རྡོ་རྗེ་ཤུགས་ལྡན་
༧རྒྱལ་དབང་སྐུ་ཕྲེང་༡༤པ་དང་དོལ་རྒྱལ་འདེམས་ག་གྱིས། ཟླ་འདིའི་ཕྱི་ཚེས་༥ཉིན་རྡོར་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐེངས་༣༢པའི་སྔོན་འགྲོའི་གསུང་ཆོས་སྩལ་བཞིན་ཡོད་པ་རེད། དེ་ཡང་ཉིན་རྒྱབ་ཆུ་ཚོད་༡༢ ཐོག་མགོན་པོ་གང་ཉིད་ཀྱིས་གཟིམ་ཆུང་ནས་སྐབས་འདིའི་དུས་དབང་སྦྱིན་བདག་རྣམ་པ་སོགས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ གདན་ཞུས་ཀྱིས་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་དེ་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ཆིག་འབུམ་ལྔ་ཁྲི་ལྷག་ལ་ཉིན་གཉིས་པའི་སྔོན་འགྲོའི་གསུང་ཆོས་མ་བསྩལ་གོང་རྒྱ་གར་དང་འབར་མ། ཐེ་ཝན་སོགས་ནང་པའི་དགེ་འདུན་པ་ཚོས་རང་རང་གི་སྐད་ནང་ཤེས་རབ་སྙིང་པོ་གསུང་གནང་མཛད་རྗེས། ༧གོང་ས་མཆོག་གིས་དུས་དབང་ཉིན་གཉིས་པའི་གསུང་ཆོས་དང་འབྲེལ་བའི་བཀའ་སློབ་ཕེབས་དོན། ནང་ཆོས་ཞེས་པ་འདི་སྤྱི་མིང་ཐོག་ནས་བསམ་བློ་བཏང་ན། འགྲོ་བ་མིའི་སེམས་ནང་ལ་སོ་སོའི་ནུས་པ་ལས་བརྒལ་བའི་དཀའ་ངལ་འཕྲད་སྐབས། ཆོས་ཀྱི་ཐོག་ནས་སྨོན་ལམ་རྒྱག་རྒྱུ་དེ་འདྲ་བྱེད་བཞིན་ཡོད། ཆོས་ལུགས་ཚང་མ་ལ་དེ་དག་ཡོད། ཆོས་མེད་མཁན་གྱི་མི་ཞིག་ལ་གདོང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་སྐབས། རང་ཤི་རྒྱག་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། འཛམ་གླིང་འདིའི་ཐོག་སྨོན་ལམ་རྒྱག་རྒྱུ་འགོ་ཚུགས་ནས་ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཙམ་ཞིག་ཕྱིན་ཡོད་པ་རེད། དེ་བཞིན་མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བསམ་བློའི་འཁྱེར་སོ་ཡར་རྒྱས་འགྲོ་རྒྱུ་མི་འདྲ་བ་དེ་སྔ་མོ་ཨི་ཇིབ་དང་། ཨི་རན། ཨི་རག རིམ་བཞིན་དབུས་ཨེ་ཤ་ཡ། དེ་བཞིན་རྒྱ་གར་དང་རྒྱ་ནག་སྐམ་ས་ཆེན་མོ་སོགས་ལ་ཆོས་དད་དང་འབྲེལ་བའི་ལྟ་གྲུབ་ཅིག་རིམ་པས་ཆགས་ཡོད། ངོས་ཀྱིས་ཞིབ་ཚགས་ཤེས་ཀྱི་མེད་ཀྱང་ཉེ་ཆར་ཨི་རན་གྱི་རྩོམ་ཡིག་རྙིང་པ་ཞིག་མཐོང་བྱུང་བ་དེའི་ནང་དཀོན་མཆོག་ཅེས་མི་མངོན་པའི་དབྱིངས་ཤིག་ལ་རེ་བ་བཅོལ་རྒྱུ་དང་གསོལ་བ་འདེབས་རྒྱུ་ལྟ་བུ་ཞིག་འདུག ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཡིན་ས་རེད། གང་ལྟར་ལོ་སྟོང་ཕྲག་བཞི་ལྔའི་རིང་མི་མངོན་པའི་དབྱིངས་ཤིག་ལ་རེ་བ་བཅོལ་ཏེ་བསྡད་པ་རེད། དེ་ནས་ལོ་སུམ་བརྒྱ་ཟིན་མ་ཟིན་ཙམ་ཞིག་ལ་དེ་འདྲའི་ནང་མིས་དངོས་པོའི་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་ཚན་རིག་ཞིབ་འཇུག་བྱ་རྒྱུ་དེ་བྱུང་བ་རེད། དེ་དང་ཆབས་ཅིག་རྫས་སྦྱོར་གྱི་ནུས་པའི་ཐོག་འཕྲུལ་ཆས་རིགས་འདྲ་མིན་དར་སྲོལ་བྱུང་བ་རེད། དེར་བརྟེན་འདས་པའི་མི་ལོ་༢༠༠ ལྷག་ཙམ་དེའི་ནང་ཚན་རིག་དང་འཕྲུལ་ཆས་ལ་རིག་པ་རྙེད་དེ་གཞི་ནས་ཡར་རྒྱས་ཕྱིན་ པའི་སྐབས། དེ་སྔ་ལོ་སྟོང་ཕྲག་ཁ་ཤས་རིང་ལ་དཀོན་མཆོག་གིས་མཁྱེན་ཞེས་བཤད་ནས་སྡོད་རྒྱུའི་བསམ་བློ་དང༌། མང་དག་ཅིག་གི་དཀོན་མཆོག་གིས་མཁྱེན་ཞེས་སྨོན་ལམ་རྒྱག་གི་ཡོད་ཀྱང་འགྲུབ་རྒྱུ་མེད་པ་རེད། ད་ལྟ་རང་མིག་གིས་མཐོང་རྒྱུ་ཡོད་པའི་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་པའི་ཐོག་ནས་ན་ཚ་བྱུང་ན་དཀོན་མཆོག་མཁྱེན་ཞེས་སྡོད་རྒྱུ་གཅིག་པུ་མིན་པར་སྨན་བཟས་ནས་ན་ཚ་དྲག་རྒྱུ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་བྱུང་བ་རེད། དེར་བརྟེན་འདས་པའི་ལོ་༢༠༠ ལྷག་དེའི་ནང་རིམ་བཞིན་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་དེ་ལས། འཕྲུལ་ཆས་ཡར་རྒྱས་གཏོང་རྒྱུ་དེ་འགྲོ་བ་མིའི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ་དུས་རབས་བཅུ་དགུ་པ་དང་། ལྷག་པར་དུས་རབས་ཉི་ཤུའི་ནང་སྨོན་ལམ་རྒྱག་རྒྱུ་དེ་དག་ལམ་དང་ལུགས་སྲོལ་ལྟ་བུ་མ་གཏོགས་དེར་དོ་གལ་ཆེན་པོ་མེད་པར་གཙོ་བོ་དངོས་པོ་ཡར་རྒྱས་ལ་ཤུགས་བརྒྱབ་སྟེ་ཕྱིན་པ་རེད། དེ་རྗེས་དུས་རབས་ཉི་ཤུ་པའི་དུས་མཇུག་དེ་ནས་དངོས་པོ་ཡར་རྒྱས་ཤུགས་ཆེར་ཕྱིན་ཡོད་པ་དེ་ཕྱིའི་མཐུན་རྐྱེན་བཟང་དུ་ཕྱིན་པ་རེད་མ་གཏོགས། ནང་སེམས་ལ་སྐྱིད་པོ་ཡོད་པའི་ཁྱབ་པ་མེད་པ་ལྟ་བུ་རེད། དངོས་པོ་ཡར་རྒྱས་ཆེན་པོ་ཡོད་མཁན་ཡིན་ཡང་སེམས་ལ་དངངས་སྐྲག་འཇིགས་སྣང་ཡོད་པ་དེ་འདྲ་ཡོང་གི་འདུག