཚུལ་ལ། འདུལ་བ་མདོ་རྩ་བ་ལས། མགུ་བ་དང་དབྱུང་བ་ནི་གཉིས་ཀའི་ཚོགས་པ་ལའོ། །བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་། །ཞེས་གསུངས་པ་ལྟར་ཉེས་མེད་ཕུན་ཚོགས་ཀྱིས་བསྒྲུབ་དགོས་ན་ཕ་མའི་ཚོགས་པ་གཉིས་ངེས་པར་དུ་དགོས་ཏེ། འདུལ་ལུང་སྡེ་བཞིའི་ལུང་དོན་གྱིས་གྲུབ་པའི་ཕྱིར་རོ། །སྤྱིར་ཉན་ཐོས་སྡེ་བ་བཅོ་བརྒྱད་གྱེས་པའི་གཞི་རྩ་བ་སྡེ་བ་གཉིས་སུ་འདོད་མཁན་དང་། བཞིར་འདོད་མཁན་གཉིས་སུ་ཡོད་དེ། ཀུན་མཁྱེན་ཀློང་ཆེན་༡༣༠༨།༡༣༦༣་པས་མཛད་པའི་ཡིད་བཞིན་མཛོད་འགྲེལ་ལས། སྤྱིར་ཉན་ཐོས་སྡེ་བ་ལ་གྱེས་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པས་ཁོ་བོས་བྱས་པའི་གྲུབ་མཐའ་མཛོད་དུ་ལྟ་བར་བྱའོ། །ཞེས་གསུངས་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལའང་། གཉིས་དང་། བཞི་དང་། བདུན་དུ་གྱེས་པར་འདོད་མཁན་འགའ་ཞིག་མཆིས། བདུན་དུ་འདོད་མཁན་སློབ་དཔོན་དུལ་བ་ལྷས་མཛད་པའི་གཏན་ལ་དབབ་པའི་བསྡུ་བ་ལས། གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མའི་སྡེ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །ཞེས་གསུངས་པ་ལྟར་བདུན་པོས་ཤེས་བྱ་གཞི་ལྔ་དང་། དུས་གསུམ་རྫས་གྲུབ་དུ་ཁས་ལེན་པས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་ཡོངས་གྲགས་ལྟར་དང་། ཆོས་སྲུང་སྡེ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ཁུངས་སུ་བསྡུ་ན་དེ་ཡིན་དགོས་ཏེ། ཤེས་བྱའི་ཁུངས་སུ་བསྡུ་ན་ཤེས་བྱ་ཡིན་དགོས་པ་བཞིན་ནོ། །འོ་ན་ཆོས་སྲུང་སྡེ་བའི་དགག་སྒྲུབ་བསླབ་བྱ་དང་། བོད་དུ་དར་བའི་གཞི་ཐམས་ཅད་ཡོད་སྨྲ་བ་གཉིས་ཀྱི་དགག་སྒྲུབ་ཀྱི་བསླབ་བྱ་དག་མང་ཉུང་དང་། ལྟུང་བའི་ཆད་ལས་ལྕི་ཡང་སོགས་མང་པོ་ཞིག་མི་མཐུན་ས་ཡོད་པས་སྡེ་བ་གཅིག་ཡིན་པར་ཁས་ལེན་མི་ནུས་སོ། །ཞེ་ན། དེ་ནི་མ་ངེས་ཏེ། བོད་དུ་དར་བའི་སོ་སོར་ཐར་བ་ནི་གྱེས་གཞི་དང་། ཆོས་སྲུང་སྡེ་བ་ནི་དེ་ལས་གྱེས་པ་ཡིན་པས་རུང་མཐུན་གྱི་མདོ་དང་། ཡུལ་དུས་སོགས་ལ་ལྟོས་ཏེ། དགག་དགོས་ཚང་མ་ཚང་གི་དབང་གིས་བསླབ་ཁྲིམས་རྣམས་ལ་འགྱུར་བ་ཕྱིན་ཡོད་པར་སེམས། དཔེར་ན་ཆོས་སྡེ་ཆེན་པོ་ཞིག་དང་། དེ་ལས་གྱེས་པ་གཉིས་སྤྱིར་བཏང་གི་ཆ་ནས་ཆོས་བརྒྱུད་གཅིག་ཡིན་ན་ཡང་། ཕྱག་བཞེས་ལ་འགྱུར་བ་ཕྲན་བུ་འགྲོ་བཞིན་པ་འདིས་མཚོན་ནུས་སོ། །ཆོས་སྲུང་སྡེ་བའི་སྡོམ་རྒྱུན་གྱི་བརྒྱུད་རིམ་ད་དུང་འཚོལ་བཞིན་པ་ཡིན་ཚོད་རེད། གལ་སྲིད་གསལ་པོ་མ་བྱུང་ན་ཡང་བདག་ཅག་གི་སྟོན་པ་ནས། ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་དགེ་འདུན་རྩ་ལག་མ་དང་། དགེ་འདུན་རྩ་ལག་མ་ནས་སིངྒ་ལའི་དགེ་སློང་མ་རྒྱ་ནག་ཏུ་ཐེངས་གཉིས་པར་ཕེབས་པ་དཱེ་ཝ་ས་རའི་བར་ཏེ། དགེ་སློང་མ་དེ་དག་གི་སྡོམ་རྒྱུན་ཁུངས་བཙན་ཞིག་མ་རྙེད་ན་ཡང་། ང་ཚོས་ཡིད་ཆེས་བྱེད་ཆོག་པར་སེམས། གང་ཡིན་ཞེ་ན་སྟོནཔ་མྱ་ངན་ལས་འདས་ནས་ཡུན་རིང་མ་ལོན་པ་དང་། དེ་དུས་ཀྱི་གང་ཟག་ཕལ་ཆེ་བ་ཆོས་ལ་དད་འདུན་ཆེ་བ་ཙམ་དུ་མ་ཟད། འབྲས་བུ་བཞིའི་ཉམས་ལེན་བོགས་འབྱིན་བཞིན་པའི་དུས་ཡིན་པའི་ཕྱིར་རོ། །དགེ་སློང་མ་དཱེ་ཝ་ས་རས་དགེ་སློང་མ་སཱིང་ཀོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོགས་པ་ནས་ལོ་བརྒྱ་ཕྲག་ཁ་ཤས་ལ་སྡོམ་རྒྱུན་སྐྱོན་མེད་པར་གནས་ཡོད་ཚོད་རེད། དེའི་རྗེས་ནས་སེམས་ཅན་རྣམས་ཆོས་འདོད་མོས་ཆེན་པོ་མེད་པའི་ཁར། ཆོས་བེད་ཆོད་ཀྱིས་ཚུལ་མིན་གྱི་ལས་ལ་ཞུགས་མཁན་དང་། ཆོས་ལ་དབང་ཟ་བའི་གང་ཟག་མང་པོ་ཞིག་ཡོད་མཆི་བས། སྡོམ་རྒྱུན་གྱི་ལོ་རྒྱུས་ལ་གཟབ་དགོས་པར་སེམས། གང་ཡིན་ཞེ་ན་རྒྱ་ནག་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན་རྒྱ་མི་རིགས་དེ་དག་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་ཆབ་སྲིད་ལ་ཧ་ཅང་གིས་མཁས་པའི་མི་རིགས་ཤིག་ཡིན་པས། རྟོག་དཔྱོད་ལེགས་པར་མ་གནང་ན་ཁག་པོ་རེད། ཆོས་སྲུང་སྡེ་བའི་སྡོམ་རྒྱུན་དག་མ་ཡིན་ཞེས་སྨྲ་བ་ཙམ་ལས། སངས་རྒྱས་ནས་མར་ནར་མར་བརྩི་རྒྱུའི་མཁན་པོ་དང་། མཁན་མོའི་མཚན་ཡང་མེད་པར་མ་ཟད། མཚམས་རེར་སྡོམ་པ་དེ་ས