Jump to content

ནང་ཆེན་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་

ཡོང་ཁུངས་Wikipedia

ནང་ཆེན་རྒྱལ་རབས་དྲུག་བཅུ་རེ་བརྒྱད་པ་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་ནི་ཡབ་རྒྱལ་པོ་དབང་གྲགས་ཚེ་རིང་དང་། ཡུམ་ར་ཟླ་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༡ལྕགས་མོ་ཕག་ལ་ཕོ་བྲང་མཁར་སྔོན་པོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ལུགས་གཉིས་ཀྱི་མཁྱེན་སྤྱོད་མཁའ་ལྟར་ཡང་ཤིང་། ཡབ་མེས་ཀྱི་སྲིད་ཁྲིར་འཁོད་ རྗེས་རྒྱལ་སྲིད་ཆོས་བཞིན་བསྐྱངས། ཤེས་བྱའི་གནས་ལ་མཁྱེན་པ་ རྒྱས། མཆེད་ཚངས་དབྱངས་མཆོག་སྤྲུལ་དང། ལྷོ་ཆགས་མེད། ལྕམ་སྲིང་རྣམ་སྲས་འཇམ་དབྱངས་ ཕྱིས་འཇམ་དབྱངས་དཔོན་མོར་གྲགས། དབང་མོ་རྣམས་འཁྲུངས། རྒྱལ་པོ་ཉིད་ཀྱིས་ཆུང་ངུ་དུས་ནས་འཇམ་དབྱངས་བསྙེན་པ་དུང་ཕྱུར་གསུམ་འགྲུབ། དེ་ཉིད་ཀྱི་བཙུན་མོར་སྡེ་དགེ་རྒྱལ་པོ་རྡོ་རྗེ་སེང་གེའི་ སྲས་མོ་གཡུ་སྒྲོན་ཁབ་ཏུ་བཞེས། རྒྱལ་ཡུམ་འདི་ཉིད་རིག་གནས་ ལ་སྦྱང་པ་ཆེ་ཞིང་སྒྲོལ་མ་ཉེར་གཅིག་ གི་རྟེན་བརྟེན་པ་བཞེངས། དེ་དུས་བོད་ཀྱི་སྐུ་དྲག་དང་མི་ཆེན། དཔོན་པོ་ཆེ་ཁག་རྣམས་རྒྱ་དམག་གི་དྲག་པོའི་བཙན་འཛུལ་ལ་སྟོབས་ཤུགས་ཆིག་སྒྲིལ་དང་ནུས་པ་མཉམ་འདོན་གྱིས་ངོ་རྒོལ་གདོང་ལེན་བྱེད་མཁན་མེད་པར་མདོ་དབུས་ཁམས་གསུམ་གྱི་དཔོན་མགོ་སོ་སོ་རང་ས་རང་ཡུལ་དང་། རང་གི་འབངས་མིའི་སྐྱིད་སྡུག་ལེགས་ཉེས་ལ་མི་ལྟ་བར་རང་མགོ་གང་ཐོན་གྱི་གཞན་དུ་བྲོས་བྱོལ་བྱེད་པར་བྲེལ་ནའང་། ཁོང་ནི་དེ་ལས་ལྡོག་ཏེ་རང་ཉིད་ཀྱི་བདེ་སྡུག་ཁོ་ན་བསམ་ནས་བྲོས་པའི་ལམ་ཁར་མ་ཞུགས་པར་དུས་རབས་ཀྱི་འགྱུར་འགྲོས་ཇི་ལྟར་བྱུང་ཡང་རང་ས་རང་ཡུལ་མི་དོར་བ་དང་། སྐྱིད་སྡུག་ལེགས་ཉེས་ཇི་ལྟར་བྱུང་ཡང་རང་གི་འཁོར་འབངས་ལ་གཟིགས་རྟོགས་བྱེད་པའི་ཆོད་སེམས་བཅང་ནས་བཞུགས། སྤྱི་ལོ་༡༩༥༠ལྕགས་སྟག་ལོར་རྒྱལ་པོ་བཀྲ་ཤིས་ཚེ་དབང་སྟོབས་རྒྱལ་མཆོག་དགུང་གྲངས་སུམ་བཅུ་སོ་དགུ་བཞེས་དུས་ཀྲུང་གུང་རྒྱ་བོད་མཐུན་ཆིང་ཐུན་མོང་མཉམ་འབྲེལ་གྲོས་བཞི་ཐོག འཕྲལ་ཡུལ་གྱི་བྱུས་བདེ་ལ་དམིགས་ནས་སྐྱེ་རྒུ་མདོར་ཕེབས། མི་དམངས་ཚོགས་ཆེན་གྱི་ཚོགས་གཙོ་དང་། རང་སྐྱོང་ཁུལ་གྱི་ཁུལ་གཙོར་འདེམས་བསྐོ་གསལ་བསྒྲགས་བྱས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས། _____༡༩༥༢ ལོའི་ཟླ་ ༢ ཚེས་ ༡༢ ཉིན་རང་སྐྱོང་ས་ཁོངས་བཙུགས་ཤིང་། ༡༩༥༥ ལོར་རང་སྐྱོང་ཁུལ་དུ་བསྒྱུར།____མཆན། སྤྱི་ལོ་༡༩༦༠ལྕགས་གླང་ལོར་མ་ཉེས་ཁ་གཡོགས་ཀྱི་བཙོན་ འཇུག་དང་། རྡུང་རྡེག་དྲག་གནོན་འོག་སྐུ་གཤེགས།