ཁ་ན་ཌ།

ཡོང་ཁུངས་Wikipedia

ཁ་ན་ཌ་(Canada)ནི་ཨ་མེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཨོ་ཏ་ཝ་རེད། ལོ་ཙཱའི་དབང་གིས་གཤམ་ལ་ཁེ་ན་ཏ་ཞེས་ཀྱང་འབོད།

ཁེ་ན་ཏ་ནི་བྱང་ཨ་རིའི་གླིང་ཆེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན། དེ་ཡི་ལྷོ་ཕྱོགས་དང་ནུབ་ཕྱོགས་གཉིས་ཀ་ཨ་རི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ལ་སྦྲེལ་ཡོད་པ་དང་། ས་ཁྱོན་གྱི་ཆ་ནས་བཤད་ན། ཁེ་ན་ཏ་ནི་འཛམ་གླིང་རྒྱལ་ཁབ་ཀྱི་གྲས་ནས་རྒྱལ་ཁབ་ཆེ་ཤོས་ཨང་གཉིས་པ་ཡིན། ཁེ་ན་ཏ་ལ་ཞིང་ཆེན་བཅུ་དང་མངའ་ཁོངས་ས་ཆ་གསུམ་ཡོད། ཨོ་ཐེ་ཝ་ནི་ཁེ་ན་ཏ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། ༡༨༦༧ལོར། ཁེ་ཏ་ན་རྒྱལ་ཁབ་ཅིག་ཏུ་གྱུར་ཀྱང་། ༡༩༨༢ལོར་གཞི་ནས་དབྱིན་ཇི་ལས་རང་ཉིད་ཀྱི་རྩ་ཁྲིམས་ཕྱིར་ལག་ཏུ་ཐོབ། དེ་ལ་སྔོན་ཆད་ཁེ་ན་ཏའི་བདག་དབང་ཞེས་བརྗོད།

ས་ཁམས།[རྩོམ་སྒྲིག]

ཨུ་རུ་སུའི་རྗེས་ནས་ཁེ་ན་ཏ་ནི་འཛམ་གླིང་སྟེང་གི་ས་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་ཡིན་པ་དང་། འཛམ་གླིང་སྟེང་གི་རྒྱལ་ཁབ་གང་རུང་གི་མཚོ་ངོགས་མཐའ་མཚམས་ལ་འབྲེལ་བ་ཆེས་རིང་ཤོས་ཡིན། དེ་ནི་ཞི་བདེ་རྒྱ་མཚོ་དང་བྱང་སྣེའི་རྒྱ་མཚོ། ནུབ་རྒྱ་མཚོ་ཆེན་པོར་འབྲེལ་ནས་ཡོད་ལ། འཛམ་གླིང་སྟེང་དུས་མཚུངས་སུ་རྒྱ་མཚོ་ཆེན་པོ་གསུམ་ལ་འབྲེལ་ཡོད་པའི་རྒྱལ་ཁབ་གཅིག་པུའང་ཡིན། དེ་ལ་ས་ཁུལ་དུས་ཚོད་མི་འདྲ་བ་དྲུག་ཡོད། ཁེ་ན་ཏ་དང་ཨ་རི། (མངའ་སྡེ་འོག་མ༤༨དང་ཨ་ལ་སི་ཁ།)དྲན་མར་ཁི། (སྔོ་ལྗང་ས་གཞི།)ཧྥ་རན་སི(ཕིའེ་རི་དང་མི་ཁིའུ་ལོན་མངའ་སྡེ་ནི་གསར་རྙེད་ས་ཆའི་གླིང་ཕྲན་ལས་ཐག་རིང་པའི་གླིང་ཕྲན་ཁྱུ་ཚོགས་ཆུང་ཆུང་ཞིག་ཡིན།)བཅས་ཀྱི་ས་དང་རྒྱ་མཚོའི་མཐའ་མཚམས་འདྲེས་ནས་ཡོད།