་ཕྱོགས་གང་ཞིག་ནས་བརྒྱུད་འོང་བ་ཡིན་ཡང་མི་ཤེས་མཁན་དུ་མ་ཞིག་འདུག་པས། རྒྱ་ཡིག་ཐོག་ནས་ད་དུང་ཞིབ་འཇུག་ལེགས་པོ་ཞིག་གནང་ལོས་དགོས། གཉིས་པ་གཅིག་ཚོགས་ཁོ་ནས་བསྒྲུབ་ཚུལ་ཡོད་མེད་དཔྱད་པ་ལ་གཉིས་ཏེ། ཕ་དང་མའི་ཚོགས་ཀྱིས་སོ། །དང་པོ་ལ་གཉིས་ལས། དང་པོ་ཕ་ཚོགས་ཀྱིས་དགེ་སློབ་པ་བསྒྲུབ་རུང་བའི་ཚུལ་ནི། དགེ་སློང་མ་སྒྲུབ་པ་ལ་དགེ་བསྙེན་དང་། དགེ་ཚུལ་མའི་སྡོམ་པ་སྔོན་དུ་སོང་ལ་མ་ཉམ་པའི་གང་ཟག་ཞིག་གིས། དགེ་སློབ་མ་དང་ཚངས་སྤྱོད་ཉེར་གནས་ཀྱི་བསླབ་ཚིགས་ཕྲན་ཚེག་གཉིས་སྔོན་དུ་འགྲོ་དགོས་ཏེ། མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། སྐབས་ཡིན་པའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པར་བྱའོ། །ཞེས་པ་ལྟར་གཉིས་ཚོགས་ལ་བརྟེན་མི་དགོས་པའི་ལས་ཡིན་པ་གོང་དུ་ལུང་གིས་སྐབས་ཡིན་པའི་ཕྱིར་ཞེས་པས་གསལ་ལོ། །ལུང་འདི་ལ་བརྟེན་ནས་མ་ཚོགས་ཁོ་ན་ལས། ཕ་ཚོགས་ཁོ་ནས་བསླབ་ཚིགས་སྔ་མ་སྦྱིན་མི་རུང་བར་འགའ་ཞིག་གིས་བཞེད་ཀྱང་དེ་ནི་མ་ངེས་ཏེ། ལུང་དབྱར་གྱི་གཞི་ལས། དགེ་ཚུལ་མའི་བྱ་བ་འདི་ལྟ་སྟེ། དགེ་ཚུལ་མ་དེས་དགེ་སློང་མ་དེ་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བསྩལ་དུ་གསོལ་ཞེས་སྤྲིངས་ན། ཞག་བདུན་བྱིན་གྱིས་བརླགས་ལ་དགེ་ཚུལ་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱའོ། །ཞེས་དང་། མཚོ་སྣ་བས་ཀྱང། དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕ་ཡི་དགེ་འདུན་གྱིས་ཀྱང་དགེ་སློབ་མའི་བསླབ་པ་སྦྱིན་ཏུ་རུང་སྟེ། ཞེས་གསུངས་པས་སོ། ། གཉིས་པ་ཕ་ཚོགས་ཀྱིས་དགེ་སློང་མ་སྒྲུབ་རུང་བའི་ཚུལ་ནི། ལུང་ཕྲན་ཚེགས་ལས། དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དང་། དགེ་སློང་མའི་དངོས་པོ་བསྩལ་བར་བྱའོ། །ཞེས་པས། དགེ་སློང་མ་དག་གིས་དགེ་སློང་གི་དགེ་འདུན་གྲངས་ཚང་ལས་བསྙེན་པར་རྫོགས་དགོས་པ་དང་། དགེ་སློང་དེ་དག་གིས་བསྒྲུབ་བྱ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