མཁན་ཆེན་ཚེ་དབང་རིག་འཛིན།
མཛད་རྣམ་མདོར་བསྡུས།
[རྩོམ་སྒྲིག]༄༅། ། མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་སྐུ་ལུས་མ་སྤང་པར་འཇའ་ལུས་འཕོ་ཆེན་དུ་གཤེགས་པའི་ལོ་རྒྱུས་ཉུང་བསྡུས། དེ་ཡང་མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་བོད་རབ་ཚེས་ཆུ་ལུག་ལོའི་སྟོན་དུས་སུ་རྨེ་ཁོག་ཏུ་སྐུ་འཁྲུངས། དགུང་ལོ་བཅུའི་དུས་སུ་སྔ་འགྱུར་རྙིང་མ་ཡི་ཆོས་སྡེ་ཆེན་མོ་རྨེ་བ་དགོན་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་གྲལ་དུ་ཞུགས་ནས་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་པར་རབ་ཏུ་བྱུང་། དེ་ནས་རྫོགས་ཆེན་རུ་དམ་ཨོ་རྒྱན་ཆོས་གླིང་དུ་བྱོན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་གཤིས་ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པར་བསྙེན་པར་རྫོགས། སུམ་ཅུ་པར་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དྲུང་ནས་འཇམ་དཔལ་གང་བློ་མའི་ལྗགས་ལུང་ཞིག་ཐོབ་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། གཞུང་ལུགས་རབ་འབྱམས་མཁྱེན་པའི་ཤེས་རབ་ཕྱོགས་མེད་དུ་རྒྱས། དེའི་རྗེས་སུའང་ས་དགེ་བཀའ་རྙིང་གི་མཁས་གྲུབ་དུ་མ་བསྟེན་ནས་སློབ་གཉེར་རྒྱ་ཆེར་མཛད། དགུང་གྲངས་ཞེ་གཅིག་རང་ཡུལ་དུ་བྱོན་ནས་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་རྗེས་རབ་རྒྱལ་ལྕགས་ཡོས་ལ་མཆོག་སྤྲུལ་རྫོང་སྔོན་རིན་པོ་ཆེ་ཡིས་མདོ་སྨད་འབའ་ཡུལ་དུ་གདན་དྲངས་ཏེ། འབའ་ཤིང་ཁྲིའམ་སེང་ཁྲི་ཆོས་གྲྭ་ཆེན་མོ་ཕྱག་བཏབ་སྟེ་ཡུལ་དེར་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་རྒྱན་བསྐྱངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དོ། ། ཕྱིས་དུས་འཁྲུག་སྐབས་བོད་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་དབྱར་དུས་སུ་རྗེ་སློབ་ཚོགས་དང་བཅས་པ་དམག་མིས་རི་མགོ་ནས་བཟུང་སྟེ་བཙོན་དུ་བཅུག དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཙམ་ན་དེའུ་རྒན་དགོན་པའི་ཉེ་ཟུར་དེའུ་རྒན་ཞོལ་མ་རུ་མི་མང་པོ་བསྡུས་ནས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱས། མཁན་རིན་པོ་ཆེ་བཙོན་ཁང་ནས་བཏོན་ཏེ། དམག་མི་འགས་མཛོ་ཞིག་གི་རྒྱབ་ཏུ་བཅིངས་ནས་འཐབ་རྩོད་བྱེད་སར་ཁྲིད། རྫོང་གྲོང་གི་མདུན་ངོས་ཀྱི་གསེག་ལམ་དེ་ནས་སོང་སྟེ། ལ་སྐེད་ཙམ་འབྱོར་བ་ན་བླ་མའི་ཞལ་ནས་བཛྲ་གུ་རུ་གསུངས། ས་དོའི་གདོང་ལམ་བརྒྱུད་དེ་ལ་ཁར་བུད་ནས་རྐ་ཁུག་ཐང་ལ་སླེབས་མཚམས་གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་ལྡང་བས་དམག་རྣམས་ཀྱིས་མགོ་གོས་ཀྱིས་གཡོགས་ཏེ་བསྡད། ཡུད་ཙམ་ནས་བལྟས་ཚེ་བླ་མ་ཆིབས་གོང་ན་མི་སྣང་སྟེ། འཇའ་སྤྲིན་གྱི་དབུས་སུ་བཛྲ་གུ་རུའི་ཛབ་དབྱངས་འཐེན་བཞིན་ནམ་མཁར་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་མཐར་མི་སྣང་བར་གྱུར་ཏེ་འཇའ་ལུས་འཕོ་བ་ཆེན་པོ་མཆོག་གི་གོ་འཕང་བསྙེས་ཏེ་སྙན་པའི་གྲགས་པ་དཀར་པོ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་བོ། །
མཛད་རྣམ་རྒྱས་པ།
[རྩོམ་སྒྲིག]མཁན་ཆེན་རིན་པོ་ཆེ་ཚེ་དབང་རིག་འཛིན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ལོ་རྒྱུས་བཞུགས་སོ། ། མཁན་པོ་ཚུལ་ཁྲིམས་བློ་གྲོས། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
མཛད་རྣམ།
[རྩོམ་སྒྲིག]འདི་ལ་གཉིས་ཏེ་བདག་ཉིད་ཆེན་པོ་གང་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དང༌། ཐ་མའི་མཛད་པ་ཞིབ་པར་བཤད་པའོ། །དང་པོ་ནི། དེ་ཡང་མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་དཔལ་བཟང་པོ་ཉིད་བོད་རབ་ཚེས་ཆུ་ལུག་ལོའི་སྟོན་དུས་སུ་རྨེ་ཁོག་ཏུ་སྐུ་འཁྲུངས། དགུང་ལོ་བཅུའི་དུས་སུ་སྔ་འགྱུར་རྙིང་མའི་ཆོས་སྡེ་སོག་བཀྲ་ཤིས་ཆོས་དར་གླིང་གི་ཚོགས་གྲལ་དུ་ཞུགས་ནས་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་བར་རབ་ཏུ་བྱུང༌། དེ་ནས་རྫོགས་ཆེན་རུ་དམ་ཨོ་རྒྱན་ཆོས་གླིང་དུ་བྱོན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་གཤིས་ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པར་བསྙེན་པར་རྫོགས། སུམ་ཅུ་པར་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དྲུང་ནས་འཇམ་དཔལ་གང་བློ་མའི་ལྗགས་ལུང་ཞིག་ཐོབ་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང༌།གཞུང་ལུགས་རབ་འབྱམས་མཁྱེན་པའི་ཤེས་རབ་ཕྱོགས་མེད་དུ་རྒྱས། དེའི་དབང་གིས་ཇི་སྲིད་འཚོའི་བར་དུ་དེའི་རང་ལུགས་སྐྱོང་བར་ཐུགས་དམ་བཅས། དེའི་རྗེས་སུའང་ས་དགེ་བཀའ་རྙིང་གི་མཁས་གྲུབ་དུ་མ་བསྟེན་ནས་སློབ་གཉེར་རྒྱ་ཆེར་མཛད། དེའི་ཚེ་ན་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་ཏེ་མར་ཤུན་གྱི་གྲོད་སྐོགས་ཤིག་ཆུ་ནང་དུ་བཙོས་པའི་ཁུ་བས་ཀྱང་ཡུན་རིང་དུ་འཚོ་རྟེན་མཛད་པ་དང༌། ནངས་མོ་རྩམ་ཁུ་སླ་མོ་ཞིག་བསྐོལ་ནས་བཞག་པ་ཉིན་གུང་གྲང་ནས་ཅུང་ཟད་སྐ་བོ་ལྟ་བུར་གྱུར་པ་གུང་ཚིགས་སུ་གསོལ་བར་མཛད་པ་སོགས་དཀའ་སྤྱད་དཔེ་མེད་གནང༌། སྐབས་ཤིག་ན་ཨོ་རྒྱན་ཆེན་པོས་ཞལ་གཟིགས་པས་དེ་ནས་བཟུང་ཉིན་རེ་བཞིན་ལྡེབ་རིང་བཞི་བཅུ་ཙམ་རེ་བློ་ལ་ཟིན་པ་སོགས་ཀྱི་ཤེས་རབ་ཆེན་པོ་བརྙེས། དེ་ནས་རྫོགས་ཆེན་གངས་ཁྲོད་དུ་བྱོན་ནས་བསྒྲུབ་པ་མཛད་དེ། མཚན་མོ་གཉིད་རྨུགས་བྱུང་ཚེ་སྨད་ཤམ་རྐྱང་བ་ཙམ་ཞིག་མནབས་ནས་ཞབས་རྗེན་པར་གངས་འཁྱབས་ཀྱི་སྟེང་དུ་བཞུགས་ནས་ཉམས་ལེན་མཛད་པས་ཞབས་གཉིས་ཀྱང་བསྙུན་གཞིས་ཐེབས། དེ་ལྟར་སྙིང་པོའི་བསྒྲུབ་པ་ལ་རབ་ཏུ་གཞོལ་བས་གཟུགས་སྐུ་འཇའ་ལུས་སུ་དྭངས་པར་གྱུར་ཏེ། ཉེ་གནས་དཔལ་ལྡན་གྱིས་མཁན་རིན་པོ་ཆེར་སྐུ་ཆིངས་བཅིང་པའི་ཚེ་ན་སྐུ་ཆིངས་སྐུ་ལུས་ལ་མ་ཐོགས་པར་ཟང་ཐལ་དུ་བྱུང༌། ཡང་མདུད་པ་ཞིག་བཏབ་སྟེ་བསྡམས་པས་སྐུ་ཆིངས་མདུད་པ་ལྡན་པ་གང་ལའང་མ་ཐོགས་པར་ལག་ཏུ་བྱུང་ལ། མཚན་མོ་སྒྲོན་འོད་སོགས་ཀྱི་འོག་ཏུ་སྐུ་ལུས་ཀྱི་གྲིབ་མ་མི་མངོན་པ་དང༌། རྩིག་པ་ལ་ཟང་ཐལ་དུ་བྱོན་ཏེ། ཉིན་གཅིག་ཉེ་གནས་ཨ་བློས་བླ་མ་ནང་ན་བཞུགས་པ་ལ་གཟིམ་ཁང་གི་སྒོ་ལ་སྒོ་ལྕགས་བརྒྱབ་ནས་ལྡེའུ་མིག་ཐོགས་ཏེ་ཕྱི་ལོགས་སུ་སོང༌། སླར་ལོག་པ་ན་བླ་མ་གཟིམ་ཁང་གི་ཕྱིར་བྱོན་ནས་བཞུགས་པ་མཐོང༌། སྒོ་ལ་བལྟས་པས་སྔ་མ་ཁོ་ན་ལྟར་དུ་འདུག་སྟེ། སྒེའུ་ཁུང་ནས་ནི་མི་ཞིག་གཏན་ནས་ཐར་མི་སྲིད་པ་ཞིག་ཡིན་ཞེས་ཟེར་རོ། །དགུང་གྲངས་ཞེ་གཅིག་པར་རང་ཡུལ་དུ་བྱོན་ནས་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་རྗེས་རབ་རྒྱལ་ལྕགས་ཡོས་ལ་མཆོག་སྤྲུལ་རྫོང་སྔོན་རིན་པོ་ཆེས་མདོ་སྨད་འབའ་ཡུལ་དུ་གདན་དྲངས་ཏེ། འབའ་ཤང་ཁྲིའམ་སེང་ཁྲི་དགོན་བཏབ་སྟེ་ཡུལ་དེར་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་རྒྱུན་བསྐྱངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དོ། །ཕྱིས་སུ་སྐུ་ལུས་མ་སྤངས་བར་ནམ་མཁའ་ལ་འཕུར་ནས་གཤེགས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཐ་མའི་མཛད་པ་ཇི་ལྟར་བསྟན་ཚུལ་དང༌། དེ་འཁྲུལ་མེད་དུ་གཏན་ལ་དབབ་པའོ། །དང་པོ་ནི། བོད་རབ་རྒྱལ་ས་ཁྱི་ཕྱི་ལོ་ ༡༩༥༨ ལོའི་དབྱར་དུས་སུ་རྒྱ་དམག་གིས་རི་མགོ་ནས་བཟུང་སྟེ་བཙོན་དུ་བཅུག སྔ་ཕྱིར་རྡུང་བརྡེག་མང་དུ་བྱས། དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཙམ་ན་དེའུ་རྒན་དགོན་པའི་ཉེ་ཟུར་དེའུ་རྒན་ཞོལ་མ་རུ་མི་སྟོང་ལྷག་ཅིག་བསྡུས་ནས་འཐབ་རྩོད་རྡུང་རྡེག་བྱ་རྒྱུའི་གྲ་བསྒྲིགས་བྱས། མཁན་རིན་པོ་ཆེ་ཉིད་རྫོང་མཁར་གྱི་བཙོན་ཁང་ནས་བཏོན་ཏེ། དམག་མི་ལིའུ་ཏི་ཧྲན་དང༌། སྙིང་དཀར་འབུམ། ཚེ་རིང་འབུམ་སོགས་ཀྱིས་མཛོ་ཞིག་གི་རྒྱབ་ཏུ་བཅིངས་ནས་འཐབ་རྩོད་བྱ་བའི་ཕྱིར་དུ་ཁྲིད། རྫོང་གྲོང་གི་མདུན་ངོས་ཀྱི་གསེག་ལམ་དེ་ནས་སོང་སྟེ། ལ་སྐེད་ཙམ་ལ་འབྱོར་བ་ན་བླ་མའི་ཞལ་ནས་བཛྲ་གུ་རུ་གསུངས། ས་དོའི་གདོང་ལམ་བརྒྱུད་དེ་ལ་ཁར་བུད་ནས་རྐ་ཁུག་ཐང་ལ་སླེབས་མཚམས་གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་ལྡང་བས་དམག་རྣམས་ཀྱིས་མགོ་གོས་ཀྱིས་གཡོགས་ཏེ་བསྡད། ཡུད་ཙམ་བལྟས་ཚེ་བླ་མ་ཆིབས་གོང་ན་མི་སྣང་སྟེ། འཇའ་སྤྲིན་གྱི་ཁྲོད་དུ་ནམ་མཁའ་ན་ཡར་བཛྲ་གུ་རུའི་ཛབ་དབྱངས་འཐེན་བཞིན་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་མི་སྣང་བར་གྱུར་པས་དམག་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏོ། །དེ་ནས་ནབ་སྟོད་སོགས་ན་བཟའ་འགའ་ཞིག་ལུས་པ་ས་འོག་ཏུ་བཅུག་སྟེ་བླ་མ་ལམ་བར་ནས་ཤི་སོང་ཞེས་བསྒྲགས་ནས་ཤོག་བུའི་ངོར་གཟུགས་བརྙན་ཞིག་བྲིས་ཏེ། དེ་ལ་སྐྱོན་འདོགས་སྣ་ཚོགས་བྱས་ནས་འཐབ་རྩོད་ཚོགས་པ་གྱེས་དགོས་བྱུང་བ་ཡིན་ནོ། །