ཁེ་ན་ཏ་ཡི་ས་ཁམས་ནི་ས་ཆ་རེ་རེ་མི་འདྲ་སྟེ། ནུབ་ཕྱོགས་ཀྱི་ཨལ་ཕབ་རི་རྒྱུད་ཀྱི་ས་ཁུལ་ནི་མཐོན་པོ་ཡོད་པ་དང་། དཀྱིལ་གྱི་རྩྭ་ཐང་དང་སྤང་ལྗོངས་ཁོད་སྙོམས་པ། ཤར་དུ་གནའ་བོའི་འགེབ་སྲུང་བྲག་རྡོ་དག་ཡོད། ཁེ་ན་ཏའི་ནང་དུ་འཛམ་གླིང་སྟེང་ཆེས་མཐའ་མ་དང་གནོད་སྐྱོན་མ་ཐེབས་པའི་བྷོ་རེལ་ནགས་ཚལ་འགའ་ཤས་ཡོད། ཧ་སན་མཚོ་ཁུགས་ཀྱི་མཐའ་འཁོར་དུ་གནའ་བོའི་ས་ཁམས་རིག་པའི་དུས་རབས་སྔོན་གྱི་གཞུ་དབྱིབས་བྲག་རྡོ་མང་པོ་ཡོད་པའི་ས་ཁྱོན་ཆེན་པོ་ཞིག་ཡོད། དེ་ཡིས་ཁེ་ན་ཏའི་ས་ཁྱོན་གྱི་གསུམ་ཆ་གཅིག་ལྷག་བཟུང་ཡོད་ལ་ཁེ་ན་ཏའི་འགེབ་སྲུང་ལྟ་བུ་ཡིན། དེ་ནི་མཚོ་མོ་དང་འདམ་རྫབ། འདམ་གཞུང་། ཤིང་སྡོང་། བྲག་རྡོ་བཅས་འཛོམས་པའི་ས་ཆ་ཁྱད་པར་བ་ཞིག་ཡིན། འདི་དག་གི་དབང་གིས་གནས་དེའི་ས་བབ་ཆགས་ཚུལ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པས། དེ་བརྒལ་ནས་རྒྱལ་ཁབ་ནང་དུ་འགྲོ་བ་ཧ་ཅང་གིས་དཀའ་ལས་ཁག་པོ་ཡིན། ཁེ་ན་ཏའི་ནང་དུ་འཛམ་གླིང་གི་མཚོའི་བརྒྱ་ཆ༦༠ཡོད།

མངའ་སྡེ།[རྩོམ་སྒྲིག]

ཁེ་ན་ཏ་ནི་ཞིང་ཆེན་བཅུ་དང་མངའ་ཁོངས་ས་ཆ་གསུམ་གྱིས་གྲུབ་ཡོད་པ་ཞིག་ཡིན། ཞིང་ཆེན་དག་གོ་ལའི་འཕྲེད་ཐིག་གི་ཐད་གཤིབ་ཐིག་རིས༤༥པ་དང༦༠པའི་བར་དུ་ཡོད་ལ། མངའ་ཁོངས་ས་ཆ་དག་གོ་ལའི་འཕྲེད་ཐིག་གི་ཐད་གཤིབ་ཐིག་རིས༦༠པའི་བྱང་ཕྱོགས་སུ་ཡོད། དོ་རོན་དོ་དང་བན་ཁོས་བིར། མོན་ཁྲེལ་གྲོང་ཁྱེར་སོགས་ཚུད་པའི་ཁེ་ན་ཏའི་གྲོང་ཁྱེར་ཆེན་པོ་མང་ཤོས་ནི་ལྷོ་ཁུལ་དུ་ཡོད། ཁེ་ན་ཏའི་བྱང་ཕྱོགས་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་མི་ཧ་ཅང་ཉུང་ཤས་ལས་མེད། ཁེ་ན་ཏ་ནི་ནུབ་ཕྱོགས་མཚོ་ངོགས་ནས་ཁེ་ན་ཏ་རྩྭ་ཐང་དང་ཁེ་ན་ཏ་དཀྱིལ་མ་འཕྲེད་དུ་བཅད་དེ། ནུབ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་ཐུག་ཡོད། བྱང་ཕྱོགས་ཀྱི་ཨ་ལ་སི་ཁ་དང་སྔོ་ལྗང་ས་གཞི་གཉིས་ཀྱི་བར་དུ་མངའ་ཁོངས་ས་ཆ་གསུམ་ཆགས་ཡོད། ཡུའུ་ཁོན་ནི་ནུབ་ཕྱོགས་སུ་ཡོད་པ་དང་། དེ་ནས་ནུབ་བྱང་མངའ་ཁོངས་ས་ཆ། དེ་ནས་ནུའུ་ན་ཝུས་དི་ཡིན། མཚོ་ཆེན་པོ་ལྔ་ལས་བཞི་ནི་ཁེ་ན་ཏ་དང་ཨ་རི(མི་ཆེ་གྷན་མཚོ་མོ་ཨ་རིའི་ནང་དུ་ཡོད།)ཐུན་མོང་གིས་སྤྱོད་ཀྱིན་ཡོད། དེ་དག་གིས་སའི་གོ་ལའི་ཆུ་གཙང་མའི་བརྒྱ་ཆ༡༦ཟིན་ཡོད། སྐྱེས་བུ་དམ་པ་ལོ་རན་སིའི་མཚོ་ལམ་ཞེས་པ་མཚོ་ཆེན་པོ་དག་དང་འབྲེལ་ནས་ནུབ་རྒྱ་མཚོ་ཆེན་པོར་འདྲེས་ཡོད་པས། གྲུ་གཟིངས་དག་ཁེ་ན་ཏའི་ཨོན་དེ་རིའོ་ཡི་ནང་ཁུལ་ས་ཆ་དེན་དྲིར་བྷེ་གྲོང་ཁྱེར་ལྟ་བུ་ལ་འགྲོ་བར་སྟབས་བདེ་བཟོས་ཡོད།

ལོ་རྒྱུས།[རྩོམ་སྒྲིག]

