Jump to content

ཐེ་བོ།

ཡོང་ཁུངས་Wikipedia

ཐེ་བོ་ (དབྱིན་ཇིའི་སྐད་དུ་ Thewo) རྒྱ་སྐད་དུ་(迭部县) དེང་སྐབས་རྒྱ་ནག་གཞུང་གིས་ཐེ་བོ་རྫོང་དུ་འབོད་པ་འདི་ནི་སྔོན་ཆད་ལོ་རྒྱུས་ཐོག་གི་ཐེ་བོའི་ཕྱེད་ཀའི་ཕྱེད་ཀ་ཡང་ལྡང་གི་མེད། ཐེ་བོ་སྟོད་མ་ཚང་མ་རྔ་བ་་ཁུལ་གྱི་མངའ་ཁོངས་སུ་བཅད་པའི་མཛོད་དགེ་རྫོང་ཁོངས་སུ་བཅུག་ཡོད་པ་རེད། ཐེ་སྨད་ཚང་མ་ལོགས་སུ་བཅད་ནས་འབྲུག་ཆུ་རྫོང་ཞེས་བཏགས་ཡོད་པ་རེད། འདི་ཚང་མས་གསལ་པོ་ཤེས་དགོས་པ་རེད། དེང་སྐབས་འབྲུག་ཆུ་རྫོང་དུ་འབོད་པ་འདི་ཐེ་བོའི་ཆ་ཤས་ཤིག་རེད། བོད་ཀྱི་ལོ་རྒྱུས་ཐོག་གི་གུང་གུ་རྨེ་རུ་རྡོ་རིང་འཛུགས་ས་དེ་ཡང་ཐེ་བོ་དང་རྒྱའི་ས་མཚམས་སུ་ཡོད་པ་རེད། ཐེ་བོ་ལ་སྟོད་སྨད་བར་གསུམ་ཡོད། ཐེ་སྟོད་མང་ཆེ་བ་དེང་སང་མཛོད་དགེ་རྫོང་ཁོངས་དང་། ཐེ་བོ་བར་མ་མང་ཆེ་བ་ཐེ་བོ་རྫོང་ཁོངས་སུ་གཏོགས། ཐེ་སྨད་ཕལ་ཆེར་འབྲུག་ཆུ་རྫོང་ཁོངས་སུ་བགོས་པ་བཅས་འདས་པའི་ཐེ་བོ་ནི་དེང་སང་རྫོང་ཁག་གསུམ་དུ་ཆ་བགོས་བྱས་འདུག

གནས་ཡུལ།

[རྩོམ་སྒྲིག]

ཐེ་བོ་ཞེས་བྱ་བའི་ཡུལ་ནི་བོད་འདི་སྟོད་སྨད་བར་གསུམ་དུ་དབྱེ་བ་ལས།སྨད་མདོ་ཁམས་སྒང་དྲུག་གི་ཆར་གཏོགས་ཤིང་།མདོ་དབུས་མཐོ་སྒང་གི་ཤར་མཐའ་ལ་གནས།དེང་དུས་སྲིད་འཛིན་གྱི་དབྱེ་སྟངས་ལྟར་ན།ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེ་བོ་རྫོང་དང་།སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་གི་ཐེ་བོ་ཁུལ་གཉིས་ཀ་འདུས།ཡང་ངག་རྒྱུན་ལ་སྟོད་ཕྱོགས་ཀླུ་ཆུ་ཚུན་ཆད།སྨད་ཕྱོགས་སུ་ལྷོ་བཙུན་མོའི་ཁོག་ཏེ་དེང་སང་ནན་ཕེན་རྫོང་བྱ་བ།ཤན་ཕྱོགས་སུ་ལྡོང་ཁྲོམ་སྟེ་དེང་སང་གི་ཐན་ཁྲང་རྫོང་ཚུན་ཆོད་ཐེ་བོར་གཏོགས་ཟེར་བའང་འདུགདེ་མིན་སྤྱིར་བཏང་དུ་བྱས་ན།སྟོད་ཀྱི་སྟག་ཚང་ལྷ་མོ་མན་ཆད་།སྨད་ཀྱི་ལ་གཟར་འགག་ཡན་ཆད་ལ་མཐེ་བཅུ་རྫ་ར་གང་བོ་ཞེས་ཐེ་བོ་ཞེས་པའི་ཡུལ་དང་མི་རྒྱུད་ལ་ངོས་འཛིན་བྱ་བཞིན་ཡོད།དེ་ཡང་ནང་གསེས་སུ་སྟོད་དུ་རོང་ཤོག་ཁ་བཞི་དང་།དམག་རུ་དྲུགསྨད་དུ་རོང་ཚོ་སྲིབ་བརྒྱད་སོགས་སུ་དབྱེ་ལ།དེ་མིན་ཐེ་བོའི་སྨད་ཕྱོགས་ལ་སེ་བོ་རོང་ཞེས་འབོད་ལ།སྨད་ཕྱོགས་ཀྱི་འབྲུག་ཆུ་རྫོང་སོགས་སུ་གཏོགས་པའི་རོང་ཕྲན་ཀུན་ལའང་གོཐེ་བོ་གཡི་བ་ནི་ཡུལ་འདིའི་ནུབ་བྱང་དུ་མཆིས་ལ།བྱང་ཕྱོགས་སུ་ཅོ་ནེའི་ཡུལ་དང་འདབས་འབྲེལ།