དེ་བཞིན་ན་ཚའི་ནང་ལ་ཡིན་རུང་སེམས་མ་སྐྱིད་པ་བྱུང་བའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། དཔེར་ན། སེམས་མ་སྐྱིད་པ་རྒྱུན་མཐུད་ནས་ཕྱིན་ན་རང་བཞིན་གྱིས་སྲོག་རླུང་ལངས་རྒྱུ་སོགས་ཡོང་གི་ཡོད། ངོས་ཀྱིས་ངོ་ཤེས་ཧ་ཅང་འབྱོར་ལྡན་དང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དེ་འདྲ་ ལ་སེམས་ནང་མ་སྐྱིད་པ་ཡོད་པ་ཡང་ཡང་མཐོང་རྒྱུ་འདུག དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། ད་དུང་རྒྱུ་བཅའ་ལག་ཕྱུག་པོ་ཆགས་ན་ཧ་ལམ་སེམས་ནང་རེ་བ་དོགས་པ་འདོད་པ་ཆེ་རུ་ ཕྱིན་པའི་རྐྱེན་གྱིས་ཕྲག་དོག་སོགས་ཆེ་རུ་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད། དཔེར་ན། ཁྱིམ་ཚང་འགྲིག་ཙམ་འདང་ཙམ་ཡོད་སྐབས་ཁྱིམ་མཚེས་འཆམ་པོ་ཡོང་རྒྱུ་དང༌། ཁྱིམ་མཚེས་ཤིག་དཔལ་འབྱོར་ཡར་རྒྱས་གང་ཙམ་འགྲོ་སྐབས་ཁྱིམ་མཚེས་ཚོར་མཐོང་ཆུང་བྱ་རྒྱུ་སོགས་ཡོང་གི་ཡོད། དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་མི་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ་དེ་གཞི་ནས་མཐོང་ཡོང་གི་འདུག ཚན་རིག་ཐོག་ནས་གཙོ་བོ་འཕྲོད་བསྟེན་གྱི་ཚན་རིག་ནང་མིའི་སེམས་ལ་ཞི་བདེ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག
སེམས་ལ་ཁོང་ཁྲོ་སོགས་བྱུང་ན། གཟུགས་པོའི་ཟུངས་བཅུད་ཉམས་འགྲོ་གི་ཡོད་པ་ཤོད་ཀྱི་འདུག སེམས་སྐྱིད་པོ་བྱས་ནས་བསྡད་ན། གཟུགས་པོའི་ནང་གི་ཟུངས་བཅུད་སྐབས་རེ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་ཤོད་ཀྱི་འདུག
སེམས་ཀྱི་ཞི་བདེ་ཁབ་དང་སྨན་བཟས་ནས་ཡོང་ཐབས་མེད། སྨན་བཟས་ཀྱང་གནས་སྐབས་ཕན་ཏེ་ཟུག་བཅགས་ཙམ་ལས་ཕུགས་ལ་ཕན་ཐོགས་གང་ཡང་ཡོད་པ་མ་རེད་ཅེས་གསུངས་སོང་། ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་དོལ་རྒྱལ་བསྟེན་གསོལ་བྱ་མི་རུང་བའི་སྐོར་ལ་བཀའ་སློབ་ཟབ་ནན་བསྩལ་དོན།
སྐུ་མདུན་སྐུ་གོང་མ་འཚོ་ཞིང་བཞུགས་པའི་རིང་ལ་དོལ་རྒྱལ་དམ་དྲག་གནང་ཡོད་པ་རེད། ཁོང་གཤེགས་སོང་བ་རེད། དེའི་རྗེས་སུ་སྐྱབས་རྗེ་ཕ་བོང་ཁ་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་མཚོན་ན། ཆོས་ལུགས་ཡག་པོ་དང་བསྟན་པ་དག་པོ་ཡོང་བར་དངོས་གནས་དྲང་གནས་ཧ་ལས་པའི་བསམ་གྱིས་མི་ཁྱབ་པ་རེད། ད་ཡིན་ཡང་ཕྱི་ནང་གི་རྟེན་འབྲེལ་དེ་འདྲ་ཡི་རྐྱེན་པས་རྒྱལ་པོ་དོལ་རྒྱལ་ཁྱབ་སྤེལ་བཏང་བ་དེ་ནོར་འཁྲུལ་ཆེན་པོ་རེད། སྔ་མོ་ངས་ཀྱང་ཕྱི་ལོ་༡༩༥༨ ཙམ་ལ་དོལ་རྒྱལ་བསྟེན་གསོལ་བྱས་པ་རེད། དེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་རེད་ཟེར་ནས་ཡག་པོ་བྱས་པ་ངས་མཐོང་མྱོང་། ད་དེ་ནས་རྒྱ་གར་ལ་སླེབས་ནས་ཕྱི་ལོ་༡༩༧༠ ནང་ཙམ་ལ་གཞི་ནས་ང་ལ་དོགས་པ་ཞིག་ཟ་སོང་། བརྟག་དཔྱད་རིམ་པས་བྱས་པ་ཡིན། ཆོས་སྲིད་ཀྱི་མཛད་འཕྲིན་གལ་ཆེན་རིགས་དེ་ཚོར་ཟན་རྟགས་བསྒྲིལ་བའི་ཕྱག་སྲོལ་ཞིག་ཡོད་རེད། འོ་དེ་འདྲའི་དོགས་པ་ཏན་ཏན་བྱས་པ་ཡིན། དེ་མི་དགེ་བ་ཞིག་རེད་འདུག མཐའ་བསྡོམས་ངས་བསྟེན་གསོལ་བྱས་པ་ཚང་མ་འཚམས་འཇོག་བྱེད་རྒྱུ་དེ་མོ་བརྒྱབ་ཟན་རྟགས་བསྒྲིལ་ནས་ཐག་བཅད་པ་ཡིན། གཞི་ནས་ཤུགས་ལྡན་ཚོགས་པ་དེ་འདྲ་བཙུགས་ནས། མི་བསད་སོང་། མཚན་ཉིད་སློབ་དཔོན་དཔེ་ཆ་ཡག་པོ་རེད། གྲྭ་པ་གྲྭ་རྐྱང་ཞེ་དྲག་ཡག་པོ་ཡོད། ཁོང་གིས་དོལ་རྒྱལ་སྐོར་ལ་ཡི་གེ་འདྲ་བོ་ཞིག་བྲིས་ནས་ཁོང་དང་དགེ་ཕྲུག་གཉིས་བཅས་དོལ་རྒྱལ་ཚོགས་པའི་མི་ཡོང་ནས་བསད་སོང་། ང་སྡོད་ས་འཁྲིས་འཁྲིས་རེད། རྗེས་སུ་སྐུ་ཕུང་ཞུགས་འབུལ་བྱེད་སྐབས་དགེ་བཤེས་ལགས་སྐུ་ལུས་ལ་གྲི་༡༦ བརྒྱབ་འདུག་ཟེར། དེའི་དཔར་ནས་བཟུང་ཚང་མ་ད་ལྟ་ཡོད་པ་རེད། དེའི་རྗེས་ནས་ཡིག་ཆ་དེ་འདྲ་མང་པོ་བཀྲམ་པ་རེད། ཡིག་ཆ་གཅིག་ནང་༧གོང་ས་ལྔ་པ་ཆེན་པོས་འཕྲིན་བཅོལ་མཛད་ཡོད་རེད་ཟེར་བ་འདུག གཞི་ནས་༧གོང་ས་ལྔ་པ་ཆེན་པོའི་གསུང་བཙལ་བ་རེད། ༧གོང་ས་ལྔ་པ་ཆེན་པོས་གསུང་ཕྱི་ནང་གསང་གསུམ་ཆ་ཚང་ང་ལ་ཡོད། ༧གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་ལ་འཕྲིན་བཅོལ་མཛད་ཡོད་རེད་ཟེར་བ་ཞིག་རྩ་བ་ནས་མི་འདུག ༧གོང་ས་ལྔ་པ་ཆེན་པོས་གསུང་ཕྱི་མ་པོད་ཀ་པའི་ནང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྤྲུལ་རྫུན་མ་ལམ་དུ་ལྷུང་པ། སྨོན་ལམ་ལོགས་པའི་དམ་སྲིར་གྱུར་ཏེ། ཟུར་དཔང་གིས་ཚིག་སྟེ། དམ་མིན་དམ་སྲི་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཡིས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐར་བར་བཟློག རྒྱུའི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་པ། ༧གོང་ས་ལྔ་པ་ཆེན་པོ་རྫུན་བཟོ་བྱེད་མཁན་ཞིག་མ་རེད། དངོས་གནས་དྲང་གནས་གཞུང་ལུགས་རབ་འབྱམས་ལ་སྦྱང་བའི་མཁས་པ། གྲུབ་པའི་ཡོན་ཏན་ལ་བསམ་བློ་བཏང་བ་ཡིན་ན། ལྷ་དང་བླ་མ་ཡི་དམ་ཞི་ཁྲོའི་ཞལ་གཟིགས་རྒྱུན་དུ་ཡོད་བསྡད་པ་ཁོང་གི་གང་བྱུང་མང་བྱུང་གསུང་གི་མ་རེད། བྱས་ཙང་༧གོང་ས་ལྔ་པ་ཆེན་པོ་དང་རྟོགས་པ་ན་མཉམ་པའི་གང་ཟག་ཅིག་གིས་བསྒྱུར་བཅོས་འདྲ་བཏང་བ་ཡིན་ན་མ་གཏོགས། གཞན་ཁོང་གི་གསུང་དེ་ཚད་མར་འཛིན་དགོས་པ་རེད། སྔོན་མ་ངས་ཀྱང་བསྟེན་པ་རེད། རྗེས་སུ་བརྟག་དཔྱད་ཆ་ཚང་བྱས་དུས་རྒྱལ་པོ་སྐུ་ལྔ་འཁོན་གྱི་ཡོད་པ། ལྷག་པར་དུ་དཔལ་ལྡན་དམག་ཟོར་མ་འཁོན་གྱི་ཡོད་པ། དེ་ཙམ་དུ་མ་ཟད་རྗེ་རིན་པོ་ཆེའི་བཀའ་དགོངས་ཐུན་མོང་ཡོད་བསྡད་པའི་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་གཉིས་འཁོན་གྱི་ཡོད་པའི་གནས་ཚུལ་གསལ་པོ་ཞེ་དྲག་འདུག དེ་འདྲ་ཡིན་དུས་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་དེ་འགྲིག་གི་མི་འདུག་ཅེས་ངས་འབོད་སྐུལ་རིམ་པས་བྱས་ཡོད་པ་རེད། གནས་ཚུལ་དེ་ཆ་ཚང་རྟོགས་ནས་འགྲེལ་བཤད་བརྒྱབ་པ་ཡིན། དེ་ངའི་ལས་འགན་རེད། ཉན་དང་མི་ཉན་ཁྱེད་རང་ཚོ་སོ་སོར་ཐུག་ཡོད་པ་རེད། ངས་དབང་ཡོད་བྱེད་ཀྱི་གང་ཡང་ཡོད་པ་མ་རེད། གནས་སྟངས་དེ་འདྲ་རེད། ཡིག་ཆ་ཁ་ཤས་ནང་ལ་ཡོང་་ས་འཛིན་རྣམ་གཉིས་དགོངས་པ་རྫོགས་རྗེས་ངས་རྙིང་མའི་ངོ་སྲུང་ནས་རྒྱལ་པོ་ཤུགས་ལྡན་དམ་དྲག་བྱས་པ་རེད་ཅེས་བཀོད་བཞག དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་འདྲ་ཡིན་དུས། ༧གོང་ས་སྐུ་ཕྲེང་གོང་མ་དེ་ཚོ་དང་དམ་ཚིག་བསྲེ་ལྷད་ཡོད་པ་ཡིན་དུས། རྒྱལ་པོ་དོལ་རྒྱལ་བསྟེན་དང་མི་བསྟེན་དེ་སོ་སོའི་ལག་པ་རེད། གལ་སྲིད་བསྟེན་པ་ཡིན་ན་ངའི་རྩ་ནས་བཀའ་ཆོས་དང་སྡོམ་པ་ཞུ་རྒྱུའི་བཟོ་འདྲ་བོ་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད་ད། དེ་ཤེས་སོང་ངམ། དམ་ཚིག་ཉམས་འགྲོ་གི་རེད། དམ་ཚིགས་ཉམས་ན་ཁྱེད་རང་ཚོ་ལ་ཕན་གྱི་མ་རེད། ང་ལ་ཡང་གནོད་ཀྱི་རེད། སྤྱི་ཡོངས་ནས་བོད་སྤྱི་ནང་གཉིས་སུ་ངས་བརྟག་དཔྱད་རིམ་པས་བྱས་ནས་ཐག་གཅོད་བྱས་བཞག་པ་དེ་ལ་རྒྱུ་མཚན་མཐོང་ནས་དེ་ག་རང་གི་སྒང་ལ་མང་ཆེ་ཤོས་ཤར་བསྐྱོད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་བོད་ནང་གི་ས་ཁུལ་ཁ་ཤས་ལ་ད་དུང་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད། དཔེར་ན་མདོ་སྨད་ལྷ་མོ་གསེར་ཁྲི་དགོན་དང་། ཆབ་མདོ་དགོན་པ། སྨར་ཁམས་ཁུལ་གྱི་དགོན་པ་དེ་འདྲ། བྲག་གཡབ་ཁུལ་གྱི་དགོན་པ་སོགས་ཁ་ཤས་ཤིག་གིས་ཤེས་བཞིན་ཁྱད་གསོད་གནས་དུས་ཚོད་རྩིས་བྱས་ནས་མུ་མཐུད་ནས་འགྲོ་འདུག་མཁན་ཡོང་གི་འདུག དེའི་ནང་གི་རིགས་གཅིག་གིས་མ་ཤེས་ནས་འཁྱོག་བཤད་ཀྱིས་རྒྱལ་བ་རིན་པོ་ཆེའི་ཤུགས་ལྡན་བསྟེན་གསོལ་བཀག་འགོག་བྱེད་པ་དེ་དྲང་དོན་རེད་ངེས་དོན་མ་རེད། རྒྱལ་བ་རིན་པོ་ཆེའི་ཤུགས་ལྡན་མུ་མཐུད་ནས་བསྟེན་གྱི་ཡོད་པ་རེད། རིགས་ཁ་ཤས་ཀྱི་རྒྱལ་བ་རིན་པོ་ཆེའི་རྙིང་མའི་ངོ་སྲུང་རེད། ཡང་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་རྙིང་མ་ཆགས་ཚར་བ་རེད། སོང་ཙང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་རེད་ཟེར་མཁན་འདུག དེ་འདྲ་ཡིན་དུས་ཁྱེད་རང་ཚང་མ་ལ་མ་གོ་མ་ཐོས་པ་མེད་པ་ཞིག་བཤད་ཡིན། གང་ལྟར་མདོ་དོན་སྙིང་པོ་༧རྒྱལ་དབང་སྐུ་ཕྲེང་༡༤པ་ང་འདེམས་རྒྱུ་རེད་དམ། ཡང་ན་འཇིག་རྟེན་པའི་དྲེགས་པ་དོལ་རྒྱལ་འདེམས་རྒྱུ་རེད། ཤེས་སོང་ངམ་ཞེས་སོགས་གསུངས་སོང་། དེ་བཞིན་ཉིན་འདིར་༧གོང་ས་མཆོག་གིས་དུས་དབང་སྔོན་འགྲོའི་གསུང་ཆོས་རྒྱལ་སྲས་ཐོགས་མེད་དཔལ་བཟང་པོས་མཛད་པས་ལག་ལེན་སོ་བདུན་མའི་གསུང་ཆོས་ཀྱི་བཀའ་ཁྲིད་བསྩལ་སོང་།