ཡོ་རོབ་པ་མ་སླེབས་སྔོན་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། ས་སྐྱེས་རྡོ་སྐྱེས་ཀྱི་མི་མང་པོ་ད་ལྟའི་ཁེ་ན་ཏའི་ནང་དུ་འཚོ་སྡོད་བྱས་ཡོད་པ་རེད། ཁོ་ཚོ་ལ་ཐོག་མའི་མི་རིགས་དང་ཨི་ནེ་དི་མི་རིགས་ཞེས་གྲགས། ཁྲག་རིགས་འདྲེས་མཚོ་ལས་ཕྱེད་ཐོག་མའི་མི་རིགས་དང་ཕྱེད་ཡོ་རོབ་པ་ཡིན་པ་ཡོད། རིགས་གསུམ་པོ་ལྷན་དུ་བྱས་ན་ཁོ་ཚོར་ས་སྐྱེས་རྡོ་སྐྱེས་ཀྱི་མིའམ་གདོད་མའི་མི། ཡང་ན་ཐོག་མའི་མི་རིགས་ཞེས་འབོད། སྔོན་ཆད་ཡོ་རོབ་པས་ཁོ་ཚོ་ལ་ཨེན་དྲིས་ཨན་མི་རིགས་ཀྱང་ཟེར་མོད། དེང་སྐབས་དེ་ལྟར་བོས་ན་གུས་ཞབས་མ་བྱས་པར་འདོད། བེ་ཁན་མི་རིགས་ནི་ཁེ་ན་ཏའི་ནང་དུ་སླེབ་མཁན་ཡོ་རོབ་པ་ཐོག་མ་ཡིན་ལ། དེང་སྐབས་ཀྱི་ནེས་ཧྥང་དྲི་ལན་གླིང་ཕྲན་དུ་འཚོ་སྡོད་བྱས་ཡོད་པ་རེད། གླིང་ཕྲན་དེ་ནི་བེ་ཁན་མྱུལ་ཞིབ་པ་ལེ་ཧྥུ་ཨེ་རིག་སན་གྱིས་སྣེ་འཁྲིད་ཀྱིན་ཡོད། གང་ལྟར་ཁོ་ཚོ་དེ་རུ་རྒྱུན་རིང་པོར་གནས་སྡོད་མི་བྱེད་པ་རེད། དུས་རབས༡༦པའི་དུས་འགོར། ཡོ་རོབ་པ་ཚོས་ཁེ་ན་ཏའི་ཤར་མཚོ་ངོགས་ལ་འཚོལ་ཞིབ་བྱེད་པའི་འགོ་བཙུགས། ༡༤༩༧ལོར། དབྱིན་ཇི་ནས་ཡིན་པའི་ཇོན་ཁེ་བྷོ་དི་ཡིས་འགོ་བརྩམས་ཤིང་། དེ་ནས༡༥༣༤ལོར། ཧྥ་རན་སི་ནས་ཡིན་པའི་ཇེ་ཁི་ཁེ་སི་ཁར་དིར་ཡིན་པ་དང་། རྗེས་སུ་ཨ་ལེ་ཁི་སི་རྫན་དྲིལ་མ་ཁན་རྫེས་ཞི་བདེ་རྒྱ་མཚོའི་མཚོ་ངོགས་སུ་འབྱོར་ཡོད་ལ། དེད་དཔོན་ཇེམ་སི་ཁོས་ཁི་དང་ཇོར་ཇི་ཝན་ཁོས་ཝིར་གཉིས་མཚོ་ཐོག་ནས་བསྐྱོད་ཡོད་པ་རེད། ཡོ་རོབ་པས་ད་དུང་ཐོག་མའི་མི་རིགས་ལྷན་དུ་ཆུ་བྱའི་སྤུ་ཚོང་བརྒྱབ་ཡོད་འདུག

