Jump to content

འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་

ཡོང་ཁུངས་Wikipedia

༄༅།།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ཅེས་བྱ་བ་བཞུགས། །ན་མོ་མཉྫུ་ཤྲཱི་ཀུ་མཱ་རབྷུ་ཏཱ་ཡ། །མཚུངས་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་མི་ཕམ་མགོན། །དེ་ཡིས་རྗེས་བཟུང་འཕགས་པ་ཐོགས་མེད་ཞབས། །གང་གི་གསུང་སྐྱེས་མཁས་མཆོག་དབྱིག་གི་གཉེན། །དེའི་སློབ་མཆོག་གྱུར་དཔལ་ལྡན་བློ་གྲོས་བརྟན། །དེ་ལས་རིམ་བརྒྱུད་དམ་པའི་ཚོགས་རྣམས་དང་། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་པ་ཡི། །བཤེས་གཉེན་རྣམས་ལ་གུས་པས་ཕྱག་བྱས་ནས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་འགྲོ་ཀུན་ལ། །རབ་བཀྱེ་རྒྱལ་ཚབ་ཆེན་པོའི་གསུང་རབ་འདིར། །གཅིག་ཏུ་གུས་ཤིང་གཞན་ལ་ཕན་པའི་བློས། །རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་སྤྲོ། །དེ་ཡང་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་ནས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་ཚབ་མི་ཕམ་མགོན་པོའི་ཞལ་ནས་དངོས་སུ་ནོད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་གཞུང་ཁྱད་འཕགས་འདི་ཉིད་ཤིན་ཏུ་གསལ་བར་གོ་བདེ་བའི་ཚུལ་དུ་རྣམ་པར་བཤད་པ་ལ། མཚན་དོན། འགྱུར་ཕྱག གཞུང་དོན། མཇུག་དོན་བཞི་ལས། དང་པོ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ནཱ་མ་ཀཱ་རི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ཞེས་པའི་ཚིག་ལེའུར་བྱས་པ་ཞེས་གསུངས་ཏེ། ཆེན་པོ་བདུན་དང་ལྡན་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་ལ། ཐེག་ཆེན་མདོ་སྡེ་རྣམས་ཀྱི་དགོངས་པ་འབྱོར་པའི་དོན་ཚུལ་བླ་མེད་ལྔའི་ཚུལ་གྱིས་གསལ་བར་བྱེད་པའི་རྒྱན་དུ་གྱུར་པས་ན། བསྟན་བཅོས་འདིའི་མཚན་དུ་མདོ་སྡེ་རྒྱན་ཞེས་བྱ་ཞིང་། དེ་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པས་ན་ཚིག་ལེའུར་བྱས་པ་ཞེས་སོ། །གཉིས་པ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་གཞུང་འདི་བོད་སྐད་དུ་སྒྱུར་བའི་ཐོག་མར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འགྱུར་ཕྱག་མཛད་པའོ། །གསུམ་པ་གཞུང་དོན་ལ། ཇི་ལྟར་བརྩམ་པའི་ཚུལ་དང་། དེ་ལྟར་བརྩམ་པའི་བསྟན་བཅོས་ཀྱི་གཞུང་བཤད་པ་གཉིས། དང་པོ་དོན་ཤེས་དོན་སྟོན་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། བྱེད་པ་པོ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཤེས་པ་དང་། དོན་དེ་གཞན་ལ་སྟོན་པར་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། དགོས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར། རྒྱུ་སྙིང་རྗེ་དེ་ཡི་བདག་ཉིད་རྣམས་སྡུག་བསྔལ་བའི་འགྲོ་ལ་སྙིང་རྗེ་ཆེན་པོ་ལས། ཐབས་གང་སྟོན་ན་ཐེག་པ་མཆོག་གི་རྣམ་པ་བསྟན་པའི་ཆོས་ཀྱིའོ། །གང་ཟག་སུ་ལ་ན། ཐེག་པ་མཆོག་གི་རྣམ་པ་དེ་ཡིས་འགྲོ་བ་སྟེ། ཐེག་པ་ཆེན་པོའི་ལམ་གྱིས་འབྲས་བུའི་གནས་སུ་འགྲོ་བའི་སེམས་ཅན་ནམ་གང་ཟག་ཐེག་ཆེན་པའི་ཚོགས་ལ། ཇི་ལྟར་ན་ཚིག་དང་དོན་དུ་འབྲེལ་ཞིང་ལེགས་པར་འབྱོར་བའི་དོན་ཚུལ་གང་ཞིག །ཐེག་པ་ཆེན་པོའི་དོན་ཅན་ཡིན་པས་བླ་ན་མེད་པར་གྱུར་པ་རྣམ་པ་ལྔ་ཡི་བདག་ཉིད་སྟོན་པར་བྱེད་དེ། ལྔ་གང་ཞེ་ན། མགར་བ་མཁས་པས་གསེར་ལས་རྣ་རྒྱན་སོགས་བརྡུངས་བྱས་པ་དང་འདྲ་ཞིང་། མེ་ཏོག་པདྨ་ཁ་ཕྱེས་ཏེ་རྒྱས་པ་བཞིན་དང་། བཀྲེས་པས་ཉེན་པ་དག་གཡོས་སུ་ལེགས་པར་བྱས་པའི་ཁ་ཟས་བཟང་པོ་ཟ་བ་དང་། སེམས་དགའ་བར་བྱེད་པའི་འཕྲིན་ཡིག་ལེགས་པ་ཐོས་པ་འདྲ་བ་དང་། རིན་ཆེན་སྣ་ཚོགས་ཀྱི་སྒྲོམ་ཁ་ཕྱེ་བ་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་དེ་ཉིད་བསྟན་བཅོས་འདིར་བཤད་པ་ཡང་དེ་ལྟར་དེ་དག་ལ་དགའ་བའི་མཆོག་སྐྱེད་པར་བྱེད་དོ་ཞེས་གསུངས་ཏེ། སྐབས་འདིར་འབྱོར་བའི་དོན་ཚུལ་ལྔའི་སྒོ་ནས་ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་དོན་གསལ་བར་བྱེད་པའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱ་བ་ཡིན་པས་དེ་ལྔའི་དོན་ཇི་ལྟ་བུ་ཡིན་པ་ལེགས་པར་ངོས་ཟིན་པ་ནི་བསྟན་བཅོས་འདིའི་དབུ་ཞབས་ཀྱི་དོན་བསྡུས་པའི་གནད་ཡིན་པས་འོག་ཏུ་འཆད་པར་བྱའོ། །སྐབས་འདིར་བདག་ཉིད་ཆེན་པོ་བློ་གྲོས་བརྟན་པའི་འགྲེལ་བར་འདི་ལྟར་གསུངས་ཏེ། བསྟན་བཅོས་འདིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་གསལ་བར་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོར་བསྡུ་ན་གསུམ་སྟེ། གང་ལ་སློབ་པ་ཇི་ལྟར་སློབ་པ། གང་དག་གིས་སློབ་པ་གསུམ་ལས། དང་པོ་གནས་བདུན་གྱིས་བསྡུས་ཏེ། རང་དོན་དང་། གཞན་དོན་དང་། དེ་ཁོ་ན་ཉིད་དང་། མཐུ་དང་། བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། བླ་མེད་རྫོགས་བྱང་ལ་སློབ་པ་སྟེ་དེ་ལྟར་བདུན་ནོ། །ཇི་ལྟར་བསླབ་པར་བྱ་བ་ལ། ཐོག་མར་ཐེག་ཆེན་གྱི་ཆོས་ལ་མོས་པ་མང་བར་བྱ་བ་དང་། ཆོས་ཚོལ་བ་དང་། ཆོས་སྟོན་པ་དང་། ཆོས་དང་མཐུན་པའི་ཆོས་བསྒྲུབ་པ། ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གནས་པ། ལུས་ངག་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པར་བྱ་བ་སྟེ་རྣམ་པ་དྲུག་གི་ཚུལ་གྱིས་སོ། །གང་དག་གིས་སློབ་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེའི་བྱེ་བྲག་བསྡུ་ན་བཅུ་སྟེ། རིགས་ལ་གནས་པ་དང་། ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་། བསམ་པ་ཡོངས་སུ་མ་སྨིན་པ་དང་། བསམ་པ་ཡོངས་སུ་སྨིན་པ་དང་། ངེས་པ་མ་ཡིན་པར་རྟོགས་པ་དང་། ངེས་པར་རྟོགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ། །བྱང་སེམས་དེ་ཐམས་ཅད་ཀྱི་མིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། བློ་དང་ལྡན་པ་སོགས་གཞུང་ལྟར་རོ། །བསྟན་བཅོས་ཀྱི་ལུས་ནི་འདི་ཡིན་ནོ་ཞེས་གསུངས། དེ་ཡང་དོན་ཤེས་དོན་སྟོན་སོགས་ཀྱི་ཚིགས་བཅད་གཉིས་སོ། །བརྡ་སྤྲོད་པའི་སྒྲའི་གཙུག་ལག་ལས་རྣམ་དབྱེ་བདུན་བཤད་པ་དང་མཚུངས་པར། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། དེའི་ཕྱིར་དང་། རྒྱུའི་དོན་དང་། ཡན་ལག་གི་དོན་དང་། ཆེད་ཀྱི་དོན་ཏེ་བདུན་པོས་རིམ་པར་བཤད་ཚུལ་གསུངས་བ་འདིར། དེའི་ཕྱིར་ཞེས་པ་དེའི་ཆེད་དུ་ཞེས་པ་རྣམ་དབྱེ་བཞི་པ་ཆེད་དོན་གྱི་མིང་སྟེ། སྒྲའི་གཞུང་ལས་སྦྱིན་པ་ཞེས་ཀྱང་བཤད་དེ། གང་གི་ཆེད་དུ་སྦྱིན་པ་དེ་ཆེད་དོན་གྱི་མིང་དུ་བརྗོད་དོ། །རྒྱུའི་དོན་ཞེས་པ་འབྱུང་ཁུངས་ཀྱི་དོན་དང་། ཡན་ལག་གི་དོན་ཞེས་པ་དྲུག་པ་འབྲེལ་སྒྲའི་མིང་སྟེ། སྒྲའི་གཞུང་ཁ་ཅིག་ལས། ཧ་སྟི་ཞེས་པ་ལག་པའམ་ཡན་ལག་མཚོན་བྱེད་དེ། མཆོད་སྦྱིན་གྱི་ལག་པ་ལྟ་བུ་དང་། ཆེད་ཀྱི་དོན་ཞེས་པ་སྐབས་འདིར་རྣམ་དབྱེ་བཞི་པ་ཆེད་དོན་མ་ཡིན་གྱི་ཐེག་ཆེན་གྱི་གང་ཟག་གི་ཆེད་དུ་ཡིན་པས་གང་ཟག་དེ་ལ་བརྟེན་པ་རྟེན་གནས་ཀྱི་དོན་ཅན་ཡིན་ཏེ། སྒྲའི་གཞུང་འགར་རྣམ་དབྱེ་བདུན་པའི་མིང་དུ། མིཏྟ་སཔྟ་ཞེས་མཚན་མ་བདུན་པར་བརྗོད་པ་དེ་ཡིན་ནོ། །དེ་ལ་ལས་སུ་བྱ་བའི་དོན་ཅན་གཙོ་ཆེར་བྱས་ནས་འགྲེལ་ཆེན་ལས་འདི་ལྟར་བཤད་དེ་བྱེད་པ་པོའམ་ཆོས་ཀྱི་ངོ་བོ་གང་ཞིག་རྒྱན་པར་བྱེད་ཅེ་ན། དོན་ཤེས་ཞེས་པས་ཐེག་པ་ཆེན་པོའི་མདོ་སྡེ་ནི་བརྒྱན་བྱའི་ངོ་བོའམ་གཞིའོ། །ཇི་ལྟར་ན་བསྟན་བཅོས་འདིས་ཐེག་ཆེན་མདོ་སྡེ་རྣམས་ཀྱི་དོན་ཤེས་པར་བྱེད་པའི་ཚུལ་གྱིས་བརྒྱན་ཏོ། །ལས་སུ་བྱ་བ་མདོ་སྡེ་གང་དེ་ལ་བསྟན་བཅོས་འདིས་ཇི་ལྟར་བརྒྱན་པའི་བྱ་བ་འཇུག་ན། དེའི་དོན་འདིས་སྟོན་པར་བྱེད་པས་སོ། །བྱེད་པ་གང་གིས་ན། ངག་དང་ཚིག་དྲི་མེད་པས་སོ། །དེ་ལྟར་རྒྱན་པར་བྱེད་པ་དེ་ཅི་ཞིག་གི་ཆེད་དུ་ཡིན་ན། སྡུག་བསྔལ་བསྒྲལ་ཕྱིར་ཞེས་སོ། །དེ་རྒྱུ་ཅི་ལས་བྱུང་ན། དེ་ཡི་བདག་ཉིད་སྡུག་བསྔལ་འགྲོ་ལ་སྙིང་རྗེ་ལས་ཞེས་སོ། །དེ་གང་སུ་དང་འབྲེལ་ཞེ་ན། ཐེག་མཆོག་བསྟན་པའི་ཆོས་ཀྱི་ཞེས་བསྟན་བཅོས་འདི་ཐེག་པ་ཆེན་པོའི་བཀའ་དང་ཡན་ལག་ཅན་དང་ཡན་ལག་ལྟ་བུར་འབྲེལ་བར་སྟོན་ནོ། །དེ་གང་ཟག་གང་ལ་བརྟེན་པ་ཡིན་ཞེ་ན། རྣམ་པ་དེ་ཡིས་འགྲོ་བའི་སེམས་ཅན་ལ། ཞེས་ཐེག་པ་ཆེན་པོའི་གང་ཟག་གི་ཆེད་དོན་ཡིན་པས་དེ་ཡི་རྒྱུད་ལ་བརྟེན་པ་སྟེ་ཤིང་ལ་བྱ་བཞིན་ནོ། །འགྲེལ་ཆེན་ལས་གསུངས་པ་གོ་དཀའ་བར་སྣང་བས་འདིར་གནད་གསལ་བར་མདོར་བསྡུས་ཏེ་བརྗོད་པའོ། །ཡང་སྒྲ་བྱེད་པ་སྒྲུབ་པ་གཙོ་ཆེ་བའི་དབང་དུ་བྱས་ཏེ་བཤད་ན། གང་གིས་བསྟན་བཅོས་འདི་རྩོམ་པའི་བྱེད་པ་པོ་ནི། དོན་ཤེས་ཞེས་པས་བསྟན་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་ཤེས་ཤིང་གཟིགས་པས་དོན་སོ་སོ་ཡང་དག་པ་རིག་པ་བརྙེས་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་མི་ཕམ་མགོན་པོས་སོ། །དེས་ལས་སུ་བྱ་བ་ནི། དོན་སྟོན་རབ་ཏུ་བྱེད་པ་ཞེས་པས་མདོ་སྡེའི་དོན་མཐའ་དག་སྟོན་པར་རབ་ཏུ་བྱེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་བརྩམ་མོ་ཞེས་དང་། བྱེད་པ་ཅི་ལྟ་བུས་ན། ངག་དང་ཚིག་རྣམས་དྲི་མེད་པས་ཞེས། རྗོད་བྱེད་ཀྱི་ང༵ག་རྣམ་དག་ཆོས་སོ་སོ་ཡང་དག་པར་རིག་པ་དང༵་། སེམས་ཅན་རྣམས་ཀྱི་སྐད་ངེས་པའི་ཚི༵ག་སོ་སོ་ཡང་དག་རིག་པ་སྒྲིབ་པའི་དྲི་མ་མེད་པས་སོ། །གང་གི་ཆེད་དུ་ཡིན་ཞེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རམ་ཆེད་དུའོ། །ཀུན་སློང་ངམ་རྒྱུ་གང་གིས་ན། ཤེས་རབ་དང་སྙིང་རྗེ་དེ་ཡི་བདག་ཉིད་རྒྱལ་ཚབ་ཆེན་པོ་ཉིད་ཀྱིས་སྡུག་བསྔལ་བའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོ་ལས་སོ། ། དེ་ལྟར་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་བསྟན་བཅོས་འདི་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་པའམ་གང་དང་འབྲེལ་ཞེ་ན། ཐེག་མཆོག་བསྟན་པའི་ཆོས་ཀྱི་ཞེས། ཐེག་ཆེན་གྱི་ཕྱོགས་སུ་གཏོགས་ཤིང་དེ་དང་འབྲེལ་ཞེས་སོ། ། འདི་གང་ཟག་སུའི་ཆེད་དུ་ཡིན་ཞིང་སུའི་རྒྱུད་ལ་བརྟེན་པར་འགྱུར་བ་ཡིན་ཞེ་ན། ཐེག་པ་མཆོག་གི་ཆོས་ཀྱི་རྣམ་པ་དེ་ཡིས་འགྲོ་བའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་ལའོ། །ཞེས་ཤེས་པར་བྱའོ། །དེ་ཡང་ངག་དྲི་མ་མེད་པ་མདོར་བསྡུས་ན་ཡན་ལག་བརྒྱད་དང་ལྡན་པ་སྟེ། གྲོང་ཁྱེར་པ་ཞེས་པ་ཐར་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པའམ་ཚིག་ཡོངས་སུ་གྲགས་པའོ། །སྙན་ཅིང་འཇེབ་པ་གདངས་སྙན་ཞིང་ཡིད་དུ་འཇེབ་པ། རྣམ་པར་གསལ་བ་ཚིག་དང་ཡི་གེ་བཟང་བ། རྣམ་པར་རིག་པར་བྱེད་པ། དོན་ཤིན་ཏུ་གོ་བར་བྱེད་པ། མཉམ་པར་འོས་པ་དོན་ཆེན་པོ་དམ་པའི་ཆོས་ཀྱི་དོན་དང་ལྡན་པ་རྟེན་པ་མེད་པ་ནི་རབ་ཏུ་དངས་བ་ལྷག་པར་འཕེལ་བ། མི་མཐུན་པ་མེད་པ་ཡིད་ལ་འབབ་ཅིང་མངོན་པར་འདོད་པ། གཏུགས་པ་མེད་པ་ནི་ཤིན་ཏུ་རྒྱ་ཆེ་བ་ལ་མཁས་པས་མཐའ་གཏུག་ཏུ་མེད་པའོ། །དེ་བརྒྱད་ཀྱི་དང་པོ་དབང་དུ་བྱ་བའི་སྒོ་ནས་སོ། །དེའི་རྗེས་ཀྱི་གཉིས་ངོ་བོའི་སྒོ་ནས་དང་། ལྷག་མ་ལྔ་སྦྱོར་བའི་སྒོ་ནས་ཡིན་ནོ། །ཚིག་དྲི་མ་མེད་པ་ཡང་ཡན་ལག་བརྒྱད་དེ། ཚིག་དང་ཡི་གེ་རིགས་པ་ནི། མིང་ཚིག་ཡི་གེ་གོ་རིམས་བཞིན་འབྲེལ་བ་དང་། དོན་རིགས་པའི་ལམ་དང་ལྡན་པ་འབྲེལ་བ་ཞེས་པ་དོན་དང་འབྱོར་པའམ་དོན་སྒྲུབ་པར་བྱེད་པ། མཐུན་པ་ཞེས་པ་དོན་ལེགས་པར་རྣམ་པར་བཤད་པ། རུང་བ་ཞེས་པ་ཚིག་དང་ཡི་གེ་གསལ་བ། འབྱོར་བ་ཞེས་པ་སྙིང་ལ་བབས་པ། འཕྲོད་པ་ཞེས་པ་འཁོར་ཇི་ལྟ་བ་བཞིན་ཡིད་ལ་འཕྲོད་པ། འཚམས་པ་ཞེས་པ། ཆོས་མཐུན་དོན་ལྡན་དུས་སུ་འཚམས་པ། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་པ་འགྲུས་སྐྱོང་ནི་བརྩོན་འགྲུས་ཏེ་མཁས་པར་བྱེད་ཅིང་རྟག་ཏུ་བྱེད་པ་དང་། ཡན་ལག་གི་ཚོགས་ནི་ཡང་དག་པའི་ལྟ་བ་སོགས་དང་ལྡན་པ་སྟེ། དེ་ལྟ་བུའི་དོན་དང་ལྡན་པའི་གཏམ་སྟོན་པའོ། ། འབྱོར་བའི་དོན་ཚུལ་བླ་མེད་དཔེ་ལྔས་བསྟན་པའི་དོན་གང་ཡིན་ཞེ་ན། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ་ཞེས་གསུངས་པ་འདི་ལྔ་ཡིན་ཀྱང་། མདོར་སྡུས་ཙམ་གྱི་ཚིག་དེའི་དགོངས་པ་གང་ཡིན་ལ། སློབ་དཔོན་རྣམས་ཀྱིས་བཞེད་པ་འགའ་བྱུང་སྟེ། སློབ་དཔོན་བློ་གྲོས་བརྟན་པས་ནི་ཚིག་དེ་ལྔ་དངོས་པོ་ལྔ་དང་། ངོ་བོ་ཉིད་གསུམ་དང་། གང་ཟག་གསུམ་གྱི་དབང་དུ་བྱས་པའི་སྦྱར་ཚུལ་གྱི་རྣམ་བཞག་གསུམ་གསུངས་པ་མདོར་བསྡུས་སུ་བརྗོད་ན་དངོས་པོ་ལྔ་པོ་འདིར་ཐེག་ཆེན་གྱི་བརྗོད་བྱ་ཀུན་འདུས་པས་དེ་དང་སྦྱར་ན། དངོས་པོ་ལྔ་ནི། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔའོ། །དེ་ལས་དང་པོ་ཆོས་ཐམས་ཅད་མིང་གིས་བརྗོད་པ་ལྟར་འགྲོ་བ་རྣམས་དོན་དུ་ཞེན་ཀྱང་། མིང་ཙམ་ལས་བརྗོད་པ་ལྟར་དོན་མ་གྲུབ་པར་བསྒྲུབ་པར་བྱ་བ་དང་། རྒྱུ་མཚན་ནི་མིང་དུ་གདགས་པའི་རྒྱུ་མཚན་གཞན་དབང་གི་གཟུང་ཆར་སྣང་བ་རྣམས་ཡིན་ལ། དེ་སེམས་ཀྱི་དབང་གིས་སྣང་བའི་རྟེན་འབྲེལ་དུ་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ནོ། ། རྣམ་རྟོག་ནི་སེམས་སེམས་བྱུང་གི་རྣམ་པ་འཛིན་ཆར་སྣང་བ་སྟེ། རྣམ་ཤེས་ཚོགས་བརྒྱད་གཞན་དབང་དངོས་སོ། །དེའི་རང་བཞིན་གཏན་ལ་འབེབ་པའི་ཚུལ་གྱིས་བསམ་པར་བྱ་བ་ཡིན་ནོ། །དེ་གསུམ་དཔེ་སྔ་མ་གསུམ་དང་རིམ་པར་སྦྱར་རོ། །དེ་བཞིན་ཉིད་ཡོངས་གྲུབ་སྟེ། དེ་ནི་སོ་སོ་རང་རིག་མེད་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། ས་དང་པོར་དེ་བཞིན་ཉིད་མངོན་ཏུ་རྟོགས་ཚེ་བྱང་ཆུབ་ཐོབ་པར་ངེས་པའི་འཕྲིན་ཡིག་ལེགས་པ་ཐོས་པ་ལྟར་དགའ་བ་སྐྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་གཙོ་བོར་གྱུར་པའི་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་ནི་དཔེ་ལྔ་པས་བསྟན་བྱར་བཞེད་དེ། ཐེག་བསྡུས་ལས། ཡོངས་གྲུབ་ཅི་ལྟ་བུ་ཞེ་ན་རྣམས་པར་བྱང་བའི་ཆོས་བཞིས་ཤེས་པར་བྱ་སྟེ། རང་བཞིན་གྱི་རྣམ་བྱང་དེ་བཞིན་ཉིད། དྲི་མ་བྲལ་བའི་རྣམ་བྱང་དེ་བཞིན་ཉིད་དེ་སྒྲུབ་པ་ཐམས་ཅད་དང་བྲལ་བ། དེ་འཐོབ་བྱེད་ལམ་གྱི་རྣམ་བྱང་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་དེ་སྐྱེད་བྱེད་དམིགས་པ་རྣམ་པར་བྱང་བ་ནི་ཐེག་པ་ཆེན་པོའི་ཆོས་སོ་ཞེས་གསུངས་པ་ལྟ་བུའོ། །ངོ་བོ་ཉིད་གསུམ་གྱི་ཀུན་བརྟགས་མེད་པར་བསྒྲུབ་བྱ། གཞན་དབང་ལ་ཀུན་བྱང་གི་རྟེན་འབྲེལ་དང་། གཞན་དབང་ལ་ངོ་བོ་ཉིད་དང་། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བཞི་བྱེ་བྲག་ཏུ་ཤེས་པར་བྱ་བ་སོགས་བཞི་དང་སྦྱར་བར་མཛད་དོ། ། གང་ཟག་གི་དབང་དུ་བྱས་ན། མི་ཤེས་པ་དང་། ཐེ་ཚོམ་ཅན་དང་། ལོག་ཤེས་ཅན་ལ་ལྟོས་ཏེ། དང་པོ་ཐེག་ཆེན་བཀའ་བསྒྲུབ་ཚུལ་སོགས་གསུངས་ཀྱང་འདིར་མང་དོགས་ནས་མ་བརྗོད་དོ། ། སློབ་དཔོན་ཛྙཱ་ན་ཤྲཱིས་བསྒྲུབ་པར་བྱ་བ་སོགས་ཀྱི་དོན་མིང་རྒྱུ་མཚན་སོགས་ལྔ་ལ་སྦྱར་བ་མི་འཐད་པར་བསྟན་ནས། རང་ལུགས་དོན་ཚུལ་ལྔ་པོ་གོང་མ་དོན་ཤེས་དོན་སྟོན་སོགས་ཀྱི་ཚིག་དང་སྦྱར་བ་དང་། འོག་མ་ཐེག་ཆེན་བཀར་སྒྲུབ་སོགས་དང་སྦྱར་བ་གཉིས་ལས་འོག་མ་འདི་དབྱིག་གཉེན་གྱིས་བཞེད་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ཐེག་ཆེན་བཀར་སྒྲུབ་པ་དང་། སེམས་སྐྱེད་ཀྱི་ཡུལ་སྐྱབས་འགྲོ་མཆོག་ཏུ་སྒྲུབ་པ་དང་། ཉེར་ལེན་གྱི་རྒྱུ་ཐེག་ཆེན་གྱི་རིགས་སྒྲུབ་པ་གསུམ། བྱེ་བྲག་ཏུ་ཤེས་བྱ་སེམས་བསྐྱེད་དང་། དོན་གཉིས་སྒྲུབ་པ་གཉིས། བསམ་བྱ་ཟབ་པ་དང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གཉིས་ལས་འདིར་ཟབ་པ། བསམ་གྱིས་མི་ཁྱབ་པ་མཐུ་ཡོངས་སྨིན་གཉིས།ཡོངས་སུ་གྲུབ་པ་བྱང་ཆུབ་བོ། ། དེ་ལྟར་ཡིན་པའི་ཤེས་བྱེད་ནི་སྒྲུབ་པའི་སྐབས་ཀྱི་ཞེས་དང་། རིན་པོ་ཆེ་སྣོད་ཅི་ཕྱེ་བ་ལྟར་ཞེས་པའི་གཞུང་ཚིག་གིས་སོ། །སྡོམས་ཀྱང་དེ་ལྟར་བསྟན་ཏོ། །དེས་ཇི་ལྟར་བསླབ་པ།མོས་པ་ནས་གདམས་ངག་རྗེས་བསྟན་པར་རོ། །སྔ་མའི་འགྲོས་ཀྱིས་ཐེག་ཆེན་བཀའ་སྒྲུབ་པས་མོས་པ་ནས་སྒྲུབ་པའི་བར་དང་།བྱེ་བྲག་ཤེས་བྱ་གདམས་ངག་རྗེས་བསྟན། བསམ་བྱ་རྒྱ་ཆེ་བའི་ཐབས་མཁས་ནི་བསྡུ་དངོས། ཕར་ཕྱིན། ཚད་མེད་མཆོད་བརྟེན་སོགས་དང་ལམ་བྱང་ཕྱོགས། བསམ་མི་ཁྱབ་ཡོན་ཏན། ཡོངས་སུ་སྒྲུབ་པ་རྟོགས་པའི་དོན་མཐར་ཐུག་གི་སྐབས་སོ། །ཞེས་གསུངས་པ་དེ་དག་གང་ཡང་མཁས་མཆོག་རྣམས་ཀྱི་ལེགས་བཤད་ཡིན་མོད། འོན་ཀྱང་བསྟན་བཅོས་འདིའི་གཞུང་དོན་ཡོངས་རྫོགས་ལ་སྦྱར་བཏུབ་ཅིང་གོ་བདེ་བའི་དབང་དུ་བྱས་ན། བསྒྲུབ་པར་བྱ་བ་ནི་ཐེག་པ་ཆེན་པོས་བཀའ་བསྒྲུབས་པས་གསེར་བརྡུངས་སུ་བྱས་ཏེ་རྒྱན་ཉིད་དུ་བསྒྲུབ་པ་ལྟར་དེ་བཀའ་ཉིད་དུ་མ་རྟོགས་ལོག་རྟོགས་ཐེ་ཚོམ་དང་བྲལ་ཏེ་ཐེག་ཆེན་ལ་ལོངས་སྤྱོད་པའི་དགའ་བ་སྐྱེད་དོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་ཐེག་པ་ཆེན་པོའི་ཁྱད་ཆོས་ཏེ། གང་ཞེ་ན་སྐྱབས་འགྲོ་ནས་སྒྲུབ་པའི་བར་རོ། །དེ་ཡང་ཉན་ཐོས་རྣམས་ལའང་། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཐེག་དམན་གྱི་རིགས་དང་ལྡན་པ་དང་། རང་དོན་ཞི་བདེའི་གོ་འཕང་དུ་སེམས་བསྐྱེད་པ། ལམ་བསླབ་པ་གསུམ་སྒྲུབ་པ་ཙམ་ཡོད་མོད་ཐེག་དམན་དེ་དག་གི་དམན་ལ་ཐེག་ཆེན་པས་ཁྱད་པར་འཕགས་ཚུལ་གྱི་བྱེ་བྲག་ཤེས་པས་ཐེག་ཆེན་གྱི་ལམ་ལ་སྤྲོ་བ་ལྷག་པར་རྙེད་པའི་ཕྱིར་པདྨ་ཟུམ་པ་ཁ་ཕྱེ་བ་ལྟར་བློ་ཐེག་ཆེན་ལ་ཕྱོགས་པའི་དགའ་བ་བསྐྱེད་དོ། ། དེ་ལྟར་ཐེག་པ་ཆེ་ཆུང་གི་བྱེ་བྲག་ཤེས་ནས། ཐེག་པ་ཆེན་པོ་ལ་འཇུག་པ་དེས་བསམ་པར་བྱ་བ་ནི། ཐེག་པ་ཆེན་པོ་ནས་བསྟན་པ་དེ་ཁོ་ན་ཉིད་ཀྱི་དོན་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུ་དང་། དབང་པོ་ཡོངས་སུ་སྨིན་པའི་ཚུལ་ལ་བསམ་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ངེས་པ་བརྙེད་པ་དང་། བྱང་ཆུབ་སེམས་དཔའི་དོན་གཉིས་སྒྲུབ་ནུས་པའི་མཐུ་དང་། དེ་འགྲུབ་བྱེད་དབང་པོ་ཡོངས་སུ་སྨིན་པའི་ཐབས་ལ་རང་ཉིད་འཇུག་པར་འགྱུར་ཏེ་ཟས་གཡོས་ལེགས་ཟ་བ་བཞིན་དུ་གང་ཟག་དེ་ཡང་དེ་ཁོ་ན་ཉིད་ཤེས་པ་དང་། མཐུ་ཆེན་པོ་སྒྲུབ་པ་དང་རང་གི་དབང་པོ་སྨིན་པའི་ཡོན་ཏན་ཅི་རིགས་ཐོབ་པ་ཉམས་སུ་མྱོང་བའི་དགའ་བ་བསྐྱེད་པས་སོ།། བསམ་གྱིས་མི་ཁྱབ་པ་ནི་བྱང་ཆུབ་ཡིན་ཏེ། སྤྱིར་དེ་ཁོ་ན་ཉིད་ཀྱང་སོ་སོ་རང་རིག་པ་མེད་པས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡིན་ཡང་། སྤྱི་མཚན་ཙམ་གྱི་སྒོ་ནས་ཐོས་བསམ་གྱིས་བསམ་པར་བྱ་བ་ཡིན་པར་འགལ་བ་མེད་ལ། དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་བཞི་གསུངས་པའི་ཡ་གྱལ་སངས་རྒྱས་ཀྱི་ཕྲིན་ལས་སོགས་བསམ་གྱིས་མི་ཁྱབ་པ་ནི་བསམ་མི་ཁྱབ་པ་རྣམས་ཀྱི་ནང་ནའང་དེ་བས་ཆེས་ལྷག་པ་མེད་པ་ཡིན་ཡང་། འདིར་བྱང་ཆུབ་དེའི་རང་བཞིན་གཏན་ལ་ཕབ་པས་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་དེ་ལྟ་བུ་ཡང་ད་ལྟ་དེའི་ཡོན་ཏན་གྱི་ཆ་ཤས་ཙམ་མངོན་དུ་མ་གྱུར་ཀྱང་། ཐེག་པ་ཆེན་པོའི་ལམ་ལ་ཞུགས་ན་དེ་ནམ་ཞིག་འཐོབ་རུང་བར་ཤེས་པ་ནི་འཕྲིན་ཡིག་ལེགས་པར་ཐོས་པའམ་མཐོང་བ་འདྲ་སྟེ། རྒྱལ་པོ་སོགས་ཀྱི་འཕྲིན་ཡིག་ལས་ཁྱོད་ལ་བྱ་དགའ་སོགས་འདི་དང་འདི་ལྟ་བུ་བྱེད་དོ་ཞེས་པའི་འཕྲིན་ཐོས་ཚེ་བྱ་དགའ་དེ་ད་ལྟ་མངོན་དུ་མ་གྱུར་ཀྱང་། སླད་ནས་ཐོབ་ངེས་སོ་སྙམ་དུ་དགའ་བ་སྐྱེ་བ་བཞིན་ནོ། །དེ་ལྟར་བྱང་ཆུབ་དེ་ནི་ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེ་ཉིད་སྒྲུབ་པར་བྱེད་པའི་རྒྱུ་ལམ་གྱི་ཆོས་ཐམས་ཅད་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཡིན་པས་ན། བྱང་ཆུབ་ཀྱི་ལེའུའི་རྗེས་ཀྱི་ལེའུ་མཐའ་དག་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་པའི་དཔེ་དང་སྦྱར་བ་བྱ་བ་ཡིན་ནོ། །བྱང་ཆུབ་ཀྱི་སྐབས་སུ་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བའི་དཔེ་དངོས་སུ་བསྟན་ཕྱིར། དཔེ་འདི་བྱང་ཕྱོགས་ཀྱི་ཆོས་ལ་སྦྱར་མི་རིགས་སྙམ་ན། ཤིན་ཏུ་རིགས་ཏེ་ལམ་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་འབྲས་བུ་བྱང་ཆུབ་ཉིད་ཡིན་པས། དེ་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བའི་དཔེས་བསྟན་བྱ་མཐར་ཐུག་ཡིན་ཀྱང་། སྐབས་འདིར་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་དེ་ཐོས་བསམ་གྱིས་གཏན་ལ་འབེབ་པའི་སྐབས་ཡིན་པས། དཔེར་ན་འཕྲིན་ཡིག་ཏུ་ཁྱོད་ལ་རིན་པོ་ཆེ་དཔག་ཏུ་མེད་པས་ཡོངས་སུ་གང་བའི་སྒྲོམ་ཆེན་པོ་ཞིག་སྦྱིན་པར་བྱའོ་ཞེས་ཐོས་པ་དང་འདྲ་བའི་སྐབས་ཡིན་ཏེ། མི་སློབ་ལམ་ན་སྟོབས་སོགས་ཀྱི་ཡོན་ཏན་རིན་པོ་ཆེ་མ་ཚང་བ་མེད་པས་བཀང་བའི་སྒྲོམ་ཁ་ཕྱེ་བ་ལྟར་སངས་རྒྱས་ལ་མངོན་དུ་གྱུར་པ་ཡིན་མོད་ཀྱི། སློབ་ལམ་པའི་གང་ཟག་གིས་དེ་ལྟར་ཡིན་པ་ཤེས་པར་བྱ་བ་ཙམ་ལས་མངོན་དུ་མ་གྱུར་པས་དེའི་རང་བཞིན་ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པ་ཡིན་ཀྱང་། དེ་བསམ་གྱིས་མི་ཁྱབ་པར་བསམ་པར་བྱ་བ་ཡིན་པ་ཡང་འགལ་བ་མེད་དོ། ། དེ་ལྟར་བླ་མེད་བྱང་ཆུབ་ལ་དམིགས་ནས་དེ་ཐོབ་བྱེད་ཐོག་མར་མོས་པ་ནས་བརྩམས་ཏེ་ཟབ་ཅིང་རྒྱ་ཆེ་བ་ཡི་ལམ་མཐའ་དག་མ་ཚང་བ་མེད་པར་ཉམས་སུ་བླང་བའི་སྐབས་ན་ལམ་དང་ས་དེ་དང་དེའི་གནས་སྐབས་ཀྱི་ཡོན་ཏན་ཅི་རིགས་མངོན་དུ་གྱུར་པའི་ཚེ་ན། རིན་པོ་ཆེ་ཅི་རིགས་ལག་ཏུ་ཐོབ་པ་ལྟར་མངོན་དུ་གྱུར་པ་ཡིན་ཅིང་དེ་ལྟར་བྱང་སེམས་དེའི་ས་དང་ལམ་གྱི་ཡོན་ཏན་རྒྱ་ཇེ་ཆེར་འཕེལ་ནས་སངས་རྒྱས་ཀྱི་ས་ལ་ཐུག་པའི་བར་གྱི་ཡོན་ཏན་ཉམས་སུ་མྱོང་བ་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་མངོན་སུམ་སྤྱོད་ཡུལ་དུ་གྱུར་པ་དང་འདྲ་བ་ཡིན་པས་མོས་པ་ནས་འབྲས་ཆོས་ཀྱི་བར་དུ་བསྟན་པ་ཡིན་ནོ། །ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་གསུང་རྣམས་ནི་རང་བཞིན་གྱིས་ཚིག་དང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་པས་དེ་ལ་བསྟན་བཅོས་ཀྱིས་གསར་དུ་བརྒྱན་པར་བྱེད་ཅི་དགོས་སྙམ་ན། སྐྱེས་བུ་རང་བཞིན་གྱི་གཟུགས་བཟང་བ་ཞིག་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ་ནི་དེ་དག་ངོ་བོ་ཉིད་ཀྱིས་སམ་རང་བཞིན་གྱིས་ཡོན་ཏན་ལྡན་པ་ཡིན་མོད་ཀྱི། དེ་ཉིད་རང་གི་ལུས་རྒྱན་དང་བཅས་པ་དེ་མེ་ལོང་དྭངས་པའི་ནང་དུ་སོན་པ་སྟེ་ཤར་བར་གྱུར་པ་དེ་མཐོང་ན། རང་གི་ལུས་དང་རྒྱན་མཛེས་པའི་རྣམ་པ་དེ་ལྟ་བུ་མཐོང་བའི་དབང་གིས་མི་རྣམས་ལྷག་པར་རབ་ཏུ་དགའ་བའི་མཆོག་ཡིད་ལ་སྐྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ལེགས་པར་གསུངས་པ་གང་ཞིག་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཚིག་དོན་ཕུན་སུམ་ཚོགས་པ་དང་