སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས།

ཡོང་ཁུངས་Wikipedia

༄། །སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ནི། མདོ་སྨད་གཅན་ཚ་རྫོང་ལོ་ཁོག་གྲོང་སྡེར་ཕ་འབྲུག་རྒྱལ་དང། མ་ཆོས་མོ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༧༠ ལོར་སྐུ་འཁྲུངས། ལོ་ཁོག་དང་། སྐྱ་རེངས། གླས་ཆེན་བཅས་ཀྱི་གཞི་རིམ་སློབ་གྲྭ་ནས་རྫོང་མི་རིགས་སློབ་འབྲིང་བར་སློབ་གྲྭ་ཁག་ཏུ་བོད་རྒྱ་ཡིག་རིགས་སོགས་ལ་སྦྱངས། རང་ལོ་བཅུ་དྲུག་པར་རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་འདུལ་བ་འཛིན་པ་ཆེན་པོ་༸རྗེ་དགེ་འདུན་ཆོས་འཕེལ་བ་ལས་རབ་ཏུ་བྱུང། ༸རྗེ་དེ་ཉིད་དང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་༸རྗེ་དགེ་འདུན་བསྟན་འཛིན་སོགས་ཚད་ལྡན་ཡོངས་འཛིན་དུ་མའི་ཞབས་ལ་གཏུགས་ཏེ། འཛིན་གྲྭ་བསྡུས་ཆུང་ནས་བཟུང་བཀའ་པོད་ལྔའི་འཛིན་གྲྭ་རིམ་བགྲོད་ནང། འགྲེལ་བ་དོན་གསལ་དང། ཚད་མ་ཀུན་བཏུས། བསེ་བསྡུས་གྲྭ། མཛོད་རྩ་བ་སོགས་བློར་འཛིན་གྱིས་སྨོན་ལམ་ཆེན་མོའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་བློར་འཛིན་ཚོགས་རྒྱུགས་སུ་ཕུལ་ཞིང། ཕར་ཕྱིན་སྦྱོང་མགོ་ཚུགས་པ་ནས་བཟུང་གསར་སློབ་པ་དོན་གཉེར་ཅན་ཚོར་ཕར་ཚད་དང་རིག་གནས་སོགས་དགོས་མཁོའི་དཔེ་ཁྲིད་གནང་མགོ་ཚུགས། གཞན་ཡང། ཐ་སྙད་རིག་གནས་ཀྱི་སྐོར་ལ་ཡང་ཟུར་སྦྱོང་མི་དམན་པ་བྱས། དགུང་གྲངས་བཅུ་དགུ་པར་༸སྐྱབས་རྗེ་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ་ལས། ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༸རྗེ་དེ་ཉིད་དང། དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ལཱ་མོ་ཡོངས་འཛིན་༸རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ། གཡེར་གཤོང་༸རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་སྤྱི་དང། ཁྱད་པར་དུ་དབང་ལུང་མན་ངག་གི་རིམ་པ་སོགས་ཐོས་པའི་རྣམ་གྲངས་རྒྱ་ཆེར་ཞུས། ཁྱད་པར་དུ་བཀའ་དྲིན་ཟླ་མེད་མཁས་ཤིང་གྲུབ་པའི་དབང་ཕྱུག་༸སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང། ༸རྗེ་དགེ་འདུན་བསྟན་འཛིན། དགེ་བའི་བཤེས་གཉེན་༸རྗེ་བློ་གསལ་རྒྱ་མཚོ་སོགས་ལས་གནས་ལྔ་རིག་པའི་དབང་ཕྱུག་༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་དང། ༸རྗེ་དེ་ཉིད་ནས་བརྒྱུད་པའི་དབང་ལུང་མན་ངག་སྤྱི་དང། བཀའ་དྲིན་མཚུངས་མེད་༸རྗེ་དགེ་འདུན་བསྟན་འཛིན་