རྩད་བཅད་ནས་ངེས་པ་རྙེད་ཚུལ།
[རྩོམ་སྒྲིག]གཉིས་པ་ལ་གཉིས་ཏེ་རྩད་གཅོད་བྱས་ཚུལ་དང་ངེས་པ་རྙེད་ཚུལ་ལོ། །དང་པོ་ནི། དེ་ལྟར་མཁན་རིན་པོ་ཆེ་ཉིད་འཕུར་ནས་གཤེགས་པ་དེ་མི་མང་པོ་ཞིག་གིས་མངོན་སུམ་དུ་མཇལ་བས་མི་རིང་བའི་རྗེས་སུ་གཏམ་དེ་ཉིད་ཡུལ་དེའི་གང་སར་གྲགས་ནས་བྱུང༌། ལས་བྱེད་པ་རྣམས་ཀྱི་ཚོགས་ཆེན་བསྡུས་ཏེ། མི་འཕུར་ནས་འགྲོ་བ་ཞིག་གང་ན་སྲིད། ཤི་སོང་བ་རེད། ད་ཕྱིན་ཆད་འཕུར་ནས་སོང་ཟེར་བ་ཞིག་ཡོད་ཚེ་ཆད་པ་གཅོད་རྒྱུ་ཡིན་ཞེས་ཁྲིམས་སུ་བསྒྲགས། འོན་ཀྱང་ནམ་ལངས་ལག་པས་མི་ཁེགས། ཆུ་འབུར་སས་མི་ནོན་ཞེས་པའི་དཔེ་ལྟར་ལོ་རྒྱུས་དེས་མཐར་གྱིས་ཡུལ་གྲུ་མང་པོ་ཁྱབ་སྟེ་ད་ལྟའི་བར་མི་ལོ་བཞི་བཅུ་ཞེ་བཞི་སོང་ངོ༌། ། གཏམ་འདི་ངེད་ཀྱིས་ཀྱང་རིང་པོ་ཞིག་ནས་ཐོས་ལ་རྩད་གཅོད་ཞིབ་པ་ཞིག་བྱ་དགོས་སྙམ་ཡང་དེ་གར་ལུས། ཉེ་ཆར་ང་ཚོའི་སློབ་གླིང་ན་དེ་ཕྱོགས་ནས་འོང་བའི་སློབ་གཉེར་པ་མང་པོ་འདུག་པས་ལོ་གཅིག་གི་སྔོན་ནས་ཞིབ་འདྲི་བྱས་པར་མ་ཟད་ཁ་པར་བརྒྱུད་ནས་ཀྱང་རྩད་གཅོད་ཅི་རིགས་བྱས་མོད། འོན་ཀྱང་ཡིད་ཚིམ་ངེས་དང་ཐེ་ཚོམ་ཆོད་ངེས་ཤིག་མ་བྱུང་བས་ད་ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་དབྱར་གཞུང་སྐྱོ་སངས་ཀྱི་ཁོམ་སྐབས་དང་བསྟུན་ནས་ཆེད་གཉེར་གྱིས་མཚོ་སྔོན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་དུ་ཕྱིན་པ་ཡིན་ནོ། ། ཚེས་བཅུ་དྲུག་ཉིན་གྱི་ཉིན་གུང་གི་དུས་སུ་རྫོང་གྲོང་ཆུང་ངུ་དེར་འབྱོར་ཏེ། ཐོག་མར་མཁན་རིན་པོ་ཆེ་འཕུར་ནས་བྱོན་པའི་གནས་ས་དོའི་གདོང་ལམ་ཞེས་སྔར་ནས་ཐོས་ཐོས་པ་དེ་ན་རྗེས་དྲན་གྱི་མཆོད་རྟེན་གཉིས་བཞེངས་འདུག་སྟེ། དེར་སོང་ནས་མཇལ་ཕྱག་དང་སྨོན་ལམ་བཏབ། ལོ་བཞི་བཅུའི་གོང་རོལ་གྱི་བྱ་བ་ཡ་ང་ཞིང་ཡུ་མུག་པ་དུ་མ་ཞིག་དང༌། དེའི་ཁྲོད་ནས་བྱུང་བའི་བླ་ན་མེད་པའི་མཛད་པ་འཛམ་གླིང་ལ་གླེང་བར་འོས་པ་སྟེ་དཀར་ནག་མང་པོ་ཞིག་ཡིད་ལ་ལམ་མེར་ཤར། དཀར་ནག་གི་བྱ་བ་དེ་དག་ནི་བྱེད་པ་པོ་ཕལ་མོ་ཆེ་དང་མཉམ་དུ་བལྟ་བར་མི་མངོན་པའི་དབྱིངས་ཤིག་ཏུ་སོང་ནས་རིང་མོ་ཞིག་ལོན། དེ་ལྟ་ནའང་སྙན་པ་དང་སྙན་པ་མ་ཡིན་པའི་གཏམ་གྱི་ཕྲེང་བ་དག་ནི་ས་དོའི་གདོང་གི་ལམ། རྐ་ཁུག་གི་ཐང༌། དེའུ་རྒན་གྱི་གཤོང་སོགས་ཀྱི་རྩ་ཤིང་གི་གསེབ། བར་སྣང་གི་ཁམས། བསེར་བུ་ཡི་ཁྲོད་དག་ན་ཡོངས་སུ་ཁྱབ་སྟེ་ལེགས་ཉེས་ཀྱི་སྣང་བ་སྣ་ཚོགས་ཤིག་གི་དན་དཔང་དུ་ལྷང་ངེར་མངོན་ནོ། །དགུང་མོ་གྲོགས་མཆེད་དག་གིས་མཚམས་སྦྱར་བ་བརྒྱུད་ནས་ལོ་རྒྱུས་འདིར་རྒྱུས་མངའ་ཆེ་བའི་མི་རྣམས་རེ་རེ་བཞིན་བོས་ནས་གནས་ཚུལ་ཞིབ་པར་དྲིས་ཏེ་ཡི་གེར་ཕབ། ཕྱིར་ནངས་ཚེས་བཅུ་བདུན་ཉིན་ཞོགས་པ་སྔ་བར་ཤང་ཁྲིའམ་སེང་ཁྲི་དགོན་དུ་སོང་སྟེ། བྱུང་བ་འདི་རང་གིས་མངོན་སུམ་དུ་མཐོང་བ་དང༌། མངོན་སུམ་དུ་མཐོང་བའི་མི་དག་གིས་བཤད་པ་རང་གིས་དངོས་སུ་ཐོས་པ་དང༌། འཐབ་རྩོད་ཚོགས་ཆེན་དེར་དངོས་སུ་ཞུགས་པ་སོགས་ལོ་རྒྱུས་དེ་ལ་རྒྱུས་ཤིན་ཏུ་ཆེ་ཞིང་ལོ་ན་དྲུག་ཅུ་ཡན་ཆད་བརྒལ་བའི་སྐྱ་སེར་བཅུ་ཐམ་པ་དགོན་པའི་ནང་དུ་བསུས། དེའི་ཐོག་ཏུ་སེང་ཁྲིའི་མཁན་རིན་པོ་ཆེ་དཀོན་མཆོག་རིན་ཆེན། སྤྲུལ་བསྟན་འཛིན་སྙན་གྲགས། སྤྲུལ་ཚེ་དབང༌། མཁན་པོ་ཡར་འཕེལ། དེའུ་རྒན་དགོན་པའི་སྤྲུལ་རལ་གྲི་བཅས་ཁྱོན་མི་བཅོ་ལྔ་ཞུགས་པའི་ཚོགས་ཆུང་ཞིག་འཚོགས་ནས་སོ་སོ་ནས་རང་རང་གི་མཐོང་ཚུལ་དང་ཐོས་ཚུལ་དག་ཞིབ་པར་བཤད། དེ་ཡང་འདི་རྣམས་ཀྱིས་དེ་ལྟར་མཐོང་དང་ཐོས་ཞེས་ལོ་མང་པོའི་སྔོན་ནས་ཡོངས་སུ་གྲགས་པ་ཤ་སྟག་ལས་ངས་མཐོང་དང་ཐོས་ཞེས་ད་ལྟ་གསར་དུ་སྨྲ་བ་ནི་གཅིག་ཀྱང་མི་འདུག་གོ །
རྒད་པོ་དྲི་མེད་ལ་དྲིས་པ།
[རྩོམ་སྒྲིག]༈ དེ་རྣམས་ལས་དང་པོ་རྒད་པོ་དྲི་མེད་ཅེས་པ་ལོ་བདུན་ཅུ་དོན་བདུན་རེད། དེས་བཤད་པ། སྐབས་དེར་ང་དམག་གི་བརྡ་གླ་པ་ཡིན་ལ། ཉིན་དེར་ངས་ས་དོའི་གདོང་གི་མར་ཁུག་རི་སུལ་དེ་ན་གཡག་འཚོས་ནས་ཡོད། བླ་མ་རིན་པོ་ཆེ་མཛོ་ཞིག་ལ་ཆིབས་སུ་བཅུག་ནས་དམག་མི་འགའ་ཞིག་གིས་ཁྲིད་དེ་ས་དོའི་གདོང་ལམ་ན་ཡར་ཕེབས་སོང༌། ཅུང་ཞིག་ནས་ས་དོའི་གདོང་གི་ལ་རྒྱབ་ནས་ཡར་བླ་མ་ཞིག་མཐོང་བྱུང༌། དེར་བླ་མ་ཞིག་འོང་དོན་མེད་པ་ལ་ཅི་ཡིན་སྙམ་དུ་བལྟས་པ་ནམ་མཁར་ཇེ་མཐོ་ཇེ་མཐོར་སོང་སྟེ། དེ་དུས་ང་ལོ་ཆུང་ཡིན་ལ་མིག་རྣོ་བས་ཞིབ་པར་བལྟས་པས་སྤྲིན་དཀར་ནག་གི་མཚམས་ན་ཡར་བྱོན་སོང༌། ཕྱིས་སུ་རྨེ་བའི་ཨ་ཁུ་བསོད་རིག་གདུང་རུས་བཙལ་དུ་འོང་བ་མཐོང་སྟེ། ངས་བཟའ་མི་རྣམས་ལ་བླ་མ་དེ་བ་ཚང་སྐུ་ལུས་མ་སྤངས་པར་ནམ་མཁར་བྱོན་སོང་ངེས་ཅན་ཡིན་པས་གདུང་རུས་རྙེད་དོན་མེད་ཅེས་སྨྲས་ཏེ། ངས་རྫུན་བཤད་པ་གཏན་ནས་མིན། འདི་ལ་བྱ་དགའ་ཆེན་པོ་ཞིག་འཐོབ་རྒྱུ་ཡོད་པའང་རྡུང་རྡེག་བྱས་ན་ནི་རྫུན་བཤད་ན་ཐང་ཡང་ད་ལམ་རྫུན་བཤད་དོན་རྩ་བ་ནས་མེད་ཅེས་ཟེར་རོ། །
