ཝ་ཤིན་ཏྲོན།

ཡོང་ཁུངས་Wikipedia

དབྱིན་ཡིག་གི (Washington) ཟེར་བ་འདི་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་ཝ་ཤིང་ཊོན་ཞེས་པའི་སྒྲ་གདངས་འདི་ཐོན། འོན་ཀྱང་དེ་རྒྱ་ཡིག་ལ་བསྒྱུར་ནས། རྒྱ་ཡིག་དེ་བོད་ཡིག་ལ་བསྒྱུར་ན་ཧྭ་ཤིན་ཀྲོན་ནམ་ཡང་ན་ཝ་ཧྲིང་ཏོན་ལྟ་བུ་ཞིག་ཐོན། གང་ལྟར་འདི་ནི་དེང་སང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་རེད། ཡང་འདི་ལ་དབྱིན་ཡིག་ནང Washington DC, ཟེར་ནས་བྲིས་ཡོད། དེ་ནི (District of Columbia) ཟེར་བ་དེའི་བསྡུས་ཚིག་རེད། དེ་ནི་མ་རེ་ལེན་ཊི་(Maryland) མངའ་སྡེ་དང་། བེར་ཇེའུ་ནེ་ཡ་(Virginia) མངའ་སྡེ་གཉིས་ཀྱིས་ས་ཆ་ཤས་རེ་སྤྲད་ནས་ཁུལ་ལྟ་བུ་ཞིག་བཟོས་པ་དེའི་དོན་རེད། སྤྱི་ལོ ༧༩༠ ལོར་ཨ་རིའི་རྒྱལ་ཁབ་ཀྱི་གཙོ་འཛིན་ནམ་སྲིད་འཛིན་ཐོག་མ་འཇོར་ཇེའུ་ཝ་ཤིང་ཊོན་(George Washington)འདེམས་ཐོན་བྱུང་པ་རེད། དེའི་སྐབས་སུ་ཨ་རི་རྒྱལ་ཁབ་འདི་གསར་དུ་དབྱིན་ཇི་འོག་ནས་རང་བཙན་ཐོབ་པ་ཡིན་པས་རྒྱལ་ས་དམིགས་བསལ་མེད། དེའི་རྐྱེན་གྱིས་སྲིད་འཛིན་ཐོག་མ་ཝ་ཤིང་ཊོན་གྱིས་རྒྱལ་ས་འདི་འདེམས་པ་རེད། གང་ཡིན་ཟེར་ན་ཁོང་རང་ཉིད་ཀྱི་ཡུལ་དང་ཐག་ཉེ་བ་རྒྱུ་མཚན་དུ་བྱས་པ་རེད། དེའི་རྗེས་ནས་ས་ཁུལ་འདིའི་མིང་ལ་ཝ་ཤིན་ཊོན་ཟེར་ནས་མིང་འདི་ཐོག་པ་རེད། རྒྱལ་ས་འདི་ན་སྲང་ལམ་ཡོད་ཚད་གུ་ཡངས་པ་ཡོད་ལ་སྐྱེད་མོས་ཚལ་ལམ་སྤྱི་གླིང་ཡོད་ཚད་ཀྱང་གུ་ཡངས་པ་ཡོད། ཁང་བརྩེགས་ཡོད་ཚད་མཐོ་རྒྱུ་མེད་ལ་དམའ་རྒྱུ་ཡང་མེད་པ་བལྟ་ན་ཡིད་དུ་འོང་བ་ཞིག་ཡོད། ལོ་རྒྱུས་ལྡན་པའི་ཁང་པ་ཤིན་ཏུ་མང་། ཁང་བ་ཚང་མའི་ནང་ནས་སྐད་གྲགས་ཆེ་ཤོས་དེ་ཕོ་བྲང་དཀར་པོ་(White House)ཡོད་པ་རེད། དེ་ནི་སྲིད་འཛིན་གྱི་ཁྱིམ་རེད། གཞན་ཡང་གལ་ཆེ་བའི་ཁང་ཆེན་ནི་འཐུས་མི་ཚོགས་ཁང་(Capitol)ཡང་འདི་ན་ཡོད། དེ་ནི་འཐུས་མིའི་(Congress)ཚོགས་ཁང་ཡིན་ལ། དེར་ཚོགས་ཐོག་ནས་ཁྲིམས་བཟོ་ཡི་ཡོད་པ་རེད། དཔྱིད་དུས་ཀྱི་ཝ་ཤིན་ཊོན་ནི་མེ་ཏོག་གིས་བརྒྱན་པས་ཤིན་ཏུ་བལྟ་ན་སྡུག དེ་ཡང་སྔར་༡༩༡༢ ལོར་འཇར་པན་ནས་ཁམ་བུའི་ཤིང་སྡོང་སྟོང་ཕྲག་གསུམ་ལྷག་བསྐུར་ཡོང་ནས་འདི་བཙུགས་པ་རེད། དེའི་རྐྱེན་གྱིས་ས་འདི་སྤྱི་ཟླ་གསུམ་པ་དང་བཞི་བ་ནི་ཁམ་བུའི་མེ་ཏོག་གིས་བརྒྱན་ནས་ཤིན་ཏུ་མཛེས་པའི་དུས་ཚིགས་ཞིག་ཡིན། ས་འདི་ནི་ཕྱི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་མཇལ་འཛོམས་ཀྱིས་རྒྱལ་ཁབ་དང་འཛམ་བུ་གླིང་གི་དོན་ཆེན་གླེང་པའི་གནས་རེད། ཅེས་རྒྱལ་ཁམས་པ་བསོད་ནམས་ཡེ་ཤེས་ཀྱིས་ཝ་ཤིན་ཊོན་ནས་བྲིས།།