                               

འབྲེལ་ཡོད་ལོ་རྒྱུས།

[རྩོམ་སྒྲིག]

དེ་བཞིན་ཐེ་བོ་ཞེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཐད་ལ་བཤད་ཚུལ་མ་འདྲ་བ་འགའ་མཆིས་ལ།མདོ་སྨད་ཆོས་འབྱུང་[1]ལས།བོད་རྒྱལ་ཁྲི་རལ་གྱི་སྐབས་སུ་གཅེན་དར་བ་བྱ་བ་བོད་རྒྱའི་ས་མཚམས་སྲུང་བའི་དམག་དཔོན་དུ་བསྐོས་ཤིང་།ཁོང་གིས་གཡག་ཆེན་པོ་གཉིས་མཆན་ཁུང་གཡས་གཡོན་དུ་འཁུར་བས་གཅེན་དར་བ་གཡག་འཁུར་དང་།དམག་སྡེ་ཐམས་ཅད་ལས་དེ་བུད་པས་དེ་བུད་དུ་ཐོགས་ཞེས་འཁོད་འདུགགཞན་ཡང་བཤད་ཚུལ་ཁག་ཅིག་མཆིས་མོད་གང་བདེན་ནི་ཐག་མི་ཆོད།གང་ལྟར་ཡུལ་མིང་འདི་ནི་གཞན་གྱིས་ཚུར་འབོད་པ་ཙམ་མིན་པར།ཐེ་བོའི་མི་སྡེ་དག་གིས་རང་གིས་རང་ལའང་དེ་བཞིན་འབོད་དོ།དེ་ལ་མིའི་རིགས་རིག་པ་ལས་རང་གི་འབོད་སྟངས(self-refrent)ཞེས་བྱའོ།


ཐོན་ཁུངས།

[རྩོམ་སྒྲིག]

ཡུལ་འདི་ནི་ས་ཁམས་གྱི་ཐོག་ནས་བཤད་ན།ཐེ་བོ་རོང་ནི་བྱང་ཐིག་33-34ཤར་ཐིག་102-104ཡི་མཚམས་སུ་ཡོད་ལ།ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གྲུབ་པའི་རོང་ཆེན་ཞིག་ཡིན་ལ།ཐེ་ཆུའམ་འབྲུག་དཀར་གཙང་བོ[1]་ནི་རོང་མཐིལ་དུ་དལ་གྱིས་འབབ་ཞིང་།གཙང་པོའི་ངོགས་གཉིས་སུ་ལྗོན་ཤིང་དང་།ཞིང་ས་གཤིན་པོ་དག་གིས་ཁྱབ་ཅིང་།རི་བོའི་ངོས་ནི་སྲིབ་ལ་ནགས་ཚལ་སྟུག་པོ་ལེ་དབར་བརྒྱ་ཕྲག་ལ་སྦྲེལ་བ་དང་།ཉིན་ལ་སྤང་རི་དང་རྫ་རི་དག་གིས་ཁྱབ་ཡོད།རིམ་པར་སྨད་ཕྱོགས་སུ་ཕྱིན་པས་ས་དྲོ་བའི་མཐུས།ཤིང་འབྲས་སྣ་ཚོགས་དང་།སྟར་ཀ།མ་རྨོས་ལོ་ཏོག་དང་རྒུན་འབྲུམ་སོགས་ཀྱང་སྐྱེས།