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་དང་ལྡན་པས་མཆོག་ཏུ་ཁྱད་པར་འཕགས་པའི་ཕྱིར། རྟག་ཏུ་རང་བཞིན་གྱི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡི་ཆོས་དེ་དག་ཀྱང་བསྟན་བཅོས་འདིས་སངས་རྒྱས་ཀྱི་གསུང་སྣ་ཚོགས་པ་རྣམས་ཀྱི་དོན་རྒྱ་ཆེན་པོ་ཕྱོགས་གཅིག་ཏུ་བསྡུས་ཤིང་། གོ་རིམས་ལེགས་པར་བསྒྲིགས་ཏེ་ཟབ་མོ་རྟོགས་དཀའ་བའི་ཆ་རྣམས་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་རྒྱལ་བའི་དགོངས་དོན་སོ་སོར་མ་ནོར་བར་རྣམ་པར་ཕྱེས་པས་ན་བློ་ལྡན་མཁས་པ་རྣམས་ཀྱང་རྒྱལ་བའི་གསུང་གི་དོན་ལ་ངེས་པ་བདེ་བླག་ཏུ་རྙེད་ནས་བསྟན་བཅོས་འདི་ཐོས་པའི་གནས་སྐབས་འདི་ན་དགའ་བ་མཆོག་ཏུ་གྱུར་པ་སྐྱེད་དེ། མེ་ལོང་ནང་གི་གཟུགས་བརྙན་གྱིས་གཟུགས་བཟང་པོའི་ཡོན་ཏན་གསལ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་འདི་ནི་མདོ་སྡེ་རྣམས་ཀྱི་དགོངས་པ་གསལ་བར་བྱེད་པའི་རྒྱན་དུ་གྱུར་པ་ཡིན་ནོ། ། གཉིས་པ་བསྟན་བཅོས་གཞུང་གི་དོན་ལ་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་བཤད་པ་དང་ལྔ་ལས། དང་པོ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ། ཇི་ལྟར་མནམས་ན་སོགས་ཚིགས་བཅད་གསུམ་སྟེ། དཔེ་ཇི་ལྟར་ན་སྣར་མནམས་ན་དྲི་རབ་ཏུ་དཀུ་བ་སྣ་དབང་དང་འཕྲོད་དཀའ་བ་ལྟ་བུར་གྱུར་ལ། དེ་ལྕེས་མྱང་ན་ཤིན་ཏུ་རོ་ཞིམ་ཞིང་ནད་སོགས་ཞི་བ་དང་ལུས་ལ་ཆེར་ཕན་པའི་སྨན་བཟང་པོ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་ཀྱང་རྣམ་པ་གཉིས་སུ་གནས་ཏེ། གང་ཞེ་ན་དོན་དང་ཡི་གེའི་རང་བཞིན་ཚིག་གི་རྣམ་པ་གཉིས་སོ། །དེ་ཡང་ཚིག་ཙམ་གྱི་དབང་དུ་བྱས་ན་ཐེག་ཆེན་གྱི་གཞུང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་སོགས་དང་། མགོ་དང་ཡན་ལག་གཏོང་བ་སོགས་དཀའ་སྤྱད་ཆེན་པོ་བསྐལ་བ་ཆེན་པོ་གྲངས་མེད་གསུམ་གྱི་བར་དུ་སྤྱད་ཅིང་འཁོར་བར་གནས་པ་སོགས་ཐོས་པས། དྲི་རྩུབ་ཅིང་སྣ་ལ་འཁྲི་བའམ་དཀུ་བ་ལྟ་བུའི་དབང་གིས་སྨན་ཆེན་པོ་ཞིམ་ཞིང་བཅུད་དང་ལྡན་པ་དག་འདོར་བ་ལྟར་བྱིས་པ་བློ་ཆུང་བ་དམན་པ་ལ་མོས་པ་རྣམས་སྐྲག་ནས་འདོར་བ་དེ་ནི་གང་ཟག་དེའི་སྐྱོན་ཡིན་གྱི། ཐེག་པ་ཆེན་པོའི་ཆོས་ཀྱི་སྐྱོན་མ་ཡིན་ཏེ། དེའི་དོན་རིགས་པས་ཚུལ་བཞིན་ངེས་ན་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཡང་། ཐ་སྙད་ཀྱི་རྣམ་བཞག་ཆེས་འཐད་པ་ཡིན་གྱི་ཐ་སྙད་དུ་མེད་པར་བསྟན་པ་མ་ཡིན་པའམ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བརྟགས་པ་ལྟར་མེད་པའི་དོན་ཡིན་གྱི། གཞན་དབང་ཐ་སྙད་དུ་ཡོད་པ་དང་ཡོངས་གྲུབ་དོན་དམ་པ་ཡིན་པས་དེ་མེད་པར་བསྟན་པ་མ་ཡིན་ལ། འཁོར་བར་གནས་ཏེ་དཀའ་བ་སྤྱད་པ་ཡང་། ཐབས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་དཀའ་བ་མེད་པར་བསྒྲུབ་ནུས་པའི་ཕྱིར། ཆོས་ཀྱི་དོན་ཤེས་ན་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པར་འགྱུར་བའི་ཕྱིར་ཚིག་ཙམ་ལ་འཆེལ་ནས་གཏིང་མ་རྟོགས་པའི་སྒོ་ནས་སྤང་དུ་མི་རུང་བར་གདམས་པའོ། ། ཡང་ཐེག་པ་ཆེན་པོའི་ལམ་ནི། དཀའ་སྤྱད་རྒྱ་ཆེན་པོ་བཟོད་པ་དང་། ཚོགས་རྒྱ་ཆེན་པོ་ཚད་མེད་པ་བསགས་པ་དང་། དུས་ཡུན་རིང་པོས་བསྒྲུབ་བྱ་ཡིན་ཡང་དེ་ཐེག་ཆེན་གྱི་ཡོན་ཏན་ཡིན་གྱི་སྐྱོན་མ་ཡིན་ཏེ། ཅིའི་ཕྱིར་ན་ཐེག་ཆེན་གྱི་ཆོས་ཤིན་ཏུ་རྙེད་པར་དཀའ་བ་དང་དམ་པ་མིན་པ་རྣམས་འཇུག་དཀའ་བ་ཡང་ཡིན་ཏེ་ས་དང་ཕར་ཕྱིན་སོགས་ཀྱི་རྣམ་པ་ཚད་མེད་པས་རྒྱ་ཆེན་པོར་གྱུར་པ་དང་། ཟབ་མོ་ཁོང་དུ་ཆུད་པར་དཀའ་བ་འདི་ནི། དཔེར་ན་འཇིག་རྟེན་ན་རྒྱལ་པོ་ཆེན་པོ་རྣམས་བཞིན་དུ་བྱ་བ་ཆུང་ངུས་མཉེས་པར་དཀའ་སྟེ། གལ་ཏེ་ཚུལ་བཞིན་མཉེས་པའི་བྱ་བ་ཆེན་པོ་བྱས་པས། རྒྱལ་པོ་དེ་མཉེས་པར་འགྱུར་ན། ནོར་དང་དབང་ཕྱུག་རྒྱ་ཆེན་པོའི་བྱ་དགའ་ཐོབ་པ་དེ་བཞིན་དུ། ཐེག་ཆེན་འདི་དམན་པའི་གང་ཟག་གིས་འགྲུབ་པར་དཀའ་ཡང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བསྒྲུབ་པར་བྱས་ན། ཡོན་ཏན་མཆོག་གི་ནོར་སྟོབས་བཅུ་མི་འཇིགས་བཞི་སོགས་ནམ་ཡང་མི་ཟད་པ་སྤྱིན་པར་བྱེད་དོ། །ཡང་ཐེག་པ་ཆེན་པོའི་ཆོས་ནི་ཡོན་ཏན་མཆོག་དང་ལྡན་ན་ཡང་། གང་ཟག་ཤེས་རབ་དང་མོས་པ་དམན་པས་དེ་མི་ཤེས་པའི་དཔེ་ནི། རིན་ཆེན་མཆོག་གི་རིགས་དང་ལྡན་པ་རིན་ཐང་གཞལ་དུ་མེད་པ་ཡིན་ཡང་། དེའི་རྒྱུས་མི་ཤེས་པའི་སྐྱེ་བོ་མ་རབས་ཀྱི་ལག་ཏུ་སོན་ན། དེའི་ངང་ཚུལ་ལྟ་མི་ཤེས་པའི་ཕྱིར་བ་ལང་རྫི་སོགས་མི་དམན་པ་རྣམས་མི་མགུ་སྟེ། འདིས་ཅི་བྱ་སྙམ་དུ་འདོར་རོ། །དེ་བཞིན་མི་མཁས་པའི་གང་ཟག་རྣམས་ཀྱང་ཆོས་འདི་ལ་མགུ་བ་དང་ངོ་མཚར་དུ་མི་འཛིན་ལ། དེ་ལས་ལྡོག་སྟེ་མཁས་ཤིང་མོས་པ་རྒྱ་ཆེན་པོ་དང་ལྡན་ན། རིན་པོ་ཆེའི་རྒྱུས་ཤེས་པ་རྣམས་རིན་ཆེན་མཆོག་ལ་དགའ་བ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡིད་ཤིན་ཏུ་མགུ་ཞིང་དོན་དུ་གཉེར་བར་འགྱུར་རོ། ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །། གཉིས་པ་ཐེག་ཆེན་བཀར་བསྒྲུབ་པའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ། ལོག་པར་རྟོག་པ་ཟློག་བྱེད་ཀྱི་རིགས་པའི་རྣམ་གྲངས་བསྟན་པ་དང་། ཐེག་ཆེན་ལ་ལོག་པར་འཛིན་པ་སྤོང་བར་གདམས་པ་གཉིས། དང་པོ་སྔར་ལུང་མ་བསྟན་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། དེ་ཡང་ཉན་ཐོས་པ་དག་ན་རེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་འདི་སངས་རྒྱས་ཀྱི་བཀའ་ཡིན་གྱི། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བདུད་ཀྱིས་བསྟན་པ་ལ་ཐོ་བརྩམ་ཕྱིར་མུ་སྟེགས་དང་རྟོག་གེ་པ་དག་གིས་བརྩམས་པ་ཡིན་ནོ་ཞེས་ཟེར་ཞིང་། སངས་རྒྱས་རང་ཉིད་ཀྱིས་སངས་རྒྱས་ཀྱི་བཀའ་ཡིན་མིན་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་ཁྱད་པར་འབྱེད་དགོས་པར་གསུངས་ཤིང་། གང་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། མངོན་པའི་ཆོས་ཉིད་དང་མི་འགལ་བ་ནི་ཆེན་པོ་བསྟན་པ་སྟེ་དེ་ལྟ་བུ་སངས་རྒྱས་ཀྱི་བཀའ་ཡིན་ལ། དེ་ལས་ལྡོག་པ་ནག་པོ་བསྟན་པ་ནི་བདུད་དང་མུ་སྟེགས་པའི་ཆོས་ཡིན་ནོ་ཞེས་གསུངས་ན། ཐེག་ཆེན་ལས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀྱི་ངོ་བོ་མེད་པར་བཤད་པ་དེ་ཉན་ཐོས་ཀྱི་གཞུང་གིས་ཕུང་ཁམས་ཡོད་པར་བཤད་པའི་མདོ་སྡེ་དང་མི་མཐུན། ཉན་ཐོས་པའི་འདུལ་བར་སངས་རྒྱས་དང་ཆོས་དང་དགེ་འདུན་མེད་པར་སྨྲས་ན་ལྟུང་བ་འབྱུང་བར་གསུངས། ཐེག་ཆེན་ལས་མེད་པར་བཤད་པས་འདུལ་བ་ལ་མི་སྣང་། ཉན་ཐོས་པའི་གཞུང་ལས་རྟེན་ཅིང་འབྲེལ་འབྱུང་སྐྱེ་ཞིང་འགག་པའི་ཆོས་ཅན་ལུགས་འབྱུང་གིས་འཁོར་བ་དང་། ལུགས་ལས་ལྡོག་པས་མྱང་འདས་སུ་བཤད་ཅིང་། ཐེག་ཆེན་ལས་ཆོས་ཐམས་ཅད་མི་སྐྱེ་མི་འགག་ཅེས་བཤད་པ་དང་། ཡང་ཉན་ཐོས་པའི་གཞུང་ལས་མཐོང་སྒོམ་གྱིས་སྤང་བྱ་དངོས་པོར་གྱུར་བ་སྤངས་ནས་མྱང་འདས་ཐོབ་པར་བཤད། ཐེག་ཆེན་ལས་སྤང་བྱ་སྤོང་བྱེད་ཀྱི་ངོ་བོ་ཉིད་མེད་པ་དང་ཆོས་རྣམས་རང་བཞིན་གྱིས་མྱང་འདས་སུ་བཤད་པ་སོགས་མངོན་པའི་ཆོས་ཉིད་དང་འགལ་བས་བཀའ་མ་ཡིན་ཞེས་ཟེར། ཡང་ཉན་ཐོས་ཀྱི་ཐེག་པ་འདི་ཁོ་ན་དབང་པོ་དམན་པས་རང་དོན་དུ་བསྒྲུབས་ན་ཉན་ཐོས་ཀྱི་འབྲས་བུ་དང་། འབྲིང་གིས་བསྐལ་པ་བརྒྱར་གོམས་པར་བྱས་ན་རང་རྒྱལ་བསེ་རུ་ལྟ་བུ། གང་ཟག་རབ་འཁོར་བའི་སྡུག་བསྔལ་བསྲན་ནུས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་ན་སངས་རྒྱས་འགྲུབ་ཀྱི་ཉན་ཐོས་ཀྱི་ཐེག་པ་ལས་གཞན་པའི་ཐེག་ཆེན་མེད་ཅེས་ཟེར་རོ། ། དེ་ལ་ལན་གསུངས་པ། གལ་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བསྟན་པ་ལ་གནོད་པ་ཞིག་ཡིན་ན་སངས་རྒྱས་ཀྱི་སྔར་མ་འོངས་པ་ན་འདི་ལྟར་འབྱུང་ཞེས་ལུང་སྟོན་རིགས་པ་ལ་སྔར་ལུང་མ་བསྟན་པའི་ཕྱིར་དང་། ཐེག་པ་ཆེ་ཆུང་གཉིས་ཀ་སངས་རྒྱས་བཞུགས་པའི་དུས་སུ་ལྷན་ཅིག་བྱུང་བ་ཡིན་པས་ཕྱིས་སུ་བྱུང་ངོ་ཞེས་པ་མ་ངེས་པའི་ཕྱིར་དང་། ས་དང་ཕར་ཕྱིན་དང་སྟོང་པ་ཉིད་སོགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་བུ་རྟོག་གེ་དང་མུ་སྟེགས་པའི་སྤྱོད་ཡུལ་མ་ཡིན་པས་དེ་དག་གིས་རྩོམ་མི་ནུས་པའི་ཕྱིར་དང་། གལ་ཏེ་ས་དང་ཕར་ཕྱིན་སོགས་རང་ཉིད་ཀྱིས་ཇི་ལྟ་བར་རྟོགས་པའི་སངས་རྒྱས་གཞན་གྱིས་རྩོམ་པ་ཡིན་ན་དེས་སངས་རྒྱས་ཀྱི་གསུང་དུའང་གྲུབ་པ་ཡིན་པའི་ཕྱིར་དང་། གཞན་ཡང་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་ཉན་ཐོས་རྣམས་ལ་ཆོས་བསྟན་པའི་ཚེ་ན་ཐེག་པ་གསུམ་ཞེས་ཡོངས་སུ་གྲགས་པ་ཡིན་པར་ནི་རྩོད་པ་མེད་ལ།སངས་རྒྱས་དེ་ཉིད་ཐེག་པ་གསུམ་སྟོན་པ་པོ་ཡིན་ཏེ་རིགས་ཅན་གསུམ་གྱི་ལམ་ཐམས་ཅད་མཁྱེན་པའི་སྟོན་པ་པོར་གྲུབ་བོ། ། དེའི་ཕྱིར་ཡོད་དང་མེད་ན་ཡོད་མེད་དང་ཞེས་པ། ཐེག་པ་ཆེན་པོ་ཞེས་པ་ཉན་ཐོས་ཀྱི་ཐེག་པ་ལས་ལོགས་སུ་ཡོད་ན་ཉན་ཐོས་ཀྱི་ཐེག་པའང་ཡོད་པར་འགྱུར་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཉིད་ཀྱི་ལམ་ལ་མི་བསྟེན་པའི་རང་དོན་ཞི་བ་དོན་གཉེར་གྱི་ཉན་ཐོས་ཀྱི་ཐེག་པ་ཡང་ཡོད་པར་གྲུབ་བོ། །ཉན་ཐོས་ཀྱི་ཐེག་པ་ལས་གཞན་དུ་ཐེག་ཆེན་མེད་ན་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པར་འགྱུར་ཏེ། ཐེག་པ་གཅིག་ལ་ཆེ་ཆུང་གཉིས་སུ་བཞག་པ་མི་སྲིད་པའི་ཕྱིར་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་སྒྲུབ་པའི་ལམ་ལོགས་སུ་མེད་པས་སངས་རྒྱས་མི་སྲིད་པར་འགྱུར་ལ་དེས་ན་དེ་སངས་རྒྱས་ནས་ཉན་ཐོས་ཀྱི་ཐེག་པ་ཡང་བསྟན་པར་མི་སྲིད་པའི་ཕྱིར་དང་། ། ཡང་ན་ཉན་ཐོས་རྣམས་ཀྱང་སངས་རྒྱས་སུ་འགྱུར་རིགས་ན་དེ་མི་སྲིད་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པ་མགོ་མཉམ་པར་འགྱུར་རོ། ། གལ་ཏེ་ཐེག་ཆེན་ཞིག་ཡོད་ན་ནི་དེ་སངས་རྒྱས་འཇིག་རྟེན་དུ་བྱུང་བའི་ཚེ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ལ་བསྟན་པར་རིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཡིན་པ་དང་རིགས་ཅན་གསུམ་རྗེས་སུ་འཛིན་པའི་ཐུགས་རྗེ་མངའ་བའི་ཕྱིར་རོ། ། དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཐེག་ཆེན་གསུང་རིགས་པས་ཐེག་ཆེན་ཡོད་དགོས་ལ།ཡོད་ན་ས་དང་ཕར་ཕྱིན་སྟོང་ཉིད་སོགས་ཕྱིན་ཅི་མ་ལོག་པར་བསྟན་པའི་ཆོས་འདི་ལས་ཐེག་ཆེན་གཞན་དུ་མ་དམིགས་པའི་ཕྱིར་འདི་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེན་པོ་ཡིན་གྱི་རྟོག་གེ་པའི་བརྩམས་པ་མ་ཡིན་ནོ། །གཞན་ཡང་ཐེག་ཆེན་གྱི་ཆོས་ནི་སྒྲིབ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར། གལ་ཏེ་དེ་མེད་ན་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་པའི་ཆོས་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལ་ཇི་ཙམ་གོམས་ཀྱང་ཤེས་སྒྲིབ་མི་སྤོང་བས་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྲུབ་པའི་ལམ་མེད་པར་འགྱུར་རོ། །སངས་རྒྱས་མེད་ལམ་མེད་འབྲས་བུ་མེད་སྐྱེ་འགག་མེད་སོགས་གསུངས་པ་ནི། སྒྲ་ཇི་བཞིན་དུ་ཀུན་རྫོབ་ཏུ་མེད་པར་དགག་པ་མ་ཡིན་ཏེ་སྒྲ་དོན་གཞན་ནམ་དགོངས་པ་གཞན་གྱི་ཕྱིར་ཡིན་པས། དེ་ཆོས་ཉིད་དང་འགལ་བ་མ་ཡིན་ནོ། །ཞེས་རིགས་པའི་རྣམ་གྲངས་བརྒྱད་གསུངས་སོ། །སངས་རྒྱས་ཀྱིས་སྔར་ལུང་མ་བསྟན་པ་ཙམ་གྱིས་ཐེག་ཆེན་ཆོས་ལོག་མིན་པར་མ་ངེས་སྙམ་ན། སངས་རྒྱས་རྣམས་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཕྱིར་ཆོས་ཀུན་ལ་མངོན་སུམ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་མངའ་བས་མི་མཁྱེན་པ་ནི་མི་སྲིད་ལ། སེམས་ཅན་གྱི་དོན་དུ་བསྟན་པ་སྲུང་བར་མཛད་པའི་ཐུགས་རྗེ་དུས་ལས་མི་ཡོལ་བ་མངའ་བས་བསྟན་པ་ལ་གནོད་པའི་ཆོས་འབྱུང་བར་གཟིགས་ཀྱང་ལུང་མི་སྟོན་པར་བཏང་སྙོམས་སུ་བཞག་པར་མི་མཛད་པ་དང་། དུས་གསུམ་ཀུན་ལའང་ཡེ་ཤེས་ཀྱི་གཟིགས་པ་མ་སྒྲིབ་པ་འཇུག་པས་ན། རྒྱུ་མཚན་དེ་གསུམ་གྱི་ཕྱིར་ལུང་མི་སྟོན་པར་བཏང་སྙོམས་མཛད་པར་མི་རུང་ངོ་། ། གཞན་ཡང་ཉན་ཐོས་ཀྱི་ཐེག་པ་འབའ་ཞིག་ཡུན་རིང་གོམས་པས་སངས་རྒྱས་སུ་འགྱུར་པ་མི་རིགས་ཏེ། ཐེག་པ་ཆེན་པོའི་ལམ་ནི་རང་དང་གཞན་གྱི་དོན་གཉིས་སྒྲུབ་པར་བྱེད་པ་ཡིན་ན། ཉན་ཐོས་ཀྱི་ཐེག་པར་གཞན་དོན་སྒྲུབ་པའི་བྱ་བ་མ་ཚང་བ་དང་། རང་འཁོར་བས་འཇིགས་ནས་སྐྱོ་ཞིང་ཆགས་པ་བྲལ་ཏེ་ཞི་བདེ་དོན་དུ་གཉེར་བས་གཞན་དོན་བསྒྲུབ་པར་འགལ་བ་དང་། བླ་མེད་བྱང་ཆུབ་ཐོབ་པའི་ཐབས་ནི་བདག་མེད་གཉིས་ཀ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་དེ་གཉིས་གཙོ་བོ་ཡིན་ན་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ནི་དེ་ལྟ་བུའི་ཐབས་མིན་ཞིང་ཐབས་དེ་ལྟར་མ་བསྟན་པའི་ཕྱིར། ཉན་ཐོས་ཀྱི་ནི་ཐེག་པ་འདི་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་མིན་ཏེ་ཐེག་ཆེན་དང་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ན། རང་དོན་ཡིད་བྱེད་ཀྱི་བསམ་པ་དང་ནི་བསམ་པ་དེ་དང་མཐུན་པར་དེའི་ལམ་ཡང་རང་དོན་ཞི་བ་ཙམ་ཐོབ་པའི་ཆེད་དུ་བསྟན་པ་དང་། ལམ་དེ་ལྟ་བུ་ལ་བརྩོན་པས་སྦྱོར་བ་དང་ནི། རྟོན་པ་ཚོགས་གཉིས་རྒྱ་ཆེན་པོ་ལ་མི་འཇུག་པར་དམན་པ་དང་། དུས་ཡུན་ཐུང་ཚེ་གསུམ་ལ་སོགས་པས་འབྲས་བུ་མཐར་ཐུག་པ་ཐོབ་ནུས་པའི་ཕྱིར་ན་བསམ་པ་སོགས་ལྔ་པོ་དེ་ཐེག་ཆེན་ལས་དམན་པ་གང་ཡིན་པ་དེ་ནི་རྣམ་པ་ཀུན་ཏུ་ལམ་རང་གི་ངོ་བོས་ཐེག་པ་ཆེན་པོ་ལས་དམན་པ་ཁོ་ན་ཡིན་པས་ཐེག་ཆེན་དུ་ག་ལ་འགྱུར་ཞེས་སོ། །མདོ་སྡེ་ལ་མི་འཇུག་པ་སོགས་ཀྱི་སྐྱོན་བརྗོད་པ་དོན་མེད་དེ། ཉན་ཐོས་པའི་མདོ་སྡེ་སོགས་ཁ་ཅིག་དང་མ་མཐུན་པས་ཐེག་ཆེན་བཀའ་མིན་པར་མི་འགྲུབ་སྟེ། ཉན་ཐོས་སྡེ་པ་རྣམས་ཀྱི་མདོ་སྡེ་ཡང་ཕན་ཚུན་མི་མཐུན་པ་ཡོད་པས། ངེད་ཀྱི་འདོད་ཚོད་ཀྱི་མདོ་སྡེ་སོགས་དང་མི་མཐུན་ནོ་སྙམ་པ་ཁྱེད་རང་གི་བློ་སྐྱོན་ཡིན་གྱི། ཐེག་པ་ཆེན་པོའི་ཆོས་ཀྱི་སྐྱོན་མ་ཡིན་ཏེ། ཁྱེད་རང་གིས་མདོ་སྡེའི་དགོངས་དོན་ཟབ་མོ་མ་རྟོགས་པས་འགལ་བར་བཟུང་གི་སངས་རྒྱས་ཀྱི་གསུང་སྔ་ཕྱི་ལ་ནི་དོན་གྱིས་འགལ་བ་མེད་དོ། །མཆོག་གསུམ་དང་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་བྱིས་པའི་ངོར་ཀུན་བརྟགས་པ་ཙམ་དུ་ཡོད་པའམ་ཐ་སྙད་དུ་ཡོད་པར་ཐེག་ཆེན་པས་ཀྱང་འདོད་ལ། འདི་ནི་རྣམ་པ་ཀུན་ཏུ་བདེན་པར་གྲུབ་ཅིང་མི་བསླུ་བའོ་ཞེས་དེ་དག་རང་གི་ངོ་བོ་ཉིད་དོན་དམ་པར་མེད་པ་ནི་ཁྱེད་ཅག་གིས་རྟོགས་མི་ནུས་པས་སངས་རྒྱས་ཀྱིས་ཀྱང་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ཏེ་སྐྱེ་འགག་དང་ཀུན་བྱང་དང་སྤང་བྱ་དང་གཉེན་པོ་ལ་སོགས་པ་གསུངས་ནས། ཆོས་རྣམས་ངོ་བོ་ཉིད་མེད་པ་མ་བསྟན་ཀྱང་། ངོ་བོ་ཉིད་མེད་པའི་སྟོང་པ་མ་ཡིན་པར་བསྟན་པ་ནི་མེད་དེ། གཟུགས་ནི་དབུ་བ་རྡོས་པ་འདྲ་ཞེས་སོགས་ཕུང་པོ་ལྔ་གསོག་གསོབ་སྒྱུ་མ་ལྟར་གསུངས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་ཏོ། ། དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ཆེས་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་རང་གི་དབང་དུ་བྱས་ནས་ལྷག་པའི་བསླབ་པ་གསུམ་བསྟན་པའི་མདོ་སྡེ་འདུལ་བ་མངོན་པའི་ཆོས་གསུམ་ཡོད་པས། རང་གི་མདོ་སྡེ་ཉིད་ལ་འཇུག་པ་དང་། ཐེག་ཆེན་རང་གི་ཉོན་མོངས་པའི་ཕྱོགས་འདུལ་བ་ལ་སྣང་པའི་ཕྱིར་དང་། ཟབ་པ་དང་རྒྱ་ཆེ་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། ཐེག་པ་ཆེན་པོའི་མངོན་པ་ནས་བསྟན་པའི་ཆོས་ཉིད་དང་འགལ་བ་མེད་དོ། །སྔར་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞེས་པ་དེར་མ་ངེས་ཏེ་རྟོག་གེ་བ་དཔྱོད་པ་ཅན་དག་གིས་ཅི་ཡང་རྩོམ་ནུས་སོ་སྙམ་ན་མ་ཡིན་ཏེ། རྟོག་གེ་ཞེས་པ་ནི་ཚུ་རོལ་མཐོང་བའི་སྤྱོད་ཡུལ་འབའ་ཞིག་ལ་རྟོག་དཔྱོད་བྱེད་ཀྱི། ཚུར་མཐོང་ལས་བརྒལ་བའི་དོན་ཟབ་མོ་ལ་འཇུག་མི་ནུས་པས་རྟོག་གེ་པ་ཞེས་གྲགས་སོ། །དེ་འདྲའི་རྟོག་གེ་པ་ནི་གཞན་གྱིས་བཤད་པའམ་རང་གིས་མཐོང་བའི་རྟགས་ཀྱི་རྒྱུ་མཚན་སོགས་ལ་བརྟེན་ཅིང་། དཔྱོད་པ་ཙམ་བྱེད་པ་དང་། ཤེས་བྱ་ཐམས་ཅད་ཡོངས་སུ་མ་ངེས་ལ་རང་གི་བློས་ཅི་ཙམ་བཟོད་པའི་དོན་ཉི་ཚེ་བ་ལ་བསམ་པ་ཙམ་ཡིན་པས་ཇི་སྙེད་པའི་ཤེས་བྱ་ཀུན་ལ་མ་ཁྱབ་པ་དང་། ཇི་ལྟ་བ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་མི་ཤེས་པར་ཚུལ་རོལ་མཐོང་བའི་རྒྱུད་ཀྱི་དབང་པོ་དང་ཡིད་ཀྱིས་ཅི་ཙམ་ཤེས་ནུས་པ་དེ་ཙམ་གྱི་ཀུན་རྫོབ་ཀྱི་སྤྱོད་ཡུལ་ཅན་ཡིན་པ་དང་། དོན་གྱི་གནས་ཟབ་ཅིང་རྒྱ་ཆེ་བ་གཞལ་བ་ལ་སྤོབས་པ་གཏུགས་ཤིང་གཞལ་མི་ནུས་པར་སྐྱོ་བ་ཅན་ཡིན་ལ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་ནི་རྟེན་པར་འདོད་དོ། ། རྒྱུ་མཚན་དེ་ཡི་ཕྱིར་ན་ཤིན་ཏུ་ཟབ་ཅིང་རྟོགས་པ་དཀའ་བ་དང་རྒྱ་ཆེ་མུ་མེད་པའི་དོན་བསྟན་པའི་ཐེག་པ་ཆེན་པོ་དེ་ནི་རྟོག་གེ་དེ་ཡི་ཡུལ་མིན་ཏེ། སངས་རྒྱས་ཀྱིས་བཤད་པའི་ཆོས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་གཞན་ལ་རྟེན་པ་སོགས་རྟོག་གེའི་མཚན་ཉིད་གོང་བཤད་ཀུན་ལས་འདས་ཏེ་བསམ་གྱིས་མི་ཁྱབ་པ་ཡིན་པས། རྟོག་གེ་དང་མུ་སྟེགས་ཀྱི་ཆོས་ལ་འདི་ལྟ་བུའི་ཆོས་འབྱུང་མི་སྲིད་པས་དེ་དག་གི་གཞུང་ན་ས་དང་ཕར་ཕྱིན་སྟོང་པ་ཉིད་སོགས་ཐེག་ཆེན་ལས་བཤད་པ་དེ་ལྟ་བུ་སྔར་ཡང་མ་མཐོང་ལ་ཕྱིས་ཀྱང་མཐོང་མི་སྲིད་དོ། །ཉན་ཐོས་ཀྱི་ཐེག་པར་འཚང་རྒྱ་བའི་ཐབས་མ་བསྟན་ན་ཐེག་པ་ཆེན་པོ་ལས་ཇི་ལྟར་བསྟན་ཞེ་ན། རྒྱ་ཆེའི་ཕྱིར་དང་སོགས་ཚིགས་བཅད་གཅིག་གསུངས་ཏེ། ཇི་སྙེད་པ་ས་དང་ཕར་ཕྱིན་སོགས་རྒྱ་ཆེ་བའི་ཆོས་བསྟན་པའི་ཕྱིར་དང་། ཇི་ལྟ་བ་ཟབ་མོ་སྟོང་པ་ཉིད་བསྟན་པའི་ཕྱིར། རྒྱ་ཆེ་བ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་རང་གི་རྒྱུད་ཡོངས་སུ་སྨིན་པ་དང་། ཟབ་པ་སྟོང་ཉིད་རྟོགས་པའི་དབང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་དེ་ཕྱིར་ཐེག་པ་ཆེན་པོ་འདི་ལས་ཟབ་རྒྱ་ཆེ་དེ་གཉིས་བསྟན་ཏེ། དེ་ནི་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ཡིན་ནོ། །ཉན་ཐོས་རང་དོན་དུ་འཁོར་བའི་སྡུག་བསྔལ་ཞི་བ་དོན་དུ་གཉེར་བ་རྣམས་ནི་གང་ཟག་གི་བདག་མེད་ཙམ་ཤེས་པས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱང་ཐེག་ཆེན་པ་ལ་ལྟོས་ན་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་རྒྱ་ཆུང་ཞིང་། ཇི་སྙེད་པ་རྟོགས་པའང་སྨོན་ནས་ཤེས་པའི་མཐུས་ཡུལ་དུས་རྣམ་པས་ཤིན་ཏུ་བསྐལ་བར་མ་གྱུར་པའི་དངོས་པོ་ཙམ་བརྟགས་ན་ཤེས་པ་དང་། དམ་པའི་ཆོས་ཀྱང་ཚད་མེད་པ་མ་རྟོགས་ཀྱང་། རྟེན་འབྲེལ་སྙིང་པོའི་ཚིགས་བཅད་གཅིག་ཙམ་གྱི་དོན་ལས་བདག་མེད་པར་རྟོགས་ནས་འབྲས་བུ་ཐོབ་ནུས་སོ། །ཐེག་པ་ཆེན་པོའི་ཟབ་མོའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་བྱ་ཀུན་གྱི་རྗེས་སུ་སོང་བས་ནམ་མཁའ་ལྟར་རྒྱ་ཆེ་བ་དང་། རིག་པའི་གནས་ལྔ་དང་། ནང་དོན་གྱི་རིག་པ་ཐེག་པ་གསུམ་གྱི་ཆོས་རྒྱ་ཆེ་ཞིང་གྲངས་ཚད་མེད་པའི་ཡུལ་ཅན་ཡིན་ནོ། །ཐེག་ཆེན་པའི་བསོད་ནམས་ཀྱི་ཚོགས་ནི་རྒྱ་མཚོ་ཆེན་པོའི་ཆུ་ལྟར་ཚད་མེད་ལ། ཉན་ཐོས་པའི་བསོད་ནམས་ཀྱི་ཚོགས་ནི་བ་ལང་གི་རྨིག་རྗེས་ཀྱི་ཆུ་ལྟར་ཆུང་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཐེག་པ་ཆེན་པོ་ལ་ལོག་པར་འཛིན་པ་སྤང་བར་གདམས་པ་ལ།འགྲོ་བ་དེའི་གནས་སོགས་ཚིགས་བཅད་བརྒྱད་གསུངས་ཏེ། འགྲོ་བ་དམན་པ་རྣམས་ནི་སྐྲག་པ་དེའི་གནས་མིན་པ་ཐེག་ཆེན་ལ་སྐྲག་པ་ཡི་རང་གི་ཡིད་གདུང་བར་བྱེད་ཅིང་ཆོས་ལ་སྡང་བར་བྱེད་དོ། །དེས་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསགས་པར་བྱས་ནས་དུས་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱིས་ཡུན་རིང་དུ་གདུང་བར་བྱེད་དོ། ། དེ་ལྟར་ཐེག་ཆེན་ལ་སྐྲག་ནས་འདོར་བ་དེ་རྒྱུ་གང་ལས་འབྱུང་ན་ཐེག་ཆེན་གྱི་རིགས་མེད་པ་དང་། རྐྱེན་ཐེག་ཆེན་ལ་སྡང་བའི་གྲོགས་ངན་པས་བཟུང་བ་དང་། །སྔོན་གྱི་དགེ་བ་མ་བསགས་པས་མོས་པར་མི་ནུས་པ་དང་། ཚེ་འདིར་ཟབ་དོན་ལ་བློ་མ་སྦྱངས་བ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་འདིས་སྐྲག་པར་འགྱུར་ཞིང་། འདི་ན་ཐེག་པ་ཆེན་པོའི་ཆོས་ཡོད་བཞིན་དུ་དེ་ལ་གུས་པར་མི་བྱེད་པར་དོན་ཆེན་པོ་འདི་ལས་ལྟུང་བར་འགྱུར་བ་ཡིན་པས་ཅི་ནས་དེ་ལྟར་ཤེས་པས་བག་ཡོད་པའི་སེམས་ཀྱིས་ཉེས་པ་དེ་ལས་རང་བསྲུང་བར་གྱིས་ཤིག་ཅེས་གདམས་པའོ། །ཐེག་པ་ཆེན་པོ་དེ་ལས་མཆོག་ཏུ་གྱུར་པའི་ཐེག་པ་གཞན་དང་གཞན་ཡུལ་དུས་གང་ན་ཡང་མེད་ལ། དེའི་དགོངས་པ་ཤིན་ཏུ་ཟབ་ཅིང་གདུལ་བྱའི་བསམ་པའམ་ཤེས་བྱའི་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཕྱིར། རྗེས་སོང་གི་དོན་ཐེག་པ་ཆེ་ཆུང་དུས་མཚུངས་སུ་བྱུང་བ་ལ་འཆད་པའང་ཡོད། མཆན། ས་དང་ཕར་ཕྱིན་བྱང་ཕྱོགས་ཕུང་ཁམས་སྐྱེ་མཆེད་གནས་གནས་མིན་སོགས་རྒྱ་ཆེ་བའི་ཆོས་ཀྱི་རྣམ་པ་སྣ་ཚོགས་སྟོན་ཅིང་། སྟོང་པ་ཉིད་སོགས་ཆོས་ཀྱི་རྣམ་གྲངས་རེ་རེ་ཡང་ཚིག་དང་དོན་གྱི་རྣམ་པ་ཐ་དད་པའི་མདོ་སྡེ་མང་པོའི་སྒོ་ནས་ཡང་ཡང་རྟག་ཏུ་སྟོན་པ་དང་ལྡན་ལ་དགོངས་པ་དང་ལྡེམ་དགོངས་ཀྱི་སྒོ་ནས་བསྟན་པ་ཕལ་ཆེར་ཇི་སྐད་བཤད་པའི་ཚིག་དེ་བཞིན་དོན་དུ་གཟུང་བར་བྱ་བའང་མིན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་པའོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་མི་འགྱུར་བར་སླར་ངོ་མཚར་ཞིང་གུས་པའི་འདུ་ཤེས་སྐྱེ་བའི་ཕྱིར་བརྟགས་པར་བྱ་ཡི་མ་བརྟགས་པར་སྤང་བར་མི་བྱའོ། །ཞེས་གདམས་པའོ། ། བརྟགས་ཀྱང་ངེས་པ་མ་རྙེད་པ་ཡང་སྲིད་མོད་ཀྱི་དེ་ནི་ཟབ་མོའི་དོན་ལ་སོ་སོ་རང་གིས་རིག་པ་དངོས་ལྟ་ཅི་རྗེས་སུ་མཐུན་པའི་བློ་གྲོས་མ་སྐྱེས་པས་ཡིན་པར་བསྟན་པ་ནི། ཆོས་ལ་འཇུག་པའི་གནས་སྐབས་འདི་ན་དང་པོ་ཐོས་པ་ལ་བརྟེན་ནས་དེའི་དོན་ཡིད་ལ་བྱེད་པ་འབྱུང་སྟེ་མ་ཐོས་པར་བསམ་པའམ་ཡིད་བྱེད་དེ་འབྱུང་མི་སྲིད་དོ།། ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་དོན་ཡུལ་དུ་བྱེད་པའི་མོས་སྤྱོད་པའི་བཟོད་པའི་ཡེ་ཤེས་འབྱུང་བ། དེ་ལས་འཕགས་པའི་ཆོས་ས་དང་པོ་ཐོབ་པ་དང་། དེ་ལས་ས་བཅུའི་ཡེ་ཤེས་སམ་བློ་གྲོས་རབ་ཏུ་སྐྱེ་བ་ཡིན་ཡང་། གང་གི་ཚེ་ཡང་དག་པའི་དོན་ཟབ་མོ་དེ་ནི་རྟོགས་པར་བྱེད་པ་དག་ཚུར་མཐོང་གི་བློས་ནམ་ཡང་མ་ཡིན་ཏེ་སོ་སོ་རང་རིག་པ་ཡིན་ན། དེ་འདྲའི་སོ་སོ་རང་རིག་མེད་ན་གཞན་རྟོག་གེའི་བློ་གྲོས་ཀྱིས་ཇི་ལྟར་ངེས་ཏེ་གཟུགས་ལ་ལྟ་བའི་མིག་མེད་ན་རྣ་བ་སོགས་ཡོད་ཀྱང་མི་མཐོང་བ་བཞིན་ནོ། ། དེའི་ཕྱིར་ན་རང་གིས་ཐེག་ཆེན་གྱི་དོན་ཁོང་དུ་མ་ཆུད་ཀྱང་སྤང་བར་མི་རིགས་ཏེ། བདག་གི་མི་ཤེས་པས་ན་འདི་ཆོས་ཡང་དག་མིན་ནོ་ཞེས་བསམ་པར་མི་རུང་སྟེ། བདག་ཚོགས་མ་བསགས་པས་ཟབ་མོའི་དོན་རྟོགས་པའི་སྐལ་པ་མེད་པས་ན། དམུས་ལོང་གིས་ཉི་མ་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །སངས་རྒྱས་གྱིས་ཀྱང་ཟབ་མོ་གང་ཞིག་བདག་ཅག་གི་བློའི་ཡུལ་དུ་མ་གྱུར་པ་མཁྱེན་པ་མ་ཡིན་ཞེས་བསམ་པར་མི་རིགས་ཏེ། བདག་ཅག་ཡང་དག་པའི་དོན་ལ་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་ནི་སྒྲིབ་པ་ཐམས་ཅད་བྲལ་བའི་ཡེ་ཤེས་མངའ་བའི་ཕྱིར་བདག་གིས་མི་ཤེས་པ་སངས་རྒྱས་ཀྱིས་ཅིས་མི་མཁྱེན་ཏེ། རབ་རིབ་ཅན་གྱི་གཟུགས་ཕྲ་མོ་མ་མཐོང་ཡང་ལྷའི་མིག་གིས་མི་མཐོང་བ་མ་ཡིན་པ་བཞིན་ནོ། །ཟབ་མོ་ཡིན་ཡང་ཅིའི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན་ཞེས་བསམ་པར་མི་བྱ་སྟེ། རྟོག་གེའི་ཤེས་པ་ཙམ་ལས་མ་འཕགས་ན་སངས་རྒྱས་རྣམས་ཟབ་མོ་མངོན་པར་བྱང་ཆུབ་པར་ག་ལ་འགྱུར། ཅིའི་ཕྱིར་ཟབ་མོའི་དོན་སྐྱེ་འགགས་མེད་པ་རིག་པ་དག་ཐར་བར་འགྱུར་ལ། མངོན་རྗེས་ཀྱི་ཚད་མས་དཔྱོད་པའི་རྟོག་གེ་བ་དག་ཐར་བར་མི་འགྱུར་ཞེས་བསམ་པར་བྱ་བ་དེ་ནི་ཐེག་ཆེན་ལ་སྐྲག་པའི་གནས་སུ་རིགས་པ་མ་ཡིན་ཏེ། མངོན་རྗེས་ཙམ་གྱིས་དངོས་པོ་ལ་ཡོངས་སུ་རྟོག་པས་གྲོལ་ན་སེམས་ཅན་ཐམས་ཅད་ཡེ་ནས་གྲོལ་བར་རིགས་ན་ཡང་། དེ་མི་འཐད་དེ་དངོས་པོ་ལ་མངོན་པར་ཞེན་པས་འཆིང་ཞིང་དངོས་པོ་རང་བཞིན་མེད་པར་ཤེས་ན་གྲོལ་བར་འཐད་པའི་ཕྱིར་རོ། །དེ་ལྟར་བྱིས་པ་རྟོག་གེ་བ་རང་གི་བློ་གྲོས་ཚད་མར་བཟུང་ནས་འཕགས་ཆེན་རྣམས་ཀྱིས་གཟིགས་པའི་ཆོས་ཀྱི་དོན་ཟབ་མོ་སྤངས་པ་ནི་ཁྲོན་པའི་རུས་སྦལ་གྱི་དཔེ་དང་། དམུས་ལོང་གིས་མིག་ལྡན་ལ་འགྲན་པ་ལྟ་བུ་ཤིན་ཏུ་བློ་གྲོས་བླུན་པ་སྟེ་རང་བློ་ཚད་མིན་ལ་དཔང་པོར་བྱས་ནས་ཚད་མ་སུན་འབྱིན་པའི་ཕྱིར་རོ། ། འདི་ལྟར་བསམ་པ་དམན་པར་མོས་ཤིང་། རྒྱུ་རིགས་སམ་ཁམས་ཀྱང་ཤིན་ཏུ་དམན་པ་དང་། རྐྱེན་གྲོགས་པོ་དམན་པ་ཐེག་ཆེན་ལ་སྡང་བ་དག་གིས་ཡོངས་སུ་བསྐོར་བ་དེ་དག ཟབ་ཅིང་རྒྱ་ཆེ་བའི་དོན་མ་ནོར་བར་བཤད་པའི་ཆོས་འདི་ལ་གལ་ཏེ་མོས་པ་མེད་པ་དེ་ཉིད་ཀྱིས་ཆོས་འདི་མཆོག་ཏུ་གྲུབ་པ་ཡིན་ཏེ། དམན་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཐུན་མོང་མིན་པའི་ཆོས་སུ་མཁས་པ་རྣམས་ཀྱིས་ཤེས་སོ། ། ཐོས་པའི་རྗེས་སུ་འབྲངས་ཏེ་རིགས་མི་རིགས་ཅུང་ཟད་ཞིག་དཔྱོད་པའི་བློ་དང་ལྡན་པ་ཐོས་ནས་ནི། ད་དུང་རང་གིས་སྔར་མ་ཤེས་པའི་དོན་ཟབ་མོ་ལ་མི་དཔྱོད་པར། གང་ཞིག་ཐོས་པ་གཞན་ཐེག་ཆེན་ལ་མ་བརྟགས་པར་རབ་ཏུ་བརྙས་པར་བྱེད་པ་ནི་མི་རིགས་ཏེ། ཅིའི་ཕྱིར་ན་ཁྱོད་རང་གིས་ཐེག་པ་ཆེན་པོའི་དགོངས་དོན་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་མ་ཤེས་པར་ལྷག་མར་ལུས་པ་ལ། འདི་རིགས་མི་རིགས་ཆོས་ཡིན་མིན་ཞེས་རྨོངས་པ་ཁྱོད་གང་གི་ཕྱིར་ན་ངེས་པར་བྱེད་དེ་དོན་ཚུལ་བཞིན་མ་ཤེས་པར་བླང་བྱ་དང་དོར་བྱའི་ཁྱད་པར་ངེས་པར་མི་ནུས་པའི་ཕྱིར་རོ། །མདོ་ལས་གཟུགས་མེད་སྒྲ་མེད་སོགས་དོན་གང་ཞིག་སྒྲ་ཡིས་བསྟན་ཚོད་ལྟར་དེ་ཇི་བཞིན་དུ་ངེས་པར་ཡོངས་སུ་རྟོག་པའམ་ཁོང་དུ་ཆུད་དོ་ཞེས་དགོངས་པ་མ་ཤེས་པར་ཕྱིན་ཅི་ལོག་ཏུ་བཟུང་ན། ཚིག་དེའི་དོན་བདག་གིས་ཤེས་སོ་སྙམ་དུ་སྙེམས་པ་སྐྱེ་ཞིང་། དོན་ཡང་དག་པར་མ་ཤེས་པས་བློ་ཉམས་པར་འགྱུར་བ་དང་། དེ་དང་དེ་ལྟ་བུ་ལ་བརྟེན་ནས་ལེགས་པར་གསུངས་པ་གཞན་ཡང་སྤངས་པར་བྱེད་པས་ན། རང་ཉིད་བརླག་པར་འགྱུར་ཏེ་ཅིའི་ཕྱིར་ན་ཟབ་མོའི་ཆོས་ལ་ཁོང་ཁྲོ་བས་སྒྲིབ་པ་ཚབས་པོ་ཆེ་བསགས་པར་འགྱུར་བས་སོ། །དེའི་རྒྱུ་མཚན་ཡིད་ཀྱི་ཉེས་པ་ཁྲོ་བ་ནི་རང་བཞིན་གྱིས་གདུག་པ་སྟེ། ལུས་ངག་གི་བྱ་བ་ལྟར་ཀུན་སློང་སོགས་ཀྱིས་གཞན་དུ་མི་འགྱུར་བ་ངོ་བོ་ཉིད་ཀྱི་ཁ་ན་མ་ཐོ་བ་ཡིན་པ་སྟེ། དེའི་ཕྱིར་ཡིད་དུ་མི་འོང་ཞིང་གནོད་པའི་རྐྱེན་དུ་གྱུར་པའམ། མི་རིགས་པ་ཡི་གཟུགས་མགལ་དུམ་སོགས་ལའང་ཁྲོ་བར་མི་རིགས་པ་ནི། ཉན་ཐོས་ཀྱི་གཞུང་སོག་ལེ་ལྟ་བུའི་མདོ་ལས། དགེ་སློང་དག་མེས་ཚིག་པའི་མགལ་དུམ་ལ་ཡང་ཁྲོ་བའི་སེམས་ཀྱང་སྐྱེད་པར་མི་རིགས་ན། སེམས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས། ཞེས་གསུངས་པ་དེ་ལྟར་ན། ཆོས་ཡང་དག་ཡིན་མིན་གཏན་ལ་མ་ཕེབ་པར་ཐེ་ཚོམ་ཟ་བའི་ཆོས་ལ་ཁྲོ་བ་མི་རུང་བ་ནི་སྨོས་ཅི་དགོས་ཏེ། ཡང་དག་པ་ཐེག་པ་ཆེན་པོའི་ཆོས་སྤངས་ན་འཇིག་རྟེན་གྱི་ཁམས་དུ་མ་ཆགས་འཇིག་གི་བསྐལ་བ་མང་པོར་ཡང་ནས་ཡང་དུ་བརྒྱུད་དེ་མནར་མེད་དུ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་མྱོང་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། དེའི་ཕྱིར་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་རང་གིས་ཉམས་འོག་ཏུ་མ་ཆུད་པའི་ཆོས་གང་ལ་ཡང་མོས་པ་མ་སྐྱེས་སུ་ཟིན་ཀྱང་ཁྲོ་བ་དང་བརྙས་པའི་སྒོ་ནས་སྨད་པར་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ་རང་ལ་ཉེས་པ་འབྱུང་བ་མེད་པས་སོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཐེག་པ་ཆེན་པོ་སྒྲུབ་པའི་སྐབས་ཀྱི་ལེའུ་སྟེ་གཉིས་པའི་དོན་རྣམ་པར་བཤད་པའོ།། །། དེ་ལྟར་ཐེག་ཆེན་བཀར་བསྒྲུབས་ནས་ཐེག་པ་ཆེ་ཆུང་གི་ཁྱད་པར་བྱེ་བྲག་ཏུ་ཤེས་པར་བྱ་བ་ལ། དབྱེ་སྒོ་དུ་མ་ཡོད་ཀྱང་། སྐྱབས་འགྲོ་ནས་སྒྲུབ་པའི་བར་བཞི་པོའི་ཁྱད་པར་བཤད་པ་རྒྱུ་རིགས་དང་ལམ་གྱི་ཐོག་མའི་འཇུག་སྒོ་སྐྱབས་འགྲོ་ནས་བརྩམས་ཏེ་བསམ་སྦྱོར་ཐམས་ཅད་ལ་ཁྱད་ཞུགས་པ་ཤེས་པའི་ཕྱིར་རོ། ། གཉིས་པ་བྱེ་བྲག་ཏུ་ཤེས་པར་བྱ་བ་ལ། སྐྱབས་འགྲོ་རིགས་སེམས་བསྐྱེད་སྒྲུབ་པ་བཞི་ལས། དང་པོ་ལ། ཁྱད་པར་དང་། ཁྱད་པར་དེ་ལྡན་གྱི་སྐྱབས་འགྲོའི་རང་བཞིན་དོན་བསྡུས་ཏེ་བསྟན་པ་གསུམ། དང་པོ་ལ་ཁྱད་པར་བཞི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ཀུན་ཏུ་འགྲོ་དང་སོགས་ཚིགས་བཅད་གཉིས་ཏེ། ཐེག་པ་ཆེན་པོ་པ་དག་གི་སྐྱབས་འགྲོ་ནི་ཁྱད་པར་བཞིས་འཕགས་ཏེ། སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་སོགས་ཀྱིས་ཀུན་ཏུ་འགྲོ་བ་དང་། སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་ཁས་ལེན་པ་དང་། བདག་མེད་གཉིས་རྟོགས་པ་དང་། འཇིག་རྟེན་པ་དང་ཉན་རང་ཟིལ་གྱིས་གནོན་པར་བྱེད་པ་སྟེ་དབྱེ་བའི་རང་བཞིན་སྤྱི་དོན་རྣམ་པ་བཞི་ཡི་ཁྱད་པར་གྱིས། ཐེག་པ་མཆོག་གི་དོན་ནམ་ཚུལ་གྱི་ཕྱིར་རམ་ཆེད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་རབ་ཏུ་སོང་བ་གང་ཡིན་པ་དེ་ནི། འཇིག་རྟེན་པ་ཚངས་དང་དབང་ཕྱུག་སོགས་ལ་སྐྱབས་སུ་སོང་བ་དང་། ཉན་རང་རྣམས་རང་དོན་དུ་མཆོག་གསུམ་ལ་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱའོ། །གང་གི་ཕྱིར་ན་སོ་སོ་སྐྱེ་བོ་དག་གིས་དང་པོར་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཞག་པའི་ཆེད་དུ་བདག་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱའོ་ཞེས་ཁས་བླངས་ཤིང་སྨོན་ལམ་འདེབས་པའི་ངེས་པར་བྱ་བ་འདི་དཀའ་སྟེ་སེམས་ཅན་མང་པོའི་ནང་ནས་ཀྱང་འདི་ལྟ་བུའི་སེམས་བསྐྱེད་པའི་སྨོན་ལམ་བགྱིད་པ་ཤིན་ཏུ་དཀོན་ནོ། ། དེ་ལྟར་སེམས་བསྐྱེད་ནས་བླ་མེད་བྱང་ཆུབ་ཐོབ་པར་བྱ་བ་དང་སེམས་ཅན་རྣམས་ཡོངས་སུ་བསྒྲལ་བའི་ཕྱིར་ལུས་དང་ལོངས་སྤྱོད་གཏོང་བ་སོགས་ཀྱི་སྦྱོར་བ་དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའོ། །གང་གི་ཕྱིར་བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་སུ་གྲུབ་ན་སེམས་ཅན་ཐམས་ཅད་ཕྱི་མའི་མཐའི་བར་དུ་ཕན་པ་བྱེད་པས་དོན་ཆེ་སྟེ། དེ་ཕྱིར་ཐེག་པ་ཆེན་པོ་འདི་ལ་ལམ་དུ་བཟུང་ནས་སྐྱབས་སུ་བརྟེན་པ་ནི་དོན་མཆོག་དང་ལྡན་པ་ཡིན་ནོ། །རྒྱས་བཤད་ལ་གོང་གི་རིམ་པ་བཞིན་བཞི་ལས། ཀུན་འགྲོའི་ཁྱད་པར་ནི་སེམས་ཅན་དང་ཐེག་པ་དང་ཡེ་ཤེས་དང་མྱང་འདས་ཀུན་འགྲོ་བཞི་རིམ་པ་ལྟར། གང་ཞིག་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང་། ཐེག་པ་གསུམ་པོ་ཀུན་ཏུ་རྟོགས་པ་དང་། བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན་པ་དང་། གང་ཞིག་མྱ་ངན་འདས་པའི་དབྱིངས་ལ་འཁོར་བ་དང་ཞི་བ་རོ་གཅིག་ཏུ་རྟོགས་ཤིང་ཤེས་རབ་དང་སྙིང་རྗེས་སྲིད་ཞིའི་མཐའ་ལ་མི་གནས་པ་མྱང་འདས་སམ་ཤེས་བྱ་ཀུན་འགྲོ་སྟེ། དེ་འདྲའི་བློ་ལྡན་དེ་སྐབས་འདིར་ཀུན་འགྲོར་རིག་པར་བྱ་སྟེ་ཉན་ཐོས་རྣམས་དེ་ལྟ་བུ་དང་མི་ལྡན་ནོ། །ཁས་ལེན་ལ་དངོས་དང་། དཔེས་བསྟན་པ་གཉིས། དང་པོ་གང་ཞིག་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་སྙིང་ཐག་པ་ནས་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་དུ་གཉེར་བ་བསམ་པ་སྨོན་ལམ་གྱི་ཁྱད་པར་དང་། གང་ཞིག་མོས་སྤྱོད་ནས་ས་བཅུའི་བར་དུ་ལམ་སྒྲུབ་པ་ལ་སྐྱོ་བ་མེད་པར་ལུས་སོགས་གཏོང་བ་དང་སྡུག་བསྔལ་དང་དུ་ལེན་པ་སོགས་དཀའ་བ་ཡང་དག་པར་སྤྱོད་པ་བསྒྲུབ་པའི་ཁྱད་པར་དང་། གང་ཞིག་རྣམ་པར་སངས་རྒྱས་ནས་སངས་རྒྱས་ཀུན་དང་སྤངས་རྟོགས་ལ་ཁྱད་མེད་ཅིང་སྐུ་གསུང་ཐུགས་མཉམ་པར་འགྱུར་བ་འབྲས་བུའི་ཁྱད་པར་སྟེ། བློ་ལྡན་དེ་ནི་ཁས་ལེན་ནམ་དམ་བཅའ་བ་མཆོག་ཏུ་ཤེས་པར་བྱའོ། ། གཉིས་པ་དེའི་ཡོན་ཏན་དཔེས་བསྟན་པ་ལ། རྒྱལ་པོའི་སྲས་ཀྱི་དཔེ་དང་། བློན་པོ་ཆེན་པོའི་དཔེ་གཉིས། དང་པོ་འཁོར་ལོས་བསྒྱུར་བའི་སྲས་ཀྱི་དཔེས་སངས་རྒྱས་ཀྱི་རིགས་མཆོག་ཏུ་སྐྱེས་པ་ནི། དཔེར་ན་འཁོར་ལོས་བསྒྱུར་རྒྱལ་གྱི་སྲས་ཕའི་ས་བོན་དང་། རིགས་བཙུན་པའི་བཙུན་མོ་དམ་པའི་མ་དང་། ནད་སོགས་ཀྱི་སྐྱོན་མེད་པའི་མངལ་དང་། སྐྱེད་བསྲིང་བའི་མ་མ་སྟེ་ཕུན་ཚོགས་བཞི་དང་ལྡན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་གདུང་རིགས་རྒྱུན་མི་གཅོད་པའི་རིགས་ཀྱི་སྲས་ཞེས་བྱ་བ་ལ་ཉན་ཐོས་རྣམས་ལ་སངས་རྒྱས་ཀྱི་སྲས་ཞེས་མི་བྱ་སྟེ་གསུང་ལས་སྐྱེས་པའི་སློབ་མའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྲས་ཀྱི་མཆོག་ཏུ་གང་སྐྱེས་པ་དེ་ནི་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནི། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེ་དང་ཆོས་བཞི་པོ་དེ་ནི་རིམ་པ་ལྟར་ཕའི་ས་བོན་དང་། མ་དང་མངལ་གྱི་གནས་དང་མ་མ་མཚུངས་པ་མེད་པ་དང་ཆོས་འདྲ་བ་ལས་སྐྱེས་པའི་བློ་ལྡན་བྱང་སེམས་དེ་ནི་ཁས་ལེན་མཆོག་ཏུ་རིག་པ་བྱ་སྟེ། བླ་མེད་བྱང་ཆུབ་བསྒྲུབ་པར་ཁས་བླངས་པ་དེའི་དབང་གིས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་འཁོར་ལོས་སྒྱུར་བའི་བུ་མཚན་ལྡན་བཞིན་ནོ། ། ཡང་འཁོར་ལོས་བསྒྱུར་བའི་སྲས་སུ་སྐྱེས་པ་ལ་མི་ཕལ་པ་ལས་འཕགས་པའི་ཡོན་ཏན། ལུས་མཚན་གྱིས་བརྒྱན་པ། རྒྱལ་ཕྲན་གཞན་དབང་དུ་འདུ་ཞིང་ལེགས་པར་སྐྱོང་བ། རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐོབ་པ། རྒྱལ་པོའི་ལུགས་དང་རིག་གནས་ཀུན་ལ་མཁས་པ་བཞི་ཡོད་པ་དང་མཚུངས་པར། བྱང་ཆུབ་སེམས་དཔའ་དེ་ཡང་སྣ་ཚོགས་ཡིད་དུ་འོང་བའི་མཚན་བཟང་པོ་དང་དཔེ་བྱད་བཟང་པོ་ཀུན་གྱིས་དེའི་ལུས་བརྒྱན་པར་འགྱུར་ལ། དེ་ཡང་འཇིག་རྟེན་པའི་འཁོར་ལོས་སྒྱུར་བའི་མཚན་ལས་ཡོན་ཏན་གསུམ་གྱིས་ཁྱད་པར་དུ་འཕགས་ཏེ་ཡུལ་ན་གནས་པ་དང་། ཡོངས་སུ་གསལ་བ་དང་། ཡོངས་སུ་རྫོགས་པའི་ཁྱད་པར་གྱིས་སོ། །བློ་ཡི་སྟོབས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་ལ་ཡོངས་སུ་སྨིན་པར་བྱེད་པའི་ལུས་ངག་ཡིད་ཀྱི་སྟོབས་ཐོབ་པ་དང་། སངས་རྒྱས་ཀྱི་བདེ་བ་ཆེན་པོ་ནམ་ཡང་མི་ཟད་པས་མཐའ་ཡས་ཤིང་ཉོན་མོངས་པ་ཐམས་ཅད་ཞི་བ་རྙེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་གཏན་བདེར་འཇོག་པས་ན་སེམས་ཅན་ཀུན་གྱི་སྐྱབས་སུ་འགྱུར་བའི་ཐབས་ཆེན་པོ་ཇི་ལྟ་ཇི་སྙེད་དམ་ཐབས་དང་ཤེས་རབ་ཀྱི་སྒོ་དཔག་ཏུ་མེད་པ་བཤམས་པ་ཤེས་སོ། །ཡང་འཁོར་ལོས་སྒྱུར་བའི་སྲས་མཚན་དང་ལྡན་པ་དེ་ཡབ་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། བྱ་བ་ལྷག་པར་བརྟགས་པ་ལ་མཁས་པ་དང་། ལུས་ངག་ཡིད་ཀྱི་སྒྱུ་རྩལ་ཀུན་ལ་མཁས་པ་དང་། འབངས་འཁོར་རྣམས་ཚར་གཅོད་དང་རྗེས་འཛིན་གྱི་སྒོ་ནས་སྐྱོང་བ་བཞི་དང་ལྡན་པ་བཞིན་དུ། བླ་མེད་བྱུང་ཆུབ་ཁས་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཡང་། ས་བཅུ་པར་སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་བ་བྱིན་པ་དང་། དེའི་སྟོབས་ཀྱིས་ཡེ་ཤེས་ཐོགས་པ་མེད་པ་དེ་ནི་ཇི་ལྟ་ཇི་སྙེད་ཀྱི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན་པ་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཀུན་དུ་རྫུ་འཕྲུལ་དང་ཆོས་སྟོན་པའི་རྣམ་པ་ཀུན་ནས་ཤེས་པ་དང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བཅའ་བས་ཉེས་པ་བྱེད་པ་ཚར་གཅོད་པ་དང་ལེགས་པ་བྱེད་པ་ལ་ཕན་འདོགས་པས་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །དཔེ་གཉིས་པ་ནི། བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་དང་སྐུ་གསུང་ཐུགས་ཀྱི་གསང་བ་ལ་སྤྱན་བྱེད་པ་ཡིན་གྱི་ཉན་ཐོས་རྣམས་དེ་ལྟར་མ་ཡིན་ཏེ། དཔེར་ན་རྒྱལ་པོའི་ཡིད་བརྟན་གྱི་མཆོག་ཏུ་གྱུར་པའི་བློན་པོ་ཆེན་པོ་ནི། རྒྱལ་པོའི་བཙུན་མོའི་སླས་སོགས་འཁོར་གྱི་ནང་ན་འཇུག་པ་དང་། མཛོད་ཐམས་ཅད་ཀྱི་སྤྱན་པ་བྱེད་པ་དང་། གསང་བའི་གཏམ་བགྲོས་པ་དང་། གཞན་ལ་བཀའ་བསྒོ་བར་དབང་བ་བཞི་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ཡང་བློན་པོ་ཆེན་པོ་ལྟ་བུར་སངས་རྒྱས་ཀྱི་ཆོས་ཕ་རོལ་ཏུ་ཕྱིན་པ་བཅུ་སོགས་ཐེག་པ་ཆེན་པོའི་ཆོས་རྣམས་ལ་འཇུག་པ་དང་། བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་གྱི་ཆོས་བདལ་བའམ་བཀྲམ་པའི་མཛོད་ལ་རྟག་ཏུ་སྤྱན་བྱེད་པ་སྟེ་གཉེར་བྱེད་པའམ་གཟིགས་རྟོག་མཛད་པའི་ཕྱིར་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་དག་འཛིན་པ་ནི། དཔེར་ན་གསང་བ་བསམ་མི་ཁྱབ་པའི་མདོ་ལས་ཕྱག་ན་རྡོ་རྗེ་ནི་རྟག་ཏུ་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའི་དུས་དང་སངས་རྒྱས་པའི་དུས་ན་དྲུང་དུ་གནས་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གཞན་གྱིས་མི་ཤེས་པ་རྣམས་ཀྱང་དེས་ཤེས་པ་ལྟ་བུའོ། །སེམས་ཅན་མང་པོའི་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་ཏུ་བྱེད་པའི་ཕྱིར་རོ། །གསུམ་པ་རྟོགས་པའི་ཁྱད་པར་ནི། མདོར་བསྡུས་ན། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་ཡིན་ལ། རྒྱས་པར་ཕྱེ་ན་ཡོན་ཏན་བརྒྱད་དེ། དང་པོ་ཐེག་ཆེན་གྱི་ཆོས་ལ་མོས་པ་སྐྱེས་པའི་དུས་ན་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་ཙམ་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པ་དང་། དེ་ལྟར་མོས་པ་སྐྱེས་ནས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་ཁམས་གསུམ་གྱི་སེམས་ཅན་ཀུན་ལས་འཕགས་ཏེ་བླ་མ་ཉིད་དུ་གྱུར་པ་དང་། བདག་དང་གཞན་གྱི་དོན་དུ་བསམས་བཞིན་སྲིད་པར་སྐྱེ་བ་འཛིན་པ་ན་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྲིད་པའི་བདེ་བ་ཚད་མེད་པ་མྱོང་བ་དང་། ས་དང་པོར་ཆོས་དབྱིངས་མངོན་སུམ་རྟོགས་པ་ན་བདག་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་ཅིང་བདག་གཞན་གྱི་དོན་སྒྲུབ་ནུས་པར་མཐོང་ནས་རབ་ཏུ་དགའ་བ་སྐྱེ་ཞིང་། རང་དང་གཞན་གྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རབ་ཏུ་ཞི་བ་ཉིད་བྱེད་ལ། དེའི་ཚེ་ན་འཚོ་བ་མེད་པ་དང་། མི་བསྔགས་པ་དང་། འཁོར་གྱི་འཇིགས་པ་དང་། ངན་འགྲོར་ལྷུང་བ་དང་འཆི་འཕོ་བའི་འཇིགས་པ་ལྔ་དང་བྲལ་བས་རང་གི་སྡུག་བསྔལ་ཞི་ཞིང་བདག་བཞིན་དུ་སེམས་ཅན་རྣམས་ཀྱི་འཇིགས་པ་དེ་ལྔ་ཡང་ཞི་བར་བྱེད་པའི་ཕྱིར་རོ། །ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དུས་སུ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ་སྟེ་བློ་མཆོག་གི་བདེ་བ་ལ་གནས་པ་དང་། དེ་ལྟར་ལྔ་དང་ས་བཅུ་འདས་ནས་སངས་རྒྱས་ཀྱི་ས་ལ་ཡོན་ཏན་གསུམ་ཐོབ་སྟེ། ཟག་མེད་ཀྱི་ཆོས་སམ་མདོ་སྡེ་སོགས་ཆོས་མང་པོ་ཚད་མེད་པའི་ཕུང་པོ། འཇིག་རྟེན་པ་དང་ཉན་རང་ལས་ཕུལ་དུ་གྱུར་པ་མཆོག་དང་རབ་ཏུ་གྱུར་པ་འཁོར་བའི་མཐའི་བར་དུ་རྟག་པའི་ཆོས་ཀྱི་སྐུ་སྟེ་དགེ་བའི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་བག་ཆགས་གཏན་ནས་བཟློག་ཅིང་། སྲིད་པ་དང་ཞི་བའི་མཐའ་གཉིས་ལས་རྣམ་པར་གྲོལ་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །བཞི་པ་ཟིལ་གནོན་རྒྱས་བཤད། བློ་ལྡན་བྱང་ཆུབ་སེམས་དཔའ་དེས་དགེ་བ་རྣམ་པ་བཞིའི་སྒོ་ནས་ཉན༵་ཐོ༵ས་རང་སངས་རྒྱས་ཀྱི་ཚོ༵གས་མང་པོ་དང་བཅ༵ས་པ་ཟིལ་གྱིས་གནོན་ཏེ། དེ་ལྟར་བྱང་སེམས་ཀྱི་དགེ༵་བ༵་ནི་མོས་སྤྱོད་ཀྱིས་འཇིག་རྟེན་ཆོས་མཆོག་མན་ཆད་ལ་གནས་པའི་དགེ་བ་ནི་ཉན་ཐོས་ལྟར་མྱང་འདས་ཕྱོགས་གཅིག་ཏུ་འཇུག་པ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བར་འཇུག་པའི་རྒྱུ་ཡང་བྱེད་པས། རྒྱ༵་ཆེ༵ན་པོར་གྱུར་པའི་ཕྱིར་ཉན་ཐོས་ཐམས་ཅད་ཟིལ་གྱི་གནོན་ཏོ།། ས་དང་པོ་ནས་བདུན་པའི་བར་གྱི་དགེ་བ་ནི་བླ་མེད་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་དོན༵་ཆེ༵ན་པོ་ཡིན་པས་ཉན་ཐོས་ཐམས་ཅད་ཟིལ་གྱིས་གནོན་པ་དང༵་དག་པ་ས་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་དགེ་བའི་རྩ་བ་རྣམས་འབྲས་བུ་སྨིན་པ་ལྟར་འཕེལ་ཞིང་སྨིན་པ་དང་། སྟོབས་དང་ཕར་ཕྱིན་སོགས་ཀྱི་ཡོན་ཏན་མཐ༵འ་ཡ༵ས་པ་འཕེལ་བ་དང་རྟག་ཏུ་སངས་རྒྱས་པ༵འི་མཛད་པ་དང་ཆོས་འཆད་པ་རྒྱུན་མི་འཆད་པས་ཀྱང་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ། །སངས་རྒྱས་ཀྱི་སར་སྟོབས་དང་མི་འཇིགས་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་མཐར་ཐུག་པ་བརྙེས་པ་དེ་ཡང་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་ནམ་ཡང་ཟ༵ད་མི་ཤེ༵ས་པས༵་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ། །དེ་ལྟར་ཐེག་ཆེན་པའི་སྐྱབས་སུ་སོང་བའི་དགེ་བ་དེ་ཡང་འཇིག་རྟེན་ཆོས་མཆོག་མན་ཆད་དུ་མོས་སྤྱོད་པའི་སེམས་བསྐྱེད་པ་དང་། འཇིག་རྟེན་མ་ཡིན་པ་ས་གཉིས་པ་ཡན་ཆད་བདུན་པའི་བར་ལྷག་པའི་བསམ་པ་རྣམ་པར་དག་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། དག་ས་གསུམ་དུ་རྣམ་པར་མི་རྟོག་པ་ལ་སོགས་པ་བཞི་ལ་དབང་འབྱོར་པའི་ཕུན་སུམ་ཚོགས་པ་རྙེད་པ་དེ་ནི་ཉན་རང་ལྟར་ཕུང་པོ་ལྷག་མེད་དུ་ཞི་བས་ཟད་མི་ཤེས་པས་ཁྱད་པར་དུ་འཕགས་སོ། །གཉིས་པ་ཁྱད་པར་ཅན་གྱི་སྐྱབས་འགྲོ་ཉིད་བཤད་པ། ཐེག་ཆེན་པའི་སྐྱབས་འགྲོ་འདི་ནི་སངས་རྒྱས་དེའི་དངོས་པོ་འདོད་པ་སྟེ། གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེ་ཡི་དངོས་པོར་བདག་ཉིད་གྲུབ་པར་འདོད་པས་ཇི་ལྟར་སངས་རྒྱས་འདི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ་དེ་བཞིན། བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཉིད་དུ་གྱུར་ཅིག་ཅེས་དེ་ཉིད་དུ་དམ་བཅའ་ཞིང་ཁས་ལེན་པའི་སྨོན་ལམ་ཡིན་ཏེ་འདི་ནི་སྐྱབས་འགྲོའི་ངོ་བོའམ་རང་བཞིན་ནོ། །ཉན་ཐོས་རྣམས་བདག་འཁོར་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་སྙམ་དུ་བདག་སྐྱོབ་པའི་ཕྱིར་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །བདག་སངས་རྒྱས་སུ་གྲུབ་པར་གྱུར་ཅིག་ཅེས་ཁས་ལེན་པ་དེ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བར་འདོད་པའི་སྙིང་བརྩེ་བ་ལས་ཡིན་པ་རིག་པར་བྱ་སྟེ། དེ་ཕྱིར་ཐེག་ཆེན་གྱི་སྐྱབས་འགྲོའི་རྒྱུ་ནི་སྙིང་རྗེ་ཡིན་ནོ། ། དེ་ལྟར་སྐྱབས་སུ་སོང་བ་དེ་ལས་ས་བཅུ་རིམ་གྱིས་བསྒྲུབས་ནས་སངས་རྒྱས་ཀྱི་སར་ཤེས་བྱའི་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་ཐོབ་པ་ནི་སྐྱབས་འགྲོའི་འབྲས་བུ་སྟེ་འབྲས་སྐྱབས་སོ། །སངས་རྒྱས་སུ་གྲུབ་ནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་པ་དང་། བྱང་སེམས་རྣམས་སློབ་པའི་དུས་སུ་ཡང་སེམས་ཅན་གྱི་དོན་ལ་དཀའ་བ་སྣ་ཚོགས་སྤྱད་པ་ལ་ཡོངས་སུ་སྐྱོ་བ་མེད་པ་ནི་སྐྱབས་སུ་འགྲོ་བའི་ལས་སོ། །ཚེ་འདིར་ཟང་ཟིང་དང་དགེ་བས་ཕན་བཏགས། ཚེ་རབས་གཞན་དུ་ལྷ་མིའི་ལོངས་སྤྱོད་དང་མྱང་འདས་ལ་བཀོད་པ་བདེ་བ་ཞེས་བློ་བརྟན་འགྲེལ་པ་སོགས་སུ་བཤད། ཚེ་འདིར་མངོན་མཐོའི་བདེ་བ་དང་། ཕྱི་མར་ངེས་ལེགས་ཀྱིས་ཕན་པ་ཞེས་སུ་བཤད་པའང་གཞན་ན་ཡོད། གནས་སྐབས་ཀྱི་བདེ་བ་དང་། མཐར་ཐུག་གི་ཕན་པ་ཞེས་འཆད་པའང་ཡོད་དོ། །ཐེག་པ་ཆེ་ཆུང་གི་ལམ་ལས་ངེས་པར་འབྱུང་བའི་གང་ཟག་སོ་སོ་ལ། ཐེག་པ་གསུམ་པོ་ཀུན་གྱིས་རྟོགས་པའི་ཡོན་ཏན་དང་རྟག་ཏུ་ལྡན་པ་ནི་ལྡན་པའོ། །དེ་ཡང་ཐེག་ཆེན་གྱི་སྐྱབས་འགྲོ་ནི་ཐེག་པ་གསུམ་པོ་ཀུན་ཏུ་འགྲོ་བས་ན། ཐེག་པ་གསུམ་གང་ལ་དད་པའི་སེམས་ཅན་རིས་སུ་མ་ཆད་པ་རྣམས་ལ་ཐེག་པ་དེ་དང་དེའི་ཆོས་བསྟན་པས་སྡུག་བསྔལ་ལས་གྲོལ་བའམ་ངེས་པར་འབྱུང་བ་བྱེད་པས་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་དང་ལྡན་པས་རིགས་ཅན་གསུམ་པོའི་སྐྱབས་དང་མགོན་དུ་གྱུར་པ་སྟེ། རིགས་ཅན་དེ་དག་རང་རང་གི་ཐེག་པ་དེ་ལ་རྟོན་པའམ་བློ་ཁེལ་བ་ཡིན་ནོ། །སྐྱབས་འགྲོ་དེའི་དབྱེ་བའམ་འཇུག་པ་ནི། བརྡ་ཡིས་ཐོབ་པ་དང་། ཆོས་ཉིད་ཀྱིས་ཐོབ་པ་གཉིས་སུ་ཡོད་དེ། དང་པོ་རང་གི་ངག་གིས་ཁས་བླངས་པ་དང་མཁན་སློབ་རྣམས་ཀྱི་ངག་གི་སྒྲ་སོགས་ཀྱི་བརྡ་ལས་ཐོབ་པ་ནི་རགས་པ་བརྡ་ལས་བྱུང་བའི་སྐྱབས་འགྲོ་དང་། ཆོས་ཉིད་ཀྱིས་ཐོབ་པ་ནི་ས་དང་པོར་ཆོས་ཉིད་ཀྱི་དོན་མངོན་སུམ་རྟོགས་པ་ལས་དེ་ཕན་ཆད་ཉམས་མི་སྲིད་པ་ཐོབ་པ་ནི་ཟབ་པའམ་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་སྟེ། སེམས་བསྐྱེད་པའང་དེ་བཞིན་དུ་རྣམ་པ་གཉིས་ཡིན་ནོ། ། དེ་ལྟར་རང་བཞིན་ནམ་ངོ་བོ་དང་རྒྱུ་འབྲས་ལས་ལྡན་འཇུག་པ་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉན་རང་རྣམས་ཀྱི་དེ་ལས་མཆོག་ཡིན་ནོ། །གསུམ་པ་མཇུག་བསྡུ་པའི་ཚིགས་བཅད། ཇི་སྐད་བཤད་པ་དེ་ལྟ་བུའི་ཚུལ་གྱིས་ཐེག་པ་ཆེན་པོའི་ལུགས་ཀྱི་སྐྱབས་སུ་འགྲོ་བ་འདིར་སོང་པ་ནི་དོན་ཆེ་སྟེ། ཇི་ལྟར་ན་དེ་ལྟར་རང་གཞན་དོན་གཉིས་བསྒྲུབ་ཕྱིར་སྐྱབས་སུ་སོང་པ་དེ་ནི། ས་དང་ལམ་རིམ་པར་བསྒྲུབས་ནས་སངས་རྒྱས་ཀྱི་སའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པ་སོགས་ཐོབ་པའི་བར་གྱི་དཔག་ཏུ་མེད་པའི་ཡོན་ཏན་གྱི་ཚོགས་འཕེལ་བར་འགྱུར་པ་རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་དུ་མཐའ་ཡས་པའི་འགྲོ་བ་འདི་ཀུན་ལ་སྙིང་རྗེའི་བསམ་པས་ཁྱབ་པའི་སྒོ་ནས་སྦྱོར་བ་མཚུངས་པ་མེད་པ་འཕགས་པ་ཆེན་པོ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཆོས་ཐེག་པ་ཆེན་པོ་དག་ཀྱང་ཕྱོགས་བཅུར་རྒྱས་པར་སྟོན་ཅིང་འཆང་བར་བྱེད་པས་གནས་སྐབས་དང་གཏན་གྱི་བདེ་བ་རྣམ་གྲོལ་ལ་འགོད་པར་བྱེད་པས་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་མངའ་པའི་ཕྱིར་རོ། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་སྐྱབས་སུ་འགྲོ་བའི་ལེའུ་སྟེ་གསུམ་པ་རྣམ་པར་བཤད་པའོ།། །། དེ་ཡང་ཐེག་པ་གསུམ་གྱི་ལམ་གང་ཡིན་ཡང་ཐོག་མ་ནི་སྐྱབས་འགྲོ་ཡིན་ཏེ། རང་རང་གི་ལམ་དེ་ཉིད་འཁོར་བའི་སྡུག་བསྔལ་ལས་གཏན་དུ་གྲོལ་བའི་རྣམ་གྲོལ་གྱི་ལམ་ཡིན་པར་ཡིད་ཆེས་ནས་དེའི་ཕྱིར་ན་ལམ་དེ་སྟོན་པ་པོ་དང་། ལམ་དེ་ལ་ཞུགས་པ་དག་ཀྱང་མཆོག་གི་སྐྱབས་སུ་བཟུང་ནས་ལམ་ལ་འཇུག་པ་ཡིན་གྱི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་མི་ལེན་པ་ལ་ཆོས་འདི་པའི་སྐལ་བ་མེད་པའི་ཕྱིར། དང་པོར་སྐྱབས་འགྲོ་བཤད་དོ། །དེའི་རྗེས་སུ་ཐེག་པ་ཆེ་ཆུང་གཉིས་ཀ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་མཚུངས་ཀྱང་། ཁ་ཅིག་ཐེག་ཆེན་སྐྱབས་འགྲོ་དང་། ཁ་ཅིག་ཐེག་དམན་པའི་སྐྱབས་འགྲོར་འགྱུར་བ་ལྟ་བུ་རིགས་ཅན་གསུམ་འབྱུང་བ་འདིའི་རྒྱུ་ཅི་ཡིན་སྙམ་པའི་ཐེ་ཚོམ་བསལ་ཕྱིར་རིགས་ཀྱི་ལེའུ་བཤད་དེ། རིགས་མཆོག་དང་ལྡན་པས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་རྗེས་སུ་སེམས་བསྐྱེད་བཤད། བསམ་པ་སེམས་བསྐྱེད་པ་དེས་སྦྱོར་བ་བསྒྲུབ་པ་ཡིན་པས་སེམས་བསྐྱེད་ཀྱི་རྗེས་སུ་སྒྲུབ་པ་བཤད་པ་ཡིན་ལ། སྒྲུབ་པ་སྔ་ཕྱིར་ལན་གཉིས་བྱུང་བ་ནི་སྔ་མར་ཐེག་པ་ཆེ་ཆུང་གི་སྒྲུབ་པའི་ཁྱད་པར་བྱེ་བྲག་ཏུ་ཤེས་པར་བྱ་བ་ཙམ་གྱིས་སྤྱིར་བསྟན། སྒྲུབ་པའི་ལེའུ་ཕྱི་མར་བཤད་སྒྲུབ་ཀྱི་ཟླས་ཕྱེ་བའི་སྒྲུབ་པ་ལག་ལེན་དངོས་བཤད་པ་ཡིན་ནོ། ། དེ་ལྟར་འཕྲོས་དོན་སྨོས་ནས་དཀྱུས་ཀྱི་དོན། གཉིས་པ་རིགས་ཀྱི་ལེའུ་བཤད་པ་ལ་རིགས་ཡོད་པ་བཤད་པ་དང་། རིགས་མེད་པ་བཤད་པ། ཐེག་པ་མཆོག་གི་རིགས་ལ་བསྔགས་པའི་སྒོ་ནས་ལེའུའི་མཇུག་བསྡུ་བ་གསུམ། དང་པོ་ལ་སྡོམ་གྱི་སྒོ་ནས་མདོར་བསྟན། དེ་དག་སོ་སོའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ཡོད་དང་མཆོག་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྤྱིར་རིགས་ཐ་དད་པ་ཡོད་པ་དང་། དེ་ལས་ཐེག་ཆེན་གྱི་རིགས་མཆོག་ཉིད་ཡིན་པ་དང་། རིགས་ཀྱི་མཚན་ཉིད་དང་རིགས་དེའི་རྟགས་དང་། རིགས་ཀྱི་རབ་ཏུ་དབྱེ་བ་དང་། རིགས་སད་པར་མི་བྱེད་པའི་སྒྲིབ་པའམ་ཉེས་དམིགས་དང་། རིགས་ཀྱི་ཕན་ཡོན་དང་། རིགས་ཀྱི་དཔེ་གསེར་དང་རིན་ཆེན་རྣམ་པ་གཉིས་ཏེ། དེ་ལྟར་དོན་བརྒྱད་པོ་སོ་སོ་རེ་རེ་ལའང་རྣམ་པ་བཞི་རེས་འཆད་དོ། །ཞེས་སོ། ། གཉིས་པ་ལ་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་བརྒྱད་ལས། དང་པོ་རིགས་ཐ་དད་ཡོད་པ་ཇི་ལྟར་བལྟ་ཞེ་ན། སེམས་ཅན་གྱི་ཁམས་ན་རིགས་སམ་ཁམས་རྣམ་པ་དུ་མ་སྣ་ཚོགས་པ་རྣམས་ཡོད་པ་དང་། ཞེས་པ། ཁམས་དང་ས་བོན་རིགས་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཙམ་ཡིན་ལ། སེམས་ཅན་རྣམས་ཀྱི་ཁམས་ནི་མི་འདྲ་བ་རྣམ་པ་སྣ་ཚོགས་པ་ཡིན་ཏེ། ཁ་ཅིག་འདོད་ཆགས་ལ་སྤྱོད་པ། དེ་བཞིན་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པའི་ཤས་ཆེ་བ་དང་། ཁ་ཅིག་ཉན་ཐོས་དང་། དེ་བཞིན་རང་རྒྱལ་དང་། ཐེག་ཆེན་གྱི་རིགས་ཅན་ཐ་དད་དུ་ཡོད་པའི་ཕྱིར་རིགས་ཐ་དད་ཡོད་པར་ངེས་སོ། །སེམས་ཅན་ཆགས་སོགས་སོ་སོའི་ཤས་ཆེ་བ་སོགས་ཀྱི་བྱེ་བྲག་ལའང་རྣམ་པ་སྣ་ཚོགས་མི་འདྲ་བ་དུ་མར་འགྱུར་བས། བ་རུ་རའི་མདོ་ལས། འཕར་དང་ཞེང་དང་དཔག་ཚད་གཅིག་ཙམ་ཡོད་པའི་བ་རུ་རའི་ཕུང་པོ་ལས་འདི་ནི་སེམས་ཅན་ཉན་ཐོས་ཀྱི་རིགས་སོ། །འདི་ནི་རང་རྒྱལ་གྱི་རིགས་སོ། །འདི་ནི་འདོད་ཆགས་ལ་སྤྱོད་པའི་རིགས་སོ་ཞེས་སོགས་དེ་ལྟ་བུའི་ཚུལ་གྱིས་ཁམས་སོ་སོའི་སེམས་ཅན་བགྲངས་ན་བ་རུ་ར་འམ་རི་ལུའི་ཕུང་པོ་དེ་མྱུར་དུ་ཟད་པར་འགྱུར་གྱི་སེམས་ཅན་གྱི་ཁམས་ནི་ཟད་པར་མི་འགྱུར་གསུངས་པ་ལྟ་བུའོ། །མོས་པ་དང་ཞེས་པ་རིགས་སམ་ཁམས་ཀྱི་དབང་གིས་མོས་པའང་མི་འདྲ་བ་སྣ་ཚོགས་ཡོད་དེ། ཟས་གཅིག་པུ་ལ་ཡང་། ཁ་ཅིག་མངར་བ་ལ་མོས། ཁ་ཅིག་སྐྱུར་བ་ལ་ལྷག་པར་མོས་པ་སོགས་ཀྱིས་མཚོན་ནས་མོས་པ་ཚད་མེད་པ་ཡོད་ལ། རྣམ་གྲོལ་ལམ་གྱི་དབང་དུ་བྱས་ན་ཡང་། དགེ་བའི་བཤེས་ཀྱིས་བསྟན་རུང་མ་བསྟན་རུང་ཁ་ཅིག་ཉན་ཐོས་ཀྱི་ཐེག་པ་ལ་དད་ཅིང་ཐེག་ཆེན་ལ་མི་དད་པ་སོགས་ཐ་དད་ཡོད་དོ། ། དེ་བཞིན་ཕར་ཕྱིན་སྒྲུབ་ནུས་མི་ནུས་ཐ་དད་ཡོད་པ་དང་། རྣམ་གྲོལ་གྱི་འབྲས་བུ་ཡང་། ཉན་ཐོས་ཀྱི་བྱང་ཆུབ་ལྟ་བུ་ཆུང་ངུ་དང་། རང་རྒྱལ་གྱི་བྱང་ཆུབ་འབྲིང་པོ་དང་། ཐེག་ཆེན་གྱི་བྱང་ཆུབ་མཆོག་སྟེ། དེ་ལྟར་རྒྱུ་མཚན་བཞི་དམིགས་པའི་ཕྱིར། རིགས་ཐ་དད་ཡོད་པ་ཉིད་དུ་ངེས་པར་བརྗོད་དེ། རིགས་སམ་ཁམས་ཐ་དད་མེད་ན་རྒྱུ་འདྲ་བས་མོས་པ་སོགས་ཕྱི་མ་གསུམ་ཡང་ཐ་དད་མེད་པར་འགྱུར་རིགས་ན་ཡང་དེ་ལྟར་མ་ཡིན་པས་ཁམས་ཐ་དད་ཡོད་པར་གྲུབ་བོ། །གཉིས་པ་ཐེག་ཆེན་གྱི་རིགས་མཆོག་ཡིན་པ་ནི། ཐེག་པ་ཆེན་པོའི་རིགས་དེ་ནི་ཐེག་ཆེན་པའི་དགེ་བའི་རྩ་བ་སྒྲིབ་པ་གཉིས་དང་བྲལ་བའི་གསལ་ཞིང་དག་པའི་རྒྱུ་བྱེད་པས་ན། ཐེག་དམན་པའི་རིགས་ལས་ཁྱད་པར་འཕགས་པ་དང་། ས་དང་ཕར་ཕྱིར་དང་མཐར་འབྲས་སྟོབས་བཅུ་སོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་རྫོགས་པའི་རྒྱུ་བྱེད་པ་དང་ནི་བདག་གི་དོན་དང་སེམས་ཅན་གཞན་གྱི་དོན་སྒྲུབ་པ་འབྱུང་བས་དགེ་བའི་དོན་ཆེན་པོའི་རྒྱུ་བྱེད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གྱུར་ཀྱང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དགེ་བ་འཁོར་བའི་མཐའི་བར་དུ་མི་ཟད་པ་ཡི་རྒྱུ་མཚན་བཞི་ཡི་ཕྱིར་ན་ཐེག་ཆེན་གྱི་རིགས་ནི་མཆོག་ཉིད་ཅེས་བརྗོད་པ་ཡིན་ཏེ། དགེ་བ་གསལ་ཞིང་དག་པས་ཁྱད་པར་དུ་འཕགས་པ་སོགས་བཞི་པོ་དེ་ཉན་ཐོས་ལ་མེད་པས་དེའི་རིགས་ཀྱིས་དེ་འདྲའི་དགེ་བའི་རྒྱུ་མི་བྱེད་པའི་ཕྱིར་རོ། །གསུམ་པ་རིགས་དེའི་མཚན་ཉིད་ཀྱི་རྣམ་དབྱེ་ནི། རང་བཞིན་དུ་གནས་པའི་རིགས་དང་། རྒྱས་པ་ཡི་རིགས་སམ་རྒྱས་འགྱུར་གྱི་རིགས་གཉིས་ཡོད་ལ། དེ་གཉིས་ནི་སྔ་མ་རྟེན་དང་། ཕྱི་མ་བརྟེན་པ་ཡིན་པས་རྣམ་གྲངས་ཀྱིས་བཞིའོ། །དེ་ལ་རང་བཞིན་གནས་རིགས་ནི་སེམས་ཙམ་པའི་བཞེད་པ་ལྟར་ན་ཐོག་མ་མེད་པའི་དུས་ནས་སེམས་ཅན་དེ་དག་གི་སྐྱེ་མཆེད་དྲུག་གི་ཁྱད་པར་ཆོས་ཉིད་ཀྱིས་ཐོབ་པ་ཞེས་རང་བཞིན་གཤིས་ཀྱི་དེ་ལྟ་བུ་ཡིན་པ་སུས་ཀྱང་མ་བྱས་མ་བཅོས་པར་མངོན་པར་འཚང་རྒྱ་བའི་ས་བོན་དང་ལྡན་པ་སྟེ། ས་བོན་དེ་དང་ལྡན་པས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བའི་སྐལ་བ་ཡོད་པ་ཞིག་ཏུ་འདོད་དེ། དཔེར་ན་རྡོ་ཡི་རིགས་ལ་ལའི་ཁམས་ན་གསེར་ཡོད་པ་དང་ཁ་ཅིག་ལྕགས་དང་། ཟངས་སོགས་ཀྱི་ཁམས་ཅན་ཡིན་པ་ཕན་ཚུན་འགྱུར་མི་རུང་པ་ལྟ་བུར་འདོད། འདིའི་ལུགས་ལ་ཐེག་པ་གསུམ་གྱི་རིགས་དང་། མ་ངེས་པ་དང་ཐར་པའི་ས་བོན་དང་གཏན་བྲལ་རིགས་ཆད་དང་ལྔར་བཞེད་དོ། ། བསྟན་བཅོས་འདིར་ཡང་དེའི་རྣམ་བཞག་གསུངས་མོད་ཀྱིས། དབུ་མ་པ་རྣམས་ཀྱིས་ཀྱང་གནས་སྐབས་སུ་དེ་ལྟ་བུའི་རིགས་ལྔ་ཡོད་པ་མི་འགོག་སྟེ། ཉན་ཐོས་ཞི་བ་ཕྱོགས་གཅིག་པར་ངེས་པ་དག་རང་ལམ་གྱི་འབྲས་བུ་མ་ཐོབ་བར་དུ། སངས་རྒྱས་རྣམས་ཀྱིས་བརྩོན་དུ་ཟིན་ཀྱང་འགོག་མི་ནུས་པར་གསུངས་པ་དང་། འདོད་ཆེན་པ་འཁོར་བ་སྤོང་འདོད་ཀྱི་བསམ་པ་གཏན་མི་སྐྱེ་བ་རྣམས་སྐབས་དེར་སངས་རྒྱས་རྣམས་ཀྱིས་ཀྱང་ཐར་ལམ་ལ་བཀོད་པར་མི་སྤྱོད་པ་ཡང་ཡོད་དགོས་ཏེ། མེད་ན་ཉན་རང་གི་བྱང་ཆུབ་ཐོབ་པའི་གང་ཟག་དང་། འཁོར་པའི་མཐའ་མི་ཟད་པ་སྲིད་དུ་སེམས་ཅན་ཡོད་པས་སེམས་ཅན་དེ་དག་གི་རིང་ལ་སངས་རྒྱས་དུ་མ་བྱོན་ཀྱང་ད་དུང་ཐར་པ་མ་ཐོབ་པའང་ཡོད་པས་སེམས་ཙམ་པའི་བཞེད་པའང་དགོངས་པ་གཅིག་གི་ཕྱོགས་ནས་མི་འཐད་པ་མ་ཡིན་ཡང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་གཤིས་སྐྱེ་བ་མེད་པའི་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་ཡིན་པ་ལས་འདས་པ་མི་སྲིད་དེ་དེ་ཉིད་མེའི་ཚ་བ་བཞིན་དུ་སེམས་ཀྱི་ཆོས་ཉིད་ཡིན་པས་ཆོས་ཉིད་དེ་ལྟ་བུ་སེམས་ཅན་ཀུན་ལ་མེད་མི་སྲིད་པས་གཏན་དུ་རིགས་ཆད་མེད་པར་བཞེད་པ་ཡིན་ལ། བསྟན་བཅོས་འདིར་ཡང་དེ་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་ཀྱང་སོགས་ཚིགས་བཅད་གཅིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུའང་གསུངས་པ་དང་། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། ། ཞེས་པས་མཐར་ཐུག་གི་དོན་དུ་རང་བཞིན་གནས་རིགས་སེམས་ཀྱི་ཆོས་ཉིད་གསལ་སྟོང་ཟུང་འཇུག་གི་གནས་ལུགས་ལ་བྱེད་པ་རྒྱུད་བླ་མར་རྒྱ་ཆེར་གསུངས་པ་བཞིན་ནོ། །འདི་དག་གི་དོན་སྐབས་འདིར་རྒྱས་པར་མ་སྤྲོས་སོ། །རྒྱས་པ་ཞེས་བྱ་བ་ཡང་དག་པར་བསྒྲུབ་པའི་རིགས་ལ་བྱ་སྟེ། རང་བཞིན་གྱི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནམ་དགེ་བའི་གཤེས་གཉེན་དང་ཕྲད་དེ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དུ་བཅུག་པ་དེའི་ཚེ་རྒྱས་འགྱུར་རམ་ཡང་དག་པར་བསྒྲུབ་པའི་རིགས་ཞེས་བྱའོ། །དེ་གཉིས་ལ་རྣམ་གྲངས་ཙམ་གྱིས་བཤད་ཚུལ་གཞན་ཡང་། བྱང་སེམས་རིགས་ཅན་དང་པོ་ནས་ཐེག་ཆེན་ཞུགས་པ་རང་བཞིན་གྱི་རིགས། བྱང་སེམས་རིགས་ཅན་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་བཤེས་གཉེན་གྱི་དབང་གིས་སླར་ཐེག་ཆེན་ལ་ཞུགས་པ་གང་དག་བསྒྲུབ་པའི་རིགས་ཞེས་དང་། ཡང་ངེས་པའི་རིགས་ཅན་རྣམས་དང་པོ་དང་། མ་ངེས་པའི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་གྱིས་བཟུང་ནས་ཐེག་པ་ཆེན་པོའི་རིགས་སུ་ངེས་པར་བྱེད་པ་ཕྱི་མའི་ཐ་སྙད་བྱེད་པ་ཡང་ཡོད་པར་འགྲེལ་ཆེན་ལས་གསུངས། དེ་ལ་རིགས་ནི་རྒྱུའི་དོན་ཡིན་པས་རང་བཞིན་གནས་རིགས་ཙམ་ལ་གནས་པའི་དུས་ན། དེ་རྒྱུ་ཡིན་པ་ཙམ་གྱི་མཚན་ཉིད་དུ་ཡོད་ལ། འབྲས་བུའི་མཚན་ཉིད་དུ་མེད་པས་ཡོད་མེད་ཉིད་དང་། ཞེས་རྒྱུ་ཙམ་གྱི་ཆ་ནས་གསུངས་སོ། །རང་བཞིན་གནས་རིགས་ལ་བརྟེན་ནས་རྒྱས་འགྱུར་གྱི་རིགས་བྱུང་བས་རྒྱས་འགྱུར་གྱི་རིགས་ནི་སྔ་མ་ལ་ལྟོས་ནས་འབྲས་བུ་ཡིན་ལ། །དེ་ལས་ལམ་ཕྱི་མ་རྣམས་འབྱུང་བས་རྒྱུ་ཡང་ཡིན་ནོ། །རང་བཞིན་གནས་རིགས་ནི་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་གྱི་བར་གྱི་རྒྱུ་ཡིན་ཏེ་དེ་ལ་བརྟེན་ནས་ལམ་དང་འབྲས་བུ་རྣམས་འབྱུང་བས་སོ། ། རིགས་ཀྱི་ངེས་ཚིག་ནི། གོ་ཏྲ་ཞེས་པ་གུ་ཎ་ཡོན་ཏན་དང་ཏ་ར་སྒྲོལ་བའི་སྒྲ་བསྡུས་པས། ཡོན་ཏན་སྒྲོལ་ཞེས་བྱ་བའི་དོན་དུ་ཤེས་པར་བྱ་སྟེ། རིགས་འདིས་སེམས་བསྐྱེད་པ་ནས་མོས་སྤྱོད་དང་ས་བཅུའི་རིམ་པར་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་རྣམས་ཀྱི་བར་དུ་མཐར་ཕྱིན་ཅིང་སྒྲོལ་བར་བྱེད་པས་སོ། །བཞི་པ་རིགས་ཀྱི་མཚན་མའམ་རྟགས་ནི་ཤིན་ཏུ་མང་ཡང་མདོར་བསྡུ་ན་གང་ཟག་གང་ལ་རྟགས་བཞི་པོ་དེ་རྣམས་ཡོད་པ་དེ་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པར་དུ་བས་མེ་བཞིན་ཤེས་པར་བྱེད་དེ། གང་ཞེ་ན་ཐེག་ཆེན་ལ་སྦྱོར་བའམ་འཇུག་པའི་སྔོན་དུ་ཞེས་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པའི་སྔོན་དུ་ཡང་གང་ཟག་དེ་ཡིས་སེམས་ཅན་སྡུག་བསྔལ་བར་མཐོང་ནས་སྙིང་རྗེ་ངང་གིས་སྐྱེ་བ་དང་། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐོས་པ་ཙམ་ནས་དེའི་དོན་མ་ཤེས་ཀྱང་རང་བཞིན་གྱིས་མོས་པ་སྐྱེ་བ་དང་། གཞན་དོན་དུ་དཀའ་བ་སྤྱོད་པ་རྣམས་ཐོས་ན་ཡང་འདི་ག་ལ་ནུས་སྙམ་དུ་མི་ཞུམ་པར་དེ་ངོ་མཚར་རོ་སྙམ་དུ་སེམས་ཀྱིས་བཟོད་པ་དང་། ཕར་ཕྱིན་དྲུག་གི་དགེ་བ་རྣམས་ལའང་ངང་གིས་སྤྲོ་ཞིང་སྤྱོད་པར་དགའ་བ་ནི། ཐེག་པ་ཆེན་པོའི་རིགས་ཀྱི་རྟགས་སུ་ངེས་པར་བཤད་དེ་རིགས་དེ་དང་མི་ལྡན་པ་རྣམས་ནི་དེ་ལས་ལྡོག་པའི་ངང་ཚུལ་ཅན་ཡིན་ནོ། །ལྔ་པ་རིགས་ཀྱི་རབ་ཏུ་དབྱེ་བ་ནི༵་འདི་ལྟ་སྟེ། ཉན་རང་བྱང་སེམས་གསུམ་པོ་གང་རུང་དུ་མཐའ་གཅིག་ཏུ་ངེས་པའི་ངེས་པ་ཡི་རིགས་ནི་རང་རང་གི་བྱང་ཆུབ་ཐོབ་ཀྱི་ཇི་ལྟར་བྱས་ཀྱང་བྱང་ཆུབ་གཞན་མི་འཐོབ་པ་རྡོ་ཡི་ཁམས་གསེར་དངུལ་སོགས་གང་རུང་གི་ཁམས་ཡོད་པ་ལྟ་བུ་དང་། མ་ངེས་པའི་རིགས་ནི་ཐེག་པ་གསུམ་པོ་གང་དང་འཕྲད་ན་དེ་དང་དེའི་རིགས་སུ་འགྱུར་རུང་བ་རྡོའི་ཁམས་ལ་ལ་བཞུ་སྦྱངས་དང་སྨན་གྱི་ཁྱད་པར་ལས་གསེར་རམ་དངུལ་དང་ཟངས་སུ་འགྱུར་བ་ཡོད་པ་ལྟ་བུ་དང་། དེ་ལྟར་རིགས་ངེས་པ་དེ་ལ་རྐྱེན་རྣམས་ཀྱིས་ནི་མི་འཕྲོག་པ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཆོས་གཞན་བསྟན་ཀྱང་རང་རང་གི་རིགས་ཀྱི་དབང་གིས་དེ་དང་དེའི་བྱང་ཆུབ་ཡིན་གྱི། བྱང་ཆུབ་གཞན་དང་དུ་མི་ལེན་པའི་ཕྱིར་དང་། རིགས་མ་ངེས་བ་རྣམས་ནི་རྐྱེན་གྱིས་འཕྲོགས་པ་ཉིད་དེ། རས་དཀར་པོས་ཚོན་དམར་པོ་སོགས་གང་ཕྲད་འཛིན་པ་ལྟར། དགེ་བའི་བཤེས་གཉེན་གང་དང་ཕྲད་པ་ངེས་བསྟན་པའི་ལམ་གྱི་འབྲས་བུ་ཐོབ་པའི་ཕྱིར་རོ། ། དེ་ལྟར་མདོར་བསྡུས་ན་རིགས་ཀྱི་དབྱེ་བ་ནི་རྣམ་པ་འདི་བཞིའོ། །སྤྱིར་དེ་ལྟར་ཡིན་ཀྱང་སྐབས་འདིར་ཐེག་པ་ཆེན་པོར་ངེས་པའི་རིགས་དང་། མ་ངེས་པ་རྐྱེན་གྱིས་ཐེག་ཆེན་ལ་ཞུགས་པ་གཉིས་བཟུང་བར་བྱ་སྟེ་ཐེག་པ་ཆེན་པོའི་རིགས་བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །དྲུག་པ་རིགས་ཀྱི་ཉེས་དམིགས་ཞེས་པ་རིགས་ཡོད་ཀྱང་དགེ་བའི་སྤྱོད་པ་ལ་མི་འཇུག་པའི་གེགས་སྒྲིབ་པའམ་ཉེས་དམིགས་ནི། ཆགས་སྡང་གཏི་མུག་སོགས་ཉོན་མོངས་པ་ཡུན་རིང་གོམས་པ་དང་། སྡིག་པའི་གྲོགས་པོ་ངན་པའི་དབང་དུ་སོང་ནས་མི་དགེ་བ་ལ་འཇུག་པ་དང་། ཡོ་བྱད་ཀྱིས་ཕོངས་པས་དགེ་བ་ལ་མི་འཇུག་པར་སྡིག་པའི་ལས་བྱེད་པ་དང་། རྒྱལ་པོ་དང་རྫི་བོ་ཆོམ་རྐུན་པ་སོགས་གཞན་གྱི་དབང་ཉིད་དུ་གྱུར་ཏེ་སྡིག་པ་མི་བྱེད་པ་དང་དགེ་བ་བྱེད་པའི་རང་དབང་མེད་པ་དང་བཅས་པས་མདོར་ན་རིགས་ཀྱི་ཉེས་དམིགས་ནི་རྣམ་པ་བཞི་རུ་ཤེས་པར་བྱའོ། །བདུན་པ་ཐེག་པ་ཆེན་པོའི་རིགས་ཀྱི་ལེགས་པའམ་ཕན་ཡོན་ནི། ཉན་རང་གི་རིགས་ཅན་དང་ཐར་པའི་རིགས་མེད་པ་དག་གིས་མཚམས་མེད་ལྔ་སོགས་སྡིག་པ་དྲག་པོ་བྱས་ན་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ལ། བྱང་སེམས་ཀྱི་རིགས་ཅན་དག་གིས་མཚམས་མེད་པ་སོགས་ཀྱི་ལས་བྱས་ཀྱང་། བསྐལ་པའམ་ལོ་མང་པོ་ཞིག་གིས་བར་དུ་ཆོད་པའི་ཕྱིས་ཀྱི་དུས་རིང་མོ་ཞིག་ན་ངན་སོང་དུ་འགྲོ་ཞིང་སྡིག་པའི་འབྲས་བུ་མྱོང་གི་མྱུར་དུ་རིགས་ཅན་གཞན་ལྟར་སྨིན་མི་ནུས་ཞེས་འགྲེལ་པས་བཤད། དེའི་རྒྱུ་མཚན་ཡང་ཐེག་པ་ཆེན་པོའི་རིགས་ཀྱི་སྟོབས་ཀྱིས་མི་དགེ་བ་ཞུགས་ཀྱང་ངོ་ཚ་བ་དང་འགྱོད་པ་སོགས་དང་ལྡན་གྱི་དེ་ལ་དགའ་བར་མི་འཛིན་པ་སོགས་ཀྱིས་སེམས་ཅན་གཞན་ལྟར་མི་དགེའི་རྣམ་སྨིན་དེ་ཡང་མྱུར་དུ་མྱོང་དཀའ་བ་ཡིན་ནོ། །ངན་སོང་དུ་སྐྱེས་པའི་ཚེ་ན་ཡང་སེམས་ཅན་གཞན་པ་དག་ནི་དམྱལ་བ་སོགས་ཀྱི་ཚེ་ཚད་རྫོགས་ཀྱི་བར་དུ་སྡོད་དགོས་ཀྱང་། བྱང་སེམས་ཀྱི་རིགས་ཅན་དེ་ཙམ་སྡོད་མི་དགོས་པར་མྱུར་དུ་ཐར་པ་དང་། ངན་སོང་གི་གནས་དེ་ནའང་སྡུག་བསྔལ་ཆུང་ངུ་ཙམ་མྱོང་བས་ཐར་ནུས་ཏེ། རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་ཞུགས་བསད་པའི་མཚམས་མེད་པའི་ལས་ཀྱི་རྣམ་སྨིན་དམྱལ་བར་དར་གྱི་ཕོ་ལོང་བརྡབ་པའི་ཡུན་ཙམ་ལས་མ་མྱོང་བ་ལྟ་བུའོ། །ངན་སོང་དུ་སྡུག་བསྔལ་མྱོང་བའི་དུས་ན་ཡང་ལས་ཀྱི་དབང་གིས་སེམས་ཅན་རྣམས་རང་དབང་མེད་པར་སྡུག་བསྔལ་མྱོང་བ་ལ་སྐྱོ་ཞིང་རྒྱུ་དེས་བདག་ལྟ་བུའི་སེམས་ཅན་གཞན་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་དེ་དག་དགེ་བ་ལ་འཇོག་ཅིང་ཡོངས་སུ་སྨིན་པར་བྱེད་དེ། མཛའ་བོའི་བུ་མོ་དང་གྱད་བཀྴི་ཏའི་རྣམ་ཐར་ལྟ་བུའོ། །བྱང་སེམས་ཀྱི་རིགས་ཅན་མིན་པ་གཞན་ངན་སོང་གི་སྡུག་བསྔལ་མྱོང་བ་རྣམས་ནི་སྡུག་བསྔལ་ཆེན་པོ་མཐའ་དག་ཉམས་སུ་མྱོང་བ་དང་། སྐབས་དེར་ཕན་ཚུན་ཞེ་སྡང་སྐྱེ་བ་སོགས་ཡིན་ནོ། ། དེ་ལྟར་ཐེག་ཆེན་པའི་རིགས་ཀྱི་ལེགས་པའི་ཡོན་ཏན་རྣམ་པ་བཞི་ཡིན་ནོ། །བརྒྱད་པ་དཔེ་རྣམ་པ་གཉིས་ཀྱི་ནང་ནས་དང་པོ། ཐེག་པ་ཆེན་པོའི་རིགས་དེ་ནི་གསེར་གྱི་རིགས་སམ་ཁམས་ཆེན་པོ་བཞིན་ཤེས་པར་བྱ་སྟེ། ཇི་ལྟར་གསེར་ཆེན་པོའམ་བཟང་པོ་དག་གི་ཁམས་ནི་ཡོན་ཏན་བཞི་དང་ལྡན་ཏེ། གསེར་མང་པོའི་གནས་སམ་རྟེན་བྱེད་པ་དང་། གསེར་འོད་གསལ་བའི་གནས་བྱེད་པ་དང་། གསེར་དྲི་མ་མེད་པའི་གནས་བྱེད་པ་དང་། གསེར་ལས་སུ་རུང་བའི་གནས་བྱེད་པ་བཞིན། བྱང་ཆུབ་སེམས་དཔའི་རིགས་ཀྱང་ཕར་ཕྱིན་དང་ས་དང་སྟོབས་དང་མི་འཇིགས་པ་སོགས་དགེ་བ་དཔག་ཏུ་མེད་པའི་གནས་སུ་གྱུར་པ་སྟེ། གསེར་བཟང་པོ་འབྱུང་བའི་ཁམས་སམ་འབྱུང་ཁུངས་དེས་གསེར་སྲང་འབུམ་ལ་སོགས་པ་གྲངས་མེད་འབྱུང་བའི་གནས་བྱེད་པ་བཞིན་ནོ། །གསེར་གྱི་ཁམས་དེ་ལས་གསེར་མདོག་བཟང་པོ་འོད་གསལ་ཞིང་འཚེར་བ་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའི་རིགས་ཀྱང་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ཤེས་པར་བྱེད་པའི་ཡེ་ཤེས་འོད་གསལ་བའི་གནས་སམ་རྟེན་བྱེད་དོ། །གསེར་ཆེན་པོའི་ཁམས་ལས་བྱུང་པའི་གསེར་ལ་བསླད་དང་དྲི་མ་ཅུང་ཟད་ཀྱང་མེད་པས་བསྲེགས་ཀྱང་མདངས་ཇེ་བཟང་ཡིན་པ་བཞིན། བྱང་ཆུབ་སེམས་དཔའི་རིགས་ཀྱང་ཉོན་མོངས་པའི་དྲི་མ་མེད་པ་མྱ་ངན་ལས་འདས་པའི་གནས་སུ་གྱུར་པ་དང་ལྡན་ནོ། །གསེར་ཆེན་པོའི་ཁམས་ལས་བྱུང་པའི་གསེར་ནི་བརྡུངས་ཀྱང་གས་པ་དང་འཐོར་པ་སོགས་མེད་པའི་ལས་སུ་རུང་བ་ལྟར། བྱང་ཆུབ་སེམས་དཔའི་རིགས་འདི་ཡང་། འདོད་དགུར་ལས་སུ་རུང་བའི་མངོན་པར་ཤེས་པའི་མཐུ་རྣམས་ཀྱི་ཡང་གནས་སུ་གྱུར་པ་ཡིན་ནོ། །གཉིས་པ་བྱང་ཆུབ་སེམས་དཔའི་རིགས་དེ་ནི་རི༵ན་ཆེ༵ན་མཆོ༵ག་བཻཌཱུཪྱ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་སོགས་ཀྱི་རི༵གས་སམ་ཁམས་ཞེས་པ་འབྱུང་ཁུངས་བཞི༵ན་དུ་ཤེ༵ས་པར་བྱ་སྟེ། ཇི་ལྟར་ན་རིན་པོ་ཆེའི་ཁམས་སམ་གནས་དེས་ལྕགས་དང་མཆིང་བུ་སོགས་འབྱུང་བའི་གནས་མི་བྱེད་ཀྱི། བཻཌཱུཪྱ་དང་ཕ་ལམ་དང་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཕུན་སུམ་ཚོགས་པའི་གནས་སུ་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་ཀྱང་ཉན་རང་གི་བྱང་ཆུབ་ཀྱི་རྟེན་ནམ་གནས་མི་བྱེད་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་སུ་བྱུང་བ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་བྱང་ཆུབ་ཆེན་པོ་དེ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་དང་། རིན་པོ་ཆེ་མཆོག་རྣམས་ཁ་དོག་གསལ་ཞིང་མཛེས་པ་ལྟར། བྱང་ཆུབ་སེམས་དཔའི་རིགས་ཀྱང་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞི་ཡི་འོད་གསལ་བས་ཡེ་ཤེས་རྒྱ་ཆེ་བ་དང་ལྡན་པའི་གནས་སུ་གྱུར་པས་སོ། །རིན་པོ་ཆེའི་རིགས་མཆོག་རྣམས་དབྱིབས་ཕུན་སུམ་ཚོགས་པ་ལྟར། བྱང་ཆུབ་སེམས་དཔའི་རིགས་དེ་ཡང་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཁྱད་པར་འཕགས་པ་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་དང་། རིན་པོ་ཆེའི་འབྱུང་ཁུངས་ལས་རིན་པོ་ཆེ་སྣ་ཚོགས་ཚད་མེད་པ་འབྱུང་བའམ། རིན་པོ་ཆེ་མཆོག་རྣམས་རིན་ཐང་ཚད་གཞལ་དུ་མེད་པས་སེམས་ཅན་མང་པོས་ཉེར་འཚོ་བྱེད་པ་བཞིན། བྱང་ཆུབ་སེམས་དཔའི་རིགས་དེ་ནི་སེམས་ཅན་མང་པོའི་འདི་དང་གཏན་གྱི་བདེ་བའི་དོན་བྱེད་པའི་གནས་སུ་གྱུར་པའི་རྒྱུ་མཚན་བཞིའི་ཕྱིར་རོ། །གཉིས་པ་རིགས་མེད་པར་བཤད་པ་ལ། ལ་ལ་གཅིག་ཏུ་སོགས་ཚིགས་བཅད་གཅིག་སྟེ། རིགས་མེད་པ་ཞེས་བྱ་བ་ཡང་གནས་སྐབས་དེའི་དུས་ན་ཐར་བའི་རྒྱུ་མེད་པས་རིགས་མེད་པ་དང་ནམ་ཡང་ཐར་པ་མི་འཐོབ་པས་རིགས་མེད་པ་གཉིས་ལས། དང་པོ་ལ་རྣམ་གྲངས་བཞི་བཤད་པ་ནི་ཐར་པའི་རིགས་གཏན་བྲལ་མ་ཡིན་ཡང་སྐབས་དེར་རིགས་མེད་པ་དང་འདྲ་བར་ཐར་ལམ་སྐྱེད་མི་ནུས་པས་དམན་པ་ལ་དགག་པའི་སྒྲ་སྦྱར་བ་བུ་ངན་པ་ལས་མེད་པ་ལ་བུ་མེད་ཅེས་བརྗོད་པ་བཞིན་ནོ། །དེ་གང་ཞེ་ན་གང་ཟག་ལ་ལ་དག་ཐེག་པ་ཆེན་པོའི་རིགས་ཡོད་ཀྱང་། ཉོན་མོངས་པ་ཤུགས་དྲག་པས་མཐའ་གཅིག་ཏུ་ཉེས་པར་སྤྱོད་ངེས་པ་མཚམས་མེད་པའི་ལས་སོགས་ལ་འཇུག་པ་ཡོད་ལ། དེ་དག་ནི་རིགས་ཡོད་ཀྱང་གནས་སྐབས་དེར་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་པས་ན་རིགས་མེད་པ་འདྲ་བས་རིགས་མེད་པ་ཞེས་གདགས་སོ། །ཡང་གང་ཟག་ལ་ལ་རྐྱེན་མི་དགེ་པའི་བཤེས་གཉེན་གྱིས་ཟིན་པས་ལས་རྒྱུ་འབྲས་དང་ཐར་བ་མེད་པར་འཛིན་པའི་ལོག་ལྟས་དཀར་པོའི་ཆོས་རྣམས་ཀྱི་དགེ་བའི་རྩ་བ་ཀུན་ཏུ་བཅོམ་པའམ་དགེ་རྩ་ཆད་པ་ནི་ལྟ་བ་དེ་དང་མ་བྲལ་པའི་བར་དུ་ཐར་པའི་ས་བོན་མེད་པས་སྐབས་དེར་རིགས་མེད་པ་ཞེས་བརྗོད་དོ། །ཡང་གང་ཟག་ལ་ལ་ལྷ་དང་མི་སོགས་འཁོར་བའི་རྣམ་སྨིན་བདེ་བ་མྱང་བ་ཁོ་ནའི་ཆེད་དུ་ཟག་བཅས་ཀྱི་དགེ་བ་བྱེད་ཀྱང་། ཐར་པ་དོན་གཉེར་གྱིས་བསམ་པས་ཟིན་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བ་མེད་པས་བསྐལ་པ་དུ་མར་ཡང་མྱ་ངན་ལས་འདས་པ་མངོན་དུ་མི་འགྱུར་བས་རིགས་མེད་པར་བརྗོད་དོ། །ཡང་གང་ཟག་ཁ་ཅིག་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་དམན་པའམ་ཆུང་ངུ་ཙམ་ཡོད་ཀྱང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ནུས་པ་མཐུ་ཅན་གོང་མའི་ཡོན་ཏན་སྒྲུབ་ནུས་པ་ཅི་ཡང་སྐབས་དེར་མེད་པ་ལ་རིགས་མེད་པ་ཅེས་བརྗོད་དེ། དེ་ལྟར་དེ་བཞི་པོ་ཀུན་ལ་གལ་ཏེ་ཐེག་པ་ཆེན་པོའི་རིགས་ཡོད་དུ་ཟིན་ཀྱང་འགལ་རྐྱེན་སྟོབས་ལྡན་གྱིས་ཟིན་པ་དང་། རྒྱུ་ཉམ་ཆུང་ཞིང་རིགས་མ་སད་པའི་ཕྱིར་དེ་ལས་གནས་སྐབས་གཞན་མ་ཐོབ་ཀྱི་བར་དུ་ཡུན་རིང་བོས་བྱང་ཆུབ་མི་འཐོབ་པའི་ཕྱིར་དམན་པ་ལ་དགག་པའི་སྒྲ་སྦྱར་ཏེ་རིགས་མེད་པ་ཞེས་བརྗོད་དོ། །རྒྱུ་དང་བྲལ་ཞེས་པ་ནི་གོང་མ་བཞི་དང་ཡང་མི་འདྲ་བར་གཏན་ནས་ཐར་པ་འཐོབ་པའི་རྒྱུ་དང་བྲལ་བས་རིགས་མེད་པ་ཞེས་བརྗོད་དོ། ། གསུམ་པ་རིགས་མཆོག་ལ་བསྔགས་པའི་སྒོ་ནས་དོན་བསྡུ་བ་ནི། སྟོང་པ་ཉིད་ཀྱི་ཆོས་སྟོན་པས་ཟབ་ཅིང་ས་དང་ཕར་ཕྱིན་སྟོབས་དང་མི་འཇིགས་པ་སོགས་བསྟན་པའི་རྒྱ་ཆེ་བ་གཉིས་ཀ་བཤད་པ་སེམས་ཅན་གཞན་ལ་ཕན་པའི་ཕྱིར་བསྟན་པའི་ཆོས་ཐེག་པ་ཆེན་པོ་ལ་དེའི་དོན་ཇི་བཞིན་མི་ཤེས་བཞིན་དུ་ཡང་ཐོས་པ་ཙམ་ནས་མོས་པ་ཤིན་ཏུ་རྒྱ་ཆེན་པོ་འབྱུང་བ་དང་། ཕར་ཕྱིན་བསྒྲུབ་པའི་དཀའ་སྤྱད་ལ་བཟོད་པ་དང་། རྒྱུ་དེ་དག་གིས་ཚོགས་གཉིས་བསགས་པ་མཐར་ཕྱིན་པའི་ཐ་མར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཉན་རང་གི་འབྲས་བུ་རྣམ་པ་གཉིས་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ཕུན་སུམ་ཚོགས་པ་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