ཁེ་ན་ཏའི་ས་ཆ་ཕྱེད་ཀ་རུ་ཧྥ་རན་སིའི་མི་དང་། ཕྱེད་ཀ་རུ་དབྱིན་ཇིའི་མི་དང་སི་ཁོ་དི་ལན་གྱི་མི་གཞིས་ཆགས་ཡོད་པ་རེད། ༡༦༠༥ལོར་ས་མོལ་དྲེ་ཆམ་ལན་གྱིས་ཧྥ་རན་སི་མི་མང་ལ་འགོ་ཁྲིད་དེ། ཨེ་ཁ་དྲེ(དེང་སང་ནོ་བཱ་སི་ཁོ་དེ་ཞེས་འབོད།)ནང་དུ་ཕོར་དི་རོ་ཡིལ་འཛུགས་སྐྲུན་བྱས་པ་དང་། ༡༦༠༨ལོར། ཁོང་གིས་ཁེའུ་བྷེ་ཁི་གྲོང་ཁྱེར་གསར་དུ་འཛུགས་པའི་འགོ་བཙུགས། ༡༧༥༩ལོར། ཁེའུ་བྷེ་ཁི་གྲོང་ཁྱེར་ཉེ་འགྲམ་དུ་བྱུང་བའི་ཨ་བྷི་ར་ཧམ་ཐང་གཞུང་དམག་འཁྲུག་གི་རྗེས་སུ་དབྱིན་ཇིས་ཧྥ་རན་སིའི་ས་ཁུལ་དག་བདག་ཏུ་བཟུང་། ཨ་རིའི་གླིང་ཆེན་གསར་བརྗེ་དམག་འཁྲུག་གི་རྗེས་སུ། ཨ་རི་རྒྱལ་ཁབ་གསར་པའི་མི་མང་པོ་ཞིག་དབྱིན་ཇི་ལ་བློ་དཀར་བར་གྱུར། མི་མང་སྟོང་ཕྲག་མང་པོ་ཁེ་ན་ཏའི་བྱང་ཕྱོགས་སུ་ཡོང་སྟེ་ནོ་བཱ་སི་ཁོ་དེ་དང་། བྷི་རན་ས་ཝེ་ཁི་གསར་བ། ཁེའུ་བྷེ་ཁི། ཨོན་དེ་རིའོ་རུ་གཞིས་ཆགས་ཤིང་། ཁོ་ཚོར་གོང་མའི་རྒྱལ་ཁབ་ལ་ཞེན་ཅན་མཉམ་འབྲེལ་ཞེས་འབོད། ༡༨༡༢ལོའི་དམག་འཁྲུག་གི་སྐབས་སུ། ཨ་རིས་ཁེ་ན་ཏ་དབང་སྒྱུར་བྱེད་རྩིས་བྱས་ཀྱང་ལེགས་འགྲུབ་མ་བྱུང་། ༡༨༦༧ལོའི་ཟླ༧ཚེས༡ཉིན། ཁེ་ན་ཏ་མཉམ་འབྲེལ་སྲིད་གཞུང་ཞིག་ཏུ་གྱུར། དེའི་ནང་དུ་ཨོན་དི་རིའོ་དང་ཁེའུ་བྷེ་ཁི། བྷི་རན་སི་ཝེ་ཁི་གསར་བ། ནོ་བ་སི་ཁོ་དེ་ཞིང་ཆེན་བཅས་འདུས་ཡོད། མི་རྗེ་ཇོན་མེ་ཁི་དྲོ་ནལ་ནི་སྲིད་བློན་ཐོག་མ་དེ་ཡིན། ༡༨༧༠ལོར་ཡུའུ་ཁོན་མངའ་ཁོངས་ས་ཆ་སྟེ། མ་ནེ་དོ་པ་དང་ནུབ་བྱང་མངའ་ཁོངས་ས་ཆ་དག་ཁེ་ན་ཏའི་ཆ་ཤས་སུ་གྱུར་ཅིང་། ༡༨༧༡ལོར་དབྱིན་ཇི་ཁོ་ལོམ་བྷིས་ཨ་དང་། ༡༨༧༣ལོར། རྒྱལ་སྲས་ཨེ་ཝར་དྲི་ཁེ་ན་ཏའི་སྟངས་འཛིན་འོག་ཏུ་གྱུར། གཙང་པོ་དམར་པོའི་གྱེན་ལངས་གཉིས་བྱུང་ཡོད་དེ། གཅིག་ནི༡༨༦༩ནས༡༨༧༠ལོའི་བར་དང་། གཞན་དེ་ནི༡༨༨༥ལོར་ཡིན་ལ། གྱེན་ལངས་དེ་གཉིས་ཀྱི་འགོ་འཁྲིད་མཁན་ལོས་ཨེ་སི་རེལ་ཡིན། ཁོང་གིས་མེ་དིས་སི་མི་རིགས(ཧྥ་རན་སིའི་མི་དང་ཐོག་མའི་མི་རིགས་ལས་བྱུང་བའི་ཁྲག་རིགས་འདྲེས་མའི་མི།)ཀྱི་ཐོབ་ཐང་ཆེད་འཐབ་རྩོད་བྱས། ༡༨༨༥ལོར། ཁེ་ན་ཏའི་ནང་དུ་ཁེ་ན་ཏ་ཞི་མཐུན་ལྕགས་ལམ་ཞེས་པའི་མེ་འཁོར་ལྕགས་ལམ་ཞིག་ལེགས་འགྲུབ་བྱུང་སྟེ། ཁེ་ན་ཏའི་མི་རྣམས་ནུབ་ཕྱོགས་སུ་འགྲོ་བར་སྟབས་ཇེ་བདེར་བཏང་། ཡོ་རོབ་པ་མང་པོ་ཞིག་ཁེ་ན་ཏའི་རྩྭ་ཐང་དུ་སླེབས་པས། ༡༠༩༥ལོར། ཨལ་བྷིར་ད་དང་ས་སི་ཁ་ཆེ་ཝན་གཉིས་ཁེ་ན་ཏའི་ཞིང་ཆེན་གཉིས་སུ་གྱུར།

འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ། ཁེ་ན་ཏ་དམག་མིས་དབྱིན་ཇི་རྒྱལ་པོའི་རྒྱལ་ཁབ་ཆེད་འཐབ་འཛིང་བྱས། དམག་འཁྲུག་གཞན་ལས་དམག་འཁྲུག་འདིའི་ནང་དུ་ཁེ་ན་ཏའི་མི་ཤི་བ་མང་། ༡༩༡༧ལོར། ཧྥ་རན་སི་རུ་བྱུང་བའི་བེས་མེས་རེས་ཇི་དམག་འཁྲུག་སྐབས་ཁེ་ན་ཏ་འཇར་མན་ལས་རྒྱལ་རྗེས། ཁེ་ན་ཏ་ནི་རྒྱལ་ཁབ་ངོ་མ་ཞིག་ཡིན་པ་སྔར་ལས་ངོས་འཛིན་ཡག་པོ་ཐོབ། དམག་འཁྲུག་མཇུག་རྫོགས་རྗེས། བུད་མེད་ཚོར་འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་སྤྲད། རྒྱུ་མཚན་གཅིག་ནི་སྐྱེས་པ་ཚོས་ཡོ་རོབ་ནང་འཐབ་འཛིང་བྱེད་སྐབས་ཁོ་ཚོས་མཚོན་ཆ་བཟོ་བའི་ཐད་ལ་རོགས་རམ་ཆེན་པོ་བྱས་པས་ཡིན། ༡༩༣༡ལོར། ཁེ་ན་ཏ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་གྱུར། ༡༩༣༡ལོའི་རྗེས་སུ། ཁེ་ན་ཏ་སྲིད་གཞུང་གིས་ཁེ་ན་ཏའི་དོན་དག་ཆ་ཚང་ཐག་གཅོད་བྱེད་ཀྱིན་ཡོད།

ཁེ་ན་ཏ་ཡིས་འཛམ་གླིང་དམག་ཆེན་གཉིས་པའི་ནང་དུའང་འཐབ་འཛིང་བྱས། ༡༩༤༢ལོའི་དྲེ་པེ་དམག་འཁྲུག་ནི་ཧ་ཅང་གིས་མི་ལེགས་པ་བྱུང་ཡོད་དེ། དམག་མི་མང་ཤོས་བསད་པ་དང་རྨས་སྐྱོན་ཕོག་པ་དང་བཙོན་འཇུག་བྱས། ༡༩༤༤ལོའི་ནོར་མན་དྲིའི་དམག་འཁྲུག་སྐབས་ཁེ་ན་ཏ་མིས་བྱས་རྗེས་བཞག་ཡོད་ལ། ཁོ་ཚོས་ཧོ་ལན་བཅིངས་འགྲོལ་བཏང་། (འཇར་མན་དབང་སྒྱུར་ལས་རང་དབང་སྤྲད།) ༡༩༤༩ལོར། ནེ་ཧྥོང་དྲི་ལན་དང་ལ་བྷིར་དྲོ་ནི་ཁེ་ན་ཏའི་ཞིང་ཆེན་བཅུ་པར་གྱུར། ༡༩༥༦ལོར། རྗེས་སུ་སྲིད་བློན་དུ་གྱུར་བའི་ལེ་སི་དིར་ཕེར་སན་གྱིས་སུས་རྫི་དམག་འཁྲུག་མཇུག་རྫོགས་པར་རོགས་རམ་བླ་ན་མེད་པ་བྱས། དེའི་རྐྱེན་གྱིས་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ༡༩༦༥ལོར། ཕེར་སན་གྱིས་ཁེ་ན་ཏ་ལ་རྒྱལ་དར་གསར་པ་གཡའ་ཤིང་ལོ་མ[4]ཞེས་པ་བཟོས། དེའི་སྔོན་དུ་ཁེ་ན་ཏ་ཡིས་རུ་དར་དམར་པོ[5]བེད་སྤྱོད་བྱེད་ཀྱིན་ཡོད། ༡༩༨༢ལོར། ཁེ་ན་ཏ་ཡིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་བཏང་། དེའི་ནང་དུ་ཁེ་ན་ཏ་ཐོབ་ཐང་རང་དབང་རྩ་ཁྲིམས་གསར་པ་ཞིག་ཚུད་ཡོད། རྩ་ཁྲིམས་ཀྱི་ཆ་ཤས་གཙོ་བོ་ནི་སྔར་བཞིན༡༨༧༦ལོའི་དབྱིན་ཇི་བྱང་ཨ་རིའི་བཅའ་ཁྲིམས་ཡིན།ཧྥ་རན་སིའི་ཁེ་ན་ཏ་མི་ཁ་ཅིག་གིས་དེང་སང་ད་དུང་ཡང་། ཁེ་ན་ཏ་ལས་ལོགས་སུ་བཀར་ཏེ་ཁོ་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ཅིག་འཛུགས་ན་འདོད་ཡོད། ༡༩༨༠ལོར། ཁེའུ་བྷེ་ཁི་ཞིང་ཆེན་གྱིས་སྤྱི་འབངས་འོས་འདེམ[6](འོས་ཤོག་འཕངས་པ།)ཞིག་བྱས་ཡོད་མོད། འོན་ཀྱང་། ལོགས་སུ་བཀར་མཁན་བརྒྱ་ཆ་བཞི་བཅུ་ཙམ་ལས་བྱུང་མེད། ༡༩༩༥ལོར། ཡང་བསྐྱར་སྤྱི་འབངས་འོས་འདེམ་ཞིག་བྱས། སྐབས་དེར་ཕར་ཆེར་བརྒྱ་ཆ་ལྔ་བཅུ་ཁེ་ན་ཏ་ལས་ལོགས་སུ་འགྲོ་བར་རྒྱབ་སྐྱོར་བྱས། དེ་ནས་བཟུང་ཁེ་ན་ཏ་ནས་ལོགས་སུ་བཏོན་འདོད་མཁན་མི་ཉུང་ཤས་ལས་མེད། ཡིན་ཡང་། དེ་ནི་སྔར་བཞིན་ཁེའུ་བྷེ་ཁི་ཡི་ཆབ་སྲིད་གནད་དོན་ཞིག་ཏུ་གྱུར་ཡོད། ༡༩༩༩ལོར། ཨེ་ནེ་དྲི་མི་དམངས་ལྷན་དུ་གྲོས་མཐུན་བྱུང་སྟེ། ནོས་ན་བོས་དྲི་ནི་ཁེ་ན་ཏའི་ཤར་ཕྱོགས་ཀྱི་ནུབ་བྱང་མངའ་ཁོངས་ས་ཆ་ཁག་ལས་མངའ་ཁོངས་ས་ཆ་གསུམ་པ་ལ་བསྒྱུར། ཁེ་ན་ཏའི་ད་ལྟའི་ཁེ་ཕན་དག་འབྱོར་འབྲིང་གྲལ་རིམ་གྱི་ཡོང་འབབ་ནི་ཨ་རི་ལས་མཐོ་བར་མངོན་ཡོད།

སྐད་རིགས།[རྩོམ་སྒྲིག]

དེང་སྐབས་ཁེ་ན་ཏའི་མི་བརྒྱ་ཆ༢༥ཙམ་གྱིས་ཧྥ་རན་སིའི་སྐད་ཡིག་ཁོ་ཚོའི་སྐད་ཡིག་དང་པོ་རུ་བཞག་ནས་བཤད་ཀྱིན་ཡོད། མི་མང་པོ་ཞིག་གིས་ཧྥ་རན་སིའི་སྐད་དང་དབྱིན་ཇིའི་སྐད་གཉིས་ཆ་བཤད་ཤེས། ཧྥ་རན་སི་ཁེ་ན་ཏའི་མི་མང་ཤོས་ཁེའུ་བྷེ་ཁི་ཞིང་ཆེན་ནང་འཚོ་སྡོད་བྱེད་ཀྱིན་ཡོད་ཀྱང་། ཁེ་ན་ཏའི་ས་ཆ་གཞན་དུ་ཧྥ་རན་སིའི་སྐད་བཤད་མཁན་གྱི་སྤྱི་ཚོགས་ཁག་དང་མིའང་ཡོད། དཔེར་ན། བྷི་རན་སི་ཝེ་ཁི་གསར་པའི་ཞིང་ཆེན་གྱི་མི་བརྒྱ་ཆ༤༠དང་མ་ནེ་དོ་པཱ་ཞིང་ཆེན་གྱི་མི་བརྒྱ་ཆ༢༠ཡི་རྒྱབ་ལྗོངས་ཧྥ་རན་སི་ལ་འབྲེལ་བ་ཟབ་མོ་ཡོད་པ་དང་། ཁེའུ་བྷེ་ཁི་ལ་ས་མཚམས་གཙོ་བོ་སྦྲེལ་ཡོད་པའི་ཨོན་དེ་རིའོ་ནང་དུ་མི་ཁག་ཅིག་ཡོད།

སྲིད་གཞུང་།[རྩོམ་སྒྲིག]

ཁེ་ན་ཏ་གཞུང་ནི་རྩ་ཁྲིམས་རྗེས་མཐུན་གྱི་རྒྱལ་པོའི་སྲིད་དབང་ཞིག་ཡིན། སྲིད་གཞུང་ལ་རྒྱལ་པོ(རྒྱལ་པོའམ་རྒྱལ་མོ་ནི་རྒྱལ་ཁབ་ཀྱི་འགོ་གཙོ་ཡིན།)ཡོད་ལ་དམངས་གཙོ(རྒྱལ་ཁབ་གྱི་དབང་སྒྱུར་མཁན་ནི་མི་དམངས་ཡིན།)ཡང་ཡིན། ཁེ་ན་ཏའི་རྒྱལ་མོ་ཨེ་ལིས་རྫེས་བྷ་ཐི་གཉིས་པ་ཁེ་ན་ཏའི་གཞུང་གི་འགོ་གཙོ་ཡིན། ཁོ་མོས་མོའི་ངོ་ཚབ་ཏུ་སྤྱི་ཁྱབ་སྲིད་སྐྱོང་ཞིག་བསྐོ་བཞག་བྱེད་མོད་མཐའ་མ་སུ་ཞིག་འཇོག་མིན་གྱི་གདམ་ང་ནི་སྲིད་བློན་ལག་ཏུ་ཡོད།