ཡུལ་འདིར་ལྗོན་ཤིང་སྣ་ཚོགས་དང་།རི་སྐྱེས་སྲོག་ཆགས་སོགས་ཤིན་ཏུ་མོད་ལ།

ཁྱད་པར་གསོམ་སྡོང[2]་གི་རིགས་མང་བོ་མཆིས་ཤིང་།དུས་རབས་ཉི་ཤུ་བའི་འགོ་སྟོད་དུ་ཡུལ་འདི་སླེབས་པའི་ཕྱི་གླིང་བ་ཇོ་སེ་ཧྥོ་རོ་ཁེ་(Joseph F·Rock l884-1962)ཡིས་གསོམ་སྡོང་རིགས་བཅུ་ཡི་ས་བོན་དང་མ་དཔེ་ཨ་རིར་འཁྱེར་ཞིང་།ཨར་ནོལ་དྷྀ་སྐྱེ་དངོས་ར་བ་(Arnold Arboretum)[3]ནས་འདེབས་འཛུགས་གསོག་ཉར་བྱས་ཤིང་།ཐེ་བོའི་སྐོར་གྱི་པར་རིས་སོགས་1928ལོའི་ཟླ་11པའི་ནང་དུ་འགྲེམས་སྤེལ་བྱས་པའི་ཨ་རིའི་དུས་དེབ་རྒྱལ་ཡོངས་ས་རྒྱུས་(National Geographic)[4]ཀྱི་ནང་དུ་བཀོད་ཡོད།སྐབས་དེར་ཀྲུང་གོའི་རྒྱལ་ཡོངས་སུའང་གསོམ་སྡོང་གི་རིགས་བཅུ་བདུན་ལས་མེད་པར་བཤད།དེ་མིན་ཐང་ཤིང་དང་།ཤུག་པ།སྒྲོན་ཤིང་།སྟག་དཀར།སྟག་དམར།ཚིས་པ།བྲག་གདན།འོ་ཇོ།སྤ་ངུ།ཤུག་ཚེར།གཡར་བ།ཚར་རུ།སྨྱུག་མ།ལྕང་མ།སུ་དཀར།སུ་ནག།བེ་ལོ།རྫས་རྐྱང་།ལ་སྡོང་།གླང་མ།བྲ་མ།སྤེན་མ།སྐྱེར་བ།གདོང་དྲུགཤིང་རྩེ་དཀར་དཀར་སོགས་མང་དུ་ཡོད།

         

འཚོ་སྟངས།

[རྩོམ་སྒྲིག]

གོང་དུ་བཤད་པ་ལྟར། ཡུལ་འདི་ནི་ས་བབ་ཅུང་དམའ་ལ། ཤིང་སྣ་འཛོམས་ས་ཞིག་ཡིན་ལ། ཐེ་བོའི་སྨད་ཕྱོགས་སུ་ས་དྲོ་བའི་མཐུས། སྟར་ཀ་དང་། མ་རྨོས་ལོ་ཏོག རྒུན་འབྲུམ་སོགས་ཀྱང་སྐྱེས་ལ། ལོ་གཉིས་འདེབས་བྱེད་ཅིང་། སྒོ་ཟོག་ལ་བ་གླང་དང་ཕག བྱ་སོགས་གསོའོ། གཡི་བའི་ཡུལ་འདིར་རྫ་ཅུང་མཐོ་ཞིང་སྤང་རི་དག་གིས་ཁྱབ་པས། འབྲི་གཡག་འཚོ་སྐྱོང་བྱེད་ལ། སྔ་མོར་ཡུལ་འབྲོག་གཉིས་ཀ་འཛིན་པ་མང་དུ་ཡོད། དེ་མིན་འབྲུ་རིགས་ལ་གྲོ་ནས་སྲན་གསུམ་དང་། ཀེ་ཚེ་སོགས་མང་དུ་སྐྱེས་ལ། ཚོད་མའི་རིགས་གསར་བ་དག་ཀྱང་གང་འཚམས་སྐྱེས། དེ་མིན་ནགས་སྤང་སོགས་ལ་ཤ་མོ་དང་བཟའ་རུང་བའི་ཤིང་འབྲས་སོགས་མང་དུ་ཡོད།

