Jump to content

དཔའ་རིས་མཆོད་རྟེན་ཐང་

ཡོང་ཁུངས་Wikipedia

རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཀྱི་བ་དན་གཡོ་བའི་ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་སྟེ་དཔའ་རིས་མཆོད་རྟེན་ཐང་ནི་ཀན་སུའུ་ནུབ་ཕྱོགས་དཔའ་རིས་ཐེན་ཀྲུའུ་ཨོར་རིགས་རང་སྐྱོང་རྫོང་གཉིས་ཀྱི་འབྲེལ་མཚམས་འཇུ་ཆུའི་བྱང་འགྲམ་དུ་ཆགས་ཡོད། རྒྱལ་པོ་ཐང་ཞན་ཙུང་གི་རིང་ལ་གནས་དེར་གཡུར་དྲུང་དགོན་ཟེར་བའི་བོན་གྱི་དགོན་པ་ཞིག་བཏབ་ཡོད། ཡོན་རྒྱལ་རབས་ཏེ་སྤྱི་ལོ་༡༢༤༤ལོར་ས་སྐྱ་ཀུན་དགའ་རྒྱལ་མཚན་འཁོར་བཅས་ལང་ཀྲོའུ་ལ་ཕེབས་སྐབས་སོག་པོས་རྒྱལ་སྐྱོར་བྱས་པར་བརྟེན་གནས་དེར་ཡང་གཡུང་དྲུང་དགོན་གཞིར་བཞག་པའི་སྟེང་ས་སྐྱའི་དགོན་ཞིག་བཏབ། སྤྱི་ལོ༡༣༦༠ལོར་ཀརྨ་རོལ་བའི་རྡོ་རྗེ་ལང་ཀྲོའུ་བརྒྱུད་དེ་རྒྱ་ནག་ཏུ་ཕེབས་ཁར་དཔའ་རིས་པ་རྣམས་ཀྱི་འདོད་མོས་ལྟར་དེར་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པས་མཆོད་རྟེན་ཐང་ཞེས་པའི་མཚན་ཐོགས། དེ་ནས་ཕྱོགས་དེར་ཀརྨའི་འཕྲིན་ལས་ཤིན་ཏུ་དར་བར་བརྟེན་ཁྱུང་ཚ་ཞེས་པའི་བཀའ་བརྒྱུད་པའི་དགོན་པ་ཞིག་ཀྱང་བཏབ། ཀརྨ་བཀའ་བརྒྱུད་པ་ཉམས་པའི་རྗེས་སུ་གནས་དེར་མཚོ་སྔོན་པོ་འདན་པ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཚུལ་ཁྲིམས་རྒྱ་མཚོའི་དངོས་སློབ་སྒོམ་པ་བ་འགའ་ཞིག་བསྡད། སྤྱི་ལོ༡༦༤༧ལོར་སྔོ་ཁོ་དང་རྒྱ་ཏིག སྟོབས་ཚང་སོགས་ཀྱི་ཚོ་མིའི་གྲོས་མཐུན་ལྟར་སྟོང་འཁོར་ཧོ་ཐོག་ཐུ་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོ་གདན་དྲངས་ནས་དེར་དགེ་ལྡན་ལུགས་འཛིན་གྱི་ཆོས་སྡེ་ཆེན་པོ་མཆོད་རྟེན་ཐང་བཏབ་པས་མཆོད་རྟེན་ཐང་དེ་སྟོང་འཁོར་དགོན་གྱི་མངའ་འོག་ཏུ་ཚུད། སྤྱི་ལོ༡༦༥༢ལོར་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་སྐབས་དཔའ་རིས་ཇག་རུང་དུ་ཞག་བཞུགས་གནང་ཞིང་མཆོད་རྟེན་ཐང་གི་དགོན་པར་བཀྲ་ཤིས་དར་རྒྱས་གླིང་ཞེས་པའི་མཚན་བསྩལ། དགོན་དེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེའི་གྲས་སུ་གཏོགས་ཤིང་མཚན་ཉིད་དང་དུས་འཁོར་གྲྭ་ཚང་གཉིས་ཡོད་པས་གཞུང་བཀའ་པོད་ལྔ་དང་སྔགས་ཕྱོགས་ཀྱི་འཆད་ཉན་དར་ཞིང་འཛིན་གྲྭ་དང་། བརྩི་བཞག དམ་བཅའ། མིང་འདོགས་བཅས་ཀྱི་སྲོལ་ཡང་ཆ་ཚང་བར་བཙུགས། གྲྭ་འཚོགས་རྒྱས་སྐབས་དགེ་འདུན་བརྒྱད་བརྒྱ་ལྷག་འདུས་པས། ཁ་དཔེར་མཆོད་རྟེན་ཐང་བན་བརྒྱད་བརྒྱ་ཞེས་གྲགས། དགོནཔ་དེ་ཆེས་དར་བའི་དུས་སུ་ལྷ་ཁང་བཅུ་བཞི་དང་འདུ་ཁང་བཞི་བཅུ། ནང་ཆེན་བཅུ་བདུན། གྲྭ་ཤག་སུམ་བརྒྱ་ལྷག་དང་གྲྭ་ཁང་སྟོང་བཞི་ལྷག་ཡོད་ལ། ད་དུང་འབུར་སྐུ་བྲིས་ཐང་རྩ་ཆེན་དང་ལྡེབས་རིས་། མེ་ཏོག་མཆོད་རྒྱན། རྩིས་གཞུང་། ཆོས་གཞུང་། སྨན་གཞུང་། ཤིང་དཔར་དང་དཔེ་རྒྱུན་དཀོན་པའི་བྲིས་མ་པོ་ཏི་འབུམ་ཕྲག་བཅས་ཡོད། མན་ཆིན་རྒྱལ་རབས་ཀྱི་མཇུག་ཙམ་ལ་ཕྱི་གླིང་འཇར་མན་པ་གཉིས་ཀྱང་དགོན་དེར་ཆོས་ཞུ་མྱོང་བའི་ལོ་རྒྱུས་ཡོད། དཔའ་རིས་མཆོད་རྟེན་ཐང་ནི་དཔའ་རིས་ཡུལ་གྱི་ནང་བསྟན་ཆོས་ལུགས་ཀྱི་དགོན་ཆེན་ཞིག་ཡིན་པར་གོམས་འདྲིས་ལུགས་སྲོལ་ལ་སོགས་པར་ཞིབ་འཇུག་བྱེད་ཡས་ཀྱི་དགོན་པ་རྩ་ཆེན་ཞིག་ཏུ་གྱུར་ཡོད།