ལས་རྗེ་ཡབ་སྲས་ཀྱི་གསུང་འབུམ་དང། གྲུབ་ཆེན་སྐལ་ལྡན་རྒྱ་མཆོའི་གསུང་འབུམ་གྱི་ལྗགས་ལུང་དང། ༸རྗེ་དེ་ཉིད་ཀྱི་ཆོས་རྒྱུན་དབེན་ས་བཀའ་འབུམ་དང། བླ་མ་༸རྗེ་བཙུན་པའི་གསུང་འབུམ་ལ་སོགས་པའི་སྙན་བརྒྱུད་ལུང་རྒྱུན་གྱི་སྐོར་དང། ༸རྗེ་བཀའ་འགྱུར་བ་དགེ་འདུན་བསམ་གཏན་ལས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང། བསྟན་འགྱུར་རིན་པོ་ཆེ་གཉིས་ཀྱི་ལྗགས་ལུང་གི་རྒྱུན་གང་ཡོད་ལེགས་པར་མནོས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཙོས་བླ་མ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་བརྩོན་ལྷོད་མེད་ཀྱིས་འཛིན་གྲྭ་རིམ་བགྲོད་མཐར་ཕྱིན་ཏེ། ཕྱི་ལོ་༡༩༩༧ ལོར་རེབ་གོང་རོང་བོ་དཔལ་གྱི་དགོན་ཆེན་དུ་སྨོན་ལམ་ཆེན་མོའི་དགེ་འདུན་པ་སུམ་སྟོང་བརྒལ་བའི་དབུས་སུ་དབུ་ཕར་ཚད་གསུམ་གྱི་གཞུང་ལ་རབ་འབྱམས་པའི་དམ་བཅའ་བཞག་སྟེ། རབ་འབྱམས་པའི་དམ་བཅའ་ཐོན། ཕྱི་ལོ་༡༩༩༢ ལོ་དང༌། ཕྱི་ལོ་༡༩༩༧ ལོ་སྔ་ཕྱིར་ྋསྐྱབས་རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་སྐུའི་ཞབས་ཞུར་ལྷན་བཅར་གྱིས། རྒྱ་ནག་རི་བོ་རྩེ་ལྔ་དང་། པེ་ཅིང་དང་། ཐན་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་རྒྱ་ནག་གི་གནད་ཡོད་འགོ་ཁྲིད་ཁག་ཅིག་དང། གཞན་ཡང་། མཁས་དབང་དང་། ཤེས་ཡོན་ཅན་གང་འཚམ་དང་ཆོས་སྲིད་གཉིས་ཐད་ནས་འབྲེལ་འདྲིས་ཀྱིས་ཤེས་ཡོན་བརྗེ་ལེན་དང་། ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་པར་མ་ཟད། མཐོང་ཐོས་ཀྱི་མཁྱེན་ཡོན་རབ་ཏུ་རྒྱས། ཕྱི་ལོ་༢༠༠༠ ལོའི་ཕྱི་ཟླ་༧ པར་རྒྱ་གར་དུ་ཕེབས་ཏེ། འཕགས་མཆོག་ཕྱག་ན་པདྨོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁའི་སྐལ་བཟང་མངོན་དུ་གྱུར་བའི་བཀའ་འབྲེལ་ལྟར། ༸གོང་ས་མཆོག་གི་བཀའ་འབུམ་སྡུད་སྒྲིག་དགོས་པའི་ལུང་བསྟན་དང་། བྱམས་གཟིགས་བརྩེ་བ་ཆེན་པོས་སྲིད་ན་རྙེད་པར་དཀའ་བའི་དབང་ལུང་ཁྲིད་མན་ངག་གི་རིམ་པ་རྒྱ་ཆེར་གནང་བ་བགོ་སྐལ་དུ་ཐོབ། ཕྱི་ལོ་༢༠༠༡ ལོར་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གནམ་བསྐོས་གསེར་གྱི་བཀའ་ཡིག་གིས་སྐབས་བཅུ་གསུམ་པའི་སྤྱི་འཐུས་སུ་ཐད་ཀར་བསྐོ་བཞག་གནང་བར་མ་ཟད། བྱམས་བརྩེའི་གཟིགས་པ་ཆེེན་པོས་བཀའ་མངགས་ལུང་བསྟན་བཞིན། དེེ་ལོའི་ཟླ་བ་༥ པའི་ནང་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་སེར་བྱེས་བྱ་བྲལ་ཁམས་ཚན་དུ་སྒྲིག་ཞུགས་ཀྱིས་འཛིན་གྲྭ་དབུ་མར་ཐད་ཞུགས་ཀྱིས་སློབ་གཉེར་བྱས་ཏེ། ༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་ལས་དབང་ལུང་ཁྲིད་མན་ངག་གི་སྐོར་དང་། ད་ལྟའི་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་གཙང་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། སེར་བྱེས་མཁན་ཟུར་༸སྐྱབས་རྗེ་བློ་བཟང་ཚེ་རིང་མཆོག་གཉིས་ལས་དབུ་མ་དང། མངའ་རིས་དགེ་བཤེས་ལྷ་རམས་པ་༸རྗེ་ངག་དབང་སངས་རྒྱས་མཆོག་ལས་འདུལ་མཛོད་དང། དབུ་ཕར་རྣམ་འགྲེལ་གྱི་དཔེ་ཁྲིད་རིམ་པར་ཞུས་ཏེ། ཚོགས་ཆོས་སློབ་གཉེར་ཐད་དམ་པ་གོང་མ་ཚོའི་དཀའ་སྤྱད་ལ་ཁ་མིག་ཡར་ལྟོས་ཀྱིས་གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན། དབུ་མ་རྩ་ཤེ་དང། འདུལ་བ་ཤར་ཆེན་སྡོམ་བློར་འཛིན་དང། ཁྲིད་གཞི་སློབ་དེབ་གཅིག་པུ་ཙམ་མ་ཡིན་པར་འབྲེལ་ཡོད་རྗེ་ཡབ་སྲས་ཀྱི་གཞུང་དང། རྒྱ་འགྲེལ་ཚད་ལྡན་རྣམས་ལ་ལྟ་ཞིབ་རྟོག་འཇུག་ནན་ཏན་ཐོག་གཞུང་སྤྱིའི་གོ་བབ་དང། ལུང་རིགས་ཀྱི་འཛིན་མཚམས། དམ་པ་སྔ་ཕྱིའི་བཤད་རྒྱུན། ཡིག་ཆ་གཞན་གྱི་གསུང་ཚུལ། ཆོས་གྲོགས་མཁས་པའི་བློ་སྐྱེད་སོགས་གང་ཅིའི་ཐད་ཐུགས་སྣང་ཆེན་པོས་སྦྱངས་གོམས་དང། ཐོ་འགོད་སོགས་བྱས་ཏེ་སྔོན་བྱོན་མཁས་པའི་ཕྱག་སྲོལ་གཞི་ལ་བཞག་སྟེ། ཉིན་མཚན་ཟླ་མཐུད་ཀྱིས་སློབ་གཉེར་ཤུགས་ཆེན་གནང་། ཕྱི་ལོ་༢༠༠༦ ལོ་ནས་བཟུང་གདན་གསུམ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས། ཕྱི་ལོ་༢༠༠༧ ལོར་སེར་བྱེས་ལྷ་རམས་པའི་མིང་བཏགས་གནང་བ་ལྟར་ལྷ་རམས་འཛིན་གྲྭར་ཞུགས་ཤིང་། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོར་བཀའ་རམས་ལོ་གཉིས་དང་། སློབ་དཔོན་ལོ་གཉིས། ལྷ་རམས་ལོ་རིམ་དང་པོ་དང། གཉིས་པ་བཅས་ལོ་དྲུག་རིང་གྲྭ་ཚང་རང་ཁོངས་ནས་རྒྱུགས་སྤྲོད་གྲུབ་འབྲས་ཨང་དང་པོའི་དང་པོར་སླེབས་ཏེ། མདོ་སྔགས་རིག་གནས་དང་བཅས་པ་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་མཚན་སྙན་གྱི་བ་དན་དགུང་དུ་བཙུགས་ཏེ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཐའ་འཁྱོལ་གནང་། ཕྱི་ལོ་༢༠༠༥ ལོའི་ཟླ་༡༢ པའི་ཚེས་༢༣ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་གྲྭ་ཚང་དུ་འཇང་དགུན་ཆོས་སུ་གདན་གསུམ་མཁས་མང་ཚོགས་པའི་དབུས་སུ་རྣམ་འགྲེལ་ལེའུ་གཉིས་པའི་འགོག་ལམ་གྱི་ཚད་ཆེན་གྱི་དམ་བཅའ་དང། བར་སྐབས་ཤིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་གདན་ས་གསུམ་དུ་རྩོད་རྒྱུགས་བཞེས་ཤིང་། ཕྱི་ལོ་༢༠༡༠ ལོའི་ཟླ་༩ པའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་མང་གཙོ་དབུ་བརྙེས་ནས་ལོ་འཁོར་༥༠ འཁོར་བའི་དུས་སྟོན་དང་སྟབས་བསྟུན་སེ་རར་རྩོད་རྒྱུགས་དམ་བཅའ་བཞེས་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་པའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར། དགེ་བཤེས་མཁས་དབང་ཁག་དང་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་ཞབས་ཆེ་ཕྲ་བཅས་སེར་སྐྱ་ཞི་དྲག་ཁྲོམ་ཚོགས་དམར་ནག་འཁྱིལ་བའི་དབུས་སུ། སེར་བྱེས་གྲྭ་ཚང་གི་ཆོས་གྲྭའི་ནང་ཕར་ཕྱིན་དམ་བཅའ་དང། ཕྱི་ལོ་༢༠༡༡ ལོའི་ཟླ་༨ པའིི་ཚེས་༣༠ ཉིན་སེ་ར་ཚོགས་ཆེན་དུ་དབུ་མའི་བདག་འགོག་ལས་བརྩམས་པའི་རིགས་ཆེན་ཚོགས་ཞེངངས་གནང་བ་དང་འབྲེལ་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་སྐུ་འགྱེད་བསྙེན་བཀུར་དང་། གཞུང་ས་ཆོས་རིག་ལས་ཁུངས་ནས་བཀའ་ཡིག་ཕེབས་དགོངས་བཞིན། ཕྱི་ལོ་༢༠༡༢ ལོའི་བོད་ཟླ་༡ པའི་ཚེས་༡ ཉིན། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དབུ་བཞུགས་ཐོག་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་ཁྲོམ་ཚོགས་ཆེན་པོའི་དབུས་སུ། གནམ་ལོ་གསར་བཞད་ཀྱི་བཀྲ་ཤིས་མཛད་སྒོར་དགའ་སྟོན་ཚོགས་བཞེངས་སོགས་སློབ་གཉེར་བ་རྩེ་ཕུད་དག་ལ་མ་གཏོགས་གཞན་ལ་ཐོབ་དཀའ་བའི་གདན་སའི་སྲོལ་རྒྱུན་བགྲོད་ལམ་གྱི་ཐེམ་སྐས་རིམ་པར་བརྒལ་བའི་སྐལ་བཟང་མངོན་དུ་གྱུར་ཅིང། མཚན་སྙན་གྱི་བ་དན་ཕྱོགས་དང་མཐའ་ལ་མཆེད། ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༡༡ པའི་ཚེས་༡༧ ཉིན། སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་འབྲེལ་གྲྭ་ཚང་དང་། སེར་བྱེས་བྱ་བྲལ་ཁམས་ཚན་བཅས་ལ་བསྙེན་བཀུར་གཟབ་རྒྱས་དང་འབྲེལ། བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་གྲྭ་ཚང་ནང་མདོ་སྨད་གྲྭ་རྒྱུན་གསར་འབྱོར་བའི་ནང་དགེ་ལུགས་རྒྱུགས་སྤྲོད་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་ཐོན་པ་ཐེངས་དང་པོ་ཡིན། ༸གོང་ས་༸སྐྱབས་མགོན༸རྒྱལ་བའི་དབང་པོ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་ཁོར་དབང་ཆེན་གནང་སྐབས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བླ་སྤྲུལ་དགེ་བཤེས་དང་བཅས་པའི་དགེ་འདུན་འདུས་པ་རྒྱ་མཚོ་དང་སེར་སྐྱ་མང་ཚོགས་གསན་མཁན་ཁྲི་ཕྲག་ཉི་ཤུ་ཙམ་ལ་མང་ཇའི་བསྙེན་བཀུར་དང་། ཕྱི་ལོ་༢༠༡༢ ཟླ༣ ཚེས་༡༥ ཉིན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གྲྭ་སྐོར་རབ་འབྱམས་པའི་དམ་འཇོག་སྐབས་དགའ་ལྡན་ཀླུ་འབུམ་ཁམས་ཚན་དུ་བསྙེན་བཀུར་དང་སྐུ་འགྱེད་ཀྱིས་བསྙེན་བཀུར་གནང་སྟེ། མདོ་ཕྱོགས་ཀྱི་འཛིན་གྲྭ་འགྲིམས་པའི་རིམ་པ་བོད་ཕྱི་ནང་གཉིས་ཀར་མཐར་ཕྱིན། ཕྱི་ལོ་༢༠༡༣ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་ལོ་གཅིག་རིང་གི་ཆོས་ཐོག་ཚུལ་བཞིན་འགྲིམ་པ་དང་། དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་ཕྱག་འཁྱེར་བཞེས། སྐབས་བཅུ་གསུམ་པའི་སྤྱི་འཐུས་ཀྱི་ལས་རྒྱུན་རིང་མང་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་སློབ་སྦྱོང་དང། གྲོས་ཚོགས་ཐོག་མང་ཚོགས་ཀྱི་བདེ་སྡུག་ཞུ་ཐབས་ལམ་སྟོན་བསམ་འཆར་གང་ཤེས་གཡོ་ཐབས་མེད་པ་གནང་། ཕྱི་ལོ་༢༠༡༡ ལོ་ནས་སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་ཀྱི་མཛད་འཁུར་ལོ་ལྔ་ལ་གནང་སྟེ་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོ་གཅིག་འཁོར་མོར་ཞུ་སྐབས་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོའི་ཐུགས་འགན་བཞེས་ཏེ། ཆོས་ལུགས་རིས་མེད་དང་། ཆོས་བརྒྱུད་ཁྱད་མེད། གྲྭ་ཚང་ཡོངས་ཁྱབ་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་བགྲོ་གླེང་དང་། རྩོད་པའི་ཆོས་ཐོག་གསར་འཛུགས་སོགས་ཀུན་གྱིས་བསྔགས་པའི་མེ་ཏོག་འཐོར་བའི་མཛད་རིམ་མང་པོ་སྤེལ་བར་མ་ཟད། རྒྱལ་བསྟན་སྤྱི་དང་རི་བོ་དགེ་ལུགས་པར་ཞབས་ཞུ་ཚད་དང་ལྡན་པ་གནང་བས། ༸གོང་ས་མཆོག་དང་དགེ་ལྡན་བསྟན་བདག་རྣམ་པ་ཐུགས་མཉེས་པའི་མཆོད་སྤྲིན་ཡང་ཡང་དཀྲིགས། བོད་དུ་གཞིས་དགོན་རོང་བོ་དཔལ་གྱི་དགོན་ཆེན་དང་། མདོ་བ་དགོན། ཀོའུ་སྡེ་དགོན་པ་སོགས་དང་། རྒྱ་གར་དུ་ས་རཱ་བོད་ཀྱི་མཐོ་སློབ་དང་། ཏཱ་ལའི་བླ་མའི་མཐོ་སློབ། ཝཱ་རཱ་ཎ་སཱི་མཐོ་སློབ་དང་། དབུས་སྨན་རྩིས་མཐོ་སློབ། ནོར་གླིང་མཐོ་སློབ་སོགས་མཐོ་སློབ་ཁག་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དང་། སེར་བྱེས་ཏྲེ་ཧོར་ཁམས་ཚན་དང་། སེར་བྱེས་བྱ་བྲལ་ཁམས་ཚན། སེར་སྨད་རོང་པོ་ཁམས་ཚན་སོགས་སུ་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དང་། མཁན་པོ། དགེ་བཤེས་ལྷ་རམས་པ་དང་དགེ་བཤེས་ཆུང་ཁག་གིས་གཙོས་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་དཔྱོད་ལྡན་དོན་གཉེར་བ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བཅས་པའི་དགེ་ཕྲུག་སྟོང་ཕྲག་དུ་མར། ཁོངས་སོ་སོས་གདན་ཞུས་ལྟར་ཕེབས་ཏེ། གང་ལ་གང་འདོད་ཀྱི་མོས་འདུན་ལྟར་ཐ་སྙད་རིག་གནས