་གནང་དགོས་པར་བསྟན་པའོ། །ལུང་འདི་ལ་བརྟེན་ནས་མཚོ་སྣ་བ་ཤེས་རབ་བཟང་པོས་ཀྱང་། དགེ་སློང་དང་དགེ་སློང་མ་གཉིས་པོ་རྒྱུ་འབྲས་ཀྱི་གོ་རིམ་ངེས་ཚུལ་ཡང་གསུངས་སོ། །ཡང་ལུང་ཞུ་བ་ལས། བཙུན་པ་དགེ་སློབ་མ་དགེ་སློང་གི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ། །ཞེས་པས་ཕ་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་མ་སྒྲུབ་ཏུ་རུང་ནའང་བཤགས་བྱའི་ཁ་ན་མ་ཐོ་བས་གོས་པར་བསྟན་ཏོ། །ཁ་ཅིག་གིས་ཕ་ཚོགས་ཁོ་ནས་སྒྲུབ་ན་ཆོ་ག་བསྣོལ་བའམ། ཚིག་ཅུང་ཟད་བསྒྱུར་དགོས་པ་གང་ཞིག དེ་ལྟར་ན་ལས་མི་ཆགས་ཏེ། ཆོ་ག་ལས་འདས་པའི་ཕྱིར། ཆོ་ག་ལས་འདས་ན་མི་རུང་སྟེ། མདོ་རྩ་ལས། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན། ཆོ་ག་ཕན་ཚུན་བསྣོལ་བ་ཙམ་གྱིས་ཆོ་ག་ལས་འདས་པ་མིན་ཏེ། གང་ཟག་དང་། མིང་ཕན་ཚུན་བརྗེ་ནའང་ལས་ཆགས་པར་མདོ་བསྟན་དུ་མ་ནས་གསུངས་པའི་ཕྱིར། ལུང་སིལ་བུ་ལས། བཙུན་པ་དགེ་ཚུལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་བགྱིས་ན། བསྙེན་པར་རྫོགས་པར་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་དང་། ཊཱི་ཀ་ལས་ཀྱང་། དགེ་སློང་གི་ལས་ཀྱིས་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །ཁ་ཅིག་གིས་མདོ་རྩ་བ་ལས། དགེ་སློང་དང་དགེ་སློང་མ་ཉིད་དག་གིས་ལས་གཞན་བྱེད་པ་མ་ཡིན་ནོ། །ཞེས་པས་དགེ་སློང་ཕ་ཚོགས་ཁོ་ནས་དགེ་སློང་མ་བསྒྲུབ་རུང་བའི་ལུང་དོན་དུ་འགྲེལ་ན་ཡང་། ཁ་བོས་ཡོན་ཏན་འོད་ཀྱི་རང་འགྲེལ་དང་། མཚོ་སྣ་བ་སོགས་མཁས་པ་དུ་མའི་དགོངས་དོན་ལ་གཞིགས་ན་དགེ་སློང་གི་སྡོམ་སྒྲུབའི་ལས་སམ་ཆོ་གས་དགེ་སློང་མ་སྒྲུབ་ཆོག་པ་དང་། དགེ་སློང་མའི་ཆོ་གས་ཀྱང་དགེ་སློང་གི་སྡོམ་པ་འབོགས་རུང་བར་གསུངས་པ་ཙམ་ལས། དགེ་སློང་ཕ་ཚོགས་ཁོ་ནས་དགེ་སློང་མ་བསྒྲུབ་རུང་བའི་སྒྲུབ་བྱེད་དུ་ནམ་ཡང་མི་རུང་བ་དང་། ལས་ཕན་ཚུན་བསྣོལ་བ་ཙམ་ལས་དགེ་སློང་ཕ་ཚོགས་ཁོ་ན་བྱེད་པོ་ཡིན་པར་གོ་མི་ནུས་པར་སེམས་སོ། །ང་ཚོར