ཚོགས་འཕེལ་ལ་དྲིས་པ།
[རྩོམ་སྒྲིག]༈ ཚོགས་འཕེལ་ཞེས་པ་ལོ་དྲུག་ཅུ་ལྷག་ཅིག་རེད། ཐུན་ཏེ་རྫོང་གྲོང་ན་འདུག ད་ལྟ་ལས་གནས་ལས་ངལ་བསོས་ཏེ་ཡོད། དེས་བཤད་པ། ང་ལ་བདེན་དཔང་གི་རྒྱུ་མཚན་གསུམ་ཡོད། དེ་ལས་གཉིས་གཏམ་ཐོས་པ་དང༌། གཅིག་རང་གི་མིག་གིས་མཐོང་བ་ཡིན། དེ་ཡང་ཕྱི་ལོ་༡༩༨༨ལོའི་ཟླ་བཅུ་པའམ་བཅུ་གཅིག་པའི་ཉིན་གཅིག་གི་དུས་སུ་རྒྱ་རིགས་སྐྱེས་པ་ཞིག་གིས་ང་ཟས་ཁང་ཞིག་ཏུ་མགྲོན་འབོད་བྱས། དེ་དུས་ང་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་མགོ་གཙོ་རྒན་པ་ཡིན། ཁོས་འདི་ག་ནས་བཤས་ཀྱི་ཕྱིར་དུ་ཟོག་ལུག་ལྔ་བརྒྱ་ཙམ་ཞིག་ཉོས་འདུག་སྟེ། དེའི་ཁྲལ་ཡང་ཙམ་འོང་བའི་ཕྱིར་དུ་ང་མགྲོན་དུ་བོས་པ་རེད། ངེད་གཉིས་ཟས་ཟ་ཞོར་ལ་ཁ་བརྡ་བྱས་ཏེ། ཁོས་བཤད་པ། ངས་ཀྱང་སྔར་ཐུན་ཏེ་ནས་བྱ་བ་བསྒྲུབས་ནས་སྡོད་མྱོང་བས་འདི་གའི་ལས་བྱེད་རྒན་པ་མང་པོ་ཤེས་ཀྱང་ཁྱོད་མཐོང་མ་མྱོང་བ་འདྲ། འོ་ན་ཁྱོད་ལས་ཁུངས་གང་དུ་བྱ་བ་བསྒྲུབས། སྤྱི་བདེ་དམག་ཁུལ་དུའོ། །དེ་ཚེ་དམག་གི་པན་དང་པོའི་པན་ཀྲང་ཡིན། དེ་དུས་ང་ཚོ་བྱ་བ་ཡ་མཚན་པ་ཞིག་དང་འཕྲད་དེ། ཐེངས་ཤིག་ང་ཚོ་པན་དང་པོའི་དམག་འགའ་ཞིག་གིས་ཨ་ལགས་ཤིག་མཛོ་དམར་པོ་ཞིག་ལ་བསྐྱོན་ནས་འཐབ་རྩོད་ཀྱི་ཕྱིར་དུ་ཁྲིད་དེ་སོང་བས་ལ་ཁ་དེ་ནས་སྤྲིན་ཁ་དོག་སྣ་ཚོགས་ཅན་ཞིག་གིས་དྲིལ་ནས་གར་སོང་ཆ་མེད་དུ་གྱུར། ངས་མི་དེ་ངོ་མ་འཕྲོད་པས་གོང་རིམ་ནས་ང་ལ་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲིར་བཅུག སྐབས་དེའི་ང་ཚོའི་ཞིབ་དཔྱོད་ཁང་གི་མགོ་དཔོན་དེ་སོག་རིགས་ཤིག་ཡིན། དེས་གནས་ཚུལ་དེ་ནི་ཤིན་ཏུ་ངོ་མཚར་བ་ཞིག་རེད་ཅེས་སྨྲས་པས་ཁྱོད་རྨོངས་དད་བྱེད་མཁན་རེད་ཅེས་ཟེར་ནས་གོ་གནས་ཕབ་སོང༌། ཕྱིས་སུ་ང་ཁྱིམ་དུ་ལོག་རྗེས་ཕ་མ་གཉིས་ལ་ལོ་རྒྱུས་དེ་བཤད་པས་ཁོང་གཉིས་ཐལ་མོ་སྦྱར་ནས་དེ་འདྲའི་ངོ་མཚར་ཆེ་བ་ལ་ཞེས་ཟེར་བར་འདུག་ཅེས་ཟེར་རོ། །མི་འདིའི་མིང་ལ་ལིའུ་ཏི་ཧྲུན་ཟེར། ཕ་ཡུལ་མཚོ་སྔོན་ཧོང་ཀྲུང་རྫོང་ཧྲན་ཚིན་ཀྲུང་ཞེས་པ་དེ་རེད། ཉིན་འགའི་རྗེས་སུ་སྤྱིར་ཁོས་ཁྲལ་སྒོར་ཉིས་སྟོང་ལྷག་ཅིག་སྤྲོད་དགོས་འདུག་ཀྱང་ངས་སྒོར་བདུན་བརྒྱ་ལྷག་ཅིག་ལས་མ་བླངས། གྱེས་ཁར་ངས་ཁོ་ལ་གལ་ཏེ་འདི་གའི་དགོན་པ་ཞིག་དོན་འདི་རྩད་གཅོད་པར་འོང་ན་ཁྱོད་ཀྱིས་ལོ་རྒྱུས་དེ་ཞིབ་ཕྲ་ཞིག་ངོ་སྤྲོད་གནང་རྒྱུ་རེ་བ་ཡིན་ཞེས་སྨྲས། ཞིབ་དཔྱོད་མགོ་དཔོན་དེ་ལ་ཉེས་པ་ཕོག་སྟེ་གོ་གནས་ལས་ཕབ་པ་ནི་མི་མང་པོས་ཤེས་ལ། མི་དེ་སྔར་འདི་གར་དམག་མི་བྱེད་མྱོང་བའང་བདེན་པ་རེད་འདུག་གོ །རྒྱུ་མཚན་གཉིས་པ་ནི། མཁན་རིན་པོ་ཆེ་ལ་འཐབ་རྩོད་ཚོགས་ཆེན་ཉིན་ཚོགས་ཆེན་དེའི་མགོ་འཛིན་པ་ཝང་ལེ་ཁྲུན་གྱིས་ང་ལ་དངོས་སུ་བཤད་པའི་གཏམ་དེ་ཉིད་ཡིན། དེ་ཡང་ཁོ་དང་ང་གཉིས་སྔར་ནས་མཛའ་བཤེས་ཡིན༑ ང་བཟོ་ཚོང་དོ་དམ་ཅུས་ན་ཡོད་སྐབས་ང་ཚོའི་ལས་ཁུངས་ཀྱི་ཁང་པར་ལྕགས་རི་སྐོར་དགོས་ལ། ཁོའི་ཇ་ཁང་དེ་ང་ཚོའི་ལྕགས་རི་བརྩིག་སའི་གནས་དེ་ཉིད་དུ་ཁེལ་ནས་འདུག་སྟེ། ཁོའི་ཇ་ཁང་ལ་སྐབས་དེའི་སྒོར་སུམ་བརྒྱ་ཙམ་ལས་མི་རི་ཡང་ངས་ཇ་ཁང་དེ་སྤོས་ནས་སྒོར་སྟོང་གཉིས་ལྷག་གི་རིན་གོང་ཅན་ཞིག་གསར་སྐྲུན་བྱས་པས་ངེད་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་སོང༌། ཐེངས་ཅིག་ངེད་གཉིས་ཁ་བརྡ་བྱེད་སྐབས་མཁན་རིན་པོ་ཆེར་དགག་རྒྱག་ཚོགས་འདུ་འཚོགས་ཚུལ་དེ་གླེང་བྱུང༌། ངས་ཁྱོད་དེ་དུས་ཨེ་ཡོད། གནས་ཚུལ་ངོ་མ་དེ་ཅི་འདྲ་རེད་ཅེས་དྲིས་པས་ཁོས་བཤད་པ། ང་དེ་ཉིན་ཡོད་དེ་གནས་ཚུལ་དེ་ཤིན་ཏུ་གསལ། དངོས་གནས་ཡ་མཚན་པ་ཞིག་རེད་སོང་སྟེ། རོ་གཏན་ནས་མི་འདུག