་དང་བཅས་པའི་གཞུང་ཆེན་བཀའ་པོད་སོ་སོའི་གཞུང་ལུགས་འཆད་ཁྲིད་གནང་སྟེ། བོད་ཀྱི་ཤེས་ལྡན་པ་བསྐྱེད་བསྲིངས་གནང་བ་དང་། རྒྱ་གར་བོད་པའི་སྤྱི་ཚོགས་ཀྱི་གནས་རིམ་འདྲ་མིན་གྱི་མཁས་པའི་བགྲོ་གླེང་གང་མང་ནང་མཉམ་ཞུགས་ཀྱིས་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཐད་ཕྱག་ལས་ཆུ་བོའི་རྒྱུན་བཞིན་གནང། དེ་ཙམ་དུ་མ་ཟད་དུས་ཁོམ་ནམ་ཡོད་ལ་ཆོས་སྲིད་རིག་གནས་དང་བཅས་པའི་ཡིག་ཆ་གསར་བ་འབྲི་རྩོམ་དང་། དཔེ་རྙིང་ཞུ་དག ༸གོང་ས༸་སྐྱབས་མགོན༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་བཀའ་འབུམ་ཞུ་སྒྲིག་འགན་འཛིན་གྱི་ཕྱག་ལས་མུ་མཐུད་གནང་བཞིན་པ་སོགས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་། འཕེལ་རྒྱས་ཐད་ཆོས་སྲིད་ཀྱི་མཛད་འཕྲིན་ས་གནས་རང་བཞིན་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་སུ་དབྱར་མཚོ་བཞིན་རྒྱས་བཞིན་པའི་སྐབས་སོ།། བརྩམས་ཆོས། ༡༽ ༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་མཛད་རྣམ་ << བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག >> བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱི་ལོ་༢༠༠༣ ལོར་དཔར་པ་ཤོག་གྲངས་༤༦༡ བཞུགས། ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨམ་སྐད་ཐོག་ཆ་ཚང་ལྗགས་ཀློག་སྒྲོག་སྦྱང་གནང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་འོག་དེབ་འདི་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་དང་། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཅིང་། ཤོག་གྲངས་༢༤༤ བཞུགས་པ་དཔར་སྐྲུན་དང་འགྲེམས་སྤེལ་ཞུས། ༢༽ ༸རྗེ་ཤར་གདོང་རིན་པོ་ཆེའི་མཛད་རྣམ་<<གདུང་སེལ་གསེར་གྱི་མཆོད་སྡོང་།>> རྗེས་དྲན་ཚོགས་ཆུང་གིས། ཕྱི་ལོ་༢༠༠༣ ལོར་དཔར། ཤོག་གྲངས་༨༢ བཞུགས། ༣༽ རེབ་གོང་༸སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་རོང་བོ་ཤར་ཡོངས་འཛིན་གྱི་མཛད་རྣམ་<<དད་པའི་མཛེས་རྒྱན། >> བོད་ཀྱི་དུས་བབ་གསར་ཁང་གིས་ཕྱི་ལོ་༢༠༠༥ ལོར་དཔར། ཤོག་གྲངས་༡༢༤ བཞུགས། ༤༽ གཙང་པ་མཁན་ཟུར་རིན་པོ་ཆེའི་མཛད་རྣམ་<<དག་གཙང་དངུལ་གྱི་མཆོད་སྡོང་།>> སེར་བྱེས་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༠༦ ལོར་དཔར། ཤོག་གྲངས་༢༤༩ བཞུགས། ༥༽ <<དྲང་ངེས་བཤད་ཁྲིད་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་ལུང་རིགས་གསེར་གྱི་ཐང་མ།>> སེར་བྱེས་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༠༩ ལོར་དཔར། ཤོག་གྲངས་༢༩༣ བཞུགས། ༦༽ <<རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་ཟ་འོག་གོས་ཀྱི་རི་མོ།>> ཟི་ལིང་མི་རིགས་དཔར་ཁང་གིས་ཕྱི་ལོ་༡༩༩༢ ལོར་དཔར། ཤོག་གྲངས་༡༩༣ བཞུགས། ༧༽ <<གཉན་ཐོག་བྱམས་པ་གླིང་གི་ལོ་རྒྱུས་མི་ཕམ་དགྱེས་པའི་རོལ་མོ།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་གྲངས་༣༩༨ བཞུགས། ༨༽ <<སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་།>> རྒྱ་ཡིག་དང་། དབྱིན་ཡིག ཀ་ན་ཊ་ཀའི་སྐད་གསུམ་དུ་བསྒྱུར་བ་སྐད་བཞི་ཤན་སྦྱར་མ། སེར་བྱེས་དཔེ་མཛོད་ཁང་གིས་དཔར། ༩༽ <<གསེར་གྱི་ཕ་བོང།>> བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས།། ༡༠༽ << གསེར་ནག་གི་ཕྲེང་བ། >> བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས། ༡༡༽ << གསེར་གྱི་ཐང་མ།། >> བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས། ༡༢༽ << གསེར་གྱི་མཆོད་སྡོང་། >> བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས། ༡༣༽ཤེས་རིག་ལས་ཁུངས་ཀྱིས་འབོད་སྐུལ་ཞུས་པ་བཞིན་རྩོམ་སྒྲིག་མཛད་པའི་བཙན་བྱོལ་བོད་མིའི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་<< རིགས་ལམ་དང་། ནང་ཆོས་ཀྱི་སློབ་དེབ། དེབ་ཁག་བཞི། >> བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དཔར་སྐྲུན་བྱས་ཏེ་ཕྱི་ལོ་༢༠༡༦ ལོ་ནས་བཟུང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་དེབ་དངོས་གཞིའི་ཁོངས་སུ་བཅུག་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་དེབ་ཆགས་ཡོད། དཔར་གྲངས་དགུ་སྟོང་དཔར་ཏེ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་འདུག

༡༤༽ ༡༥༽ ༡༦༽ ཡབ་རྗེ་བླ་མ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་དུ་བསྒྲིགས་པ << བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ཁྲིད་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་སྙན་བརྒྱུད་གསེར་གྱི་ཐང་མ།>> པོད་ཆེན་གསུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། པོད་དང་པོར་ཤོག་གྲངས་༧༨༢ དང། པོད་གཉིས་པར། ཤོག་གྲངས་༣༣༥ དང། ཞི་ལྷག་གི་ཟིན་བྲིས་ལ་ཤོག་གྲངས་༦༢༧ བཞུགས།   བླ་མ་ལྔ་བཅུ་པའི་བཤད་ཁྲིད་ཟིན་བྲིས་དངོས་གྲུབ་རིན་ཆེན་བྱེ་བའི་འབྱུང་གནས་སོགས་ཤོག་གྲངས་༢༠༠ བཞུགས་པ་སོགས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བ་བཅས། དཔེ་དེབ་དང་། བོད་ཕྱི་ནང་དུ་གྲགས་ཁྱབ་ཆེ་བའི་དུས་དེབ་མང་པོའི་ནང་སྙན་རྩོམ་དང་།  རྟོགས་བརྗོད། དཔྱད་རྩོམ།   འགྲེལ་བ།  ཆེད་གཏམ་སོགས་མང་དུ་སྤེལ་བ་རྣམས་གསུང་རྩོམ་པོད་བདུན་དུ་བསྒྲིགས་ཏེ་རྒྱ་གར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་དང་བྱེད་བཞིན་ཡོད་པ་དང་།  ད་དུང་གཞུང་ཆེན་ཁག་གི་དོགས་གཅོད་དང། ཡིག་འཇོག་སོགས་དཔར་སྐྲུན་མ་བྱས་པ་འགའ་ཞིག་དཔར་སྐྲུན་བྱེད་འཆར་ཡོད་འདུག

ཞུ་སྒྲིག་གི་སྐོར། ༡༽ བཀའ་གདམས་པའི་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོའི་བཤད་ཁྲིད་ཟིན་བྲིས། ༢༽ རྟེན་འབྲེལ་བསྟོད་པའི་བཤད་ཁྲིད་ཟིན་བྲིས། ༣༽ བློ་སྦྱོང་སྙན་བརྒྱུད་ཆེན་མོའི་བཤད་ཁྲིད་ཟིན་བྲིས་བཅས་བཤད་ཁྲིད་གནང་མཁན། ༸ཡབ་རྗེ་བླ་མ་ཤར་གདོང་རིན་པོ་ཆེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ༤༽ རྩ་ཤེའི་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ཀ་པ༽ཕྱི་ལོ་༢༠༠༨ ལོའི་༸གོང་ས༸ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་ བཀའ་འབུམ་སྡུད་སྒྲིག་ཁང་གིས་དཔར་མ། ༥༽ བཤེས་སྤྲིངས་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ཁ་པ༽ཕྱི་ལོ་༢༠༠༩ ལོའི་༸གོང་ས༸ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་བཀའ་འབུམ་སྡུད་སྒྲིག་ཁང་གིས་དཔར་མ། ༦༽ རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ག་པ༽ ཕྱི་ལོ་༢༠༡༠ ལོའི་དཔར་མ། ༧༽ སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ང་པ༽ཕྱི་ལོ་༢༠༡༡ ལོའི་དཔར་མ། བཀའ་ཁྲིད་གནང་མཁན་༸གོང་ས༸སྐྱབས་མགོན༸ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག ༨༽ ནང་ཆོས་སྤྱི་དོན་ངོ་སྤྲོད་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ཅ་པ༽ ཕྱི་ལོ་༢༠༡༡ ལོའི་དཔར་མ། བཀའ་ཁྲིད་གནང་མཁན་༸གོང་ས༸སྐྱབས་མགོན༸ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག ༩༽ ཆོས་ལུགས་རིས་མེད་ཀྱི་བཀའ་ཁྲིད་ཟིན་བྲིས། བཀའ་འབུམ། པོད་ཆ་པ༽ ཕྱི་ལོ་༢༠༡༦ ལོའི་དཔར་མ། བཀའ་ཁྲིད་གནང་མཁན་༸གོང་ས༸སྐྱབས་མགོན༸ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག ད་དུང་ཁོང་གིས་ཞུ་དག་དང་རྩོམ་སྒྲིག་གནང་བའི་བཀའ་འབུམ་པོད་ལྔ་ཙམ་མི་རིང་བར་དཔར་སྐྲུན་བྱེད་འཆར་ཡོད་པ་རེད་འདུག  ། ༼རྨ་མགུར་སངས་རྒྱམ་གྱིས་ཕྱོགས་བསྒྲིགས་བྱས།༽