་དགོས་པའི་སྡོམ་རྒྱུན་དེ་སྟོད་སྨད་བར་གསུམ་གྱི་བརྒྱུད་པ་ཁོ་ན་ཡིན་དགོས་ན། དེ་བས་ཀྱང་དེང་སང་གི་དུས་འདིར་ཡུལ་ལུང་གཞན་གྱི་གཞི་སྨྲའི་སྡེ་བ་དང་། སྡེ་བ་གཞན་པའི་དགེ་སློང་མ་དང་། གངས་ཅན་པའི་དགེ་སློང་ཕ་ཚོགས་གཉིས་ཀྱིས་སྡོམ་པ་སྒྲུབ་ན་སྡོམ་རྒྱུན་མ་ཚོགས་ནས་བརྩི་དགོས་པ་ཡང་། དཔེར་ན་གང་ཟག་གང་ཡང་རུང་བ་ཞིག་ལ་རབ་བྱུང་གི་སྡོམ་པ་འབོགས་པའི་ཚེ། མཁན་པོ་དང་སློབ་དཔོན། དགེ་འདུན་གསུམ་ལས་སྡོམ་པ་ཐོབ་ཀྱང་། སྡོམ་རྒྱུན་མཁན་པོ་ལས་བརྩི་དགོས་པ་བཞིན། འདུལ་བའི་བཀའ་བསྟན་དག་ལས་དགེ་སློང་མའི་སྡོམ་པ་འབོག་པའི་ཚེ་ཕ་མ་གཉིས་ཚོགས་དགོས་པ་དང་། ཕ་གཙོ་བོ་ཡིན་པས་ཐོག་མར་ཕ་ལ་ཕྱག་འཚལ་དགོས་ཞེས་སྨྲས་ཀྱང་། སྡོམ་པ་དངོས་གཞིའི་ལས་བརྗོད་དུས་མཁན་མོའི་མིང་འདི་ཞེས་བགྱི་བ་དང་། སྒྲུབ་བྱའི་མིང་འདི་ཞེས་བགྱི་བ་ཞེས་གསུངས་པ་ལས་མཁན་པོ་ཞེས་རྩ་བ་ནས་གསུང་མི་འདུག་པས། དེང་སང་གི་མ་ཚོགས་ལ་འབྱུང་ཁུངས་རྣམ་དག་ཅིག་ཡོད་ན་དེ་གས་འཐུས་ཀྱང་། དེ་མེད་ན་སྡེ་བ་གཅིག་པ་ཡིན་ཡང་འགལ་ཚབས་ཅན་དུ་འགྱུར་བ་ལས་ཕན་ཐོགས་མེད་པར་མངོན། གཉིས་པ་མ་ཚོགས་ཁོ་ནས་སྒྲུབ་ཚུལ་ཡོད་མེད་དཔྱད་པ་ནི། དགེ་སློང་ཕ་ཚོགས་ཁོ་ན་ལ་བརྟེན་ནས་སྒྲུབ་ན་མ་ཚོགས་ལ་བརྟེན་ནས་སྒྲུབ་ཆོག་གམ་ཞེ་ན། དེ་ནི་མ་ངེས་ཏེ་དགེ་སློང་ཕ་མེད་པར་བསྙེན་པར་རྫོགས་ན་ལྕི་ཆོས་བརྒྱད་ལས་དང་པོ་ལས་འདས་པ་གང་ཞིག དགག་དགོས་གང་ལ་ལྟོས་ཀྱང་ལྕི་བའི་ཆོས་བརྒྱད་པོ་གནང་བའི་དུས་གཏན་ནས་དབེན་པའི་ཕྱིར་རོ། །དགེ་སློང་མ་བསྒྲུབས་ནས་ལོ་བརྒྱ་ཕྱིན་ན་ཡང་དགེ་སློང་གསར་བུ་དག་ལ་ཕྱག་བྱ་དགོས་པ་དང་། སྟོན་པའི་འཁོར་གྱི་གཙོ་བོ་དགེ་སློང་མེད་པར་དགེ་སློང་མ་ཁོ་ནས་ལས་བྱ་མི་ཆོག་པ་ནི། དཔེར་ན་དགེ་སློང་མ་དབྱུང་བ་དང་། སྤྱིས་པ་དང་། བསྙེན་པར་རྫོགས་པ། དགག་དབྱེ་སོགས་ལས་འགའ་ཞིག་གོ། །གོང་དུ་བཀོད་མ་ཐག་པའི་ལས་འགའ་ཞིག་ནི་ཕ་ཚོགས་ལ་ངེས་པར་རག་ལས་པས། སྤྲོ་ན་གཉིས་ཀའི་ཚོགས་དང་། མ་བྱུང་ན་དགེ་སློང་གི་དགེ་འདུན་གྱིས་ལས་བྱ་དགོས་སོ། །དཔེར