ཡུལ་འདིར་གཙོ་བོ་ཞིང་ལས་དང་། ཞོར་དུ་ཕྱུགས་ཟོག་འཚོ་སྐྱོང་དང་། ཚོང་ལས་གཉེར་བ་ནི་མང་ཤས་ཡིན། སྔ་མོར་རྔོན་ལས་བྱེད་པའང་ཡོད། ཁྱད་པར་ད་ལྟའི་ཆར་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཅུང་ཟད་འགྲོ་བཞིན་ཡོད། ཁྱད་པར་ཉེ་བའི་ཆར་ཡུལ་འདི་རང་རྒྱལ་གྱི་སྲོལ་རྒྱུན་ཞིང་ལས་ཀྱི་ཤུལ་བཞག་རིག་གནས་(传统农业文化遗产)ཞེས་པར་བདམས་ཐོན་བྱུང་ཞིང་། ཞིང་ཕྱུགས་ནགས་གསུམ་ལྷན་གཅིག་ཏུ་འཛོམས་པའི་མ་ལག་ཞེས་པར་ངོས་འཛིན་དང་། འདི་ནས་ཡར་ལ་བརྩིས་པའི་མི་ལོ་སྟོང་གསུམ་གྱི་སྔོན་རོལ་ནས་འདི་གར་ཡུལ་འབྲོག་འཛིན་པའི་མི་སྡེ་བྱུང་ཞིང་། སྐྱེ་ཁམས་ཀྱི་ཁོར་ཡུག་དང་། སྐྱེ་དངོས་ཕུན་སུམ་ཚོགས་པ་སོགས་གང་ཐད་ནས་ཤིན་ཏུ་རིན་ཐང་ཆེ་ཞིང་། ངོ་མཚར་ཆེ་བ་ཞིག་ཏུ་ངོས་འཛིན་ཞིང་ཡོད། ཁྱད་པར་2017ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་སོ་ནམ་སྡེ་ཚན(FAO)་གྱིས་འཛམ་གླིང་གི་ཞིང་ལས་ཤུལ་བཞག་རིག་གནས་རྩ་ཆེན(GIAHS)ཁྲོད་དུ་བགྲངས་ཤིང་། འཛམ་གླིང་ཡོངས་ལ་གནས་48ཡོད་ལ་རང་རྒྱལ་དུ་ས་གནས་15ཡོད། བོད་ཡུལ་ནས་བཤད་ནའང་། ཤར་ཐེ་བོ་རོང་ཞེས་རོང་ཆེན་དག་ཏུ་བགྲངས་པའང་ངེས་པར་དོན་ལ་གནས་སོ། །ལྔ། ཐེ་བོའི་ཡུལ་སྐད་གྱི་གནས་སྟངས།

