ཀོང་པོ་བསྟན་འཛིན་ལེགས་བཤད་

ཡོང་ཁུངས་Wikipedia

ཀོང་པོ་བསྟན་འཛིན་ལེགས་བཤད་ ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་ཤར་ཕྱོགས་ཀོང་ཡུལ་ཡིན། ཁོང་དྭགས་པོ་གྲྭ་ཚང་དང་། དཔལ་ལྡན་སྨད་རྒྱུད་སོགས་སུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པའི་གོ་འཕང་ཐོབ། རྒྱུད་པ་དང་བྱང་རྩེ་རིམ་བཞིན་ཁྲི་ཐོག་པ་ལོ་བདུན་གྱི་རིང་དུ་མཛད། རབ་བྱུང་བཅུ་གཅིག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ1638ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཀྱང་དགའ་ལྡན་རྩེ་ཤར་གཉིས་ཀྱི་བར་དུ་འཁྲུགས་རྩོད་བྱུང་རྐྱེན་ཤར་པ་རྣམས་ཀྱིས་དགའ་ལྡན་གསེར་ཁྲི་བཙན་འཕྲོག་མཛད་པས་གསེར་ཁྲི་ལས་ཐོག་པ་བཞུགས་མ་བདེ་ནས་བྲོས་སྟབས་ཀྱིས་ཁམས་དཔལ་འབར་དུ་བྱོན་ཏེ་འགྲོ་དོན་མཛད། འདིའི་ཡན་ལ་དགའ་ལྡན་ཁྲི་པ་རྩེ་ཤར་རེ་མོས་བྱེད་ཀྱང་ལོ་གྲངས་སོགས་ལ་ངེས་ཅན་མེད་ན་ཡང་། འདིའི་མཚམས་ནས་བཟུང་གཙང་པ་རྒྱལ་པོས་ཁྲིམས་བཅད་པས་ཁྲི་པའི་ལོ་གྲངས་ངེས་ཅན་གྱི་སྲོལ་ཚུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་སུམ་ཅུ་སོ་དྲུག་པ་ཡིན་ནོ། །