ང་ཚོ་བྱ་ཐབས་བྲལ་ནས་ཤོག་བུ་ཞིག་ལ་རི་མོ་བྲིས་ཏེ་དེ་ལ་འཐབ་རྩོད་བྱས་པ་ཡིན། རི་མོ་དེ་ང་རང་གིས་བྲིས་པ་ཡིན་ཞེས་ཟེར་རོ། །རྒྱུ་མཚན་གསུམ་པ་ནི། སྲིད་ཇུས་ལྷོད་ཡང་བྱུང་བའི་ཚེ་ན་རྩེ་བ་ནས་ཨ་མཆོད་ཚོགས་ནོར་སོགས་འགའ་ཞིག་བྱུང་སྟེ། རྫོང་སྲིད་གཞུང་ལ་བླ་མའི་གདུང་རུས་སྟེར་དགོས་ཞེས་བཤད། སྲིད་གཞུང་གིས་སྤྱི་བདེ་ལས་ཁུངས་ལ་སྦྲན། ངས་སྤྱི་བདེ་ལས་ཁུངས་ནས་ལོ་བཅུ་དྲུག་ལ་བྱ་བ་བསྒྲུབས། དེ་སྐབས་ང་སྤྱི་བདེ་བདེ་འཇགས་ཁོའི་མགོ་གཙོ་དང་པོ་ཡིན། དེ་དུས་སྤྱི་བདེ་ཅུས་ཀྱི་མགོ་གཙོ་དེ་ལ་ཐན་གོ་ཅུན་ཟེར། དེས་ལོ་རྒྱུས་འདི་ལ་སྔར་ནས་རྒྱུས་མངའ་ཡོད་པས་ང་ལ་ཁྱོད་ཀྱིས་གོ་བརྡ་ཞིག་སྤྲོད་དེ་ཕྱིར་འགྲོར་ཆུག་ཟེར། མགོ་གཙོ་གཞོན་པ་མཁའ་འགྲོ་ཐར་ཞེས་པ་དེ་དང་ངེད་གཉིས་ཀྱིས་མཁན་རིན་པོ་ཆེའི་ལོ་རྒྱུས་ཡིག་ཚགས་བཙལ་ནས་བལྟས་པས་ཡིག་ཚགས་དེར་ཤོག་ལྡེབ་རེའི་ངོར་མི་བཅུ་བཅོ་ལྔ་སོགས་ཀྱི་ལོ་རྒྱུས་ཞིབ་པ་བཀོད་འདུག མཁན་རིན་པོ་ཆེའི་ལོ་རྒྱུས་ཐོག་ཏུ་གར་སོང་ཆ་མེད་དུ་གྱུར་སོང་ཞེས་བྲིས་འདུག དེ་ང་རང་གིས་མངོན་སུམ་དུ་མཐོང་བ་ཡིན། ཡིག་ཚགས་དེ་ད་ལྟའང་བཙལ་ན་རྙེད་ཐང༌། གཏམ་འདི་རྣམས་ངས་ད་ལྟ་གསར་དུ་བཤད་པ་མིན། རྣམ་དག་སོགས་ལ་ལོ་འགའ་ཤས་ཀྱི་སྔོན་ནས་བཤད་མྱོང་ཟེར། རྣམ་དག་ཞེས་པ་དེ་བོས་ནས་དྲིས་པས་དེ་ག་རང་རེད་འདུག་གོ །
རྒད་པོ་འོད་ཟེར་ལ་དྲིས་པ།
[རྩོམ་སྒྲིག]༈ རྒད་པོ་འོད་ཟེར་ཞེས་བྱ་བ་ལོ་དྲུག་ཅུ་ལྷག་ཏུ་སོན། ས་དེ་གའི་མི་རེད། ཁོས་བཤད་པ། ང་རང་དེ་ཉིན་འཐབ་རྩོད་ཚོགས་ཆེན་དེའི་ནང་དུ་དངོས་སུ་ཞུགས་པ་ཡིན། དེ་ཉིན་དེའུ་རྒན་དགོན་པའི་གཤོང་དེ་ན་རས་གུར་ཞིག་ཕུབ་འདུག སྔ་དྲོ་ང་ཚོ་འབེ་བཟའ་སྡེ་བའི་དཔོན་དེ་ལ་འཐབ་རྩོད་བྱས། དེ་ནས་མཁན་རིན་པོ་ཆེ་ཉིད་ལ་འཐབ་རྩོད་བྱ་རྒྱུ་ཡིན་ཟེར། ཉིན་གུང་ཕན་ཆད་ཙམ་ལ་བསྒུགས་སོང་ཡང་འོང་རྒྱུ་མི་འདུག དེ་ནས་རྟ་པ་འགའ་ཞིག་བྱུང་སྟེ། ཁྲིམས་ཁང་གི་བཀྲ་ཁོ་དང་སྙིང་དཀར་འབུམ་སོགས་རེད། མཁན་པོ་ཚང་ཕེབས་མི་འདུག་སྟེ་ལམ་བར་ནས་ཤི་སོང་ཟེར། ཤོག་བུ་ཞིག་གི་ངོས་སུ་གཟུགས་རིས་བྲིས་ནས་གུར་སྒོ་ནས་མར་བསྐོར་ཏེ་དེ་ལ་འཐབ་རྩོད་བྱས་སོང༌། ཉིན་འགའི་རྗེས་ནས་འཕུར་སོང་བ་རེད་ཅེས་པའི་གཏམ་ཞིག་གྲགས། འོན་ཀྱང་ལས་བྱེད་པ་དག་གིས་དེ་ལ་དགག་པ་བརྒྱབ་སྟེ། མི་འཕུར་བ་ཞིག་གང་ན་ཡོད། དེ་ལྟར་བཤད་མི་ཆོག་ཟེར། རྐ་ཆུང་ཤང་གི་དེ་དུས་ཀྱི་ཧྲུའོ་ཅུ་དབང་ཆེན་དང་ངེད་གཉིས་ཤིན་ཏུ་མཐུན། དེས་ང་ལ་བཤད་རྒྱུར། རོ་མི་འདུག ས་དོའི་གདོང་ནས་རླུང་འཚུབ་ཅིག་བྱུང་བ་དང་མཉམ་དུ་འཕུར་ནས་བྱོན་པས་ན་བཟའ་འགའ་ཞིག་ཤུལ་དུ་ལུས་པ་ས་འོག་ཏུ་མནན་འདུག་ཅེས་བཤད་ཟེར་རོ། །
ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་ལ་དྲིས་པ།
[རྩོམ་སྒྲིག]༈ ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་ཅེས་པ་ད་ལྟ་སེང་ཁྲི་དགོན་པའི་གྲྭ་པ་རེད། ཁོང་གིས་བཤད་པ། དམག་མི་ཚེ་རིང་འབུམ་ཞེས་བྱ་བ་འདི་མཚོ་སྔོན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་མི་རེད། ༡༩༥༨ ལོར་ཐུན་ཏེ་རྫོང་མི་དམངས་ཁྲིམས་ཁང་དུ་བྱ་བ་བསྒྲུབས་མྱོང༌། མཁན་རིན་པོ་ཆེ་ཁྲིད་མཁན་རྣམས་ཀྱི་ཁྲོད་ན་ཡོད་འདུག ངེད་གཉིས་༡༩༩༩ལོའི་སྟོན་དུས་སུ་ཆབ་ཆ་ནས་ཐུག་བྱུང༌། དེ་ཚེ་ཁོ་ལོ་བདུན་ཅུ་སྟོད་ཅིག་རེད། སྐབས་དེར་ངས་ལོ་རྒྱུས་ཞིབ་འདྲི་བྱས་པས་ཁོས་བཤད་པ། ༥༨ལོའི་ཧོར་ཟླ་བརྒྱད་པར་གོང་རིམ་གྱི་བཀའ་བཞིན་ང་དང་ལོ་ན་སུམ་ཅུ་ཡས་མས་ཀྱི་རྒྱུས་མེད་པའི་རྒྱ་རིགས་བཞི་བཅས་ཀྱིས་མཁན་པོ་ཆིབས་གོང་དུ་བཞག་ནས་གཅིག་གིས་ཁྲིད་གཞན་རྣམས་ཀྱིས་གཡས་གཡོན་དང་རྗེས་ནས་དེད་དེ་སོང༌། ས་དོའི་གདོང་ལམ་གྱི་ལམ་ཕྱེད་ཙམ་ནས་བཛྲ་གུ་རུའི་ཛབ་དབྱངས་དལ་གྱིས་འཐེན་པས་ཅུང་ཞིག་ནས་གློ་བུར་དུ་འཚུབ་རླུང་དྲག་པོ་ཞིག་ལྡང་བྱུང་བས་ང་ཚོས་འགྲོ་མཚམས་བཞག་སྟེ་མགོ་གོས་ཀྱིས་གཡོགས་ནས་བསྡད། ཡུད་ཙམ་ནས་རླུང་དྭངས་ཏེ་བལྟས་པས་བླ་མ་ཆིབས་གོང་ན་མི་འདུག ངེད་རྣམས་ཀྱིས་ཕྱོགས་ཕྱོགས་སུ་ལྟ་དུས་ནམ་མཁའ་ན་གསལ་ལ་མི་གསལ་བའི་གསུང་སྐད་ཅིག་གྲག ཡར་བལྟས་པས་བར་སྣང་ན་ཡར་ཇེ་མཐོ་ཇེ་མཐོར་འགྲོ་བ་ང་ཚོ་ལ་མཐུན་སྣང་དུ་བྱུང༌། རྗེས་ལ་མེ་མདའ་འགའ་བརྒྱབ་ཀྱང་མ་ཕོག་སྟེ། རིམ་བཞིན་ནམ་མཁའི་དབྱིངས་སུ་ཡལ་སོང་ཞེས་བཤད་ཅེས་ཟེར་རོ། །
མཁན་པོ་དཀོན་མཆོག་རིན་ཆེན་ལ་དྲིས་པ།