      ཐེ་བོའི་ཡུལ་འདིར་ལུང་པ་ཕན་ཚུན་དབར་ལ་སྐད་ཀྱི་ཁྱད་པར་ཆེ་ཙམ་ཡོད་ལ། ཆེད་དུ་མ་འདྲིས་ན་ཐད་ཀར་གོ་བརྡ་མི་འཕྲོད་པས། བྱེ་བྲག་ཀྱི་ལུང་སྐད་གསུམ་ཙམ་དུ་བགྲངས་ཆོག དེ་ལས་ཁོ་བོའི་བརྟག་དཔྱད་བྱ་ཡུལ་ནི་གཡི་བའི་ལུང་སྐད་ཡིན་ལ། ལུང་སྐད་ཅེས་པའི་ཐ་སྙད་འདི་ནི་གནས་སྐབས་སུ་སྤྱོད་པ་ཡིན་ཏེ། སྤྱིར་བོད་སྐད་ཀྱི་ཡུལ་སྐད་ཀྱི་རིགས་དབྱེ་དང་། ཁྱད་པར་བོད་བོད་ཤར་ཕྱོགས་མདོ་ཁམས་ཀྱི་ཡུལ་སྐད་ནི་སྣ་ཚོགས་སུ་ཡོད་ལ། དེ་དག་ཐམས་ཅད་མདོ་དབུས་ཁམས་གསུམ་དུ་གང་རུང་དུ་འཇུག་པ་ནི། ས་ཁམས་ཀྱི་དབྱེ་འབྱེད་བྱེད་སྟངས་ལས། སྐད་ཀྱི་རིགས་རྒྱུན་རིག་པའི་དབྱེ་འབྱེད་བྱེད་སྟངས་མིན། ཡུལ་སྐད་དང་དེའི་ཚད་གཞི་ནི་སྐད་བརྡ་རིག་པའི་སྤྱི་འགྲོས་ཀྱི་མཚན་ཉིད་དང་བསྟུན་ན། ཐེ་བོའི་ཡུལ་འདི་ཡང་ཡུལ་སྐད་གསུམ་ཙམ་མཆིས་ཞེས་སྨྲ་ཆོག ཡང་སྔོན་གྱི་ཞིབ་འཇུག་ཏུ། ཐེ་བོའི་ཕྱོགས་ཀྱི་ཡུལ་སྐད་རྣམས་ཁམས་ཀྱི་ཡུལ་སྐད་དུ་བགྲངས་པ་(ཀྲང་1993)སོགས་ཡོད་མོད། ཡང་སྙིང་ཁམས་ཀྱི་ཡུལ་སྐད་ཀྱི་ཚད་གཞི་གང་ཡིན་པ་དང་། ཚད་གཞི་དེ་དག་རིགས་རྒྱུན་རིགས་པའི་ཚད་གཞི་ཡིན་མིན་སོགས་ཀྱི་ཐད་ལ་རྩོད་ཉོག་སྔར་བཞིན་མཆིས་པས། འདིར་ལུང་སྐད་ཅེས་པའི་བརྡ་ཆད་འདི་བཀོལ་ཞིང་། བརྡ་ཆད་འདི་ལས་ལུང་པ་འདིའི་སྐད་ནི་ཉེ་འཁོར་གྱི་སྐད་དང་མ་འདྲིས་པར་ཐད་ཀར་གོ་བརྡ་མི་འཕྲོད་པ་ཞིག་ཡིན་པ་མཚོན་པ་ལས། སྐད་དང་ཡུལ་སྐད་ཀྱི་རིམ་པ་གང་ལ་གཏོགས་མིན་སོགས་གང་ཡང་མི་མཚོན།


དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

[1]མདོ་སྨད་ཆོས་འབྱུང་།

[1]མིང་འདི་ཐོགས་སྟངས་ལ་བཤད་སྲོལ་མི་འདྲ་བ་ཁག་ཅིག་འདུག་མོད།གཙོ་བོ་ཆུ་བོ་འདིའ་འབྱུང་ཁུངས་སྟག་ཚང་ལྷ་མོ་ཡིན་ལ།དེར་སྟག་ཚང་དང་འབྲུག་ཚང་ཞེས་འཔི་བྲག་ཕུག་གཉིས་མཆིས་ཤིང་།ཆུ་བོའི་འགོ་ཁུངས་དེ་ལ་ཐུག་པས་མིང་འདི་ཐོགས་པར་ངོས་འཛིན་ནོ།

[2]ལ་ཊིན་སྐད་ཀྱི་མིང་Picea asperata Mast

[3]དྲ་གནས་https://www.arboretum.harvard.edu སུ་འཚོལ་ཆོག་ལ།རོ་ཁེ་ཡིས་བྲིས་པའི་ཉིན་ཐོ་དང་།ལྗོན་ཤིང་གི་པར་སོགས་གསལ་བོར་མཆིས་སོ།།

[4]ཨ་རིའི་རྒྱལ་ཡོངས་ས་རྒྱུས་(National Geographic)ཞེས་པའི་དྲ་གནས་https://www.nationalgeographic.comནས་འཚོལ་ཆོག

"https://bo.wikipedia.org/w/index.php?title=ཐེ་བོ།&oldid=136938"ལས་སླར་རྙེད་སོང།