རྒྱལ་མོའི་དབང་ཆ་དག་སྤྱི་ཁྱབ་སྲིད་སྐྱོང་གིས་གཙོ་བོར་བེད་སྤྱོད་ཀྱིན་ཡོད་ལ། ད་ལྟའི་སྤྱི་ཁྱབ་སྲིད་སྐྱོང་ནི་དེ་བི་དི་ཇོན་སི་དོན་ཡིན། ཁེ་ན་ཏའི་རྒྱལ་པོ(ཁེ་ན་ཏའི་རྒྱལ་པོའམ་རྒྱལ་མོ།)ལྟ་བུའི་སྤྱི་ཁྱབ་སྲིད་སྐྱོང་ནི་ཆབ་སྲིད་ཀྱི་མི་སྣ་མིན་པ་དང་ཆབ་སྲིད་རིག་པའི་ཡན་དུ་ཡོད། དེའི་རྐྱེན་གྱིས་ཁོ་ཚོས་སྲིད་བློན་ནམ་བློན་ཆེན་གཞན་གྱི་སློབ་སྟོན་མེད་པར་དབང་ཆ་གང་འདོད་ཀྱིས་བེད་སྤྱོད་བྱེད་མི་ཆོག

སྲིད་གཞུང་གི་འགོ་གཙོ་སྲིད་བློན་ཡིན། ད་ལྟའི་དུས་སྐབས་ཀྱི་སྲིད་བློན་ཇ་སི་ཐན་ཁྲིའུ་དྲིས་ཨོ་ཡིན་ལ།༢༠༡༥ལོའི་ཟླ༡༠པའི་ནང་། སྲིད་བློན་སི་དན་ཧྥན་ཧར་ཕིར་བརྗེ་སྤོར་བྱས། ཞིང་ཆེན་དང་མངའ་ཁོངས་ས་ཆ་རེ་རེར་སྣེ་འཁྲིད་མཁན་གྱི་དབུ་བཞུགས་བློན་ཆེན་རེ་ཡོད། སྤྱིར་བཏང་གིས་བཀའ་ཤག་ནི་གྲོས་ཚོགས་ཀྱི་ཚོགས་པ་ཆེན་པོ་ལས་གྲུབ་ཡོད་ཅིང་། ཁོང་ཚོས་ཉི་མ་རེ་རེའི་གཞུང་གི་ལས་ཀ་སྒྲུབ་ཀྱིན་ཡོད།

ཁེ་ན་ཏའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་པ་རེད། རྒྱལ་མོའི་ཚབ་བྱེད་མཁན་སྤྱི་ཁྱབ་སྲིད་བློན་ལ་ཁྲིམས་ལུགས་ཤིག་རྩིས་མེད་གཏོང་བའི་ཐོབ་ཐང་ཡོད་མོད། འོན་ཀྱང་། ཐོབ་ཐང་དེ་དུས་ཡུན་གང་འཚམ་ཞིག་ལ་བེད་སྤྱོད་བྱས་མེད། ཁེ་ན་ཏའི་གྲོས་ཚོགས་ལ་ཚོགས་པ་གཙོ་བོ་ལྔ་ཡོད་དེ། སྲོལ་རྒྱུན་སོར་གནས་ཚོགས་པ་དང་། དམངས་གཙོ་གསར་པའི་ཚོགས་པ། རང་དབང་ཚོགས་པ། ཁིའུ་བྷེ་ཁི་སིམཉམ་འབྲེལ་ཚོགས་པ། སྔོ་ལྗང་ཚོགས་པ་བཅས་ཡིན། གྲོས་ཚོགས་ནང་དུ་ཚོགས་མི་ཡོད་པའི་ཚོགས་པ་ལྔ་ཡི་ཁར་གཞན་ཁེ་ན་ཏའི་འོས་བསྡུ་དང་། རང་བདག་གི་གྲོས་ཚོགས་ཚོགས་མི་དུ་མའི་ལྷན་དུ་ཐོ་འགོད་བྱས་པའི་ཚོགས་པ་ཆུང་ཆུང་བཅུ་བཞི་ཡོད།

གནམ་གཤིས་དང་དེའི་ཤུགས་རྐྱེན།[རྩོམ་སྒྲིག]