་གནས་རིགས་ཀྱི་ཡོན་ཏན་ལྡན་པ་དེ་ཉིད་ཀྱིས་དགེ་བ་ཡང་དག་པར་བསྒྲུབ་པས་རྒྱས་པའི་རིགས་ལས་འབྱུང་བ་ཡིན་པར་ཤེས་པར་བྱའོ། ། དེ་ལྟར་སྟོབས་སོགས་ཀྱི་ཡོན་ཏན་སྡོང་པོ་དང་མེ་ཏོག་ལ་སོགས་པ་ལྟ་བུ་ཤིན་ཏུ་རྒྱ་ཆེ་བ་བླ་མེད་བྱང་ཆུབ་ཀྱི་ལྗོན་ཤིང་མཆོག་སྐྱེད་པའི་ཕྱིར་དང་། ཤིང་གི་གྲིབ་བསིལ་གྱིས་ཚ་གདུང་ཞི་ཞིང་ལུས་སེམས་བདེ་བ་བྱེད་པ་ལྟར་སེམས་ཅན་རྣམས་ཟག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་ཆེན་པོ་ཞི་བར་བྱེད་པའི་ཕྱིར་དང་། ལྗོན་ཤིང་འབྲས་བུ་བཟང་པོ་བཞིན་དུ། བདག་དང་སེམས་ཅན་གཞན་ལ་ཕན་པ་དང་བདེ་བ་བྱེད་པའི་འབྲས་བུ་སྨིན་པའི་ཕྱིར། རིགས་མཆོག་ཏུ་གྱུར་པ་དེ་ནི་རྩ་བ་བཟང་པོ་བརྟན་ཅིང་མ་རུལ་བ་ལྟ་བུར་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་རིགས་ཀྱི་ལེའུ་སྟེ་བཞི་པ་རྣམ་པར་བཤད་པའོ།། །། གསུམ་པ་སེམས་བསྐྱེད་པ་ལ། སེམས་བསྐྱེད་ཀྱི་ངོ་བོ། །དབྱེ་བ། དཔེ། ཕན་ཡོན་གྱི་བསྔགས་པ་བཞི་ལས། དང་པོ་ནི་ཆེ་བ་བཞི་དང་ལྡན་ཞིང་དོན་གཉིས་ལ་དམིགས་པ་སྟེ། གོ་ཆའི་བརྩོན་འགྲུས་ཀྱི་སྒོ་ནས་ཐེག་ཆེན་གྱི་ཆོས་ཐོས་བསམ་བསྒོམ་པ་དང་། གཞན་དོན་དུ་བསྐལ་པ་གྲངས་མེད་པར་ལམ་སྒྲུབ་པའི་དཀའ་སྤྱད་ལ་སྤྲོ་ཞིང་མི་ལྡོག་པ་ནི་སྤྲོ་བ་ཆེ་བ་དང་། སྦྱོར་པའི་བརྩོན་འགྲུས་ཇི་ལྟར་གོ་ཆ་བགོས་པ་ལྟར་བསྒྲུབ་པ་ནི་རྩོམ་པ་ཆེ་བ་དང་། བདག་དང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་པས་དོན་ཆེ་བ་དང་། བླ་ན་མེད་པའི་བྱང་ཅུབ་ཐོབ་པ་ནི་འབྲས་བུ་འབྱུང་བ་ཆེ་བ་སྟེ། དེ་ལྟར་ཡོན་ཏན་གྱི་ཁྱད་པར་བཞི་དང་ལྡན་པ་ཡིན་ནོ། །ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སེམས་བྱུང་སེམས་པ་སྟེ། དེས་ཅི་ལ་སེམས་པའམ་ཅི་ལ་དམིགས་ནས་སེམས་བསྐྱེད་ཅེ་ན། བདག་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་བ་ལ་སེམས་ཤིང་དམིགས་པ་དང་། གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱེད་པར་སེམས་ཤིང་དམིགས་པ་སྟེ་དེ་ལྟར་བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པ་ནི་དོན་གཉིས་དང་ལྡན་པའི་སེམས་སེམས་བྱུང་མཚུངས་ལྡན་གྱི་སེམས་འབྱུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་སྟེ། མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་བྱའོ་ཞེས་སེམས་ཤིང་སྨོན་ལམ་གྱིས་ཁས་བླངས་བའོ། ། གཉིས་པ་སེམས་བསྐྱེད་ཀྱི་དབྱེ་བ་ལ། སའི་གནས་སྐབས་ཀྱི་དབྱེ་བ་དང་། རྩ་བ་སོགས་ཀྱི་སྒོ་ནས་དབྱེ་བ་དང་། བརྡ་དང་ཆོས་ཉིད་ཀྱིས་ཐོབ་པའི་སྒོ་ནས་དབྱེ་བ་གསུམ། དང་པོ་སེམས་བསྐྱེད་དེ་ནི་མོས་སྤྱོད་སོགས་ཀྱི་ས་ཡི་གནས་སྐབས་རྣམས་ལ་འདི་ལྟར་མོས་སྤྱོད་ཀྱི་ས་ཚོགས་སྦྱོར་གྱི་ལམ་དུ་སེམས་བསྐྱེད་པ་ནི་དང་བ་ཙམ་གྱི་མོས་པའི་སྒོ་ནས་ཡིན་པས་མོས་པ་ལས་བྱུང་བའི་སེམས་བསྐྱེད་ཅེས་བྱའོ། །ས་དང་པོ་བདུན་གྱི་གནས་སྐབས་སུ་ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་ཅེས་བྱ་སྟེ་བདག་གཞན་མཉམ་ཉིད་ཀྱི་སེམས་ཐོབ་པས་བདག་དང་གཞན་གྱི་དོན་ལ་ཁྱད་མེད་པའི་བློ་འབྱོངས་པས་ལྷག་པའི་བསམ་པ་དང་། གཟུང་འཛིན་གྱི་དྲི་མ་དང་བྲལ་བས་དག་པ་ཞེས་བྱའོ། །ས་བརྒྱད་པ་ནས་བཅུ་པའི་བར་གྱི་སྐབས་དེར་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱ་སྟེ་ས་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པས་ཕར་ཕྱིན་རྣམས་རྩོལ་མེད་ལྷུན་གྲུབ་ཏུ་སྤྱོད་པའི་ཕྱིར་རོ། །དེ་ནི་སེམས་བསྐྱེད་ཀྱི་རྣམ་གྲངས་སྔ་མ་ལས་གཞན་དུ་འདོད་ཅེས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་པའི་སེམས་བསྐྱེད་པ་འབྲས་བུ་མཐར་ཐུག་པའི་ཕྱིར་རོ། ། གཉིས་པ་སེམས་བསྐྱེད་དེ་དག་གི་རྩ་བ་སོགས་ཆོས་བཅུ་གཅིག་གི་དབྱེ་བ་བཤད་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡི་རྩ་བ་གང་ཡིན་ཞེ་ན་སྙིང་རྗེར་འདོད་དེ། སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་བསལ་བར་འདོད་པ་ལས་སེམས་ཅན་གྱི་དོན་དུ་བྱང་ཆུབ་འདོད་པ་ཡིན་གྱི་སེམས་ཅན་ལ་སྙིང་རྗེ་མེད་ན་ཉན་ཐོས་བཞིན་དུ་བདག་གི་སྡུག་བསྔལ་ལ་ཉེར་ཞིའི་མྱང་འདས་དོན་དུ་གཉེར་བའི་ཕྱིར་རོ། ། དེའི་བསམ་པ་གང་ཞེ་ན། འཁོར་བའི་ཕྱི་མཐའི་བར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་འདི་དང་གཏན་དུ་ཕན་པར་སེམས་པའོ། །དེ་བཞིན་དུ་སེམས་བསྐྱེད་ཀྱི་མོས་པ་ནི་ཐེག་པ་ཆེན་པོའི་ཟབ་རྒྱ་ཆེའི་ཆོས་ལ་མོས་པའོ། །དེ་བཞིན་དུ་སེམས་བསྐྱེད་དེའི་དམིགས་པ་གང་ཞེ་ན་བདག་མེད་གཉིས་རྫོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཐོབ་པའི་དོན་དུ་ཐེག་ཆེན་གྱི་ཆོས་ཉན་བསམ་བསྒོམ་པའི་སྒོ་ནས་ཡོངས་སུ་ཚོལ་བ་ནི་དམིགས་པའོ། །ས་ཡི་གནས་སྐབས་གང་ལ་གནས་པ་དེའི་གོང་ནས་གོང་དུ་གྱུར་པའི་ས་ལ་འདུན་པ་ཡི་སྒོ་ནས་འཇུག་པ་ནི་སེམས་བསྐྱེད་དེའི་ཐེག་པའམ་འགྲོ་བ་སྟེ། འདུན་པ་དེའི་སྒོ་ནས་གོང་ནས་གོང་དུ་འཕར་བའི་ཕྱིར་རོ། །ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སེམས་བསྐྱེད་དེ་ཡི་རྟེན་ཡིན་ནོ། །ཐེག་ཆེན་ལམ་འགོག་པ་དམན་པའི་མྱང་འདས་སུ་སེམས་བསྐྱེད་པ་ནི་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་དེའི་བར་ཆོད་དམ་མི་མཐུན་པའི་ཕྱོགས་སོ། ། མི་མཐུན་པའི་ཕྱོགས་དེ་ཉིད་རང་གི་སེམས་ལ་སློང་ཞིང་དེའི་རྒྱུན་དང་དུ་ལེན་པ་ན་སེམས་བསྐྱེད་འགོག་པར་བྱེད་པའོ། །དཔེ་ལ་ལར་རྐང་པ་འདི་མེད་པའང་སྣང་། མཆན། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བར་འདོད་པའི་སྙིང་རྗེ་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་དང་། དོན་དམ་པར་གང་ཡང་མྱ་ངན་ལས་བཟླ་བ་མེད་པར་ཤེས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དེ་ལྟར་ཚོགས་གཉིས་ནི་སེམས་བསྐྱེད་ཀྱི་རང་བཞིན་ནོ། །ཏེ་ཞེས་པ་ལྷག་བཅས་ཀྱི་སྒྲའོ། །ནམ་མཁའི་ཁམས་དང་སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་ཇི་ཙམ་གྱི་བསོད་ནམས་དགེ་བ་འཕེལ་བ་ནི་སེམས་བསྐྱེད་དེ་ཡི་ཕན་ཡོན་ནོ། །སེམས་བསྐྱེད་དེས་འཁོར་བ་ལས་ཇི་ལྟར་འབྱུང་ཞེ་ན། ཁམས་གསུམ་ལས་ངེས་པར་འབྱུང་ཞིང་བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དུས་རྟག་ཏུ་སྦྱོར་བ་ནི་དེའི་ངེས་པར་འབྱུང་བར་འདོད་དོ། །བྱང་ཆུབ་སེམས་བསྐྱེད་དེ་དག་གི་མཐར་ཐུག་པ་གང་ཞེ་ན་སེམས་བསྐྱེད་འདི་ཡི་མཐར་ཐུག་པ་ནི་ས་ཡིན་ཏེ། ཇི་ལྟར་ན་ས་བཅུ་པོ་དག་སོ་སོ་རང་གི་གནས་སྐབས་དེ་དང་དེར་སྦྱོར་བས་ས་རེ་རེ་རྫོགས་པར་ཐོབ་པ་ལས་དེ་དང་དེ་མཐར་ཐུག་པ་ཞེས་བྱ་སྟེ། ས་དང་པོ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནས་ས་བཅུ་པར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བར་དུ་ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པ་ན་ས་བཅུ་མཐར་ཕྱིན་པ་ཞེས་བྱའོ། ། དེའི་ཕྱིར་སེམས་བསྐྱེད་འདིས་ཕར་ཕྱིན་ཡོངས་སུ་བསྒྲུབ་པ་ནི་ས་དང་དེར་མཐར་ཐུག་པ་དང་། སློབ་ལམ་གྱི་སེམས་བསྐྱེད་མཐར་ཐུག་པ་ནི་ས་བཅུའི་རྒྱུན་མཐའ་འོ།། འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་སའོ། །དེ་ལྟར་རྣམ་བཞག་རྣམ་པ་བཅུ་གཅིག་གིས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བཤད་པ་ནི་རྣམ་པར་ངེས་པའམ་གདོན་མི་ཟ་བའམ་རྣམ་པར་གཏན་ལ་དབབ་པ་ཡིན་པར་ཤེས་པར་བྱའོ། །གསུམ་པ་བརྡ་དང་ཆོས་ཉིད་ཀྱིས་ཐོབ་པའི་སྒོ་ནས་དབྱེ་བ་ལ། མོས་སྤྱོད་ཀྱིས་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་སེམས་བསྐྱེད་ནི་བརྡས་ཐོབ་པའི་སེམས་བསྐྱེད་དེ་བདག་ཉིད་ཀྱི་དགེ་རྩ་དང་དགེ་བའི་བཤེས་ཀྱི་སྟོབས་ཀྱིས་སེམས་བསྐྱེད་བླངས་པའི་ཚིག་གི་བརྗོད་པ་བཞིན་དམ་བཅའ་བའོ། །ས་དང་པོ་པ་ཡན་ཆད་ཀྱི་སེམས་བསྐྱེད་ནི་ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱའོ། ། གཞན་ཡང་ཀུན་རྫོབ་སེམས་བསྐྱེད་ནི་བླ་མེད་བྱང་ཆུབ་ཐོབ་པར་བྱ་བར་སེམས་བསྐྱེད་པ། དོན་དམ་སེམས་བསྐྱེད་ནི་རང་སེམས་སྤྲོས་བྲལ་གྱི་དོན་རྟོགས་པའམ། ཆོས་ཉིད་ཀྱི་བདེན་པ་རྟོགས་པ་གང་ཟེར་ཀྱང་དེ་གཉིས་དོན་འདྲ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ས་ཐོབ་ནས་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་དབྱེར་མེད་ཟུང་འཇུག་གི་ངོ་བོར་རྟོགས་པར་འགྱུར་རོ། །དང་པོ་བརྡས་ཐོབ་པའམ་གཞན་གྱིས་བསྟན་པའི་སེམས་བསྐྱེད་སྐྱེ་ཚུལ་གྱི་རྣམ་གྲངས་བཤད་པ། དགེ་བའི་བཤེས་ཀྱིས་སེམས་སྐྱེད་ཅིག་ཅེས་བསྐུལ་ནས་སེམས་བསྐྱེད་པ་གྲོགས་ཀྱི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཡོད་པའི་མཐུས་སེམས་བསྐྱེད་པ་ནི་རྒྱུ་ཡི་སྟོབས་ལས་སོ། །ཚེ་རབས་སྔ་མར་སེམས་བསྐྱེད་པ་དང་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པའི་སྟོབས་ཀྱིས་ཚེ་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དགེ་བའི་རྩ་བའི་སྟོབས་ཀྱིས་སོ། །སྔོན་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཆོས་བསྟན་པའི་ཚེ་ན་ལྷ་དང་མིའི་སྐྱེ་དགུ་མང་པོས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུ་དང་གཞན་ཡང་གང་སུ་དག་ཐེག་པ་ཆེན་པོའི་ཆོས་ཐོས་པའི་དབང་གིས་སེམས་བསྐྱེད་པ་ནི་ཐོས་པའི་སྟོབས་ཀྱིས་སོ། །ཚེ་འདིར་ཐེག་ཆེན་གྱི་ཆོས་ལ་མཉན་པ་དང་། སེམས་པའི་དགེ་བ་གོམས་པ་ལས་སེམས་བསྐྱེད་པ་དང་ལྔ་ལས་དང་པོ་མི་བརྟན་པ་ལྡོག་སྲིད་པ་ཡིན་པ་དང་། ཕྱི་མ་བཞི་བརྟན་པར་འབྱུང་བ་ཡིན་པ་ལ། དེ་ལྟར་ལྔ་པོ་དེ་རྣམས་གཞན་གྱིས་བསྟན་པའི་སེམས་བསྐྱེད་དུ་བཤད་དོ། །དོན་དམ་པའི་སེམས་བསྐྱེད་ནི། སངས་རྒྱས་རྣམས་ལ་རབ་བསྙེན་བྱས་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། མོས་སྤྱོད་ཀྱི་སར་བསྐལ་ཆེན་གྲངས་མེད་གཅིག་གི་བར་དུ་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་ཅིང་ཆོས་ཉན་བསམ་བསྒོམ་པར་བྱས་པའི་སྒོ་ནས་རབ་ཏུ་བསྙེན་པར་བྱས་པ་དང་། ཕར་ཕྱིན་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་རབ་ཏུ་བསགས་པའི་རྒྱུ་དེས། ཆོས་ཐམས་ཅད་ལ་གཟུང་འཛིན་དང་རྟག་མི་རྟག་སོགས་གཉིས་ཆོས་སུ་རྣམ་པར་མི་རྟོག་པ་ཡི་ཡེ་ཤེས་ནི་སྐྱེས་པའི་ཕྱིར་ན་རྟོགས་པ་དམ་པ་དེ་ལྟ་བུ་སེམས་བསྐྱེད་པ་དམ་པའམ་དོན་དམ་པའི་སེམས་བསྐྱེད་པར་འདོད་དོ། ། དེ་ནི་ས་དང་པོ་ཐོབ་པ་ན་སྐྱེ་ཞིང་དེའི་རྒྱུས་རབ་ཏུ་དགའ་བ་སྐྱེ་བས་ན་ས་དེའི་མིང་རབ་ཏུ་དགའ་བ་ཞེས་བྱའོ། །ཅིའི་ཕྱིར་དེའི་ཚེ་རབ་ཏུ་དགའ་བ་སྐྱེ་ཞེ་ན་ཕུང་སོགས་ཆོས་ཐམས་ཅད་ལ་སེམས་མཉམ་པ་རྙེད་པ་དང་། དེ་བཞིན་དུ་སེམས་ཅན་རྣམས་དང་ནི། སེམས་ཅན་དེ་ཡི་དོན་བྱ་བ་དང་། མཆོག་སངས་རྒྱས་རྣམས་ཀྱི་ཆོས་སྐུ་ལ་སེམས་མཉམ་པ་རྙེད་པ་སྟེ་མཉམ་པ་བཞི་རྙེད་པས་བྱང་སེམས་དེ་ཡི་རབ་དགའ་ཁྱད་པར་དུ་འཕགས་པའོ། །ཇི་ལྟར་ཆོས་དང་བདག་དང་གཞན་སངས་རྒྱས་རྣམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐ་མི་དད་པར་མཉམ་པ་མངོན་དུ་རྟོགས་པའི་ཕྱིར། ཆོས་ཀྱི་རང་བཞིན་ཤེས་པས་འཁོར་བས་འཇིགས་པ་མེད་ཅིང་། གཞན་གྱི་དོན་ཡང་བདག་གི་དོན་ལས་གཞན་དུ་མི་རྟོག་པ་དང་། སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་དང་། བདག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་འགྱུར་རོ་ཞེས་དང་། སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་རྟོགས་ནས་རབ་ཏུ་དགའ་བ་སྐྱེའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བ་ཡི་དོན་དང་། རྒྱ་ཆེན་པོའི་དོན་དང་། དེ་ལ་སྤྲོ་བའི་དོན་དང་། བསམ་པ་ཡང་ནི་དག་པ་ཡི་དོན་དང་། ལྷག་མ་དག་ལ་མཁས་པའི་དོན་དང་། ངེས་པར་འབྱུང་བར་འགྱུར་བའི་དོན་དང་དྲུག་ཏུ་ཤེས་པར་བྱའོ་ཞེས་མདོར་བསྟན་ནས། དེའི་དོན་སོ་སོར་བཤད་པ་ལ་དང་པོ་སྐྱེ་བའི་དོན་ནི་རྣམ་པ་བཞི་སྟེ་འཇིག་རྟེན་ན་མངལ་སྐྱེས་རྣམས་སྐྱེ་བ་དང་ཚུལ་མཐུན་པར་ཐེག་པ་མཆོག་གི་ཆོས་ལ་མོས་པ་ས་བོན་དང་། ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ཤེས་རབ་ཀྱི་ཕར་ཕྱིན་མ་ལྟ་བུ་ལས་སྐྱེས་པ་དང་། སེམས་རྩེ་གཅིག་པའི་བསམ་གཏན་ལས་བྱུང་བའི་ཤིན་ཏུ་སྦྱངས་པའི་བདེ་བ་ནི་མངལ་སྐྱོན་མེད་པ་ལྟ་བུའོ། །སྙིང་རྗེ་ཆེན་པོ་ནི་ཉན་ཐོས་ཀྱི་མྱང་འདས་ཀྱི་གཡང་ས་ལས་བསྲུང་ཞིང་དགེ་ཆོས་སྐྱེད་བསྲིང་པའི་མ་མ་ལྟ་བུའོ། །དེ་ལྟར་རྒྱུ་བཞི་ལས་སྐྱེས་པ་ནི་བྱང་ཆུབ་སེམས་ཀྱི་སྐྱེ་བའོ། །གཉིས་པ་ཉན་ཐོས་རྣམས་རང་དོན་དུ་སེམས་བསྐྱེད་ཀྱི། བྱང་ཆུབ་སེམས་དཔས་བདག་གཞན་གཉིས་ཀའི་དོན་དུ་སེམས་བསྐྱེད་དེ། སྨོན་ལམ་ཆེན་པོ་བཅུ་སྒྲུབ་པའི་ཕྱིར་རྒྱ་ཆེ་བར་ནི་ཤེས་པར་བྱའོ། །སྨོན་ལམ་ཆེན་པོ་བཅུ་ནི་སངས་རྒྱས་ཐམས་ཅད་མཆོད་པ་དང་། དམ་པའི་ཆོས་མཐའ་དག་ཀུན་དུ་འཛིན་པ་དང་། ལུས་ཀུན་ཏུ་སྟོན་པ་དང་། ཞིང་ཀུན་ཏུ་འཇུག་པ་དང་། ཕར་ཕྱིན་མཐའ་དག་རྫོགས་པ་དང་། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ་དང་། ཞིང་ཡོངས་སུ་སྦྱང་བ་དང་། བྱང་སེམས་རྣམས་དང་སྤྱོད་ཡུལ་མཐུན་པར་གནས་པ་དང་། སྤྱོད་པ་ཀུན་ཏུ་དོན་ཡོད་པ་དང་། བྱང་ཆུབ་ཆེན་པོ་འཐོབ་པའོ། །སྨོན་ལམ་དེ་ལ་སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་ཡོད་ཅིང་། སྨོན་ལམ་དེ་དག་ཀྱང་མཐའ་ཐུག་པ་མེད་པའི་གནས་བཅུའི་ཚུལ་གྱིས་བསྒྲུབས་ཏེ། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་ཁམས་དང་། དམ་པའི་ཆོས་ཇི་ཙམ་པ་དང་། དེ་བཞིན་མྱ་ངན་ལས་འདས་པ་དང་། སངས་རྒྱས་འབྱུང་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་དམིགས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཇི་ཙམ་ཡོད་པ་དེ་ཙམ་དུ་སྒྲུབ་པ་དང་། དེ་དགུ་པོ་བསྡུས་ཏེ་མདོར་ན་འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་བྱ་བ་བཅུ་པོ་དེ་ནི་ཕྱོགས་དང་དུས་ཀྱི་མུ་མེད་པར་ཁྱབ་པ་ཡིན་ལ། དེ་སྙེད་དུ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་རྣམ་པར་འཕྲུལ་བ་སྟོན་པ་ལ་འཇུག་པ་རིག་པར་བྱའོ། །གསུམ་པ་ཉན་ཐོས་རྣམས་རང་དོན་བྱ་བར་སྤྲོ་བ་ཙམ་དུ་ཟད་ལ། བྱང་ཆུབ་སེམས་དཔའ་ནི་རང་གཞན་གྱི་དོན་གཉིས་བྱ་བའི་ཆེད་དུ་གཞན་གྱིས་བགྱིད་པར་མི་ནུས་པའི་དཀའ་བ་སྤྱོད་པ་སྣ་ཚོགས་ཡུན་རིང་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་སྤྱད་པ་ལ་མི་སྐྱོ་བའི་ཕྱིར་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་སྤྲོ་བར་ཁོང་དུ་ཆུད་པར་བྱའོ། ། བཞི་པ། ཉན་ཐོས་རྣམས་ཉོན་སྒྲིབ་སྤངས་བས་རང་འབྲས་ཐོབ་པ་ཙམ་དུ་ཟད་ལ། བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་གཉིས་པོ་དག་པའི་བླ་མེད་བྱང་ཆུབ་ཉེ་བར་རྟོགས་པ་དང་། སངས་རྒྱས་ཐོབ་པ་དེ་ཡི་ཐབས་ཤེས་པའང་རྙེད་པའི་ཕྱིར་བསམ་པ་དག་པར་ཤེས་པར་བྱའོ། །ལྔ་པ་ཉན་ཐོས་དག་ཁམས་གསུམ་གྱི་ཉོན་མོངས་ཀུན་བརྟགས་དང་ལྷན་སྐྱེས་སྤངས་པའི་ཚུལ་ལས། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པའི་ས་ལ་མཁས་པ་ཙམ་དུ་ཟད་ལ། བྱང་ཆུབ་སེམས་དཔའ་ནི་ས་དང་པོ་སོགས་ཐོབ་པ་ན། དེའི་ལྷག་མའི་ས་གཞན་རང་བཞིན་དང་ཡོན་ཏན་དང་གོང་མ་གོང་མ་ཇི་ལྟར་འཐོབ་པའི་ཚུལ་ལ་མཁས་པ་ཉིད་ཀྱི་ཕྱིར་ལྷག་མ་མཁས་པ་ཞེས་བྱའོ། །དྲུག་པ་ནི་ས་སྔ་མ་འདོར་ཞིང་ཕྱི་མར་འཇུག་པའི་ཚུལ་གྱིས་ས་ནས་སར་འཕར་ཞིང་ངེས་པར་འབྱུང་བ་ནི། འདི་ལྟར་ས་དང་པོ་ལ་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། སངས་རྒྱས་བརྒྱའི་ཞལ་བལྟ་བ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་ཀུན་རྫོབ་ཐ་སྙད་དུ་སའི་མཚན་ཉིད། ཇི་ལྟ་བུར་རྣམ་པར་བཞག་པ་ཡང་ཡིད་ལ་བྱེད་པས་སའི་མཚན་ཉིད་དེ་དག་ཀྱང་གཞན་ན་མེད་དེ་རང་གི་སེམས་ཀྱིས་རྟོག་པའི་དབང་གིས་བཞག་པ་ཙམ་ཉིད་དུ་ཤེས་པའི་ཕྱིར་དང་། སེམས་ཙམ་དང་རྟོག་པ་ཙམ་མོ་ཞེས་པའི་འཛིན་པ་དེ་ཉིད་ལ་ཡང་མི་རྟོག་པར། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་ནས་ས་དང་པོ་ལས་འདས་ཏེ་གཉིས་པ་ལ་འཇུག་པར་འགྱུར་བ་དེའི་ཚུལ་གྱིས་ས་གཞན་ལའང་ཤེས་པར་བྱ་སྟེ། དེ་ལྟར་ས་ནས་སར་ངེས་པ་འབྱུང་བར་ཤེས་པར་བྱའོ། །གསུམ་པ་སེམས་བསྐྱེད་པའི་དཔེ་བཤད་པ་ནི། སྐྱེད་པ་ས་དང་མཚུངས་པ་སྟེ་སོགས་ཚིགས་བཅད་དྲུག་གིས་བསྟན་པའི་དོན་ནི། དང་པོར་མོས་སྤྱོད་ཀྱི་སར་སེམས་བསྐྱེད་ཐོག་མར་བསྐྱེད་པ་ནས་བརྩམས་ཏེ་ས་བཅུ་པའི་བར་གྱི་སེམས་བསྐྱེད་པ་རྣམས་དཔེ་རྣམ་པ་ཉི་ཤུ་རྩ་གཉིས་དང་སྦྱར་བ་འདིར་ནི་ཐེག་པ་ཆེན་པོའི་ལམ་གནད་ཡོངས་སུ་རྫོགས་པ་ཡིན་ཏེ། འདུན་བསམ་སོགས་མི་ཟད་པ་བརྒྱད་ཅུ་དང་སྦྱར་བ་ཡིན་ལ། དང་པོར་བླ་མེད་བྱང་ཆུབ་ཐོབ་པར་འདུན་པའི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་བསྐྱེད་པ་དེ་ནི་ཐེག་པ་ཆེན་པོའི་བསམ་སྦྱོར་ལྷག་བསམ་ཕར་ཕྱིན་ནས་ཐབས་མཁས་ཀྱི་བར་གྱི་ལམ་གྱི་ཆོས་དང་འབྲས་བུའི་ཆོས་སྟོབས་དང་མི་འཇིགས་མ་འདྲེས་པ་ལ་སོགས་པ་མཐའ་དག་སྐྱེད་པའི་རྟེན་ནམ་གཞི་གཅིག་པུ་པ་ཡིན་པའི་ཕྱིར་དཔེར་ན་ས་ཆེན་པོ་ནི་རྩྭ་ཤིང་སྨན་འབྲུ་ཇི་སྙེད་པའི་གཞི་རྟེན་དུ་གྱུར་པ་དང་མཚུངས་པ་སྟེ། དེ་ལ་བརྟེན་ནས་སྔ་མ་ལས་གཞན་སེམས་ཅན་རྣམས་ལ་ཕན་བདེ་བྱེད་པའི་བསམ་པ་བཟང་པོ་འགྱུར་བ་མེད་པའི་སེམས་བསྐྱེད་ནི། བཟང་པོའི་གསེར་བསྲེགས་གཅོད་བརྡར་བས་བརྟགས་ཀྱང་ཁ་ཏོག་དང་ངང་ཚུལ་གཞན་དུ་མི་འགྱུར་བ་དང་འདྲའོ། །ཕར་ཕྱིན་ལ་རབ་ཏུ་སྦྱོར་པས་ཚོགས་གཉིས་འཕེལ་བའི་སེམས་བསྐྱེད་ནི་ཟླ་བ་ཡར་གྱི་ངོ་ལ་ཚེས་པ་གོང་ནས་གོང་དུ་འཕེལ་བ་བཞིན་ནོ། ། དེ་ལས་གཞན་གཞན་དོན་ཁུར་དུ་ཁྱེར་ནུས་པའི་ལྷག་བསམ་དང་ལྡན་པའི་སེམས་བསྐྱེད་ནི་མེ་དང་འདྲ་བར་ཤེས་པར་བྱ་སྟེ་མེ་ནི་བུད་ཤིང་ཇི་ཙམ་ཡོད་པར་ངང་གིས་འབར་ཞིང་མཆེད་པ་བཞིན་སྦྱོར་ལམ་དྲོད་ལ་གནས་པས་རྩེ་མོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པར་བྱའོ་སྙམ་དུ་སེམས་པ་དེས་ཡོན་ཏན་གོང་མ་རྣམས་འཐོབ་པར་བྱེད་དོ། །གཞུང་གཞན་དུ་ལྷག་བསམ་ཟླ་བ་ཚེས་པ་དང་། སྦྱོར་བའི་དཔེ་མེ་བྱས་པ་ཡང་ཡོད། འདི་བཞི་པོ་སོ་སོའི་སྐྱེ་བོས་དང་པོ་སེམས་བསྐྱེད་པ་ནས་ཆོས་མཆོག་མན་ཆད་དོ། །གཞན་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་གཏེར་ཆེན་པོ་བཞིན་དུ་ཤེས་པར་བྱ་སྟེ། གཏེར་ཆེན་པོ་དུང་དང་པདྨོ་དང་པདྨོ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་དང་། དགུར་ཡང་བཤད་དེ། མདོར་ན་རིན་པོ་ཆེའི་གཏེར་འཛད་མེད་ཡོད་པའི་གནས་ལས་ཡོ་བྱད་བཟའ་བ་དང་བགོ་བ་སོགས་ཇི་སྙེད་བྱུང་ཡང་ཟད་པ་མེད་པ་ལྟར་སྦྱིན་པས་སེམས་ཅན་ཚད་མེད་པ་རྣམས་ལ་ཟང་ཟིང་དང་ཆོས་སོགས་ཀྱིས་ཚིམ་པར་བྱེད་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་རྟག་པར་ཟད་པ་མེད་པའི་ཕྱིར་རོ། ། གཞན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རིན་ཆེན་སྣ་ཚོགས་ཀྱི་འབྱུང་གནས་སམ་འབྱུང་ཁུངས་བཞིན་ཏེ་གནས་དེ་ལས་རིན་ཆེན་སྣ་ཚོགས་དཔག་ཏུ་མེད་པ་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པའི་སེམས་བསྐྱེད་ལས། ས་དང་ཕར་ཕྱིན་དང་བྱང་ཕྱོགས་དང་སྟོབས་དང་མི་འཇིགས་པ་སོགས་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རིན་པོ་ཆེ་དཔག་མེད་འབྱུང་བས་སོ། །བཟོད་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྒྱ་མཚོ་ཆེན་པོ་དང་འདྲ་བར་ཤེས་པར་བྱ་སྟེ། རྒྱ་མཚོ་ཆེན་པོ་གྲུ་དང་ཉ་དང་ཆུ་སྲིན་སོགས་ཀྱིས་དཀྲུགས་ཀྱང་རྙོགས་པ་ཅན་དུ་མི་འགྱུར་བ་དང་། གཏིང་མི་གཡོ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་བཟོད་པ་ལྡན་པའི་སེམས་དེ་ཡང་དཀའ་སྤྱད་དང་གཞན་གྱི་གནོད་པ་སོགས་ཉེས་པ་གང་གིས་རྙོགས་པར་མི་ནུས་པའི་ཕྱིར་རོ། ། གཞན་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྡོ་རྗེ་དང་འདྲ་བ་སྟེ་རྡོ་རྗེ་རིན་པོ་ཆེ་ནི་མེ་ཆུ་དང་བཅད་བརྡར་སོགས་ཅི་ཡིས་ཀྱང་མི་ཚུགས་པ་ལྟར། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དེ་ལ་ཡང་ལེ་ལོའི་མཚོན་གྱིས་མི་ཚུགས་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་ནི་རིའི་རྒྱལ་པོ་རི་རབ་ཕྱོགས་བཞིའི་རླུང་གང་གིས་ཀྱང་བསྐྱོད་མི་ནུས་པ་དང་འདྲ་སྟེ། བྱང་སེམས་ཀྱི་ཏིང་འཛིན་དེ་ཡང་གཡེང་བའི་རྣམ་རྟོག་གིས་མི་བསྐྱོད་པས་སོ། །ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི། རྩིའམ་སྨན་གྱི་རྒྱལ་པོ་དང་འདྲ་བ་སྟེ། སྨན་དེ་མཐོང་བའམ་རེག་པ་དང་དྲི་བསྣམས་པ་དང་ཁར་མྱང་བ་ཙམ་གྱིས་རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཐམས་ཅན་ཞི་བར་བྱེད་པ་བཞིན། ཤེས་རབ་ཕར་ཕྱིན་མཉན་བསམ་བསྒོམས་པས་ཉོན་ཤེས་ཀྱི་སྒྲིབ་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ། །གཞན་ཚད་མེད་པ་བཞི་དང་ལྡན་པའི་སེམས་བསྐྱེད་ནི། མཛའ་བཤེས་ཆེན་པོ་འདྲ་བར་ཤེས་པར་བྱ་སྟེ། མཛའ་བ་ཆེན་པོས་དུས་གསུམ་དུའང་བདེའམ་སྡུག་གམ་བཏང་སྙོམས་ཀྱི་དུས་ནའང་གྲོགས་བྱེད་ཅིང་མི་འདོར་བ་ལྟར། སྙིང་རྗེས་སྡུག་བསྔལ་བའི་དུས་ན་སྡུག་བསྔལ་ལས་འདོན་པར་བྱེད་བྱམས་པས་མི་བདེ་བའི་དུས་ན་བདེ་བ་ལ་གནས་པར་བྱེད་དགའ་བས་བདེ་བ་དང་མི་འབྲལ་བར་དགའ་ཞིང་གྲོགས་བྱེད། བཏང་སྙོམས་ཀྱིས་བདེ་བ་ཅན་ལ་མ་ཆགས་པར་གྱུར་ཅིག་ཅེས་དང་། སྡུག་བསྔལ་ཅན་ལ་སྡུག་བསྔལ་ལ་ཞེ་སྡང་དང་ལྡན་པ་མ་གྱུར་ཅིག