་ན་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ཏེ་དགེ་སློབ་མ་དང་། ཚངས་སྤྱོད་ཉེར་གནས་ལ་བསླབས་ཟིན་པའི་རྗེས་ཐོག་ཏུ་དགེ་སློང་མ་སྒྲུབ་འདོད་ཀྱི་གང་ཟག་དེས་གྲངས་ཚང་བའི་དགེ་འདུན་གཉིས་ཚོགས་པ་ན། ཐོག་མར་དགེ་སློང་གི་དགེ་འདུན་ལ་ཕྱག་བྱ་དགོས་པ་དང་། དགེ་སློང་ལས་གནང་བ་ལེན་པའི་རྗེས་སུ་དགེ་སློང་མའི་དགེ་འདུན་གྱིས་བར་ཆད་དྲི་བ་ལ་སོགས་པའི་ལས་བྱ་དགོས་ཀྱང་། སླར་ཡང་ཕ་མ་གཉིས་ཀྱི་དབུས་སུ་དགེ་སློང་ཕས་བར་ཆད་དྲི་བ་སོགས་དགོས་པ་བཞིན་ནོ། ། གསུམ་པ་མཐར་ཐུག་གི་གྲུབ་དོན་བསྡུ་བ་ནི། མདོར་ན་ཕ་མ་གཉིས་ཚོགས་མེད་པར་དགེ་སློང་མའི་སྡོམ་པ་འབོག་མི་ཆོག་པར་བཞེད་མཁན་དང་། བོད་དུ་དགེ་སློང་མའི་སྡོམ་རྒྱུན་བྱུང་མ་མྱོང་ཞེས་བཞེད་སྲོལ་རྣམ་གཉིས་ཀས་ཀྱང་། ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྒྲུབ་མི་རུང་བ་ལ་དགོངས་ཏེ་དམན་པ་དགག་སྒྲས་སྨོས་པ་ཡིན་ནོ། །སྔར་བོད་ཡུལ་དུ་དགེ་སློང་མའི་སྡོམ་པ་ཕ་ཚོགས་ཁོ་ནས་བསྒྲུབས་པའི་ཚུལ་ཁུངས་ལྡན་གྱི་ལོ་རྒྱུས་དག་ལས་སྣང་བ་དང་། ད་ལྟ་ཡང་ཕ་ཚོགས་ཀྱིས་སྒྲུབ་རུང་བར་བཞེད་མཁན་རྣམ་པ་གཉིས་ཀྱིས་དགག་བྱ་ལས་ཀྱང་དགོས་པ་གཙོ་བ་རྒྱུ་མཚན་དུ་བཟུང་སྟེ། སྟོན་པའི་འཁོར་རྣམ་བཞི་ཚང་དགོས་པ་དང་། བུད་མེད་རྣམས་ལ་བསྟན་པའི་དགེ་སློང་མའི་སྡོམ་པ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པའི་ཆེད་དུ་དགོངས་ཏེ། སྒྲུབ་བྱེད་ལ་ཉེས་པ་ཆུང་ངུས་གོས་ནའང་དེ་དག་བག་ཡངས་སུ་བཞག་པ་ཡིན་ཏེ། ལོ་ཆེན་དྷཱརྨ་ཤྲཱིའི་༡༦༥༤།༡༧༡༨་སྡོམ་འགྲེལ་དཔག་སྙེ་ལས། འོ་ན་དགེ་ཚུལ་མ་དང་དགེ་སློང་མའི་བར་དུ་ཐུན་མོང་མིན་པའི་བསླབ་ཚིགས་གཉིས་མེད་པར་ཕའི་དགེ་འདུན་ཙམ་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དམ་ཞེ་ན། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ན་སྐྱེ་བ་ཡོད་དེ། ཚིགས་སྔ་མ་མེད་པ་ལ་ཉེས་བྱས་ཙམ་དུ་ཟད་པའི་ཕྱིར་དང་། ཞེས་པ་དང་། ཀརྨ་པ་༡༥༠༧།༡༥༥༤་ལས་ཆོག་ལས་ཀྱང་། མ་ཆོག་གི་ཚུལ་དེང་སང་བོད་འདིར་བསྒྲུབ་མི་ཐུབ་པས། གལ་ཏེ་བུད་མེད་ཅིག་བསྙེན་པར་རྫོགས་འདོད་ན་ཕ་ཆོག་གིས་བསྙེན་པར་རྫོགས་རུང་སྟེ། དགེ་སློང་མའི་སྡོམ་པ་ནི་གཙོ་བོ་དགེ་སློང་ཕའི་དགེ་འདུན་ལ་བསྟེན་ནས་སྐྱེ་བ་ཡིན་ལ། ཞེས་གསུངས་པ་སོགས་ཀྱིས་རྟོགས་ནུས་སོ། །ད་ལྟའི་དུས་ཚོད་འདིར་མཚོན་ན་འཛམ་བུ་གླིང་འདིར་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་ཤར་ནུབ་ཀྱི་སྐྱེ་བོ་དུ་མའི་བགོ་སྐལ་དུ་རང་རང་གི་འདོད་མོས་བཞིན། ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་སྤྱོད་ནུས་པའི་གོ་སྐབས་བཟང་པོ་ཐོབ་པ་ན། རང་གཞུང་ཆོས་རིག་གཞུང་ཞབས་པ་རྣམས་ཀྱིས་ཀྱང་དགོས་པ་དང་། རྒྱུ་མཚན་དུ་མར་གཟིགས་ཏེ་ལོ་མང་རིང་གཤིབ་བསྡུར་གནང་བའི་ཉིང་དགོས། དགེ་སློང་མའི་སྡོམ་རྒྱུན་དེ་ཉིད་རེ་ལྡན་གྱི་བཙུན་པ་རྣམས་ལ་འཐོབ་རྒྱུའི་གོ་བསྒྲིགས་ཞུས་པ་བཞིན། དང་པོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་ལས་ཚིགས་དྲུག་རིམ་མནོས་ཀྱིས་མཐར་ཚིགས་ཕྱི་མ་གྲུབ་སྟེ། ལོ་བཅུ་ལོན་པ་ན་གནས་བརྟན་སྡེ་སྣོད་འཛིན་པ་ཕ་མ་གཉིས་ཀའི་ཚོགས་ཀྱིས་དགེ་སློང་མའི་བསྒྲུབ་རྒྱུ་ཞིག་བྱུང་ན། སྤྱི་སྒེར་མཐའ་དག་ལ་སྨན་པའི་བྱ་བ་བརླབས་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ་བས། གྲུབ་མཐའི་ཞེན་འཁོགས་དང་། ཆོས་ལུགས་ཀྱི་ཕྱོགས་སུ་མ་ལྷུང་བར་འདུལ་བ་འཛིན་པ་ཚོས་ཐུགས་བསམ་བཞེས་དགོས་པར་སེམས་སོ། །སྡེ་བ་གཞན་དང་རང་སྡེ་ཆོས་སྲུང་སྡེ་བ་གཉིས་ཀྱི་སྡོམ་རྒྱུན་ལ་ཁུངས་ལྡན་གྱི་ལོ་རྒྱུས་ངེས་ཅན་ཞིག་ད་དུང་མ་མཐོངས་བས་རེ་ཞིག་བཏང་སྙོམས་སུ་བཞག་ན་ཉེས་པ་མེད་པར་སེམས་སོ། །ཞེས་པ་འདི་ནི་སྟོན་པའི་འདས་ལོ་༢༥༥༣། བོད་རྒྱལ་ལོ་༡༢༣༥། སྤྱི་ལོ་༢༠༠༨་ཟླ་བ་༤་ཚེས་༢༠་ལ། ཤཱཀྱའི་རྗེས་འཇུག་ཏུ་རློམ་པའི་ཕྱི་བརྟོལ་ཅན་སྤྲུལ་མིང་ཨོ་རྒྱན་ཆོས་ཀྱི་ཉི་མ་འབོད་པས་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ནས་བྲིས་པའོ།། །།འདུལ་བ་འཛིན་བགྲོ་གླེང་གི་ཆེད་དུ་བྲིས།