འཛམ་གླིང་གི་ས་ཆ་གཞན་གྱི་མི་མང་པོ་ཞིག་གི་སེམས་སུ་ཁེ་ན་ཏ་ནི་ཧ་ཅང་གྲང་མོ་ཡིན་ཞིང་གངས་ཀྱིས་ཁེངས་ཡོད་པར་འདོད། ཁེ་ན་ཏའི་བྱང་ཕྱོགས་སུ་དེ་ལྟར་ཡིན་ཡང་དེ་ནི་རྒྱང་ཐག་ཤིན་ཏུ་རིང་པ་དང་། དེར་མ་ཟད། ཁེ་ན་ཏའི་མི་མང་ཆེ་བ་ལྷོ་ཕྱོགས་ས་ཆ་རུ་འཚོ་སྡོད་བྱེད་ཀྱིན་ཡོད་ལ། ལྷོ་ཕྱོགས་ས་ཆ་བྱང་ཕྱོགས་ས་ཆ་ལས་ཚ་གྲང་སྙོམས་པོ་ཡོད། ཁེ་ན་ཏའི་མི་གསུམ་ཆ་གཉིས་ལ་ཉེ་བ་ཨ་རིའི་ས་མཚམས་ནས་སྤྱི་ལེ༡༠༠(དབྱིན་ལེ༦༢།)ལས་ཉུང་བའི་སར་འཚོ་སྡོད་བྱེད་ཀྱིན་ཡོད། གྲོང་ཁྱེར་ཁ་ཤས་ནང་དུ་དགུན་དུས་ཧ་ཅང་གྲང་ལ། ཁྱད་པར་དུ་ཨན་ལན་དྲི(Inland)ཤིན་ཏུ་གྲང་། ཞི་བདེ་རྒྱ་མཚོ་ལས་དྲོད་རླངས་ལྡང་པ་དེའི་དབང་གིས། ཞི་བདེ་རྒྱ་མཚོའི་མཚོ་ངོགས་སུ་ཁ་བ་འབབ་པ་ལས་ཆར་བ་མང་དུ་གཏོང་ལ། དུས་མཚུངས་སུ། ཨན་ལན་དྲིའི་དྲོད་ཚད་སྔར་ལས་གྲང་མོ་ཕྱིན་པ་དང་ཁ་བ་འབབ། ཁེ་ན་ཏའི་ས་ཆ་མང་ཆེ་བ་དབྱར་ཁ་ཚ་བ་རབ་ཏུ་ཆེ་ལ། རྒྱུན་ལྡན་གྱི་དྲོད་ཚད་ནི་ཏུའུ༣༠ཡི་སྒང་དུ་ཡོད། ཁེ་ན་ཏའི་མི་ཡིས་དགུན་དུས་སུ་འཁྱགས་ཤུད་ཧོག་ཀི་རྩེ་བ་དང་གངས་ཤུད་གློད་པ་དང་། དབྱར་དུས་སྐབས་སུ་ཡང་དབྱར་དུས་ཀྱི་རྩེད་མོ་སྣ་ཚོགས་ལོངས་སུ་སྤྱོད།

རང་བྱུང་ཐོན་ཁུངས།[རྩོམ་སྒྲིག]

ཁེ་ན་ཏ་ལ་རང་བྱུང་ཁམས་ཀྱི་ཐོན་ཁུངས་ཕོན་ཆེན་པོ་ཡོད། ཁོ་ཚོས་དུས་རབས་མང་པོའི་རིང་ལ་གྲངས་འབོར་མང་བའི་ཉ་རིགས་ཁ་ཟས་བྱེད་པ་དང་དངུལ་གསོག་ཆེད་དུ་བཀོལ་ཡོད། ཁེ་ན་ཏ་ལ་གཙང་ཆུ་མང་པོ་ཡོད་པས་ཆུ་ཤུགས་གློག་འདོན་གྱི་གློག་ཧ་ཅང་འབེལ་པོ་ཡིན། ནུབ་ཕྱོགས་ཀྱི་ནགས་ཚལ་དག་ཤིང་ཆའི་ཆེད་བཀོལ་སྤྱོད་བྱེད་ཀྱིན་ཡོད། ཁེ་ན་ཏ་ལ་བསྐྱར་གསོ་རུང་བའི་ཐོན་ཁུངས་འདི་དག་ལས་གཞན་ཡང་ལྕགས་རིགས། གཏེར་རྡོ། སྣུམ་མཛོད་མང་པོ་ཡོད། ད་དུང་ཁེ་ན་ཏ་ནི་ཏི་ཚ[8]དང་། ཡུ་རེ་ནི་ཡམ།[9] གསེར། གཤའ་དཀར།[10] ཧ་ཡང་། ངར་ལྕགས། ཞ་ཉེ་བཅས་ཀྱི་ཕྱིར་ཚོང་གཙོ་བོ་ཞིག་ཡིན།

སྒྱུར་མཁན། དབང་ཆེན་འཕྲིན་ལས།    མཐོ་བོད་འཕྲིན་སྟེགས་ནས་དྲངས།




པར་རིས་བར་འཁྱམས།[རྩོམ་སྒྲིག]



"https://bo.wikipedia.org/w/index.php?title=ཁ་ན་ཌ།&oldid=136368"ལས་སླར་རྙེད་སོང།