[རྩོམ་སྒྲིག]༈ མཁན་པོ་དཀོན་མཆོག་རིན་ཆེན་ནི་དགུང་ལོ་བརྒྱད་ཅུ་གྱ་གཅིག་རེད། མཁན་ཚེ་དབང་རིག་འཛིན་གྱི་དངོས་སློབ་ཁྱད་པར་བ་དང༌། ད་ལྟ་སེང་ཁྲི་དགོན་པའི་དགོན་བདག་རེད། ཁོང་གིས་གསུངས་པ། བླ་མ་བཙོན་དུ་བཞུགས་པ་ན་ང་རང་འདི་གའི་ཉེ་སར་ས་ཕུག་ཅིག་གི་ནང་དུ་གབ་ནས་ཡོད། ཕྱིས་སུ་ཁ་སྒང་གི་གཞོན་སྐྱེས་ཞིག་དེ་ཉིན་དམག་མིའི་ཁྲོད་ན་ཡོད་པ་དེས་འཕུར་སོང་ཞེས་བཤད་ཟེར་བ་གྲགས་བྱུང་སྟེ། རླུང་འཚུབ་ཅིག་བྱུང་ནས་མགོ་བཏུམས་ནས་བསྡད་པའི་བར་ནས་ནམ་མཁར་ཇེ་མཐོ་ཇེ་མཐོར་སོང་ཟེར། དེས་ན་བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བའི་དཔེ་ལྟར་དུ་ཁོ་ཚོས་ཚུར་དེ་ལྟར་དུ་སྨྲས་ནས་བྱུང་བ་རེད། ཡིན་ན་ཡང་ཨ་ཁུ་བསོད་རིག་ངེད་གཉིས་ད་དུང་གདུང་རུས་རེ་རྙེད་རྒྱུ་ཡོད་ཨེ་སྲིད་སྙམ་ནས་ཚེས་བཅོ་ལྔའི་མཚན་མོ་ཟླ་འོད་འོག་ཏུ་སོང་ནས་གང་སར་བཙལ་ཀྱང་ཅི་ཡང་མ་རྙེད། དེ་རྗེས་ཨ་ཁུ་བསོད་དཔལ་རི་མགོ་ན་ཟོག་འཚོས་ནས་ཡོད་པའི་སར་བསོད་རིག་མཚན་མོ་འཇབ་ནས་སྐད་ཆ་འདྲི་བར་ཕྱིན་པས་བླ་མ་གཤེགས་ཚར་འདུག་ཟེར་བས་ངེད་གཉིས་རེ་ཐག་ཆད་ནས་མཚན་འགྲོ་འབའ་ཞིག་གིས་ཡར་རྨེ་ཁོག་ལ་ལོག་སོང་བ་ཡིན་ཞེས་གསུངས་སོ། །ཁ་སྒང་གི་གཞོན་སྐྱེས་ཞེས་པ་དེ་ཁ་སྒང་གདུགས་དཀར་ཚེ་རིང་ཞེས་པ་དེ་དེ་ཉིན་བླ་མ་ཁྲིད་མཁན་རྣམས་ཀྱི་ཁྲོད་ན་ཡོད། འཕུར་སོང་བ་ང་ཚོས་དངོས་སུ་མཐོང་ཞེས་ཁ་སྒང་ཀླུ་འབུམ་ལ་བཤད། དེས་ཟི་ལིང་ལའོ་ཀྱ་ཝན་ནས་བཙོན་ཁང་དུ་དཀོན་མཆོག་དར་རྒྱས་ལ་བཤད། དཀོན་མཆོག་དར་རྒྱས་གྱིས་རྨེ་བའི་མཁན་པོ་ཆོས་ཀྱི་དབང་ཕྱུག་ལ་སྨྲས་འདུག་པ་དེ་ཡིན་པར་སྣང༌། འཕུར་ནས་སོང་ཚུལ་ནི་གཞན་དག་གིས་ཟེར་བ་དང་གཅིག་པ་རེད། སྔགས་པ་ཟླ་བ་དང༌། དབང་ཆེན་དང༌། རྣམ་རྒྱལ་རྣམས་ཀྱིས་བླ་མ་དང་ང་ཚོ་མཉམ་དུ་རི་མགོ་ནས་དམག་གིས་བཟུང་སྟེ་དམག་སྒར་སྟེང་དུ་ཁྲིད་པ་ན་དམག་དཔོན་རྣམས་འོངས་ནས་གཤེ་གཤེ་གཏོང༌། བླ་མས་སྐུ་ལུས་དྲང་པོར་བསྲིང་ནས་ཧིཀ་ཀ་གཅིག་བརྗོད་པ་ན་དབུ་སྐྲ་རྣམས་ཡར་གཟེངས་ནས་བྱུང༌། ཡང་ཧིཀ་ཀ་གཉིས་པ་ཞིག་བརྗོད་པ་ན་དབུ་སྐྲ་མ་ལུས་པ་གནམ་ལ་ལང༌། སྙན་གཉིས་པོ་སྣེ་རིང་དུ་སོང་པས་སྙན་རྩེ་གཉིས་པོ་སྤྱི་བོ་ལ་སླེབས་པ་ཙམ་དུ་གྱུར། སྐུའི་གཟེངས་བསྟོད་དེ་འཕུར་གྲབས་ལྟ་བུ་ཞིག་མཛད་པ་ན་དམག་དཔོན་ཞིག་འོངས་ནས་དབུ་ཐོད་ལ་མེ་མདའ་གཏད་དེ་སྐད་སྒྲ་མ་རྒྱག་ཟེར་བ་ལྟ་བུ་ཞིག་བྱེད་པ་ན་རིམ་བཞིན་སྔར་བཞིན་དུ་གྱུར་ཏེ་བཞུགས་སོང་ཟེར་རོ། །གཞན་ཡང་ཨ་ཀ་འཇམ་དབྱངས་དང་གཡང་སྐྱབས་རྒྱལ་སོགས་ཀྱིས་ཀྱང་བཤད་དེ་ནང་དོན་གལ་ཆེ་རྣམས་ནི་གཅིག་པ་ཁོ་ན་རེད་འདུག་གོ །དེ་ཉིན་གྱི་མི་རྣམས་ཀྱི་བཤད་པའི་སྐད་ཆ་རྣམས་ཟིན་ཐོར་བཀོད། གཟུགས་བརྙན་བླངས། སྒྲ་བརྙན་པར་ནས་ཤིན་ཏུ་གསལ་བར་བྱས། ཕྱི་དྲོ་དེའུ་རྒན་ཞོལ་གྱི་འཐབ་རྩོད་ཚོགས་པ་འཚོགས་པའི་གནས་དེ་རུ་རྒད་པོ་འོད་ཟེར་གྱི་རྗེས་སུ་འབྲངས་ནས་གནས་དེ་དང་ས་དོའི་གདོང་ལམ་གྱི་བར་དུ་ས་ཐག་ཇི་ཙམ་ཡོད་སོགས་གསལ་པོར་བལྟས། དགུང་མོ་དུས་ཚོད་བདུན་པའི་ཐོག་སྙིང་དཀར་འབུམ་ལ་བཅར་འདྲི་བྱེད་པར་སོང༌། ཁོའི་སྡོད་ཁང་དེ་ཐུན་ཏེ་རྫོང་གྲོང་གི་གྲོང་མཐའ་ན་འདུག ངེད་ཀྱི་རོགས་སུ་སེང་ཁྲི་དགོན་པ་ཡོད། དེ་སྙིང་དཀར་འབུམ་ཚང་གི་མཛའ་བོ་རེད། ངེད་གཉིས་ནང་དུ་སོང་ནས་ལོ་རྒྱུས་ཞིབ་པར་དྲིས་པ་ན། དེར་ཁོས་བཤད་པ། དེ་ཉིན་ང་ལ་ཧྲུའུ་ཅུ་ཡིས་བཙོན་ཁང་ན་མི་ཞིག་ཡོད་པས་དེ་ཁྲིད་ཤོག་ཟེར། ང་དང་མི་འགའ་ཞིག་བཙོན་ཁང་དུ་ཕྱིན། བླ་མ་ཞབས་རྐང་མི་བདེ་བ་ཞིག་རེད་པས་རྐང་པ་གཉིས་ཀྱིས་ཆིབས་པ་བཅིབ་མི་ཐུབ་པས་ཆིབས་གོང་དུ་བཞག་སྟེ་ཐག་པས་བཅིངས་ནས་ཁྲིད། ལ་ཁ་དེར་འབྱོར་བ་ན་སྐུ་ཁམས་ཅུང་མི་བདེ་བར་འདུག་པས་ང་ཚོས་མི་ཞིག་བཏང་སྟེ་ཧྲུའུ་ཅུ་ལ་སྙན་ཞུ་བྱས། མི་གཉིས་ཀྱི་ཇ་དེམ་ནང་དུ་ཇ་ཞིག་ཁྱེར་ཏེ་བྱུང་བས་དེ་གསོལ་སོང༌། དེ་ནས་ང་སྔོན་ལ་ཉིན་གུང་གི་ཟས་བཟའ་བར་སོང༌། ཅུང་མ་འགོར་བར་ང་བོས་ཏེ་མར་ཤོག་ཟེར། སོང་པས་བླ་མ་ཤི་སོང་བས་རོ་ས་དོང་དུ་འཇུག་པར་སོང་ཟེར། ངས་ལྕགས་ཁེམ་ཞིག་ཕྲག་པར་ཁྱེར། མི་འགའ་ཞིག་གིས་རས་སྟན་ཞིག་གི་ཁུག་ཏུ་ན་བཟའ་འགའ་ཞིག་བཞག་སྟེ་ཕྱོགས་ཕྱོགས་ནས་འཇུགས་ཏེ་སོང༌། ས་དོང་སྲབ་མོ་ཞིག་བརྐོས་ཏེ་དེའི་ནང་དུ་ན་བཟའ་དེ་དག་བཞག་ནས་སྟེང་དུ་ས་ཁད་མཉམ་ཙམ་ཞིག་གིས་བཀབ་ནས་བཞག་སྟེ་སྤུང་མ་བྱས། དེས་ན་ས་དོང་དུ་སྦ་རྒྱུ་དེ་ན་བཟའ་ཙམ་མ་གཏོགས་སྐུ་གདུང་ནི་མེད་ངེས་པ་ཅན་ཡིན། འོན་ཀྱང་དེ་དུས་འདིར་སྐུ་གདུང་མི་འདུག་ཅེས་སྨྲ་སུས་ཕོད། གཏམ་འདི་ངེས་དོན་ཁོ་ན་ཡིན། ངས་སྔོན་ཨ་ལགས