ཅེས་སེམས་པས་ཆགས་སྡང་མེད་པར་སེམས་རྣལ་དུ་གནས་པར་བྱེད་པའི་ཕྱིར་རོ།། མངོན་ཤེས་ལྔ་དང་ལྡན་པའི་སེམས་བསྐྱེད་ནི་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་འབྱུང་བ་དང་འདྲ་སྟེ། རྫུ་འཕྲུལ་གྱི་མིག་གིས་གཟུགས་ཐམས་ཅད་མཐོང་བ་དང་འཆི་འཕོ་དང་སྐྱེ་བ་ཤེས་པས་ཕྱི་མའི་དུས་ཤེས་པ་དང་། རྫུ་འཕྲུལ་གྱི་རྣ་བས་སྒྲ་ཐམས་ཅད་ཐོས་པ་དང་། གཞན་གྱི་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་སྣ་ཚོགས་ཤེས་པ་དང་། སྔོན་གནས་རྗེས་སུ་དྲན་པས་རང་གཞན་གྱི་ཚེ་རབས་སྔ་མའི་གནས་སྐབས་རྣམས་ཤེས་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ལུས་སྣ་ཚོགས་སུ་སྤྲུལ་པ་སོགས་རྫུ་འཕྲུལ་རྣམ་པ་དུ་མ་སྟོན་པ་སྟེ་དེ་ལྟར་མངོན་པར་ཤེས་པའི་མཐུས་རང་གཞན་གྱི་འདོད་པ་ཐམས་ཅད་འདོད་དགུར་སྒྲུབ་ནུས་པའི་ཕྱིར་རོ། ། གཞན་བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་སེམས་བསྐྱེད་ནི་ཉི་མ་དང་འདྲ་བར་ཤེས་པར་བྱ་སྟེ། ཉི་མས་ལོ་ཏོག་སྣ་ཚོགས་སྨིན་པར་བྱེད་པ་བཞིན་དུ། སེར་སྣ་ཅན་རྣམས་སྦྱིན་པས་བསྡུས་ནས་དགེ་བ་ལ་འགོད། དེ་བཞིན་ཞེ་སྡང་ཅན་སྙན་སྨྲ། གཏི་མུག་ཅན་དོན་སྤྱོད། ང་རྒྱལ་ཅན་དོན་མཐུན་པས་བསྡུས་ནས་དགེ་བ་ལ་བཀོད་པའམ། སྤྱིར་ཡང་སེམས་ཅན་ཐམས་ཅད་བསྡུ་བ་བཞེས་བསྡུས་ནས་དགེ་བ་ལ་བཀོད་དེ་རྒྱུད་སྨིན་པར་བྱེད་པས་སོ། ། གཞན་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སེམས་བསྐྱེད་ནི་དྲི་ཟའི་དབྱངས་སྙན་པ་ཇི་བཞིན་དུ་སོ་སོ་ཡང་དག་རིག་པ་བཞི་དང་ལྡན་པས་སེམས་ཅན་སོ་སོ་རང་རང་གིས་ཆོས་དང་དོན་གང་དང་གང་ལས་བརྩམ་སྟེ་ཤེས་པར་འདོད་པ་དེ་དང་དེ་དྲིས་པ་ལ་བྱང་ཆུབ་སེམས་དཔའི་སྤོབས་པ་མཐར་གཏུགས་པ་མེད་པས་སེམས་ཅན་དེ་དག་སོ་སོའི་སྐད་ཀྱིས་ཅི་དང་ཅི་དྲིས་པའི་དོན་ཡང་དག་པར་བཤད་པས་དེ་དག་གིས་སེམས་ཤིན་ཏུ་ཚིམ་པར་འགྱུར་བས། དྲི་ཟའི་དབྱངས་ནི་ཤིན་ཏུ་སྙན་པས་གང་གིས་ཐོས་པས་དེ་སེམས་དགའ་བ་དེས་ཚིམ་པར་འགྱུར་བ་ལྟ་བུའོ། །གཞན་རྟོན་པ་བཞི་དང་ལྡན་པའི་སེམས་བསྐྱེད་ནི། རྒྱལ་པོ་དང་འདྲ་བར་ཤེས་པར་བྱ་སྟེ། རྒྱལ་པོ་ནི་ཡུལ་ལ་དབང་བསྒྱུར་བས་དེའི་བཀའ་འབངས་རྣམས་ཀྱིས་གཞན་དུ་བྱེད་མི་ནུས་པས་ཆུད་མི་ཟ་བ་ལྟར། བྱང་སེམས་གང་ཞིག་རྟོན་པ་བཞི་དང་ལྡན་པ་དེས་ཚིག་དང་དོན་དང་། གང་ཟག་དང་ཆོས་དང་། དྲང་དོན་དང་ངེས་དོན་དང་། རྣམ་ཤེས་དང་ཡེ་ཤེས་ཀྱི་དབང་དུ་བྱས་ཏེ་དེ་བཞིན་གཤེགས་པས་བསྟན་པའི་དགོངས་པ་ཐམས་ཅད་མ་ནོར་བ་ཤེས་པའི་སངས་རྒྱས་ཀྱི་གསུང་གི་དགོངས་དོན་ཆུད་མི་ཟ་བར་རྟོགས་ནུས་པའི་ཕྱིར་ཏེ། དཔེར་ན་རྒྱལ་པོ་ནི་བསྟེན་ལེགས་ན་སྲིད་དང་ལོངས་སྤྱོད་སོགས་སྦྱིན་པས་གང་ཟག་ཆུད་མི་ཟ་བའི་རྒྱུ་བྱེད་ལ། བསྟེན་ཉེས་ན་སྲིད་དང་སྲོག་ལ་བབ་པས་ཆུད་ཟ་བར་བྱེད་པའི་རྒྱུ་བྱེད་པ་ལྟར། གང་ཟག་ཙམ་དང་། ཚིག་ཙམ་དང་། དྲང་དོན་དང་། རྣམ་ཤེས་ལ་རྟོན་ན་དེ་ལྟར་རྟོན་པའི་གང་ཟག་དེ་ཆུད་ཟ་བའི་རྒྱུར་འགྱུར། ཆོས་དང་དོན་དང་ངེས་དོན་དང་ཡེ་ཤེས་ལ་རྟོན་ན་དེ་ལྟར་རྟོན་པ་དེ་དག་སངས་རྒྱས་ཀྱི་བཀའ་ཡི་དོན་ལས་ཆུད་མི་ཟ་བར་འགྱུར་བས་སོ། །དེ་བཞིན་དུ་གཞན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བང་བཛོད་ལྟ་བུ་སྟེ། བང་མཛོད་ན་འབྲུ་དང་ནོར་ལ་སོགས་པ་དཔག་མེད་ཡོད་པ་བཞིན་དེ་དང་མཚུངས་ལྡན་ཀྱི་སེམས་བསྐྱེད་ལ་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོད་པའི་ཕྱིར་རོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་སེམས་བསྐྱེད་ནི། དཔེར་ན་ལམ་པོ་ཆེ་ལ་དུས་གསུམ་གྱི་སེམས་ཅན་མཆོག་དམན་ཐམས་ཅད་འགྲོ་བ་ལྟར། བྱང་ཕྱོགས་སོ་བདུན་པོ་འདི་ཡང་འདས་དང་ད་ལྟ་མ་འོངས་པའི་ཉན་རང་བྱང་སེམས་ཐམས་ཅད་ལམ་འདི་ལས་རང་འབྲས་བྱང་ཆུབ་ཏུ་གཤེགས་པའི་ཕྱིར་དེ་གཉིས་འདྲ་བར་ཤེས་པར་བྱའོ། །ཞི་གནས་དང་ལྷག་མཐོང་དག་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་ཐེག་པ་སྟེ་བཞོན་པ་འདྲ་བར་ཤེས་པར་བྱ་སྟེ། རྟ་དང་གླང་པོ་ཤིང་རྟ་སོགས་ཀྱི་བཞོན་པས་ཁུར་རྣམས་ཁྱེར་ནས་གང་འདོད་པའི་གནས་སུ་ཕྱིན་པར་བྱེད་པ་བཞིན། སེམས་མི་གཡེང་བར་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་དོན་མ་ནོར་བར་རྟོགས་པའི་ལྷག་མཐོང་ཟུང་དུ་འབྲེལ་བ་ལས་གང་གཏན་ལ་དབབ་པར་བྱས་པའི་ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་མཐར་ཐུག་གི་འབྲས་བུའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། ། མི་བརྗེད་པའི་གཟུངས་དང་། མི་ཟད་པའི་སྤོབས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བཀོད་མ་ཡི་ཆུ་དང་འདྲ་སྟེ། ཀུན་གྱིས་ལོངས་སྤྱད་བྱའམ་བཀོད་མའི་ཆུ་མིག་ཅི་ཙམ་བཅུས་ཀྱང་མི་ཟད་པར། ཆུའི་རྒྱུན་འཛད་པ་མེད་པ་ལྟར་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པས་སྔོན་ཐོས་པའི་ཆོས་རྣམས་ནམ་ཡང་མི་བརྗེད་པས་ཉམས་པ་མེད་པ་དང་། སྤོབས་པས་གསར་དུ་སྤྲོས་ཏེ་ཅི་ཙམ་བསྟན་ཀྱང་མཐའ་ཟད་པར་མི་འགྱུར་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་ལ་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་བྱ་བའི་ཆོས་སྡོམ་མམ་མདོ་བཞི་དང་ལྡན་པའི་སེམས་བསྐྱེད་ནི། ཡིད་ཀུན་ཏུ་དགའ་བའི་སྒྲ་དང་འདྲ་བ་སྟེ། དཔེར་ན་སེམས་ཅན་ལ་ལ་ཞིག་ཉེ་དུ་དང་ནོར་རྫས་སོགས་དང་བྲལ་ཏེ་མི་དགའ་བ་ལ། འགའ་ཞིག་གིས་ཁྱོད་ཉེ་དུ་དང་ནོར་རྫས་དང་ཕྲད་པར་འགྱུར་རོ་ཞེས་གཏམ་སྨྲས་བའམ། སྲོག་ཡལ་དུ་དོགས་པ་ཅན་ལ། སྲོག་བསྐྱབས་པའི་གཏམ་དང་། དོན་གང་དང་གང་འདོད་པ་ལ་དོན་ཐོབ་པའི་གཏམ་ལ་སོགས་པ་མདོར་ན་རྒུད་པ་ལས་དབུགས་འབྱིན་པ་དང་། བདེ་ཞིང་སྐྱིད་པའི་དོན་ཕུན་སུམ་ཚོགས་པའི་སྒྲ་ཐོས་པ་ནི་ཡིད་ཀུན་ཏུ་དགའ་བར་བྱེད་པའི་སྒྲ་ཡིན་པ་དེ་ལྟར་ཆོས་ཀྱི་མདོ་བཞི་བརྗོད་པའི་སྒྲ་ཐོས་ན་ཞི་བ་མྱ་ངན་ལས་འདས་པའི་ལམ་ཡང་དག་པའི་ཆོས་ཀྱི་བདུད་རྩི་ནི་འདི་ཡིན་པས། འདི་ཐོས་པས་འཁོར་བའི་སྡུག་བསྔལ་ཕ་མཐའ་བྲལ་བ་ལས་དབུགས་འབྱིན། ཡང་དག་པའི་ཆོས་ཀྱི་རང་བཞིན་རྟོགས་པ་དང་། གཏན་དུ་བདེ་བའི་གནས་ཐོབ་པས་གང་ཟག་སྐལ་བ་དང་ལྡན་པ་རྣམས་བདུད་རྩིས་ཚིམས་པ་བཞིན་དུ་ཡིད་ལ་དགའ་བ་རྨད་དུ་བྱུང་བ་སྐྱེ་བའི་ཕྱིར་རོ། ། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་པ་ནི་ཀླུང་ཆེན་པོའི་རྒྱུན་དང་འདྲ་བ་སྟེ། ཆུ་ཀླུང་ཆེན་པོ་འབད་རྩོལ་མེད་པར་འགྲོ་ཞིང་རྒྱ་མཚོར་ངང་གིས་འཇུག་པར་ལྟར། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་སྟེ་མཉམ་རྗེས་ཀུན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ཐོབ་པའི་ཚེ། ས་དེར་སོན་པའི་བྱང་ཆུབ་སེམས་དཔའ་རྣམས་རྒྱུད་དང་བྱ་བ་ཐ་དད་མེད་པར་མཉམ་པས་ཐམས་ཅད་ཀྱང་འདྲེས་ཤིང་འདྲ་བས་བགྲོད་པ་གཅིག་པའི་ལམ་ཞེས་བྱ་སྟེ་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པ་དེ་ཡི་ཕྱིར་ནའོ། །རྒྱལ་བའི་སྲས་པོ་རྣམས་ཀྱི་ཐབས་མཁས་དང་ལྡན་པའི་སེམས་བསྐྱེད་ནི་སྤྲིན་དང་འདྲ་བར་བསྟན་པ་སྟེ། སྤྲིན་ཆེན་པོ་ལས་ཆར་བབས་པས་ས་གཞི་ལ་ལོ་ཏོག་སོགས་འཇིག་རྟེན་གྱི་འབྱོར་བ་སྣ་ཚོགས་འབྱུང་བ་བཞིན། ཐབས་ཤེས་ཟུང་དུ་འབྲེལ་པའི་བྱང་སེམས་རྣམས་ཀྱི་དགའ་ལྡན་གྱི་ཕོ་བྲང་ནས་འཕོ་བ་སོགས་མྱ་ངན་ལས་འདས་པའི་བར་གྱི་མཛད་པ་སྟོན་པ་དང་། མཐོ་རིས་དང་བྱང་གྲོལ་གྱི་ཕན་བདེའི་ཆོས་སྣ་ཚོགས་འབྱུང་བའི་ཕྱིར་རོ། ། དེ་ལྟར་དཔེ་ཉེར་གཉིས་ཀྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དེ་ནི་ཡོན་ཏན་གྱིས་ཕྱུག་ཅིང་འབྱོར་པ་ཡིན་ཕྱིར། བྱང་ཆུབ་མཆོག་གི་སེམས་དེ་ནི་རབ་ཏུ་དད་ཅིང་དགའ་བས་ཡང་དག་པར་བསྐྱེད་པར་བྱའོ། །བཞི་པ་བྱང་ཆུབ་ཀྱི་སེམས་ལ་བསྔགས་པའི་སྒོ་ནས་དེ་འཇུག་པར་གདམས་པར་ཆེར་འོས་སེམས་བསྐྱེད་སོགས་ཚིགས་བཅད་བརྒྱད་ལས། དང་པོ་ཐེག་ཆེན་སེམས་བསྐྱེད་དང་བྲལ་བ་རྣམས་བདེ་བ་བཞི་ལས་ཉམས་པའི་ཚུལ་གསུངས་པ། བྱང་ཆུབ་མཆོག་གི་སེམས་དེ་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་འོས་པས་ཆེན་པོ་རྣམས་ལ་འོས་པའམ་ཆེར་འོས་པའི་སེམས་བསྐྱེད་སྤངས་པའི་སྐྱེ་བོ་ཉན་ཐོས་དང་རང་སངས་རྒྱས་དག་བདེ་བ་བཞི་ལས་ཉམས་ཏེ། སེམས་ཅན་གཞན་སྒྲིབ་གཉིས་སྤངས་པའི་སྤང་བ་ཕུན་སུམ་ཚོགས་པ་དང་། བདག་མེད་གཉིས་རྟོགས་པའི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཞག་པའི་དོན་ལ་སེམས་དཔའི་བདེ་བ་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་དེ་སེམས་ཅན་གཅིག་ལ་ཕན་པ་ཕྲ་མོ་ཙམ་བསྒྲུབས་ཀྱང་བྱང་སེམས་རྣམས་རང་གི་དོན་དེ་ཐོབ་པ་ལས་ལྷག་པར་ཡིད་བདེ་བ་སྐྱེན་སྤངས་རྟོགས་ཕུན་ཚོགས་ལ་བཀོད་པ་ལྟ་ཅི་སྨྲོས། དེས་ན་སེམས་ཅན་ཚད་མེད་པའི་དོན་ཕུན་སུམ་ཚོགས་པ་བསྒྲུབས་པ་ལས་བྱུང་བའི་བདེ་བ་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་དེ་ལས་ཉན་རང་རྣམས་ཉམས་པར་གྱུར་ཏེ་དེ་དག་གིས་དེ་སྤང་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་ཕན་བདེ་བསྒྲུབ་པའི་ཐབས་རྣམ་པ་སྣ་ཚོགས་ཤེས་ཤིང་རྙེད་པ་ལས་བྱང་ཆུབ་སེམས་དཔའ་ལ་བདེ་བ་མཆོག་སྐྱེ་ཞིང་། ཉན་རང་རྣམས་རང་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཐབས་ཤེས་པ་ཙམ་ལས་དགའ་བ་ཉི་ཚེ་བ་འབྱུང་གི་བྱང་ཆུབ་སེམས་དཔའི་དགའ་བ་ལྟར་རྒྱ་མི་ཆེ་བ་དང་། དགོངས་པ་ཆེན་པོའི་དོན་ནི་ཐེག་ཆེན་ལས་གསུངས་པ་ཆོས་ཐམས་ཅད་མི་སྐྱེ་མི་འགག་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་ཟབ་མོའི་དོན་གཏན་ལ་ཕེབ་པ་དང་། ཚིག་ལ་ཡང་དགོངས་པ་དང་ལྡེམ་དགོངས་ཀྱི་སྒོ་ནས་བསྟན་པའི་དགོངས་པ་ཟབ་མོ་རྣམས་ཇི་བཞིན་རྟོགས་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་བདེ་མཆོག་ཏུ་གྱུར་པ་ཡོད་པ་དེ་ལྟ་བུ་ཉན་རང་ལ་མེད་ཅིང་དེ་དག་གང་ཟག་གི་བདག་མེད་དང་ལམ་ཉི་ཚེ་བ་ཙམ་ཤེས་པའི་བདེ་བ་མྱོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་པའམ་མཆོག་ཏུ་གྱུར་པ་སྟོང་ཉིད་མཉམ་པ་ཆེན་པོ་ཇི་ལྟ་བ་བཞིན་དུ། མཐོང་བའི་བདེ་བ་ཆེན་པོ་མི་ཟད་པ་ནམ་མཁའ་དང་མཉམ་པ་ཐོབ་པ་དེ་ལྟ་བུ་ཉན་རང་ལ་མེད་དེ། དངོས་པོ་ཐམས་ཅད་ཡོད་བཞིན་དུ་དེ་ལ་གང་ཟག་གི་བདག་མེད་པ་ཙམ་རྟོགས་པས་དེ་ཁོ་ན་ཉིད་ཇི་བཞིན་མ་རྟོགས་པའོ། ། དེ་ལྟར་ཉན་རང་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་མི་བསྐྱེད་པས་བདེ་བ་བཞི་པོ་དེ་སྤངས་ནས་ཉེར་ལེན་གྱི་ཕུང་པོ་དང་བྲལ་བའི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་གྱི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། །ཞེས་ཉན་རང་གི་འབྲས་བུ་ལ་དགའ་བ་སྤངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འོས་པར་བསྟན་པའོ།། གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ན་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་བའི་འཇིགས་པ་མེད་པར་བསྟན་པ་ནི། བློ་ལྡན་ཞེས་བདག་མེད་རྟོགས་པའི་ཡེ་ཤེས་ཡོད་པ་བྱང་ཆུབ་སེམས་དཔའ་དེས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་པ་དོན་དམ་པའི་བྱང་ཆུབ་སེམས་ས་དང་པོའི་གནས་སྐབས་སུ་སྐྱེས་མ་ཐག་ཏུ་ཡང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་གནོད་པའི་ལས་སུ་གྱུར་པ་རྣམས་དང་སྒོ་གསུམ་མི་དགེ་བའི་ཕྱོགས་མཐའ་ཡས་པའི་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམས་ཏེ་སླན་ཆད་མི་བྱེད་པའི་ཆོས་ཉིད་ཀྱི་སྡོམ་པ་ཐོབ་བོ། །ཇི་ལྟར་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པས་ན་ངན་སོང་གསུམ་དུ་འགྲོ་བའི་འཇིགས་པ་མེད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བ་འཕེལ་བ་དང་སེམས་ཅན་ལ་སྙིང་བརྩེ་བ་གཉིས་ཀྱི་རྒྱུན་འཕེལ་བར་བྱེད་པས་དུས་རྟག་ཏུ་དགེ་བ་ལ་གནས་པ་དང་། སེམས་ཅན་ལ་བརྩེ་བ་དང་ལྡན་པའི་ཕྱིར་ན་བདེ་བ་ཉམས་སུ་མྱོང་བའི་དུས་ན་ཡང་དགའ་ལ། སྡུག་བསྔལ་མྱོང་བ་དག་གིས་ཀྱང་དགའ་བར་འགྱུར་བས་ན་རྟག་ཏུ་སྐྱོ་བའི་འཇིགས་པ་མེད་དེ་དགེ་བའི་དབང་གིས་ལྷ་དང་མིའི་བདེ་བ་མང་པོ་མྱོང་བ་ན་ཡང་དགའ་ལ། བརྩེ་བ་འཕེལ་བས་སྡུག་བསྔལ་ཅན་གྱི་སེམས་ཅན་གཞན་གྱི་དོན་དུ་ངན་སོང་གསུམ་གྱི་ཚ་གྲང་སོགས་ཀྱི་སྡུག་བསྔལ་མང་པོ་མྱོང་ཡང་དགའ་བཞིན་དང་དུ་ལེན་པས་ནམ་ཡང་དགའ་བར་འགྱུར་བ་དེ་འཁོར་བར་སྐྱོ་བར་མི་འགྱུར་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱ་བར་དང་དུ་བླང་བར་བྱའོ་ཞེས་གདམས་པའོ། །གསུམ་པ་འཁོར་བ་འདིར་གནས་ན་སེམས་ཅན་གྱིས་ལོག་སྒྲུབ་མང་བས་དེ་བཟོད་དཀའ་ཕྱིར་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟར་སྐྱོ་བ་མི་སྐྱེ་ལ་ཇི་ལྟར་རང་གི་དགེ་བ་ལས་ཉམས་པར་མི་འགྱུར་སྙམ་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་སྙིང་རྗེ་ཆེན་པོས་བདག་ལས་གཞན་གཅེས་པར་འཛིན་པ་རྣམས་སེམས་ཅན་གཞན་གྱི་དོན་ཕྱིར་རང་གི་ལུས་དང་ནི་སྲོག་ལ་མི་ལྟ་བར་ལུས་སྲོག་བཏང་ནས། སེམས་ཅན་གཞན་གྱི་དོན་དུ་བསྐལ་པ་མང་པོར་མགོ་དང་ཡན་ལག་བཏང་བ་སོགས་རབ་ཏུ་ངལ་བའི་སྡུག་བསྔལ་དྲག་པོ་དང་དུ་ལེན་པའམ་ཁས་ལེན་དེ་ལྟ་བུ་ཡི་བྱང་སེམས་དེ་སེམས་ཅན་གཞན་གྱིས་དེའི་སྲོག་གཅོད་པ་སོགས་ཀྱི་གནོད་པ་བྱས་པ་ཡིས། བྱང་སེམས་དེས་དེ་ལ་གནོད་ལན་བྱེད་པ་སོགས་ཇི་ལྟར་ངན་པར་བྱེད་པའི་ལས་ལ་འཇུག་རིགས་ཏེ་ནམ་ཡང་འཇུག་མི་སྲིད་དོ། ། དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མོས་པར་བྱའོ། །བཞི་པ་འཁོར་བ་འདིར་བྱང་སེམས་རྣམས་འབྱོར་བ་དང་རྒུད་པ་ཇི་ལྟར་གྱུར་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་ལས་མི་ལྡོག་པ་ནི། བྱང་ཆུབ་སེམས་དཔའ་དེ་ཡིས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ལྟ་བུ་ཉིད་དུ་རྟོགས་པ་ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་ཀྱི་དབང་གིས་སེམས་ཅན་གྱི་དོན་དུ་ལྷ་དང་མིའི་གནས་ཇི་ལྟར་འདོད་པ་ཉིད་དུ་སྐྱེ་བ་འཛིན་པས། ལུས་སྔ་མ་དོར་ནས་སྐྱེ་བ་གཞན་འཛིན་པ་ནི་སྐྱེད་མོས་ཚལ་བཟང་པོར་འགྲོ་བ་ལྟར་རྟོགས་ནས། འབྱོར་བའི་དུས་ལྷ་དང་མིའི་དབང་ཕྱུག་ཏུ་གྱུར་པ་ན་ཡང་འོག་ནས་འབྱུང་བ་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་འཆིང་བའི་འཇིགས་པ་མེད་དོ། །གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟར་མཐོང་བའི་ཕྱིར་རོ། ། དེ་བཞིན་དུ་ལྷ་སོགས་ཀྱི་ལུས་དང་ལོངས་སྤྱོད་དེ་འདོར་བ་འཆི་བ་ལ་བབ་པ་རྒུད་པའི་དུས་ནའང་བྱང་སེམས་འདི་ལུས་དང་ལོངས་སྤྱོད་འདོར་བའི་སྡུག་བསྔལ་གྱི་འཇིགས་པ་མེད་དེ། དེ་ཡང་སྒྱུ་མ་ལྟར་ཤེས་ཤིང་སྐྱེ་བ་སྐྱེད་མོའི་ཚལ་དུ་འགྲོ་བ་ལྟར་ཤེས་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའ་རྣམས་བདེ་སྡུག་ཇི་ལྟར་གྱུར་ཀྱང་ལམ་ལས་མི་ཉམས་པས་བྱང་ཆུབ་ཀྱི་ལམ་ལ་བསླབ་བར་བྱ་རིགས་ཞེས་གདམས་པའོ། །ལྔ་པ་བཤད་མ་ཐག་པས་སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་ལྟར་རྟོགས་པའི་དོན་རྒྱས་པར་བཤད་པ་ནི། དཔེར་ན་ལྷ་དང་མི་རྣམས་ཡིད་དགའ་བའི་སྐྱེད་མོས་ཚལ་དུ་འགྲོ་བ་རྣམས་དོན་བཞིའི་ཕྱིར་འགྲོ་སྟེ། ལུས་བཀྲུ་བར་བྱས་ནས་རྒྱན་གྱིས་མཛེས་པར་བྱེད་པ་དང་། སྟོན་མོའི་ཟས་སྐོམ་སྣ་ཚོགས་ལོངས་སྤྱད་པ་དང་། ཉམས་དགའ་བའི་གནས་དེར་གནས་པར་བྱེད་པ་དང་། རྩེད་མོ་སྣ་ཚོགས་ཉམས་སུ་མྱོང་པའི་དགའ་བ་བཞི་ཉམས་སུ་བསྟར་འདོད་པས་སྐྱེད་ཚལ་དུ་སེམས་འཇུག་ཅིང་ལྡོག་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་གཅིག་ཀྱང་གཅིག་ནས་བརྒྱུད་དེ་འཇུག་པ་ཡང་རང་གི་ཡོན་ཏན་སྦྱིན་པ་དང་ཚུལ་ཁྲིམས་གཟུངས་ཏིང་འཛིན་ཤེས་རབ་ཀྱི་རྒྱན་ལ་སོགས་པས་གོང་ནས་གོང་དུ་རང་རྒྱུད་བརྒྱན་པའི་ཕྱིར་དང་། གང་དུ་སྐྱེ་བའི་གནས་དེའི་སེམས་ཅན་རྣམས་ལ་ཕན་འདོགས་པར་དགའ་བ་ནི་ཟས་ཀྱི་སྟོན་མོ་ལྟ་བུའོ། ། གནས་གང་དུ་ལུས་རྟེན་ཇི་འདྲ་བར་བསམ་བཞིན་སྐྱེ་བ་ན་ས་མཆོག་ཉམས་དགའ་བར་སྡོད་པ་བཞིན་ནོ། །དེར་མངོན་པར་ཤེས་པ་ལྔས་རྫུ་འཕྲུལ་སྣ་ཚོགས་རྣམ་པར་འཕྲུལ་པར་བྱེད་པ་ནི་རྩེ་དགའ་སྣ་ཚོགས་བྱེད་པ་བཞིན་ནོ། ། དེ་ལྟར་སྲིད་པར་ཡང་ནས་ཡང་དུ་སྐྱེ་བ་བཞེས་པའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་པ་རྣམས་སྐྱེད་ཚལ་དུ་འགྲོ་བའི་ལས་བཞི་བྱས་པའི་དགའ་བ་ཉམས་སུ་མྱོང་བ་དང་འདྲ་བའི་ཡོན་ཏན་ཀྱི་རྒྱན་གྱིས་བརྒྱན་པའི་དགའ་བ་དང་། གཞན་ལ་ཕན་འདོགས་པའི་ཟས་ཀྱི་སྟོན་མོ་དག་གི་དགའ་བ་དང་། གཞན་དོན་བྱེད་པའི་རྟོན་པ་ཡིད་དུ་འོང་བའི་མཆོག་སྐྱེད་ཚལ་ལ་གནས་བཅས་ཏེ་བསྡད་པའི་དགའ་བ་དང་། རྫུ་འཕྲུལ་གྱི་བརྩེ་བ་སྣ་ཚོགས་ཉམས་སུ་མྱོང་བའི་དགའ་བ་བཞི་པོ་འདི་ནི། སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་མིན་པ་གཞན་འཇིག་རྟེན་པ་ལྟ་ཅི་ཉན་རང་འཕགས་པ་རྣམས་ལའང་མེད་དོ། ། དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་ཁྱད་པར་འཕགས་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་རིགས་སོ། །དྲུག་པ་ལུས་གཏོང་པ་སོགས་ཀྱི་སྡུག་བསྔལ་གྱིས་ལྡོག་པ་མེད་ཅིང་མི་ཞུམ་པའི་ཚུལ་གསུངས་པ། གང་གི་ཕྱིར་ན་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་རང་དོན་ལ་ཆགས་པ་ཡོང་ཡེ་བྲལ་ཏེ། དེ་ལྟར་མ་རྟོགས་པའི་སེམས་ཅན་གཞན་ཚེ་འདི་དང་གཏན་དུ་ཕན་བདེ་མཆོག་ལ་འགོད་པའི་དོན་དུ་ཕར་ཕྱིན་དྲུག་ལ་རྟག་ཏུ་བརྩོན་པ་དང་ལྡན་པ། གཞན་སྡུག་བསྔལ་པའི་རྒྱུས་བདག་ཀྱང་སྡུག་བསྔལ་པར་འགྱུར་བས་ན་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་འདི་ནི། གང་གི་ཚེ་གཞན་གྱི་དོན་དུ་འགྱུར་ན་དམྱལ་བ་མནར་མེད་པར་རང་ཉིད་གནས་པར་བྱེད་པ་ལའང་བདེ་ཞིང་དགའ་བར་འཛིན་པ་དང་སྐྱོ་བ་ཅུང་ཟད་མི་སྐྱེ་བ་དེ་འདྲ་བ་དག་སྲིད་པ་འདི་ན་སེམས་ཅན་གཞན་ལ་ཕན་འདོགས་པའི་རྟེན་ནམ་དོན་གྱི་ཕྱིར་ལུས་དང་ཡན་ལག་གཏོང་པ་སོགས་ཀྱི་སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས་ཞེས་སྡུག་བསྔལ་དྲག་པོ་དང་དུ་ལེན་ནུས་པར་བསྟན་པའོ། །བློ་བརྟན་འགྲེལ་བའི་འགྱུར་ལྟར་ན། གཞན་ལ་བརྟེན་པའི་སྡུག་བསྔལ་འབྱུང་བ་ཡིས་ཞེས་འདུག་པ་དོན་འདྲའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལ་ཡོན་ཏན་རྨད་དུ་བྱུང་བ་དེ་ལྟ་བུ་མངའ་བས་སྲིད་པ་འདིར་སྡུག་བསྔལ་གང་གིས་ཀྱང་འཇིགས་པ་མེད་ལ་ཐམས་ཅད་དུ་དགའ་བཞིན་དང་དུ་ལེན་པས་དགའ་བ་ལས་ནམ་ཡང་མི་ཉམས་པས་སྐྱོ་བ་མེད་ཕྱིར་བྱང་ཆུབ་ཀྱི་ལམ་ཉམས་སུ་བླངས་བར་རིགས་སོ། །བདུན་པ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟེ་སྔོན་དུ་བཀུར་སྟི་དང་ཟང་ཟིང་དང་རིམ་གྲོ་སོགས་ཀྱིས་མཉེས་པར་བྱས་པའམ་ཚེ་འདིའི་གཉེན་དང་རྩ་ལག་ཏུ་གྱུར་བ་ལྟ་བུ་སྔོན་འདྲིས་པའི་རྒྱུས་ཕན་འདོགས་པ་མིན་གྱི། རང་བཞིན་གྱིས་སེམས་ཅན་གཞན་ལ་སྙིང་བརྩེ་བའི་ངང་ཚུལ་ཡིན་པས་སེམས་ཅན་དོན་ལ་རང་ཉིད་ངང་གིས་འཇུག་པར་མཛད་ཀྱིས་གཞན་གྱིས་བསྐུལ་མི་དགོས་པར་བསྟན་པ་ནི། ཇི་ལྟར་སློབ་བུ་ལ་སློབ་དཔོན་གྱིས་བྱ་བ་དང་བྱ་བ་མ་ཡིན་པ་ལེན་པ་དང་འདོར་བ་བྱེད་དུ་གཞུག་པ་ལྟར་གཞེན་བསྐུལ་འདེབས་པའི་སློབ་དཔོན་ལྟ་བུའི་བརྩེ་བ་སྙིང་རྗེ་ཆེན་པོ་རྟག་ཏུ་རང་གི་རྒྱུད་ལ་བསྟེན་པའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམས་ནི། ཕ་རོལ་གྱི་སྡུག་བསྔལ་དག་གིས་རང་ཉིད་ཀྱི་སེམས་གདུང་བ། བུ་ན་བའི་མ་ལྟ་བུ་དང་འདྲ་བ་ལས་ཀྱང་ལྷག་པའི་ཕྱིར་ན། སེམས་ཅན་གཞན་གྱི་སྡུག་བསྔལ་སེལ་བ་དང་། བདེ་བ་དང་དགེ་བ་ལ་བཞག་པའི་བྱ་བ་རང་གིས་སྒྲུབ་རུང་བ་ཉེ་བར་གནས་པ་ལ། རང་ཉིད་མི་འཇུག་པར་གཞན་གྱིས་དེ་ལ་བསྐུལ་བ་ནི་ཤིན་ཏུ་ངོ་ཡང་ཚ་སྟེ་བྱང་ཆུབ་སེམས་དཔའི་ཚུལ་དང་མི་མཐུན་པའི་ཕྱིར། དཔེར་ན་བུ་ཕྱུག་པོར་གྱུར་པས་མ་ཤིན་ཏུ་བཀྲེན་པ་མཐོང་བཞིན་ཅུང་ཟད་སྦྱིན་པར་མི་བྱེད་པ་ལ་གཞན་ཞིག་གིས་འདི་ཁྱོད་ཀྱི་མ་ཡིན་པས་ཟས་བྱིན་ཅིག་ཅེས་བསྐུལ་དགོས་པ་བྱུང་ན་འཇིག་རྟེན་པས་ཀྱང་ངོ་ཚ་བར་བྱེད་པ་བཞིན་ནོ། །གལ་ཏེ་བསྐུལ་ཀྱང་དེས་ཅུང་ཟད་མ་བྱིན་ན་མི་མ་རབས་དེ་འདྲ་ཞེས་ཤིན་ཏུ་ཡང་ངོ་ཚ་བའི་གནས་སུ་འཛིན་པ་ལྟར་སློབ་དཔོན་བརྩེ་བ་ཆེན་པོ་ནི་གཞན་བསྐུལ་བ་པོ་ལྟ་བུ་ཡིན་ལ། དེ་བསྟེན་པ་རྣམས་ཀྱིས་བརྩེ་བའི་དོན་བཞིན་མ་ཞུགས་ན་ཤིན་ཏུ་ངོ་ཚ་བ་ཡིན་པས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བ་པོའི་སེམས་ཅན་གཞན་མི་དགོས་པར་རང་ཉིད་བློ་བརྩེ་བའི་ངང་ཚུལ་ཅན་དུ་གྱུར་པས་བསྐུལ་མི་དགོས་པར་སེམས་ཅན་གྱི་དོན་ལ་འཇུག་པས་ན་སེམས་ཅན་གྱི་དོན་ཡལ་བར་འདོར་བ་མི་སྲིད་པའི་ཡོན་ཏན་གྱི་བསྔགས་པ་ཤུགས་ཀྱིས་བསྟན་པས་སེམས་ཅན་གྱི་དོན་ལ་འཇུག་པར་གདམས་པའོ། །བརྒྱད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ལྷག་པར་བརྩོན་དགོས་པར་གདམས་པ་ནི། འཇིག་རྟེན་ན་ཡང་ཁུར་ཆེན་པོ་ཁུར་བ་རྣམས་ལམ་རིང་པོར་འགྲོ་དགོས་པ་ལ་བསྒྲིམས་ནས་མྱུར་ཏེ་འགྲོ་དགོས་ཀྱིས་ཤིན་ཏུ་ལྷོད་པར་བྱས་ན་གནས་དེར་ཕྱིན་དཀའ་བ་བཞིན། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཆེན་པོ་ཐོབ་པར་སེམས་བསྐྱེད་པས་ན། མགོ་ལ་སེམས་ཅན་ཐམས་ཅད་ཀྱི་ཁུར་ཆེན་པོ་ཁྱེར་བ་ཡི། སེམས་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་དེ་ནི་ཇི་ལྟར་ཁས་བླངས་པ་ལྟར་བྱང་ཆུབ་ཆེན་པོའི་གནས་སུ་འགྲོ་དགོས་པ་ལ། དེའི་རྒྱུ་ཕར་ཕྱིན་དྲུག་ལ་སྤྱོད་པའི་བརྩོན་འགྲུས་མྱུར་དུ་མི་རྩོམ་པར་ཕྱི་བཤོལ་བྱེད་ཀྱི་ལེ་ལོའི་དབང་དུ་སོང་ནས་ལམ་ལ་དལ་གྱིས་འགྲོ་བའམ་འཇུག་པ་མི་མཛེས་ཏེ། ཉན་ཐོས་པ་རང་གཅིག་པུའི་དོན་དུ་ལས་དང་ཉོན་མོངས་པའི་འཆིང་པ་གཅོད་པར་བརྩམ་པ་ཡང་། གཙུབ་ཤིང་གཙུབ་རྟེན་མྱུར་ཏེ་བར་མེད་བརྡར་བས་མེ་འབྱུང་བ་ལྟར་བརྩོན་འགྲུས་མྱུར་ཏེ་ཚེ་གསུམ་མམ་བདུན་གྱིས་རང་གི་འབྲས་བུ་བྱང་ཆུབ་ཐོབ་པར་བྱེད་ན། བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལས་ཉོན་གྱི་འཆིང་བ་བསལ་དགོས་ན། ད་ལྟ་བདག་དང་སེམས་ཅན་གཞན་རྣམས་ལས་ཉོན་རྣམ་སྨིན་གྱི་སྒྲིབ་པ་གསུམ་གྱི་བྱེ་བྲག་ཏུ་གྱུར་པ་རྣམ་པ་སྣ་ཚོགས་ཀྱི་འཆིང་བས་རབ་ཏུ་བཅིངས་པས་ན། ཉན་རང་གི་བརྩོན་འགྲུས་བརྩམས་པ་དེ་ཡི་ཚུལ་ལས་བྱང་ཆུབ་སེམས་དཔའི་བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས་སོ་ཞེས་གསུངས་སོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་སེམས་བསྐྱེད་པའི་ལེའུ་སྟེ་ལྔ་པའི་རྣམ་པར་བཤད་པའོ།། །། དེ་ལྟར་སེམས་བསྐྱེད་ནས་ཇི་ལྟར་ཁས་བླངས་པའི་དོན་བཞིན་ཉམས་སུ་ལེན་དགོས་པས་བཞི་པ་སྒྲུབ་པ་བཤད་པ་ལ། དོན་གཉིས་ཕུན་སུམ་ཚོགས་པའི་སྒྲུབ་པ་སྤྱིར་བསྟན། གཞན་དོན་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་བསྒྲུབ་པའི་ཆེ་བ་བསྟན་པས་དོན་བསྡུ་བ་གསུམ། དང་པོ་འདི་ལྟར་གནས་ཆེ་བ་དང་རྩོམ་པ་ཆེ་བ་དང་། འབྲས་བུ་འབྱུང་བ་ཆེ་བ་གསུམ་དང་ལྡན་པའི་བདག་ཉིད་ཀྱི་ཕྱིར་ན་རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཁྱད་པར་འཕགས་པ་ཡིན་པར་འདོད་དོ། །དེ་ལ་གནས་ཆེ་བ་ནི་དང་པོ་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་བསྒྲལ་བར་བྱའོ། །ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་སྒྲུབ་པ་འབྱུང་བས་ན། སྒྲུབ་པའི་གནས་ནི་བྱང་ཆུབ་སེམས་བསྐྱེད་ཡིན་པས་གནས་ཆེ་བ་ཞེས་བཤད་ལ། དེ་ནི་རྟག་ཏུ་ཁས་ལེན་པ་ཆེ་བ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཞུགས་པའི་ཕྱིར་ཐོག་མར་དགེ་བ་དང་། རྩོམ་པ་ཆེ་བ་ནི་མོས་སྤྱོད་ཀྱི་ས་ནས་ས་བཅུ་པའི་བར་དུ་བདག་གིས་སངས་རྒྱས་ཀྱི་ཆོས་རྫོགས་པ་དང་སེམས་ཅན་སྨིན་པར་བྱ་ཕྱིར་དགའ་བ་ཚད་མེད་པ་བརྩམས་པ་དེ་ནི། སྐྱོ་བ་མེད་པའི་ཕྱིར་བཟོད་པ་ཆེ་བ་སྟེ་བར་དུ་དགེ་བའོ། །འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་ནས་བདག་གི་དོན་ཡོངས་སུ་རྫོགས་ཏེ་སྲིད་པའི་མཐའ་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་བྱ་བ་བྱེད་པ་ཐ་མར་དགེ་བ་སྟེ། ཆེ་བ་དེ་གསུམ་ཉན་རང་ལ་མེད་དོ། ། གཉིས་པ་གཞན་དོན་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། གཞན་དོན་ལ་འཇུག་ཚུལ། གཞན་དོན་བྱེད་པའི་དབྱེ་བ། གཞན་དོན་བྱེད་པ་དེ་མཆོག་ཏུ་གྱུར་པ། ཁྱད་པར་འཕགས་པ། རྒྱུན་མི་འཆད་པ། ལོག་སྒྲུབ་ཀྱིས་མི་སྐྱོ་བ་དྲུག་ལས། དང་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་སེམས་ཅན་རྣམས་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། བདག་པས་ཀྱང་གཞན་ཆེས་སྡུག་པ་བདག་པས་གཞན་གཅེས་པར་འཛིན་པའི་སེམས་རྙེད་ནས་ནི། དེ་ལྟར་བདག་གི་དོན་དུ་ཉོན་མོངས་དང་སྡུག་བསྔལ་སྤངས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྒྲུབ་པར་འདོད་པ་བས་ཀྱང་གཞན་གྱི་དོན་དུ་དེ་གཉིས་བསྒྲུབ་པ་གཙོ་བོར་བྱེད་པའམ་མཆོག་ཏུ་བྱེད་པའི་འདུ་ཤེས་ཅན་དེ་དག་ལ་རང་གི་དོན་གང་ཡིན་ལ་གཞན་གྱི་དོན་གང་ཡིན་ཏེ། ཁྱད་པར་མེད་པར་མཉམ་མོ། །ཞེས་སོ། །ཡང་མོས་པའི་སྤྱོད་པའི་སར་སྙིང་རྗེ་དང་སོ་སོར་བརྟག་པའི་མོས་པས་བདག་གཞན་མཉམ་བརྗེ་བ་སྒོམས་པས་བདག་དང་སེམས་ཅན་ལ་སེམས་མཉམ་པ་རྙེད་པ་དང་། ས་དང་པོ་ཐོབ་བའི་ཚེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པས་བདག་གཞན་མཉམ་པ་ཉིད་རྙེད་ནས། བདག་གིས་དེ་ལྟར་རྟོགས་ཀྱང་འདི་ལྟ་བུ་མ་རྟོགས་པའི་སེམས་ཅན་འཁྲུལ་སྣང་གི་སྡུག་བསྔལ་ཤུགས་དྲག་བཟོད་དཀའ་བར་ཡུན་རིང་འཕྱན་པ་ལ་བདག་བས་གཞན་ཆེས་སྡུག་པའི་སེམས་མངོན་དུ་འགྱུར་པ་ཡིན་ནོ། ། དེའི་ཕྱིར་ན་ཇི་ལྟར་སྙིང་རྗེའི་བདག་ཉིད་རྣམས་སེམས་ཅན་གཞན་གྱི་དོན་གྱི་ཕྱིར་རྒྱལ་སྲིད་དང་ལུས་གཏོང་བ་ལ་སོགས་པའི་སྒོ་ནས་བདག་རང་ཉིད་ལ་སྡུག་བསྔལ་མི་བཟད་པའི་གདུང་བ་རབ་ཏུ་བྱེད་པ་དེ་ལྟར་དགྲ་དང་གཤེད་མ་སོགས་འཇིག་རྟེན་པ་དག་ལུས་གཅོད་པ་སོགས་གདུང་བའི་ལས་དེ་ལྟ་བུ་ཉིད་ཀྱིས། གཞན་པ་རང་གི་དགྲར་གྱུར་པ་ལའང་། ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་པ་ནི་མ་ཡིན་ནོ། ། གཉིས་པ་གཞན་དོན་ཅི་དང་ཇི་ལྟ་བུ་བྱེད་ཅེ་ན། སེམས་ཅན་གྱི་རིས་ན་རིགས་གསུམ་གྱི་ནང་ནས་ཐ་ཆད་དམ་ཐ་ཆུང་ཉན་ཐོས་ཀྱི་རིགས་ཅན་དང་། འབྲིང་རང་རྒྱལ་གྱི་རིགས་ཅན་དང་། མཆོག་གི་ཆོས་ཉིད་ལ་གནས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་གསུམ་ལ། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་དེ་དག་གི་སེམས་མཁྱེན་ནས། བཤད་པའི་ཆོ་འཕྲུལ་གྱིས་ཆགས་ཅན་ལ་མི་སྡུག་པ་སོགས་སོ་སོའི་གཉེན་པོ་ལེགས་པར་སྟོན་པ་དང་། གང་བསྟན་པ་འདི་ལ་མ་དད་པའི་མུ་སྟེགས་སོགས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པས་དད་པར་བྱས་ནས་ཡང་དག་པའི་བསྟན་པ་ལ་བཙུད་པའི་སྒོ་ནས་མགུ་བར་བྱེད་པ་དང་། སེམས་ཅན་ཐ་མལ་པ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་ནས་བསླབ་གཞི་ལྔའི་ཁྲིམས་འཛིན་དུ་འཇུག་པ་དང་། ཐེག་པ་གསུམ་གྱི་རིགས་ཅན་རྣམས་ཀྱི་དོན་གང་ཞིག་མ་ཤེས་པའི་ཐེ་ཚོམ་རྣམས་བསལ་ཏེ་རང་རང་གི་ཆོས་དེའི་དོན་ལ་བློ་རྣམ་པར་ངེས་པར་བྱེད་པ་དང་། དགེ་བའི་རྩ་བ་མ་སྨིན་པ་རྣམས་ལ་ཕར་ཕྱིན་དྲུག་སྤྱོད་དུ་གཞུག་པའི་སྒོ་ནས་ཕྱིན་དྲུག་གི་དགེ་རྩ་ཡོངས་སུ་སྨིན་པར་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་འདོད་ཀྱང་དེའི་མན་ངག་མེད་པ་རྣམས་ལ་དེའི་ལུང་བསྒོ་བའམ། གདམས་ངག་སྦྱིན་པ་དང་། བསམ་གཏན་གྱི་གདམས་ངག་ཐོབ་པ་རྣམས་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་པ་ཐོབ་པར་བྱེད་པ་དང་། ལྷག་མཐོང་དང་མི་ལྡན་པ་རྣམས་ལ་ཤེས་རབ་བསྐྱེད་ནས་ཐེག་པ་སོ་སོའི་འབྲས་བུ་ཐོབ་པའི་བློ་གྲོས་བྱེད་པའམ། ཐེ་ཚོམ་སོགས་ཀྱི་སྒྲིབ་པ་ལས་བློ་རྣམ་པར་གྲོལ་བར་བྱེད་པ་དང་། ཞི་ལྷག་ཟུང་འབྲེལ་དང་། མངོན་ཤེས་དང་། བྱང་ཕྱོགས་དང་། ཟད་པར་གྱི་སྐྱེ་མཆེད་སོགས་ཡོན་ཏན་ཁྱད་པར་སྔར་མ་ཐོབ་པ་གསར་དུ་འགྲུབ་པར་བྱེད་པ་དང་འདི་ཡན་ཆད་ཐེག་པ་ཐུན་མོང་བའི་སེམས་ཅན་རྣམས་ཀྱི་དོན་བྱེད་ཚུལ་དང་། ཐུན་མིན་ཐེག་ཆེན་པའི་དབང་དུ་བྱས་ཏེ། ས་དང་པོར་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་བྱེད་པ་དང་། ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཕྱིར་དེའི་དུས་སུ་ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་ཞིང་དང་དུས་འདི་ལྟ་བུར་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང་། ས་བཅུ་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། སངས་རྒྱས་ཀྱི་ས་ཀུན་དུ་འོད་ལ་ཡེ་ཤེས་བཞི་ཐོབ་པར་བྱས་པ་ནི་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པའི་གོ་འཕང་ལ་བཞག་པ་སྟེ། དེ་ལྟར་རྣམ་གྲངས་བཅུ་གསུམ་གྱི་བདག་ཉིད་འདི་ནི་གཞན་གྱི་དོན་བྱེད་ཚུལ་ལོ།། གསུམ་པ། གཞན་དོན་བྱེད་པ་དེ་ཡང་ཕ་རོལ་གྱི་དོན་དུ་འགྱུར་ཞིང་ཆུད་མི་ཟ་བས་མཆོག་ཏུ་འགྱུར་བའི་ཚུལ་ནི། རིགས་ཅན་གསུམ་གྱི་སྐྱེ་བོ་རང་རང་དང་མཐུན་པའི་ཆོས་བསྟན་པས་དེ་དག་གི་དོན་དུ་འགྱུར་བ་ཡིན་པ་ནི། དཀོན་མཆོག་བརྩེགས་པའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཆད་པ་ནི་བྱང་ཆུབ་སེམས་དཔའི་འཁྲུལ་བའོ་ཞེས་གསུངས་པ་ལྟར་རང་རང་གི་ཁམས་དང་མི་མཐུན་པའི་ཆོས་བསྟན་ན་དེ་དག་གི་དོན་དུ་མི་འགྱུར་བས་དེ་དག་གི་དོན་སྒྲུབ་པ་མཆོག་མ་ཡིན་ནོ། ། དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་འཆད་པ་ནི། རིགས་ཅན་གསུམ་ག་ལ་ཡང་། ཆགས་སོགས་ཀྱི་ཤས་ཆེ་ཆུང་ཡོད་པས་ཆགས་ཅན་ལ་མི་སྡུག་པ། ཞེ་སྡང་ཅན་ལ་བྱམས་པ། གཏི་མུག་ཅན་ལ་རྟེན་འབྲེལ་གྱི་དོན་སྟོན་པ་སོགས་གཉེན་པོ་ཕྱིན་ཅི་མ་ལོག་པར་བསྟན་པའོ། །རྫུ་འཕྲུལ་སོགས་ཡོན་ཏན་དུ་མ་ཐོབ་ཀྱང་དེའི་སྒོ་ནས་བདག་བཟང་ངོ་སྙམ་དུ་ལུས་ངག་ཡིད་ཀྱི་སྒོ་ནས་མི་འགྱིང་བ་ནི་གཞན་ལ་ཕན་པ་སྒྲུབ་པ་མཆོག་ཡིན་གྱི། ལུས་མཛེས་བཅོས་བཅས་འགྱིང་པ་དང་། ངག་གིས་རང་བསྟོད་དང་། སེམས་སྙམས་པ་དང་བཅས་པས་གཞན་དོན་ཆེར་མི་འགྲུབ་བོ། །དེས་སེམས་ཅན་རྣམས་རྫུ་འཕྲུལ་དང་ཆོས་བསྟན་པ་སོགས་ཀྱིས་བཏུལ་ནས་ལམ་ལ་བཀོད་ཀྱང་། འདི་ནི་ངས་བཏུལ་བའི་སློབ་མ་ཡིན་ནོ་ཞེས་རིས་སུ་བཅད་དེ་བདག་གི་བའི་ང་རྒྱལ་མེད་པ་དང་། ཐེག་པ་གསུམ་གྱི་དོན་ལ་མཁས་པས་གཞན་གྱིས་མ་རྟོགས་པ་རྣམས་རྟོགས་པར་བྱེད། ལོག་པར་རྟོག་པ་རྣམས་ཟློག་པར་བྱེད། ཐེ་ཚོམ་རྣམས་སེལ་བར་བྱེད་པ་དང་། གཞན་དོན་དུ་ཚ་གྲང་བཀྲེས་སྐོམ་ལོག་སྒྲུབ་སོགས་ཀྱི་སྡུག་བསྔལ་བཟོད་པར་བྱེད་པ་དང་། བདག་གི་ལུས་ངག་ཡིད་གསུམ་བསྡམས་ནས་དུལ་བ་དང་ལྡན་པས་གཞན་ཡང་དུལ་བར་བྱེད་ནུས་ཏེ། མདོ་ལས། བདག་མ་གྲོལ་བས་སེམས་ཅན་གཞན་གྲོལ་བར་མི་ནུས་ལ། དེ་བཞིན་བདག་མ་ཞི་ན་གཞན་ཞི་བ་དང་། བདག་མ་དུལ་ན་གཞན་དུལ་བར་བྱ་མི་ནུས་སོ་ཞེས་གསུངས་པ་བཞིན་ནོ། །ཤིན་ཏུ་རིང་སོང་དང་མི་ཟད་པ་གཉིས་ནི་བྱང་སེམས་ས་ལ་ཞུགས་པ་རྣམས་ཀྱི་སྒྲུབ་པ་ཡིན་ཏེ། ས་ཐོབ་པའི་བྱང་སེམས་རྣམས་ཀྱིས་གཞན་པ་དག་ཀྱང་ས་ལ་འཇོག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱིས་དེ་དག་ལ་ཞུགས་པ་ཤིན་ཏུ་རིང་དུ་སོང་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་མ་གཏོག་པར་སོ་སྐྱེ་དང་ཉན་རང་རྣམས་ས་དེ་རྣམས་སུ་འཇུག་མི་ནུས་པས་དེ་དག་ལས་རིང་དུ་སོང་བ་ཞེས་བྱའོ། །དེ་ཡང་གོང་བཤད་ལྟར་ས་དང་པོ་ལ་རིགས་སུ་སྐྱེ་བ་ལ་གནས་པས་སེམས་ཅན་གཞན་དག་ཀྱང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་བྱེད་པའི་དོན་བྱེད་ནུས་སོ། །དེ་བཞིན་ལུང་བསྟན་པ་ཐོབ་པས་རང་གི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྨིན་པ་ལྟར་གཞན་ཡང་དེ་ལ་འགོད་ནུས་སོ། །དེ་བཞིན་དབང་སྐུར་བ་ཐོབ་པས་རང་དེ་ལ་གནས་ནས་གཞན་ཡང་ས་དེར་འགོད་པ་དང་། སངས་རྒྱས་པའི་དུས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་སེམས་ཅན་གཞན་ཡང་དེ་ལ་འགོད་པར་ནུས་སོ། །མི་ཟད་པ་ཞེས་བྱ་བ་ནི་རྒྱུ་མཚན་བཞིའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྒྲུབ་པ་ནམ་ཡང་མི་ཟད་མི་འཛད་པ་ཡིན་ཏེ། བསྒྲལ་བར་བྱ་བའི་སེམས་ཅན་མི་ཟད་པས་སེམས་ཅན་གྱི་དོན་དུ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་མི་ཟད་པ་དང་། བྱང་ཆུབ་ཀྱི་སེམས་མི་ཟད་པས་བསམ་པ་མི་ཟད་པ་དང་། བསམ་པ་མི་ཟད་པས་བསམ་པ་ལས་བྱུང་བའི་སྙིང་རྗེ་མི་ཟད་པ་དང་། སྙིང་རྗེ་མི་ཟད་པས་སེམས་ཅན་གྱི་དོན་བྱ་བའི་ཐབས་ཤེས་ཀྱང་མི་ཟད་པའོ། ། དེའི་ཕྱིར་རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་ནི་གཞན་དོན་ལ་ཞུགས་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །སྐྱེ་བོ་དང་མཐུན་པར་སྒྲུབ་པ་ལ་སོགས་པ་བརྒྱད་པོ་འདི་ནི། གང་གི་གཞན་དོན་གྱི་རྣམ་གྲངས་བཅུ་གསུམ་པོ་སྒྲུབ་པར་བྱེད་པ་ཡིན་ཏེ། སྐྱེ་བོ་དང་མཐུན་པ་དང་ཕྱིན་ཅི་མ་ལོག་པས་ལེགས་པར་སྟོན་པ་དང་། མི་འགྱིང་བས་མགུ་བྱེད་བདག་གི་མེད་པས་འཇུག་པ་མཁས་པས་དོན་ལ་རྣམ་ངེས། བཟོད་པས་དགེ་བ་སྨིན་བྱེད་དུལ་བས་གདམས་ངག་སོགས་བཞི། རང་སོང་གིས་རིང་སྐྱེ་སོགས་བཞི་དང་། མི་ཟད་པའི་ཡོན་ཏན་ནི་སྤྱིར་བསྟན་པའོ། །བཞི་པ་བྱང་ཆུབ་སེམས་དཔའི་སྒྲུབ་པ་ཁྱད་པར་འཕགས་ཚུལ་འདོད་ལྡན་སྐྱེ་བོ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། འདོད་ཡོན་ལྔ་ལ་ཆགས་པའི་འདོད་ལྡན་གྱི་སྐྱེ་བོ་འདོད་ཁམས་པ་རྣམས་ཀྱིས་འདོད་ཡོན་ལྔ་དང་དུ་ལེན་ཅིང་དེ་བསྒྲུབ་པ་ནི་རྒྱུ་དེ་ལས་ཚེ་འདི་དང་ཚེ་རབས་གཞན་དུ་འཇིགས་པ་ཆེན་པོ་མྱོང་བར་འགྱུར་བའི་ཕྱིར་འཇིགས་པ་ཆེ་ལ་འཇུག་པ་ཡིན་ནོ། ། ཁམས་གོང་མ་གཟུགས་གཟུགས་མེད་གཉིས་ཀྱིས་སེམས་ནང་དུ་བསྡུས་པའི་ཏིང་ངེ་འཛིན་སྒྲུབ་པ་ནི། ས་དེ་དང་དེའི་སྲིད་པའི་དགའ་བ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་ཕྱིན་ཅི་ལོག་འཁོར་བའི་རང་བཞིན་གྱི་བདེ་བ་མི་བརྟན་པར་གཡོ་བ་ལ། ཆགས་ནས་དེ་འདྲའི་བསམ་གཏན་དེ་བསྒྲུབ་པ་ཡིན་ནོ། །འཁོར་བའི་སྡུག་བསྔལ་ཞི་བ་ལ་དགའ་བ་ཉན་རང་རྣམས་ནི། རང་རྒྱུད་ཀྱི་ཕྱི་མའི་སྲིད་པ་ཉེ་བར་ལེན་པ་རབ་ཏུ་ཞི་བ་ཙམ་ལ་འཇུག་ཅིང་དེ་བསྒྲུབ་པ་ཡིན་ནོ། །སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའི་སྒྲུབ་པས་ནི། ཤེས་རབ་ཀྱིས་རང་དང་གཞན་གྱི་སྡུག་བསྔལ་ཉེ་བར་ལེན་པ་ཀུན་ཞི་ལ། སྙིང་རྗེས་སེམས་ཅན་ཡལ་བར་མི་འདོར་བར་རྟག་ཏུ་གཞན་གྱི་དོན་དུ་བཞུགས་པ་ཡིན་པས་སྔ་མ་འཇིག་རྟེན་པ་དང་། འདས་པ་ཉན་རང་གི་སྒྲུབ་པ་ལས་ཁྱད་པར་འཕགས་སོ། །འཇིག་རྟེན་པ་སོ་སོའི་སྐྱེ་བོའི་རྨོངས་པ་རྣམས་ཀྱིས་གཞན་དོན་ལ་ཅི་ཡང་མི་བསམ་པར་རང་གི་བདེ་བའི་དོན་ལ་ཞིང་ལས་དང་ཉོ་ཚོང་དང་བུད་མེད་ལེན་པ་སོགས་བྱ་བ་སྣ་ཚོགས་ལ་ཤ་ཐང་ཆད་ཆད་དུ་བརྩོན་པར་བྱེད་ཀྱང་། དུས་རྟག་ཏུ་ཉེས་པ་མེད་པ་དང་ཤིན་ཏུ་ལེགས་པ་རྫོགས་པའི་རང་དོན་ཡིད་ལ་འདོད་པ་དེ་ལྟ་བུའི་བདེ་བ་མ་ཐོབ་པར་ཚེ་འདི་ལ་ཡང་ཚ་གྲང་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་དང་། སྔར་མ་ཐོབ་པ་ཡོངས་སུ་ཚོལ་བའི་རྒྱུ་དང་ཐོབ་པ་ཉམས་པ་སོགས་ཀྱི་རྒྱུས་ལུས་སེམས་ལ་སྡུག་བསྔལ་མང་པོ་དང་། ཚེ་རབས་གཞན་དུ་ངན་སོང་སོགས་ཀྱི་སྡུག་བསྔལ་རྣམ་པ་མང་པོ་ཐོབ་པར་འགྱུར་རོ། །བརྟན་པ་བྱང་སེམས་རྣམས་རྟག་ཏུ་གཞན་གྱི་དོན་ལ་བརྩོན་པ་དང་ལྡན་པ་རྣམས་ནི། གནས་སྐབས་སུ་རང་གཞན་གཉིས་ཀའི་འདི་དང་ཕྱི་མར་བདེ་བ་རྣམ་པ་མང་པོ་མྱོང་བའི་དོན་བྱས་ནས། མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་ཏེ། དེའི་ཚེ་བདག་གི་དོན་ཡོངས་སུ་རྫོགས་པའི་བདེ་བ་ཆེན་པོ་ནམ་ཡང་ཉམས་མི་སྲིད་པ་ཐོབ་ཅིང་། གཞན་དོན་དུ་སེམས་ཅན་གྱི་མཐའ་ཅི་ཙམ་པར་ཕན་བདེ་བྱེད་པའི་ཕྲིན་ལས་མི་ཟད་པ་ཐོབ་པ་ཡིན་ནོ། །ལྔ་པ་སྒྲུབ་པ་རྒྱུན་མི་འཆད་པ་ནི། གཞན་དག་བརྩོན་པ་མི་བྱེད་པའི་དུས་ན་སྒྲུབ་པ་དང་བྲལ་བ་ཡིན་ཡང་། བྱང་ཆུབ་སེམས་དཔའ ་ནི་དེ་ལྟར་མ་ཡིན་ཏེ་སྨོན་འཇུག་གི་སེམས་བསྐྱེད་པའི་མཐུས་གཉིད་སོགས་བག་མེད་དུ་གནས་པའི་དུས་ན་ཡང་དགེ་རྩ་རྒྱུན་མི་འཆད་པར་འཕེལ་ལ། ལུས་ངག་ཡིད་ཀྱིས་དངོས་སུ་སྦྱིན་སོགས་ཕར་ཕྱིན་དྲུག་བསྒྲུབས་པས་སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་ཁོ་ནར་མ་ཟད། འགྲོ་འཆག་ཉལ་འདུག་གི་སྤྱོད་ཡུལ་ཐམས་ཅད་དུ་ཡང་སེམས་ཀྱི་འཕེན་པའི་སྨོན་ལམ་གྱིས་སེམས་ཅན་གྱི་དོན་བྱེད་དེ། རྒྱལ་བའི་སྲས་རྣམས་སྤྱོད་ལམ་གང་དང་གང་བྱེད་པ་དེའི་ཚེ་ཇི་ལྟ་ཇི་ལྟ་བུར། དབང་པོ་དྲུག་གི་སྤྱོད་ཡུལ་སྣ་ཚོགས་ལ་འཇུག་པར་འགྱུར་བ། དེ་ལྟ་དེ་ལྟ་བུར་འོས་ཤིང་རིགས་པའི་སྐབས་དེ་དང་མཐུན་པའི་སྨོན་ལམ་གྱི་ཚིག་གིས་སེམས་ཅན་ལ་ཕན་ཕྱིར་སྨོན་ལམ་དེ་མངོན་པར་འདུ་བྱེད་པས་སྤྱོད་ལམ་ལུང་མ་བསྟན་ཀུན་ཀྱང་སེམས་ཅན་ཀྱི་དོན་དུ་འགྱུར་བའི་ཐབས་མཁས་དང་ལྡན་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་ཇི་སྐད་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་གྲོང་དུ་འཇུག་ན་སེམས་ཅན་ཐམས་ཅད་ཐར་བ་མཆོག་གི་གྲོང་ཁྱེར་དུ་འཇུག་པར་གྱུར་ཅིག་ཅེས་དང་། ལམ་དུ་འཇུག་པ་ན་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ། སྐས་ལ་འཛེགས་ཚེ་སེམས་ཅན་ཐམས་ཅད་ཐར་པའི་ཐེམ་སྐས་ལ་འཛེགས་པ། ཁྲུས་བྱེད་ཚེ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་དག་པ། མེ་འབུད་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བུད་ཤིང་ཡེ་ཤེས་ཀྱི་མེས་ཚིག་པ་སོགས་ལས་དེ་དང་དེར་མཐུན་པའི་རྣམ་བྱང་གི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་དང་རྣམ་པར་གྲོལ་བ་ཐོབ་པ་དམིགས་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོ་བའི་གཞན་དོ༵ན་རྒྱུན་མི་འཆ༵ད་པའི་ཕྱིར་རོ། །དྲུག་པ་གཞན་དོན་འགྲུབ་པའི་ཚེ་གཞན་གྱིས་ལོག་སྒྲུབ་ཀྱིས་མི་སྐྱོ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་རང་བཞིན་ཕྱི་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ན། འདི་ལྟར་སེམས་ཅན་རྣམས་དུས་རྟག་ཏུ་མེད་བཞིན་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པས་རང་དབང་མེད་པར་བྱས་པའི་སེམས་ཀྱི་རང་བཞིན་དུ་གྱུར་པ་ཡི་སྐྱེ་བོ་རྣམས་ལ་ནི་བློ་ལྡན་བྱང་ཆུབ་སེམས་དཔས་སྐྱེ་བོ་དེ་དག་གིས་བརྡེག་པ་དང་། ངན་དུ་སྨྲ་བ་དང་། ལོག་པར་ལྟ་བ་སོགས་ལ་སེམས་ཅན་དེ་དག་གི་ཉེས་པར་མི་འཛིན་ཏེ། སྨྱོན་པ་དག་གིས་གཞན་ལ་ཐོ་བརྩམས་པ་དང་། རང་ཡང་ལྕེབ་པར་བྱེད་པ་དང་འདྲ་བར། དེ་དག་ཀྱང་མི་འདོད་བཞིན་དུ་ཉོན་མོངས་པའི་སེམས་ཅན་གྱི་གཞན་དབང་དུ་སོང་བས། འདི་ལྟ་བུའི་ལོག་པར་སྒྲུབ་པར་འགྱུར་རོ། ། ཞེས་ཐུགས་སུ་ཆུད་པས་སྐྱེ་བོ་ལོག་སྒྲུབ་ཅན་དེ་དག་ལ་ཁྲོ་བ་དང་སྐྱོ་བ་མེད་པར་འདི་ཉེས་པ་འདི་ལས་ཐར་བར་བྱའོ་ཞེས་སྙིང་རྗེ་རྣམ་པར་འཕེལ་བའི་ཕྱིར་རོ། ། གསུམ་པ་སྒྲུབ་པའི་ཆེ་བ་བསྟན་ཏེ་དོན་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་སྒྲུབ་པ་འདིས་ནི་སྲིད་པ་ཁམས་གསུམ་དང་། འགྲོ་བ་ལམ་རྒྱུད་ལྔ་པོ་ཀུན་ཟིལ་གྱིས་མནན་ནས་འགྲོ་ཞིང་ཞི་བ་མཆོག་མི་གནས་པའི་མྱ་ངན་ལས་འདས་པ་དང་ལྡན་ལ། ས་དང་ཕར་ཕྱིན་སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་སྣ་ཚོགས་པའི་ཚོགས་ཀྱིས་གོང་ནས་གོང་དུ་རྣམ་པར་འཕེལ་ཞིང་། བྱམས་པའི་བསམ་པས་དུས་རྟག་ཏུ་འགྲོ་བ་རྣམས་སྡུད་ཅིང་མི་གཏོང་བ་ཡིན་ནོ། །འགྲོ་བ་ཀུན་ཟིལ་གྱིས་གནོན་པ་དང་། མི་གནས་པའི་མྱང་འདས་ཐོབ་པ་དང་། ཡོན་ཏན་རྣམ་པར་འཕེལ་བ་དང་། སེམས་ཅན་ཡོངས་སུ་མི་གཏོང་པའི་ཆེ་བ་བཞི་དང་ལྡན་པ་ཡིན་ཏེ་གོང་དུ་ཇི་སྐད་བསྟན་པ་རྣམས་ཀྱི་དོན་བཞིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་སྒྲུབ་པའི་ལེའུ་སྟེ་དྲུག་པ་རྣམ་པར་བཤད་པའོ།། །། དེ་ལྟར་སྒྲུབ་པ་དེས་མི་གནས་པའི་མྱང་འདས་སུ་འགྲོ་བ་ཡིན་པར་གསུངས་པས་མི་གནས་པའི་མྱང་འདས་ནི་དེ་ཁོ་ན་ཉིད་མ་རྟོགས་པས་ཐོབ་པར་མི་ནུས་པས་སྒྲུབ་པའི་ལེའུའི་རྗེས་སུ་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱ་བ་ཡིན་ནོ། ། གསུམ་པ་བསམ་པར་བྱ་བ་ལ། རྟོགས་བྱ་དེ་ཁོ་ན་ཉིད་ལ་བསམ་པ། བསྒྲུབ་བྱ་མངོན་ཤེས་དྲུག་ལ་བསམ་པ། ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུ་རང་རྒྱུད་ཡོངས་སུ་སྨིན་པར་བྱ་བ་ལ་བསམ་པ་གསུམ་ལས། དང་པོ་ལ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་གཏན་ལ་དབབ་པ་བདག་མེད་གཉིས། དེ་ཇི་ལྟར་རྟོགས་ཚུལ་གྱི་གོ་རིམ་གསུམ། དང་པོ་དེ་ཁོ་ན་ཉིད་སོ་སོ་རང་གིས་རིག་པར་བྱ་བའི་མཚན་ཉིད་ནི་ཡོད་པ་དང་མེད་པ་གཅིག་དང་ཐ་དད་ཀྱི་མཐའ་བཞི་དང་བྲལ་བ་སྟེ། གང་ཞེ་ན་དོན་དམ་པ་དེ་ཁོ་ན་ཉིད་ནི་ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ལྟ་བུར་ཡོད་པ་མིན་ཞིང་། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་མེད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཟབ་མོ་ནང་གི་རྟེན་འབྲེལ་གཞན་དབང་གི་ཆོས་འདི་ལས་གཞན་དུ་མེད་ལ། དེ་ལ་གཟུང་འཛིན་གཉིས་སུ་སྣང་བ་ལྟར་གྲུབ་པར་ཞེན་པ་ནི་ཀུན་བརྟགས་སོ། ། དེ་ལྟར་སྣང་ཞིང་སྣང་བ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་ལྟར་གྲུབ་པར་ཞེན་ན་ཡང་། གཟུང་བ་དང་འཛིན་པའི་གཉིས་ཆོས་སུ་ཡེ་ནས་གྲུབ་པ་མེད་པར་ཡོངས་སུ་གྲུབ་པ་ནི་གནས་ལུགས་སམ་དོན་དམ་པ་ཡིན་པས་ཐ་སྙད་དུ་གང་ལ་གང་མེད་པ་དེས་སྟོང་ལ་སྟོང་པ་ཉིད་ནི་ཡོངས་གཅོད་དུ་གྲུབ་པ་ཡིན་པས་ཡོད་པའོ། །ཀུན་བརྟགས་དང་གཞན་དབང་ཞེས་བྱ་བ་དེ་དང་། ཡོངས་སུ་གྲུབ་པ་དེ་དག་གཅིག་པ་མ་ཡིན་པས་དེ་བཞིན་ནམ་ཁྱད་མེད་པ་མ་ཡིན་ལ་ཐ་དད་མ་ཡིན་པས་གཞན་མིན་པའོ། །དེ་སྐད་དུ་ཡང་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། ཞེས་སོགས་གསུངས་པ་ལྟར། ཀུན་བརྟགས་ཕྱིན་ཅི་ལོག་དོན་ལ་མེད་པ་དང་། གཞན་དབང་ནི་ཀུན་ཏུ་བརྟགས་པའི་གཞི་གཉིས་སུ་སྣང་བ་ཡིན་ལ། ཡོངས་གྲུབ་ནི་ཕྱིན་ཅི་མ་ལོག་པ་གཉིས་ཀྱིས་སྟོང་པ་ཡིན་པས་དེ་དག་གཅིག་མ་ཡིན་ཏེ་དེ་དག་ཆོས་ཅན་དང་ཆོས་ཉིད་ཡིན་ནོ། །འོ་ན་གཞན་ཡིན་ནམ་ཞེ་ན་མ་ཡིན་ཏེ། གཞན་དབང་གི་རང་བཞིན་ལ་གཟུང་འཛིན་གཉིས་སུ་ཀུན་དུ་བརྟགས་པ་དང་བྲལ་བ་ཉིད་ཡོངས་གྲུབ་ཡིན་པ་ལས་གཞན་པའི་ཡོངས་གྲུབ་ཞེས་བྱ་བ་ཅི་ཡང་མེད་པས་ཆོས་ཅན་གཞན་དབང་དེའི་ཆོས་ཉིད་ཡོངས་གྲུབ་ཡིན་པའི་ཕྱིར་རོ། ། གལ་ཏེ་དེ་གཉིས་ཐ་དད་དུ་གྱུར་ན་གཞན་དབང་གཟུང་འཛིན་གཉིས་ཀྱིས་མི་སྟོང་པར་འགྱུར་དགོས་ནའང་དེ་མི་འཐད་པའི་ཕྱིར། དཔེར་ན་འདུས་བྱས་དང་མི་རྟག་པའམ་མེ་དང་ཚ་བ་ཐ་དད་དུ་མེད་པ་བཞིན་དུ་ཤེས་པར་བྱའོ། །དོན་དམ་ཡོངས་གྲུབ་དེ་ནི་གདོད་ནས་སྐྱེ་བ་དང་འཇིག་པའམ་འགག་པ་མེད་དེ། གང་རང་གི་ངོ་བོ་ཡེ་ནས་རྒྱུ་རྐྱེན་ལས་སྐྱེས་པ་མ་ཡིན་པ་དེ་ལ་འཇིག་པ་ལྟ་ག་ལ་ཡོད།འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན་ཡང་སྔ་ཕྱིར་ཁྱད་མེད་པས་ན་ནམ་ཡང་འབྲི་བར་མི་འགྱུར་ཏེ། འཕེལ་བ་མེད་ཅིང་དེ་ཁོ་ན་བཞིན་དུ་གནས་པ་དཔེར་ན་ནམ་མཁའ་ལ་སྤྲིན་ཡོད་པ་དང་མེད་པའི་དུས་ན་འཕེལ་འགྲིབ་མེད་པ་ལྟར་ཀུན་ཉོན་བྲི་བ་དང་རྣམ་བྱང་གི་ཕྱོགས་འཕེལ་བས་དེ་བཞིན་ཉིད་བྲི་བ་དང་འཕེལ་བར་མི་འགྱུར་བའམ། རང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པས་ན་གསར་དུ་རྣམ་པར་དག་པའང་མེད་པ་དཔེར་ན་ནམ་མཁའ་དང་གསེར་བཟང་པོ་དང་ཆུ་དང་ཤེལ་རང་བཞིན་གྱིས་དག་པ་བཞིན་ནོ། །རང་བཞིན་གྱི་ངོས་ནས་དྲི་མ་བསལ་དུ་མེད་ཀྱང་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང་གསེར་ལ་གཡའ་དག་ཆུ་ལ་རྙོགས་པ་དང་། ཤེལ་ལ་དྲི་མ་བྲལ་བ་བཞིན་དུ་ཡོངས་གྲུབ་དེ་ཡང་གློ་བུར་གྱི་སྒྲིབ་པ་གཉིས་བསལ་བའི་སྟོབས་ཀྱིས་དྲི་མ་རྣམ་པར་དག་པར་འགྱུར་བ་དེ་ནི་དོན་དམ་པའི་མཚན་ཉིད་དོ། །ཞེས་དོན་དམ་པ་གཉིས་སུ་མེད་པ་དེ་དོན་ལྔས་བསྟན་ཏེ། ཡོད་མིན་མེད་མིན་དང་། གཅིག་ཐ་དད་མེད་པ་དང་། སྐྱེ་འཇིག་མེད་པ་དང་། འཕེལ་འབྲི་མེད་པ་དང་། དག་དང་མ་དག་མིན་པ་ལྔའོ། །དབུ་མ་ལྟར་ན་རྟེན་འབྲེལ་གྱི་དབང་གིས་སྣང་པའི་ཆོས་ཐམས་ཅད་ཀུན་རྫོབ་ཐ་སྙད་དུ་མེད་པ་མ་ཡིན་ལ། དོན་དམ་པར་ཡོད་པ་མ་ཡིན་ཞིང་། ཡོད་མེད་གཉིས་ཀའང་མ་ཡིན་ཏེ་དོན་དམ་པར་མེད་པ་དེ་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས་དེ་གཉིས་མིང་གི་རྣམ་པས་དབྱེ་བ་ཙམ་ལས་དོན་ལ་ཐ་དད་པར་གཉིས་སུ་གྲུབ་པ་མེད་དེ། མེའི་ཚ་བ་དང་བུ་རམ་གྱི་མངར་བ་བཞིན་ནོ། །འོ་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པ་དེ་གཉིས་ཀ་མ་ཡིན་པའི་ཕུང་སུམ་ཞིག་དེ་ཁོ་ན་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ་ཆོས་ཅན་དང་ཆོས་ཉིད་སྟོང་པ་གཉིས་ཀ་མ་ཡིན་པའི་ཕུང་གསུམ་སྒྲུབ་བྱེད་ཀྱི་ཚད་མ་མེད་ཅིང་། ཕུང་སུམ་པ་དེ་འདྲ་ཐ་སྙད་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནམ་ཆོས་ཉིད་དུ་ཡང་མི་རུང་ངོ་། །དེས་ན་ཡོད་པ་དང་མེད་པ་དང་གཉིས་ཡིན་དང་གཉིས་མིན་གྱི་མཐའ་བཞི་དང་བྲལ་བ་ནི་སྤྲོས་པ་ཐམས་ཅད་བྲལ་བ་སྟེ། ཆོས་དང་ཆོས་ཉིད་དབྱེར་མེད་པའི་བདེན་གཉིས་དབྱེར་མེད་སོ་སོ་རང་གིས་རིག་པར་བྱ་བ་ཞེས་འདོད་དོ། ། དེ་འདྲའི་ཆོས་ཉིད་སྤྲོས་པ་དང་བྲལ་བ་དེ་ནི་སྐྱེ་འཇིག་བྲི་གང་བྲལ་བར་རྟག་ཏུ་མཉམ་པ་ཡིན་པས་དག་པ་དང་མ་དག་པ་སོགས་གཉིས་ཆོས་ཀྱི་མཚན་མ་རྡུལ་ཙམ་མེད་པ་ཡིན་ནོ། །དེ་ཡང་སེམས་ཙམ་པའི་ལུགས་འདིས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་དུ་མེད་པར་སྨྲ་ཞིང་། སྣང་གཞི་གཞན་དབང་གི་རྣམ་ཤེས་གསལ་རིག་ཙམ་རྫས་སུ་ཡོད་པར་འདོད་པ་ཡིན་ལ་འདོད་ཚུལ་དེའི་ཞེ་འདོད་མཐར་དེད་ན་ཤེས་པ་དེ་ཐ་སྙད་ཐམས་ཅད་སྣང་བའི་རྒྱུ་ཡིན་པའི་རྫས་ཡོད་ཙམ་དུ་འདོད་པ་ལས་དོན་དམ་བདེན་གྲུབ་ཀྱི་རྫས་ཡོད་དུ་མི་འདོད་ན་དབུ་མའི་ལུགས་དང་འགལ་བ་གང་ཡང་མེད་ལ། དོན་དམ་པར་བདེན་གྲུབ་ཏུ་འདོད་ན་དབུ་མའི་ལུགས་དང་འགལ་བ་ཡིན་པས་ཁྱད་འདི་ཙམ་ཞིག་གིས་དབུ་མ་དང་འགལ་མི་འགལ་དཔྱད་བྱར་སྣང་མོད། བྱམས་ཆོས་སྐོར་དང་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་གཞུང་རྣམས་དགོངས་པ་གཅིག་པར་གང་ཟག་གང་གིས་མོས་སྤྱོད་ཀྱི་སར་དང་པོར་ཆོས་ཐམས་ཅད་སེམས་ཙམ་དུ་རིག་ནས། དེ་ནས་སེམས་དེ་ལ་གཟུང་བ་མེད་པར་ཉམས་སུ་མྱོང་བ་དང་དེ་ནས་གཟུང་བ་མེད་ཕྱིར་འཛིན་པའང་མེད་པར་སྦྱོར་ལམ་ཆོས་མཆོག་གི་དུས་སུ་རྟོགས་པའི་རྗེས་ཐོགས་སུ་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་རྟོགས་པའི་ས་དང་པོ་ཐོབ་པར་གསུངས་པ་དང་། སེམས་ཙམ་ཡིན་ཚུལ་ཀྱང་གནས་དོན་ལུས་སུ་སྣང་བའི་གཟུང་འཛིན་གཉིས་སྣང་གི་རྒྱུ་ཀུན་གཞིའི་རྣམ་ཤེས་ཐ་སྙད་དུ་རྫས་སུ་ཡོད་པར་བཞེད་ཀྱང་དེ་གཉིས་སུ་མ་གྲུབ་བཞིན་སྣ་ཚོགས་སུ་སྣང་བ་ཡིན་པས་སྒྱུ་མ་ལ་སོགས་པ་དང་འདྲ་བར་གསུངས་པའི་ཕྱིར་ན་ལུགས་འདིས་གཉིས་སྟོང་གི་ཤེས་པ་དེ་ལ་བདེན་གྲུབ་ཀྱི་དངོས་པོ་དང་མཚན་མ་མེད་པར་ཤིན་ཏུ་རྟོགས་རིགས་པའི་ཕྱིར་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་མཐར་ཐུག་གི་དགོངས་པ་མཐུན་པར་བཟུང་བར་བྱའོ། །འོ་ན་དབུ་མའི་སློབ་དཔོན་རྣམས་ཀྱིས་སེམས་ཙམ་པའི་གྲུབ་མཐའ་ལ་དགག་པ་ཅིའི་ཕྱིར་མཛད་ཅེ་ན། དེ་ནི་སེམས་ཙམ་གྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་དག་སེམས་ཙམ་གྱི་སྐབས་སུ་ཕྱི་དོན་མེད་ཀྱི་སེམས་རྫས་སུ་ཡོད་ཅེས་པ། ཐག་པ་སྦྲུལ་གྱིས་སྟོང་ཡང་ཐག་པས་མི་སྟོང་པ་ལྟར། ཐ་སྙད་ཀྱི་དབང་དུ་བྱས་ཏེ་ཁས་ལེན་ཚུལ་ཡིན་པར་མ་གོ་ནས། གཉིས་སྟོང་གི་རྣམ་ཤེས་ལ་དོན་དམ་པར་བདེན་གྲུབ་ཏུ་ཞེན་པའི་གྲུབ་མཐའ་སུན་དབྱུང་བ་ཡིན་གྱི། སངས་རྒྱས་ཀྱིས་བསྟན་པའི་སེམས་ཙམ་གྱི་ལམ་ཚུལ་བཞིན་མངོན་པར་རྟོགས་པའི་འཕགས་པ་ཐོགས་མེད་ཀྱི་དགོངས་པ་བཀག་པ་མིན་པར་སྨྲའོ། ། དེ་ལྟར་སྨྲས་པ་ལ་མི་རིགས་པ་མེད་དེ། གངས་ཅན་པའི་མཁས་པ་རྣམས་ཀྱིས་ཉན་ཐོས་བདེན་མཐོང་རྣམས་ཀྱང་བདག་མེད་གཉིས་ཀ་རྟོགས་པ་དབུ་མ་པ་དང་ཁྱད་མེད་པར་བཞེད་པ་ཡོད་ན། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་དབུ་མའི་དགོངས་དོན་རྟོགས་པ་སྨོས་ཅི་དགོས་ཏེ་འཕགས་པ་ཡིན་པའི་ཕྱིར་རོ། །སྤྱིར་དབུ་མ་པས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་རྣམས་སྐྱེ་བ་མེད་པར་གཏན་ལ་ཕབ་པས་ཆོག་གི