ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་

ཡོང་ཁུངས་Wikipedia

ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1901 ལོར་ཚལ་གུང་ཐང་དུ་ཡབ་ཚེ་རིང་དོན་གྲུབ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1982 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཁྲི་བྱང་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཁྲི་འདོན་གནང་། དེ་ནས་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། འབུལ་[184]སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་དང་ཀླུ་འབུམ་ཤེས་རབ་རྒྱ་མཚོ་གཉིས་ལས་ཐ་སྙད་རིག་གནས་གསན་བཞེས་མཛད། དགུང་ལོ་ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་དམ་བཅའ་གནང་། ཕ་བོང་ཁ་བྱམས་པ་བསྟན་འཛིན་དང་སྟག་བྲག་ངག་དབང་གསུང་རབ་གཉིས་ལས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། དགུང་ལོ་སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་གསར་བཞེངས་ཀྱི་ཕྱག་ལས་གནང་། དགུང་ལོ་ཞེ་བཞི་པར་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་མཚན་ཞབས་མཛད། དགུང་ལོ་ང་གཅིག་པར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཡོངས་འཛིན་གྱི་འགན་ཁུར་བཞེས་ཏེ་མདོ་སྔགས་ཆོས་ཀྱིས་མཆོད་པ་ཕུལ་ནས་དུས་འདའ་བར་མཛད། དགུང་ལོ་གྱ་གཉིས་པར་དགོངས་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཁྲི་བྱང་སྐུ་ཕྲེང་གསུམ་པ་ཡིན་ནོ། །ཁོང་གི་གསུང་རྩོམ་ནི《རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས〈རྗེས་གནང་གི་སྐོར〉དང་། 〈ཁྲིད་ཀྱི་སྐོར〉། 〈བེའུ་བུམ་གྱི་སྐོར〉། 〈ལུང་གི་སྐོར〉། 〈དབང་གི་སྐོར〉། 《ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བེའུ་བུམ་སྐོར》བཅས་ཆོས་ཚན་བརྒྱད་ལོངས་པའི་པོད་གཅིག་བཞུགས་སོ།།