་རལ་གྲི་ཚང་དང་ཁམས་ཀྱི་ཨ་ལགས་ཤིག་ལ་སྐུ་གདུང་ས་འོག་ཏུ་སྦས་ཡོད་ཅེས་བཤད་ལ། དེ་མིན་དྲི་མཁན་མང་པོ་བྱུང་ཡང་དྲང་གཏམ་མ་བཤད། ཅི་ཞིག་གི་ཕྱིར་ཡིན་ཟེར་ན། དེ་སྐབས་གཏམ་དེ་དག་བཤད་ན་རང་ཡང་བཙོན་ཁང་དུ་སྡོད་དགོས་པ་ཡིན། གཏམ་འདི་ཁྱོད་དང་མི་གཞན་གཅིག་ཙམ་མ་གཏོགས་གཞན་སུ་ལའང་བཤད་མེད། ཁྱོད་ཁམས་ནས་དཀའ་ངལ་ཆེན་པོ་བྱས་ནས་ཆེད་དུ་འོང་བ་ཡིན་པས་བཤད་པ་ཡིན། འོན་ཀྱང་ད་དུང་ཡང་ངས་དེ་ལྟར་དུ་བཤད་ཅེས་སྒྲོག་མི་ཉན་ཅེས་ཟེར། མཇུག་ཏུ་སླར་ཡང་ས་དོང་དུ་སྦ་རྒྱུ་དེ་གོས་ཁོ་ན་ཙམ་ལས་སྐུ་གདུང་མི་འདུག་ཐག་ཆོད་རེད་ཅེས་གསལ་བཤད་ཡང་ཡང་བྱེད་དོ། །ངེད་ཀྱིས་ཁོ་ལ་གཏམ་འདི་གཞན་ལ་མི་སྒྲོག་པའི་ཁས་ལེན་བྱས་ཏེ། དེ་སྐབས་ངེད་ཀྱི་སེམས་ལ་ཁོའི་མིང་དེ་རེ་ཞིག་དངོས་སུ་མི་བཤད་སྙམ་དུ་བསམས་སོ། །གོང་དུ་ཚོགས་འཕེལ་གྱིས་རྨེ་བའི་ཨ་མཆོད་ཚོགས་ནོར་གདུང་རུས་འཚོལ་དུ་བྱུང་བ་ལ་སྲིད་གཞུང་གིས་གདུང་རུས་སྤྲོད་རྒྱུ་མ་རྙེད་ཅེས་སྨྲས་ན་སྲིད་གཞུང་གིས་ཚོགས་ནོར་ལ་ཅི་ཞིག་བཤད་ཡོད་བརྟག་ཕྱིར་དེའི་ཕྱི་ཉིན་ཚོགས་ནོར་བཙལ་ནས་སྐད་ཆ་དྲིས་པས་ཁོས་བཤད་པ། དེ་སྐབས་ངའི་གོ་ཐོས་ལ་བཙོན་པ་སུ་ཞིག་ཡིན། ནམ་བཙོན་དུ་བཅུག་པ་དང༌། བཙོན་ཁང་གང་ནས་བསྡད་པ་དང༌། ཤི་ན་ནམ་ཤི དུར་ས་གང་ཡིན་ཐམས་ཅད་ཡི་གེར་ཡོད་ལ། བདག་པོ་སོང་ནས་རེ་བ་བྱས་ན་རུས་པ་གཏོད་ཟེར་བ་ཞིག་བྱུང་བས་མཁན་ཆེན་ཚང་གི་གདུང་རུས་ཡོད་ཨེ་སྲིད་སྙམ་ནས་སྐད་སྒྱུར་ཅིག་ཁྲིད་ནས་སྲིད་གཞུང་དུ་སོང་ནས་རེ་བ་བཏོན། ཁོ་ཚོར་བཤད་རྒྱུར། དེ་རིང་འདིར་ང་ཚོ་ལས་བྱེད་པ་གསར་བ་ཤ་སྟག་ཡིན་པས་ཆ་རྒྱུས་མེད། རྙིང་པ་འགའ་ཞིག་ཡོད་ཀྱང་སྡེ་ཐོག་ཏུ་སོང་ནས་མེད། ང་ཚོས་ཡིག་ཚགས་ལ་གཅིག་བལྟ་ཡིས་ཁྱོད་སང་ཉིན་ཤོག་ཟེར། ཕྱིར་ཉིན་ཕྱིན་པས་ཡིག་ཚགས་ན་ཅི་ཡང་མི་འདུག་པས་ང་ཚོ་བྱ་ཐབས་བྲལ་ཟེར། འོ་ན་ཁྱོད་ཚོས་སྡེ་ཐོག་ན་ལས་བྱེད་རྙིང་པ་འགའ་ཞིག་ཡོད་ཟེར་བ་དེ་དག་ལ་ཁ་པར་ཞིག་ཐོངས་ནས་ང་ལ་གདུང་ཡོད་ས་དེ་གཅིག་སྟོན་རོགས་གྱིས། ང་ཡང་མི་རྒས་པ་འདི་འདྲ་བ་ཞིག་ཐག་རིང་པོ་རྨེ་ཁོག་ནས་ཆེད་གཉེར་གྱིས་འོང་བ་ཡིན་པས་གལ་ཏེ་མི་སྟོན་ན་ང་འདི་ཉིད་དུ་སྡོད་རྒྱུ་ཡིན་ཞེས་སྨྲས། མཐར་ཁོ་ཚོས་ངེད་ཅག་གིས་མི་ཡང་བཙལ་རྒྱུ་མི་རྙེད། དུར་ས་ཡང་སྟོན་རྒྱུ་མི་རྙེད་པས་ཁྱོད་རང་འགྲོའམ་འདུག་ཅི་བྱེད་ཁྱོད་ཉིད་ཤེས་ཟེར་བས་གདུང་རུས་མ་རྙེད་ཅེས་ཟེར་རོ། །དེ་ཉིན་རྒད་པོ་དྲི་མེད་བོས་ཏེ་སླར་ཡང་ཁོའི་མངོན་སུམ་དུ་མཐོང་ཚུལ་དེ་ལ་དོགས་གཅོད་ཅིག་བྱས། ཚོགས་འཕེལ་གྱི་གཏམ་ལའང་སྔ་ཕྱིར་དོགས་གཅོད་དུ་མ་བྱས་སོ། །དེ་ལྟར་ཞག་འགའ་ཤས་ཀྱི་རིང་ལ་ལོ་རྒྱུས་འདིར་འབྲེལ་བ་ཆེན་པོ་ཡོད་པའི་མི་ད་ཡོད་རྣམས་སོ་སོ་ལ་གནས་ཚུལ་ཞིབ་འདྲི་བྱས་ཏེ་གཏམ་རྣམས་ཕན་ཚུན་གཏུགས་ཏེ་ལེགས་པར་བསྡུར་བས་གནད་གང་ཆེའི་སྟེང་ནས་ལས་བྱེད་དང་མང་ཚོགས་ཐམས་ཅད་ཁ་འཆམས། ལར་ལོ་རྒྱུས་འདི་བྱུང་ནས་ལོ་བཞི་བཅུ་ལྷག་ཅིག་སོང་ཟིན་པས་གནས་ཚུལ་ཕྲན་ཚེགས་རྣམས་ཅུང་ཟད་རེ་བརྗེད་པ་སོགས་ཀྱིས་ཆུང་ས་འགའ་རེ་ན་བཤད་ཚུལ་མི་འདྲ་བའང་ཅུང་ཟད་རེ་འདུག འོན་ཀྱང་གསོན་པོའི་སྐུ་དང་འདས་པའི་གདུང་གང་ཡང་མ་རྙེད་པ་ཡིན་མིན་ལ་ཐེ་ཚོམ་སློང་ནུས་ཀྱི་འགལ་བ་གང་ཡང་མི་འདུག ངེད་ཀྱིས་རྟོག་དཔྱོད་བྱེད་པ་ནའང་གཟུ་བོར་གནས་པའི་རྟོག་དཔྱོད་པ་ཞིག་གི་བྱེད་ཚུལ་ཁོ་ནས་ཕྱོགས་ཐམས་ཅད་ཀྱི་གཏམ་ལ་ཉན་ནས་བརྟགས་པ་ལས་དད་པ་དང་དག་སྣང་གི་ཕྱོགས་སུ་ཅུང་ཟད་ཀྱང་མ་ཤོར་བར་བྱས་སོ། །ད་ནི་རྒྱུ་མཚན་དེ་རྣམས་ཀྱི་མཁན་རིན་པོ་ཆེ་ཉིད་སྐུ་ལུས་མ་སྤངས་པར་ནམ་མཁར་གཤེགས་པ་ཡིན་པ་ལ་ངེས་ཤེས་རྙེད་ཚུལ་མདོ་ཙམ་བརྗོད་པ་ལ། དང་པོ་དགག་ཕྱོགས་ནས་བཤད་ན། གལ་ཏེ་ལམ་བར་ནས་གྲོངས་པ་ཡིན་ན་གོང་དུ་ཁོང་ཅག་གིས་ཟེར་བ་ལྟ་བུ་ཁོ་ན་ཡིན་ཏེ། ས་དོའི་གདོང་ལམ་དང་འཐབ་རྩོད་ཚོགས་ཆེན་འཚོགས་སའི་དེའུ་རྒན་ཞོལ་མ་གཉིས་ཀྱི་བར་ན་ངེད་ཀྱིས་ཞིབ་བལྟ་བྱས་པས་སྤྱི་ལེ་གསུམ་ཙམ་ལས་མི་འདུག་ལ། དེ་ཉིན་མི་སྟོང་ཕྲག་ལྷག་ཙམ་ཚོགས་ནས་འཐབ་རྩོད་བྱ་རྒྱུར་བསྒུགས་ནས་ཡོད་པ་དང༌། མཁན་རིན་པོ་ཆེ་ཉིད་དེ་སྐབས་སུ་མགོ་ཁྲིད་དང་ཧུར་བརྩོན་པ་རྣམས་ཀྱིས་ངོ་ལོག་པའི་གཙོ་བོར་ངོས་བཟུང་ནས་ལྷག་པར་ཞེ་གནག་པ་དང༌། དེའི་སྐབས་སུ་དེ་འདྲའི་གང་ཟག་རྣམས་ཀྱི་རོ་ལ་འཐབ་རྩོད་བྱེད་པ་ལུགས་སྲོལ་ཡིན་པ་བཅས་ཀྱི་རྒྱུ་མཚན་གྱིས་དེ་ཉིན་སྐུ་གདུང་མ་བྱུང་བ་དེ་ནི་སྐུ་གདུང་ཁྱེར་རྒྱུ་མེད་པའི་བདེན་དཔང་ཡང་དག་ཡིན་ལ། ཁྱད་པར་དུའང་དེ་ཉིན་ཁོ་བོ་ཅག་གིས་ན་བཟའ་འགའ་ཞིག་ས་འོག་ཏུ་བཅུག་པ་ཡིན་གྱི་སྐུ་གདུང་ནི་གཏན་ནས་མི་འདུག་ངེས་ཅན་ཡིན་ཞེས་དེ་དག་གི་ཁྲོད་ན་ཡོད་པའི་མི་ད་ལྟ་གསོན་པོར་ཡོད་པས་ངེད་ལ་མངོན་སུམ་དུ་བཤད་པ་ཡིན་ལ། དེ་ལྟ་ན་གལ་ཏེ་སྐུ་གདུང་ཡོད་ན་ན་བཟའ་ཁ་ཤས་མ་གཏོགས་སྐུ་གདུང་ས་འོག་ཏུ་མི་འཇུག་པའི་རྒྱུ་མཚན་གང་ཡིན། དེ་བཞིན་དུ་ཁྲིམས་ཁང་གི་ཡིག་ཚང་ན་ཉར་བའི་མཁན་རིན་པོ་ཆེའི་ལོ་རྒྱུས་ཡིག་ཚགས་སུ་ཤི་སོང་ཞེས་མི་འགོད་པར་གར་སོང་ཆ་མེད་དུ་གྱུར་སོང་ཞེས་ཅིའི་ཕྱིར་དུ་འགོད། སྤྱིར་མཁན་རིན་པོ་ཆེའི་ཞབས་རྐང་གཉིས་ཀ་སྙུན་གཞིས་ཐེབས་ནས་ཕྱག་མཁར་གཉིས་ལ་བརྟེན་ནས་བྱོན་དགོས་པ་དང༌། ཁྱད་པར་དུ་དེ་ཉིན་དམག་མི་དེ་ཙམ་གྱིས་བསྐོར་ནས་ཡོད་པས་ཡང་ན་ས་འོག་ཏུ་འཛུལ་བ་དང་ཡང་ན་ནམ་མཁར་འཕུར་བ་མ་གཏོགས་དེ་ལས་གཞན་དུ་གར་སོང་ཆ་མེད་དུ་གྱུར་ཚུལ་ཞིག་གཏན་ནས་མེད་དོ། །གཉིས་པ་སྒྲུབ་ཕྱོགས་ནས་བཤད་ན། དེ་ཉིན་མཁན་རིན་པོ་ཆེ་ཁྲིད་ནས་འགྲོ་བའི་དམག་མིའི་ཁྲོད་ན་ཡོད་པའི་རྒྱ་རིགས་ལིའུ་ཏེ་ཧྲུན་གྱིས་ཚོགས་འཕེལ་དང༌། དམག་མི་ཚེ་རིང་འབུམ་གྱིས་ཆོས་ཀྱི་དབང་ཕྱུག་དང༌། སྙིང་དཀར་འབུམ་གྱིས་ངེས་ལ་སྟེ། བྱ་བ་དེ་མངོན་སུམ་དུ་མཐོང་ཞིང་བསྒྲུབས་པའི་མི་དག་གིས་ད་ལྟ་གསོན་པོར་ཡོད་པའི་མི་དག་ལ་ངོ་ཐུག་སྟེ་དངོས་སུ་སྨྲས་པ་དང༌། འཐབ་རྩོད་ཚོགས་ཆེན་འཚོགས་པའི་ས་གནས་དེ་གའི་ཤང་ཨུ་ཧྲུའུ་ཅུ་རྒན་པ་དབང་ཆེན་གྱིས་ད་ཡོད་ཀྱི་མི་འོད་ཟེར་ལ་དང༌། དེ་ཉིན་གྱི་འཐབ་རྩོད་ཚོགས་ཆེན་གྱི་མགོ་འཛིན་པ་ཧྲུའོ་ཅུ་གཞོན་པ་ཝང་ལེ་ཁྲིན་གྱིས་ད་ཡོད་ཀྱི་མི་ཚོགས་འཕེལ་ལ་སྐུ་གདུང་མི་འདུག་པས་ཤིན་ཏུ་ཡ་མཚན་ཞེས་དངོས་སུ་བཤད་པ་སྟེ། དེ་ལྟར་བྱ་བ་དེར་ནང་རྒྱུས་ཧ་ཅང་ཆེ་བའི་མི་དེ་རྣམས་ཀྱིས་བདེན་དཔང་ཡང་དག་བྱས་པ་དང༌། རྒད་པོ་དྲི་མེད་ཀྱིས་བླ་མ་འཕུར་ནས་སོང་བ་མངོན་སུམ་མཐོང་ཞེས་སྔར་ནས་གྲགས་ཤིང་ངེད་ལའང་མཐོང་བར་ཡང་ཡང་བཤད་པ་དང༌། གཞན་ཡང་འབའ་ཆུ་ཤང་པད་ཁོ་སྡེ་བའི་ཚེ་རིང་སྐྱིད་དང༌། ཤང་དེའི་ཤ་སྦྲང་ནག་བཟའི་གཟུངས་ལོ་གཉིས་ད་ལྟ་ཤི་ནས་མི་འདུག་ཀྱང་ད་ཡོད་ཀྱི་མི་པད་ཁོ་སྡེ་བའི་ཆོས་རྒྱམ་གྱིས་ཁོང་གཉིས་ཀྱིས་ཀྱང་མངོན་སུམ་དུ་མཐོང་ཞེས་སྔར་ནས་ང་ལ་བཤད་ཅེས་དངོས་སུ་སྨྲས་པ་དང༌། ཡུལ་དེའི་ཕོ་མོ་རྒན་གཞོན་སུ་ལ་དྲིས་ཀྱང་འཕུར་ནས་སོང་བ་རེད་ཅེས་རླུང་ལྟར་དུ་གྲགས་འདུག་སྟེ༑ རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ན་འཕུར་ཏེ་སོང་བ་ཡིན་པ་ལ་ཐེ་ཚོམ་མི་འདུག་གོ ། ངེད་ཀྱིས་སྙིང་དཀར་འབུམ་ལ་ཁོའི་དེ་ལྟར་དུ་བཤད་ཅེས་མི་སྒྲོག་པའི་ཁས་ལེན་བྱས་མོད། ད་ལྟ་མི་གསོན་པོར་ཡོད་ཚེ་མིང་གསང་ནས་ཤི་བའི་ཚེ་བསྒྲགས་ན་གཞན་ཡིད་མི་ཆེས་པར་ཡང་འགྱུར་སྲིད་ལ། ཁོ་དང་གཞན་ཡང་དེ་ཕྱོགས་ཀྱི་མི་དག་ནི་ད་དུང་དུའང་ཡིད་སྐྲག་དེང་ངེ་འདུག་སྟེ། ཇི་སྐད་དུ། ཉིན་གཅིག་དུག་སྦྲུལ་ནག་པོས་སོ་བཏབ་པས། །ལོ་གསུམ་རྩྭ་ཐག་མཐོང་ཡང་སྐྲག་སྣང་འཆར། ། ཞེས་ཟེར་བ་ལྟར་དུ་འདུག་མོད། དོན་ལ་སྐད་ཆ་འདི་དག་བཤད་པ་ཙམ་ལ་ད་ལྟ་དེ་ཙམ་གྱིས་སྐྲག་དགོས་པ་དང་གནོད་པའང་མ་ཡིན་པས་ཁས་ལེན་དང་འགལ་བར་བྱས་ཏེ་མིང་སྨྲ་དགོས་བྱུང་བས་དགོངས་དྭངས་ཞུ་ཞིང༌། སེང་ཁྲི་ཆོས་གྲྭ་ཆེན་མོའི་བླ་གྲྭ་རྣམས་དང༌། ལས་གནས་ལས་ངལ་བསོས་པའི་ལས་བྱེད་པ་དག་དང༌།ཡུལ་དེའི་མི་མང་བཅས་ཀྱིས་བྱ་བ་འདིར་ཐུགས་ཁུར་དང་གྲོགས་དན་དང་མཐུན་འགྱུར་རྒྱ་ཆེར་གནང་སོང་བ་ལ་ཅིས་ཀྱང་བཀའ་དྲིན་ཆེ་ཞེས་ཞུའོ། །ཞེས་མཁན་ཆེན་ཚེ་དབང་རིག་འཛིན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ནས་ལོ་བཞི་བཅུ་ཞེ་བཞི་འདས་པ་བོད་རབ་རྒྱན་ཆུ་རྟ་ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་གཅིག་ལ་གསེར་ལྗོངས་བླ་མ་རུང་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་དག་པར་གཏན་ལ་ཕབ་པའོ།། །།
སློབ་དཔོན་གཙོ་བོ།
[རྩོམ་སྒྲིག]དངོས་སློབ།
[རྩོམ་སྒྲིག]སྤྲུལ་སྐུ།
[རྩོམ་སྒྲིག]ཁོང་གི་སྤྲུལ་སྐུ་ནི་མདོ་སྨད་འབའ་ཡུལ་ཏེ། དེང་གི་སྲིད་འཛིན་གྱི་ས་ཁོངས་བགོ་སྟངས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སེང་ཁྲི་དགོན་གྱི་མཆོག་སྤྲུལ་རྒྱལ་བ་རྒྱ་མཚོ་འམ་བསྟན་འཛིན་སྙན་གྲགས་ཞུ་བ་དེ་ངོས་བཟུང་ཡོད་དོ། །