སེམས་ཙམ་གྱི་གྲུབ་མཐའ་ཁས་མ་བླངས་ཐབས་མེད་པ་མ་ཡིན་ཡང་། རྟེན་འབྲེལ་ལ་ཡང་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང་། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་གཉིས་ལས། དང་པོ་ཀུན་གཞི་ལས་སྣང་བ་ཐམས་ཅད་མཆེད་ཚུལ་བཤད་པ་ཡིན་པས་ཕྲ་བ་ནང་གི་རྟེན་འབྲེལ་འདི་བྱང་ཆུབ་སེམས་དཔའ་ཕྲ་ཞིང་ཟབ་མོའི་དོན་ལ་མཁས་པས་རྟོགས་བྱ་ཡིན་པས། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་རགས་པ་ཕྱིའི་རྟེན་འབྲེལ་བཅུ་གཉིས་བསྟན་པ་ལས་ཟབ་པར་འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སོགས་སུ་གསུངས། དེ་དང་མཚུངས་པར་ངེས་དོན་གྱི་མདོ་སྡེ་རྣམས་དང་ཟབ་མོའི་སྔགས་རྒྱུད་རྣམས་ལས་ཀྱང་སེམས་ལས་མ་གཏོགས་པའི་ཆོས་མེད་པ་དང་། འཁོར་འདས་གཉིས་ཀའི་རྩ་བ་སེམས་ལ་ཐུག་པར་གསུངས་ཏེ། སེམས་ཀྱིས་དབང་གིས་འཁོར་བ་དང་མྱང་ངན་ལས་འདས་པའི་ཆོས་འབྱུང་གི་སེམས་མེད་ན་དེ་དག་མེད་པར་འགྱུར་ཚུལ་ནི། སེམས་ཀྱི་དབང་གིས་ཉོན་མོངས་པས་ལས་འདུ་བྱས་ནས་ཀུན་ཉོན་འཁོར་བའི་ཕྱོགས་འགྲུབ་པ་དང་། སེམས་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་བསྒྲུབས་པས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་གནས་གྱུར་པའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་སངས་རྒྱས་སུ་འགྲུབ་པ་དང་། ཉན་རང་རྣམས་ཀྱིས་ཀྱང་གང་ཟག་གི་བདག་མེད་རྟོགས་པའི་སེམས་ཀྱིས་སྲིད་པ་ཉེ་བར་ལེན་པའི་མྱང་འདས་བསྒྲུབ་པ་ཡིན་པས་ཀུན་བྱང་གི་རྩ་བ་སེམས་ལ་རག་ལས་པ་ནི་ནང་པ་སངས་རྒྱས་པ་སུས་ཀྱང་ཁས་ལེན་དགོས་པར་མ་ཟད། སེམས་དེ་རང་བཞིན་མེད་པར་གཏན་ལ་ཕབ་ན་ཚེགས་ཆུང་ངུས་ཐེག་པ་ཆེན་པོའི་ལམ་མངོན་པར་རྟོགས་པར་འགྱུར་ཞེས་ལམ་གྱི་གནད་ཆེན་པོ་ཡིན་པར་རྣམ་སྣང་མངོན་བྱང་ལས་གསུངས་པ་དང་། རྒྱ་གར་གྱི་ཡུལ་དུ་མཁས་པ་ཆེན་པོར་ཡོངས་སུ་གྲགས་པའི་སློབ་དཔོན་བྷ་བྱས་དབུ་མ་ཐམས་ཅད་ཀྱི་གནད་བསྡུས་པ་དབུ་མ་རིན་པོ་ཆེའི་སྒྲོན་མེའི་བསྟན་བཅོས་ལས། རྣལ་འབྱོར་སྤྱོད་པའི་དབུ་མ་ལ་ཕྲ་བ་ནང་གི་དབུ་མ་དང་། ཕྱི་དོན་འདོད་པའི་དབུ་མ་ལ་རགས་པ་ཕྱིའི་དབུ་མ་ཞེས་བཤད་ཅིང་། ཉམས་ལེན་གྱི་དུས་སུ་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་ཟབ་པས་དཔལ་ལྡན་ཟླ་བ་གྲགས་པས་ཀྱང་ཉམས་ལེན་འདི་ལྟར་དུ་མཛད་པ་ཡིན་ཞེས་གསལ་བར་གསུངས། དེས་ན་གཉིས་སྟོང་གི་ཤེས་པ་རང་གསལ་ཞེས་པ་སེམས་ཙམ་པས་ཁས་ལེན་རྒྱུ་འདི་གཟུང་འཛིན་ཅན་གྱི་རྣམ་ཤེས་ཀྱི་མཐར་ཐུག་པ་དེའི་གཟུང་འཛིན་འདི་ཡིན་བརྗོད་དུ་མེད་པ་ཙམ་གྱི་རྣམ་ཤེས་ཞིག་རང་གི་ངོ་བོ་མི་སྟོང་པའི་བདེན་གྲུབ་ཏུ་ཡོད་པ་ལ་གོ་ན་དགག་བྱ་ཡིན་ལ། ཤེས་པ་དེ་ཉིད་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་རང་རིག་པས་མངོན་སུམ་ཉམས་སུ་མྱོང་བ་གཟུང་འཛིན་མེད་པའི་ཡེ་ཤེས་རང་གསལ་ལ་གོ་ན་བསྒྲུབ་བྱ་ཡིན་ལ། དེ་ལྟ་བུ་དབུ་མ་དང་སྔགས་གཉིས་ཀས་ཁས་ལེན་དགོས་ཀྱི། སོ་སོ་རང་རིག་པའི་ཡེ་ཤེས་སམ་འོད་གསལ་བའི་སེམས་དེ་མེད་ན་སློབ་ལམ་དུ་ཆོས་ཉིད་ཀྱི་བདེན་པ་རྟོགས་པའི་བློ་ཡོད་པར་མི་རིགས་ལ་མི་སློབ་པའི་ལྷག་མེད་མྱང་འདས་ཀྱི་དུས་ན་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་ན་ཐེག་དམན་མྱང་འདས་མར་མེ་ཤི་བ་ལྟ་བུ་དང་ཁྱད་མེད་པས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དང་ཕྲིན་ལས་མི་ཟད་པ་ཇི་ལྟར་འདོད། དེའི་ཕྱིར་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ལམ་སྲོལ་འབྱེད་ཚུལ་གྱི་རྣམ་བཞག་ཐ་དད་ལྟ་བུར་སྣང་ཡང་མཐར་ཐུག་གི་དགོངས་པ་ཡེ་ཤེས་ཀྱི་ཀློང་དུ་གཅིག་ཏུ་མཐུན་པར་འཇུག་པའི་གནད་ཤེས་ན་ཤིན་ཏུ་ལེགས་པར་མཐོང་ངོ་། ། མདོར་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི་སྣང་སྟོང་རིས་ཆད་ཀྱི་ཕྱོགས་གང་རུང་མ་ཡིན་པར་ཟུང་འཇུག་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཅིང་དེ་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་དུ་འགྱུར་བ་མེད་པར་རྟོགས་ན་མཐར་འཛིན་གྱི་ལྟ་བ་ངན་པའི་གཡང་ས་ལས་གྲོལ་བ་ཡིན་ནོ། །གཉིས་པ་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ནི་བདག་མེད་རིགས་པས་བསྒྲུབ་པ་ཡིན་པས། དང་པོར་གང་ཟག་གི་བདག་མེད་བསྒྲུབ་པ་ནི། གང་ཟག་གི་བདག་ཞེས་པ་མ་བརྟག་མ་དཔྱད་པར་ཕྱིན་ཅི་ལོག་ཏུ་བཟུང་བ་ཙམ་ལས་དོན་དུ་གྲུབ་པ་མེད་དེ། བདག་ལྟ་དང་། ཕུང་པོ་དང་། དེ་ལས་གཞན་པ་གང་ཡང་བདག་མ་ཡིན་པའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བའམ་བདག་ཏུ་ལྟ་བ་བདག་ཉིད་ནི་བདག་མ་ཡིན་ཏེ། །བདག་ཏུ་ལྟ་བ་ནི་སེམས་ཀྱི་ཆོས་ཡིན་པས་འདུས་བྱས་ཡིན་པ་དང་། མི་རྟག་པ་དང་། ཐམས་ཅད་དུ་མ་ཁྱབ་པ་དང་དགེ་མི་དགེ་ལུང་མ་བསྟན་གྱི་ལས་རྣམ་པ་གསུམ་བྱེད་པས། མུ་སྟེགས་པ་རྣམས་ཀྱིས་བདག་ནི་འདུས་མ་བྱས་པ་དང་། རྟག་པ་དང་ཁྱབ་པ་དང་། ལས་མི་བྱེད་པའི་མཚན་ཉིད་ཅན་དུ་བརྟགས་པ་དེ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། ། འཇིག་ཚོགས་ལྟ་བའི་རྟེན་དུ་གྱུར་པ་ཕུང་པོ་ལྔ་ཡང་བདག་གི་མཚན་ཉིད་དམ་རང་བཞིན་མ་ཡིན་པར་བསྟན་པ་བློ་བརྟན་འགྲེལ་པར་ངན་པའི་གནས་ཞེས་ངན་པ་ནི་ཉོན་མོངས་ཀུན་གྱི་རྩ་བ་ཡིན་པའི་འཇིག་ལྟ་ལ་བསྙེགས་ཏེ་དེ་ནི་ལྟ་བའི་གནས་སུ་གྱུར་པའམ། ཉོན་མོངས་པའི་གནས་ངན་ལེན་གྱིས་བསྐྱེད་པས་ན་ངན་པའི་གནས་ཞེས་བྱ་བ་ཕུང་པོའོ་ཞེས་འདུག འགྱུར་ལ་ལ་ན་ངན་པར་གནས་ཞེས་པ་ལྟར་ན་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ཡིན་པས་ངན་པར་གནས་པ་ཕུང་པོ་ཉིད་ལ་བྱ་སྟེ། གང་ལྟར་ཡང་ཕུང་པོ་ལྔ་ནི་བདག་མ་ཡིན་ཏེ། བཤད་མ་ཐག་པ་ལྟར་མི་རྟག་པ་དང་འདུས་བྱས་དང་མ་ཁྱབ་པ་དང་ལས་བྱེད་པ་དང་དུ་མ་ཉིད་ཀྱི་ཕྱིར་བདག་ངོ་བོ་ཉིད་ཀྱིས་བྱུང་གི་རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་པ་དང་། ཁྱབ་པ་དང་། རྟག་པ་དང་ལས་མི་བྱེད་པ་དང་གཅིག་པུར་འདོད་པ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ།། ཡུལ་ཅན་འཇིག་ལྟ་དང་། ཡུལ་ཕུང་པོ་ལྔ་པོ་དེ་གཉིས་ལས་གཞན་དུ་བདག་ཅེས་བྱ་བ་མེད་དེ། དེ་གཉིས་ལས་ལོགས་ཤིག་ཏུ་བདག་ཡོད་པར་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གང་གིས་ཀྱང་མ་དམིགས་པའི་ཕྱིར་རོ། ། འདིར་ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་བདག་བཀག་པ་དེས་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡང་ཁེགས་ཏེ་སེམས་ཅན་རྣམས་ཀྱིས་ང་གཅིག་ལས་དུ་མ་མེད་པ་དང་དེ་ཡང་ཐོག་མ་མེད་པ་ནས་མཐའ་མའི་བར་དུ་གཅིག་ཡིན་པར་འཛིན་པ་དེ་འདྲའི་བདག་དེ་བཤད་མ་ཐག་པའི་དཔྱད་པ་གསུམ་བྱས་པས་སྒྲོ་བཏགས་པ་ཙམ་དུ་ཁོང་དུ་ཆུད་པར་འགྱུར་རོ། །གལ་ཏེ་བདག་མེད་ན་སེམས་ཅན་ཐམས་ཅད་ཀྱིས་བདག་གོ་སྙམ་དུ་ཅིའི་ཕྱིར་རྟོག་ཞེ་ན། བདག་དེ་ནི་ཡོད་པའི་དབང་གིས་དེར་རྟོག་པ་མ་ཡིན་གྱི། མེད་ཀྱང་ཡོད་པར་འཁྲུལ་བའམ་ནོར་བའི་བློ་ཕྱིན་ཅི་ལོག་གི་དབང་གིས་ཡོད་པར་རྟོག་པ་སྐྱེས་པ་ཙམ་སྟེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཛིན་པ་དང་། རྨི་ལམ་གྱི་ན་ཆུང་མོ་མཐོང་བ་ལ་སོགས་པ་བཞིན་ནོ། །བདག་ཡོད་ན་ཉོན་མོངས་པས་འཁོར་བར་བཅིངས་པ་དང་། བཅིངས་པ་དེ་བཅད་ན་ཐར་བར་འགྱུར་རིགས་ཀྱི་བདག་མེད་ན་སུ་ཞིག་ཐར་བར་འགྱུར། དེའི་ཕྱིར་ན་བདག་ཐར་བའི་ཕྱིར་འབད་པར་མི་རིགས་སོ་ཞེ་ན། བདག་ཡོད་པ་དེ་ཐར་བའི་ཕྱིར་བརྩོན་པ་མ་ཡིན་གྱི། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་ནས་སྐྲག་པ་ན། སྦྲུལ་མེད་པ་མཐོང་བས་བློ་བདེ་བ་ཐོབ་པ་ལྟར། བདག་མེད་ཀྱང་བདག་ཏུ་རྟོག་པའི་དབང་གིས་ཉོན་མོངས་དང་ལས་བསགས་ནས་འཁོར་བ་སྡུག་བསྔལ་རྒྱུན་མར་མྱོང་བ་བྱུང་བའི་ཕྱིར། ཡང་དག་པའི་ཤེས་རབ་ཀྱིས་བདག་མེད་པར་རྟོགས་ནས་ལས་ཉོན་འགག་པས་ཐར་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་ཐར་པ་ཞེས་བྱ་བ་ནི་རང་གི་རྒྱུད་ཀྱི་ནོར་བའམ་འཁྲུལ་བའི་བློ་ཙམ་ཞིག་ཟད་པ་ཡིན་གྱི་བདག་ཡོད་པ་ཐར་པ་མ་ཡིན་ཏེ། བདག་ཡོད་ན་བདག་འཛིན་ནམ་ཡང་མི་ལྡོག་ཅིང་། དེ་མ་སྤངས་ན་ལས་ཉོན་མི་འགག་སྟེ། བདག་ལ་ཆགས་པའི་དབང་གིས་འཁོར་བར་རྒྱུན་གྱིས་འཇུག་པའི་ཕྱིར་རོ། །གཉིས་པ་ཆོས་ལ་བདག་མེད་པ་བསྟན་པ། ཇི་ལྟར་བདག་དང་ཆོས་ཡོད་དོ་ཞེས་བློ་ཕྱིན་ཅི་ལོག་གི་འཁྲུལ་བ་ཙམ་ལ་བརྟེན་པའི་སྐྱེ་བོ་ཡིས། འཁྲུལ་པ་དེ་ཡི་རྒྱུ་ལས་སྐྱེ་བ་དང་རྒ་བ་སོགས་སྡུག་བསྔལ་སྣ་ཚོགས་ཀྱི་རང་བཞིན་རྒྱུན་ཆགས་པ་ལ་གནས་པ་དང་། དེ་ཡང་རང་གི་བློ་འཁྲུལ་པ་ལ་གནས་པ་ཙམ་ཡིན་ཡང་དེ་ལྟར་རྟོགས་པར་མི་འགྱུར་ཏེ། འོག་ནས་འཆད་འགྱུར་ལྟར་དངོས་པོ་ལ་ཡོད་པ་མི་མཐོང་བར་མེད་པ་ཕྱིན་ཅི་ལོག་མཐོང་བའི་མུན་པ་ཆེན་པོས་ཁེབས་པའི་ཕྱིར་རོ། ། དེ་ལྟར་འཁོར་བའི་དངོས་པོ་འདི་དག་སྡུག་བསྔལ་བ་དང་འཁྲུལ་པ་ཡིན་པར་ཁོང་དུ་ཆུད་པའི་ཟག་མེད་ཀྱི་ཡེ་ཤེས་མེད་པས་ན་རིག་མེད་དམ་ཡང་དག་པར་རིག་པ་མིན་ཞེས་བྱའོ། །ཕྱིན་ཅི་ལོག་ཏུ་འཛིན་པ་ཟག་བཅས་ཀྱི་ཤེས་པས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཚུལ་གྱིས་རིག་པ་ཡོད་པ་ཉིད་དོ། ། དེ་ལྟར་ཚོར་བ་གསུམ་པོ་གང་མྱོང་ཡང་སྡུག་བསྔལ་ལས་མ་འདས་ཏེ། སྡུག་བསྔལ་གྱི་ཚོར་བ་ནི་རང་བཞིན་གྱི་སྡུག་བསྔལ་དང་། བདེ་ཚོར་ནི་འགྱུར་བའི་སྡུག་བསྔལ་དང་། བར་མའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་སོ། །ཡང་དག་པར་ན་སྡུག་བསྔལ་བ་མྱོང་བ་མེད་དེ་མྱོང་བ་པོ་བདག་མེད་པའི་ཕྱིར་དང་མྱོང་བྱའི་ཆོས་ཀྱང་ཡང་དག་པར་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་མ་གྲུབ་ན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཀྱི་རང་བཞིན་ནམ་ངོ་བོ་ནི་འདི་ལྟར་སྣང་ཙམ་དུ་ཡོད་ཀྱང་སྒྱུ་མ་དང་རྨི་ལམ་སྨིག་རྒྱུ་ལྟ་བུ་ཡིན་གྱི། དོན་དམ་པར་ཆོས་དེ་ཡི་རང་བཞིན་ནམ་ངོ་བོ་ཡོད་པ་མིན་ཏེ་ཇི་ལྟར་སྣང་བ་ལྟར་དོན་དུ་མ་གྲུབ་པས་བདག་མེད་སྟོང་པ་སྟོང་པ་ཉིད་དུ་གནས་སོ། །ཅིའི་ཕྱིར་ན་འདི་ལྟར་ཕྱིའི་དངོས་པོ་རྣམས་འབྱུང་བ་བཞི་དང་ས་བོན་ལ་སོགས་པའི་རྒྱུ་རྐྱེན་ལས་འབྱུང་ཞིང་། ནང་གི་དངོས་པོ་སེམས་ཅན་གྱི་ཕུང་པོ་ནི་མ་རིག་པ་དང་འདུ་བྱེད་སོགས་ཀྱི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བས་ཕྱི་དང་ནང་གི་ཆོས་ཐམས་ཅད་ནི་རང་རང་གི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་དངོས་པོ་རྣམས་སྐྱེ་བ་ཡིན་པར་མངོན་སུམ་གྱི་སྤྱོད་ཡུལ་དུ་འཇུག་པ་སྟེ་སྣང་ན། སྐྱེ་བོ་བླུན་པོ་དག་དངོས་པོ་འདི་རྣམས་ཇི་ལྟར་དབང་ཕྱུག་དང་བདག་ལ་སོགས་པ་གཞན་གྱིས་བྱས་པའམ་བྱེད་པ་ལ་བརྟེན་ནས་སྐྱེ་བར་འཛིན་པ་ཡིན། གང་གི་ཕྱིར་དངོས་པོ་རྣམས་རང་ལ་ཡོད་པས་རྟེན་འབྲེལ་གྱི་དོན་མི་མཐོང་བར། བདག་དང་དབང་ཕྱུག་སོགས་བྱེད་པ་པོ་གཞན་འདི་ལ་མེད་པ་ཡིན་བཞིན་དུ། དེ་མཐོང་བ་འདི་འདྲའི་མུན་ནག་གི་རྣམ་པ་དེ་གང་ཞིག་ཡིན་ཏེ་འཇིག་རྟེན་ན་གྲགས་པའི་མུན་པས་ནི་ཡོད་པ་བསྒྲིབས་ཤིང་མི་མཐོང་བར་བྱེད་ཀྱི་མེད་པ་མཐོང་བར་བྱེད་པ་མ་ཡིན་ལ། སེམས་ཅན་རྣམས་ཀྱི་སེམས་རྒྱུད་ལ་གནས་པ་མ་རིག་པའི་མུན་པ་དེས་ནི་དངོས་པོ་རང་གི་ཆོས་ཉིད་དུ་ཡོད་པ་མངོན་དུ་གྱུར་པའི་རྟེན་འབྲེལ་གྱི་སྐྱེ་བ་མི་མཐོང་ལ། མེད་པ་གཞན་ལས་སྐྱེ་བ་མཐོང་བས་སྔོན་མེད་ཡ་མཚན་པའི་མུན་པ་ཞིག་གོ་ཞེས་སོ། ། དེ་ལ་བདག་ཅེས་པ་གང་ཟག་གི་རྣམ་གྲངས་ཀྱི་མིང་དུ་ཡང་བཤད་དེ། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་ཞེས་པ་ལ་སོགས་པ་བཞིན་ནོ། །ཆོས་ཀྱི་རང་བཞིན་ལ་ཡང་སྒྲ་དེ་སྦྱོར་ཏེ། ཆོས་ཀྱི་བདག་ཅེས་པ་ཆོས་ཀྱི་ངོ་བོའམ་རང་བཞིན་ལ་སྒྲ་དེ་སྦྱར་བའོ། །མུ་སྟེགས་རྣམས་གང་ཟག་གི་བདག་ལ་ཞེན་པ་དེ་བཅིངས་ཐར་དུ་འདོད་པས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། ཉན་ཐོས་རྣམས་ཆོས་ཀྱི་བདག་ལ་ཞེན་ནས་ཆོས་ཀྱི་ངོ་བོས་བཅིངས་ཐར་དུ་འདོད་པའང་ཆོས་ཀྱི་རང་བཞིན་མ་ཤེས་པས་ཕྱིན་ཅི་ལོག་གོ །ཐེག་པ་ཆེན་པོའི་ཚུལ་ལས་ཆོས་ཐམས་ཅད་གཉིས་སུ་མེད་པས་མཉམ་པ་ཡིན་ཡང་འཁོར་འདས་དང་འཆིང་གྲོལ་འཐད་ཚུལ་བསྟན་པ། འདི་ལྟར་འཁོར་འདས་ཀྱི་ཆོས་སུ་སྣང་བ་འདི་ལ། དོན་དམ་པའི་ཚུལ་གྱིས་སམ་གནས་ལུགས་ཀྱི་དབང་དུ་བྱས་ན། མ་རིག་པ་འགགས་པས་རྒ་ཤི་འགག་པའི་བར་གྱི་ཞི་བ་མྱ་ངན་འདས་པ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་རྒ་ཤི་འབྱུང་བའི་བར་གྱི་འཁོར་བར་སྐྱེ་བ་དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྐྱེ་འགག་མེད་པར་མཉམ་པས་ན་འཁོར་བ་ཉིད་ཀྱི་རང་བཞིན་མྱ་ངན་ལས་འདས་པའོ། ། དེ་ལྟར་ན་སོ་སོའི་སྐྱེ་བོ་རྣམས་འཁོར་བར་གནས་པ་དང་། འཕགས་པ་རྣམས་མྱ་ངན་འདས་པ་ཐོབ་པའི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། དེ་ནི་འཁོར་འདས་གཉིས་ལ་བདག་དང་ཆོས་ཀྱི་དངོས་པོ་དོན་དམ་པར་ཡོད་པས་ཐ་དད་དུ་གྱུར་པ་མ་ཡིན་གྱི། བདག་དང་ཆོས་ཀྱི་ངོ་བོ་མེད་པ་ཇི་བཞིན་དུ་རྟོགས་པ་དང་མ་རྟོགས་པ་ལས་དེ་ལྟར་གྱུར་པ་ཡིན་ཏེ། དོན་དམ་པར་འཁོར་འདས་མཉམ་པ་ཡིན་མོད་ཀྱི་འོན་ཀྱང་དངོས་པོའི་གནས་ཚུལ་བཞིན་མི་རྟག་པ་དང་སྡུག་བསྔལ་བ་དང་གང་ཟག་གི་བདག་མེད་པར་རྟོགས་པའི་དགེ་བ་གོམས་པ་མཐར་ཕྱིན་པས་འཁོར་བའི་སྐྱེ་བ་ཟད་པ་ཉན་རང་གི་ཞི་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་ལས་རྣམས་བྱེད་པ་དག་ལམ་མཐར་ཕྱིན་པ་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྐྱེ་བའང་ཟད་པས་འཁོར་བའི་བག་ཆགས་ཙམ་ཡང་ཞི་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བཤད་དོ། །གསུམ་པ་དོན་དམ་པ་དེ་ཁོ་ན་ཉིད་དེ་ཇི་ལྟར་རྟོགས་ཚུལ་གྱི་གོ་རིམས་བསྟན་པ། བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི་སོགས་ཚིགས་བཅད་ལྔ་སྟེ། ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ལ་བདག་མེད་པ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་ལས་འབྲས་བུ་ཐོབ་ཚུལ། བྱང་ཆུབ་སེམས་དཔས་བསྐལ་པ་གྲངས་མེད་པ་གཅིག་ཏུ་དེ་བཞིན་གཤེགས་པ་མཆོད་ཅིང་ཆོས་ཉན་བསམ་བསྒོམ་པ་དང་། ཕར་ཕྱིན་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་མཐའ་ཡས་པ་གང་ཞིག་གི་ཕ་རོལ་ཏེ་གྲངས་མེད་གཅིག་རྫོགས་པའི་བར་དུ་བསགས་པའམ་ཡང་ན་དེའི་ཕ་རོལ་འཕགས་པའི་སར་ཕྱིན་པར་བྱེད་པ་ཡི་ཚོགས་རྣམས་ལེགས་པར་བསགས་པ་དང་། མདོ་སོགས་གསུང་རབ་ཀྱི་ཆོས་རྣམས་ཀྱི་བསྟན་དོན་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་དོན་ལ། ཚུལ་བཞིན་སེམས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། ཐེ་ཚོམ་མེད་པར་གཏན་ལ་ཕབ་པའི་ལྷག་མཐོང་གིས་ཤིན་ཏུ་རྣམ་པར་ངེས་པ་ཞེས་འདི་ཡན་ཆད་རྐང་པ་གསུམ་གྱིས་ཚོགས་ཀྱི་ལམ་བཤད་པའོ། ། དེ་ལྟར་ཚོགས་བསགས་པ་དང་ཆོས་ལ་སེམས་པ་ངེས་པའི་ཕྱིར། གཟུགས་སྒྲ་སོགས་དང་ཀ་བུམ་སོགས་ཕྱི་རོལ་དོན་གྱི་རྣམ་པ་ཐམས་ཅད་མིང་གིས་མངོན་པར་བརྗོད་པའི་རྒྱུ་ཅན་ཏེ། མིང་ལ་བརྟེན་ནས་ཡིད་ཀྱི་རྟོག་པས་དེ་དང་དེར་གཟུང་བ་ཙམ་མ་གཏོགས་དོན་གྱི་ངོ་བོ་བརྗོད་དུ་མེད་པ་མིང་དང་བྲལ་བར་རྟོགས་པ་ནི་དྲོད་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཡིས་མིང་གིས་བརྗོད་པའམ་དེ་དང་དེར་རྟོག་པ་ཙམ་དུ་དོན་རྣམས་ལྷག་པར་རིག་ནས་སེམས་ལས་དོན་རྣམས་སྣང་བ་མཐོང་བ་ནི་རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །གཟུང་བའི་ཆ་དེར་སྣང་བའི་ཆོས་རྣམས་ནི་སེམས་ཉིད་དེར་སྣང་བ་རྨི་ལམ་གྱི་ཡུལ་ལྟར་སེམས་ལས་གཞན་པའི་ཕྱི་དོན་མེད་པར་ཤེས་ནས་སེམས་ཙམ་གྱི་རང་བཞིན་ལ་ནི་བློ་ཡང་དག་པར་གནས་པ་ནི་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ཁོ་ན་ཉིད་གཟུང་འཛིན་དང་བྲལ་བའི་ཕྱོགས་གཅིག་གཟུང་བ་རང་བཞིན་མེད་པར་རྟོགས་པས་སོ། ། དེ་ནས་ཆོས་ཀྱི་དབྱིངས་གཟུང་འཛིན་གཉིས་ཀྱི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་པ་མཐོང་བའི་ལམ་ཐོབ་པར་འགྱུར་ཏེ། ཇི་ལྟར་ན་བཟོད་པའི་སྐབས་སུ་སེམས་ལས་གཞན་པའི་གཟུང་བའམ་ཕྱི་དོན་མེད་པར་ནི་བློས་རིག་ནས་དེ་ནས་གཟུང་བ་མེད་ན་དེ་ལ་འཛིན་པའི་སེམས་ཀྱང་མེད་དེ་གཟུང་བ་དང་འཛིན་པ་ནི་ཕན་ཚུན་ལྟོས་པས་ན་གཟུང་བ་མེད་ན་འཛིན་པའང་མེད་པ་ཉིད་དུ་རྟོགས་པ་ནི་ཆོས་མཆོག་དེ་མ་ཐག་པའི་ཏེང་ངེ་འཛིན་ནོ། །དེའི་རྗེས་ཐོག་དེ་ཉིད་དུ་བློ་དང་ལྡན་པས་གཟུང་འཛིན་གཉིས་པོ་རང་བཞིན་མེད་པར་རིག་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་གཟུང་བ་དང་འཛིན་པའི་གཉིས་ཆོས་ཀྱི་མཚན་མ་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་མངོན་སུམ་དུ་སོ་སོ་རང་རིག་པས་གནས་ཏེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྤངས་སོ། །དེ་ནས་བསྒོམ་པའི་ལམ་ལ་ནི། བློ་དང་ལྡན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ས་གཉིས་པ་ནས་བཅུ་པའི་བར་དུ་རྟག་ཏུ་ཕྱི་དང་ནང་གིས་ཆོས་ཐམས་ཅད་ཀུན་ལའམ་ཀུན་ནས་ཀུན་དུ་མཉམ་པར་སོང་བ་སྟེ་གཟུང་བ་དང་འཛིན་པའི་དངོས་པོར་མི་རྟོག་པར་གཉིས་སུ་མེད་པར་མཉམ་པར་སོང་བ་ཡིས། བྱང་སེམས་དེ་ཡི་རྒྱུད་དམ་ཀུན་གཞི་རྣམ་ཤེས་གཞན་དབང་གི་མཚན་ཉིད་ཅན་དེ་ལ་བརྟེན་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཟུང་འཛིན་གྱི་བག་ཆགས་ཀྱི་ཉེས་པའི་ཚོགས་གང་ཞིག་ཐོག་མ་མེད་པའི་དུས་ནས་བསགས་ཤིང་ཤེས་པ་དང་སྤང་བར་བྱ་དཀའ་བ་ནགས་ཚང་ཚིང་གི་ཁྲོད་སྟུག་པོ་ལྟ་བུ་དག དཔེར་ན་དུག་གི་སྨན་ཆེན་པོ་ཐིགས་པ་འགའ་ཙམ་དུག་གི་བུམ་པར་བླུགས་ན་དུག་ཐམས་ཅད་སྨན་དུ་འགྱུར་བ་དང་། དྲི་བསྣམས་པ་དང་ཁར་མྱང་བ་ཙམ་གྱིས་དུག་ཐམས་ཅད་སེལ་བར་བྱེད་པ་ཡིན་པས། ཇི་ལྟར་དུག་སྨན་ཆེན་པོས་དུག་སེལ་བ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་ལམ་གྱིས་སྤང་བྱའི་སྒྲིབ་པ་ཕྲ་མོ་དུག་དང་འདྲ་བ་རྣམས་རྩད་ནས་སེལ་བར་བྱེད་ཅིང་། སངས་རྒྱས་ཀྱི་སའི་མི་རྟོག་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པ་ཡིན་ནོ། །སྒོ་གསུམ་གྱི་ཉེས་སྤྱོད་མཐའ་དག་གཏན་དུ་བསྡམ་ཐུབ་པ་སངས་རྒྱས་རྣམས་ཀྱིས་གསུངས་པའི་དམ་པའི་ཆོས་མདོ་སྡེ་སོགས་ཡན་ལག་བཅུ་གཉིས་དང་ལྡན་པ་ནི་ཐོག་མཐའ་བར་གསུམ་དུ་དགེ་པའི་ཕྱིར་ལེགས་པར་རྣམ་པར་བཞག་པ་ཐམས་ཅད་ཀྱི་བསྟན་བྱའི་དོན་གྱི་རྩ་བ་མཐར་ཐུག་པ་ཆོས་ཀྱི་དབྱིངས་ལ་བློ་གྲོས་སམ་ཤེས་རབ་བཞག་པ་ནི། མདོ་སྡེ་ཐམས་ཅད་ཀྱི་དོན་དེ་གཅིག་ལ་བསྡུས་ནས་དམིགས་པར་བྱེད་པས་རྩ་བའི་སེམས་ཞེས་ཀྱང་བྱའོ། ། དེས་དེ་ལྟར་མཉམ་བཞག་ཏུ་ཆོས་ཀྱི་དབྱིངས་ལ་སེམས་པའི་དྲན་པའི་རྒྱུད་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་ཞིང་རྗེས་ཐོབ་ཏུ་རང་གི་སེམས་ཀྱི་རྟོག་པ་ཙམ་ལས་གཞན་པའི་ཆོས་མེད་པར་སེམས་ཙམ་དུ་རིག་ཅིང་སེམས་དེ་ཡང་རང་བཞིན་མེད་པར་རིག་པའི་བརྟན་པ་བྱང་ཆུབ་སེམས་དཔའ་དེ་དག་རིང་པོར་མི་ཐོགས་པར་མྱུར་དུ་སྟོབས་དང་མི་འཇིགས་པ་སོགས་འབྲས་ཆོས་ཀྱི་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་འགྲོ་ཞིང་སངས་རྒྱས་པར་འགྱུར་རོ་ཞེས་པས་མི་སློབ་པ་བསྟན་པའོ། །འདིར་དཔེ་ཕལ་ཆེར་དུ་དྲན་རྒྱུ་ཞེས་པ་དཔེ་མ་དག་པ་སྟེ། བློ་བརྟན་འགྲེལ་ཆེན་དང་། ཐེག་བསྡུས་སྐབས་འདི་ལུང་དྲངས་པར་ཡང་དྲན་རྒྱུད་ཅེས་ཡོད་པའི་ཕྱིར་རོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་བདུན་པ་རྣམ་པར་བཤད་པའོ།། །། རྟོགས་བྱ་དེ་ཁོ་ན་ཉིད་བཤད་པའི་རྗེས་སུ། གཞན་སྨིན་པར་བྱེད་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་མཐུའི་ལེའུ་བཤད་པ་ལ། མཐུའི་ངོ་བོ་དང་། རྒྱུ་དང་། འབྲས་བུ་དང་། བྱེད་ལས་དང་། ལྡན་པ་དང་། འཇུག་པའམ་དབྱེ་བ་དྲུག་དང་མཐུའི་ཡོན་ཏན་གྱི་ཆེ་བ་བསྟན་པ་བཅས་བདུན་ལས། དང་པོ། སྐྱེ་དང་ཞེས་པས་འཆི་བ་ཤུགས་ཀྱིས་བསྡུས་ཏེ་སེམས་ཅན་རྣམས་འདི་ནས་ཤི་འཕོས་ཏེ་གང་དུ་སྐྱེ་བ་མྱ་ངན་ལས་མ་འདས་པའི་བར་དུ་ཇི་ཙམ་འབྱུང་བ་ཤེས་པ་ནི་ལྷ་ཡི་མིག་གིས་འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་སོ། །ངག་ཅེས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཐམས་ཅད་ཤེས་པ་ལྷའི་རྣ་བའི་མངོན་ཤེས་སོ། །སེམས་ཞེས་པས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོགས་ཤེས་པ་ཕ་རོལ་སེམས་ཤེས་ཀྱི་མངོན་ཤེས་སོ། །དགེ་དང་མི་དགེ་བསྐྱེད་ཅེས་པ་སྔོན་གནས་ཤེས་པའམ་ངན་ཤེས་ཏེ། སེམས་ཅན་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་དགེ་བ་དང་མི་དགེ་བ་བྱས་པའམ་བསྐྱེད་པའི་བག་ཆགས་གང་དང་ལྡན་པས་མཚོན་ནས་སྔོན་གྱི་ཚེ་རབས་རྣམས་སུ་གང་དུ་སྐྱེས་པ་དང་ལས་ཅི་བསགས་པ་བདེ་སྡུག་ཅི་མྱོང་བ་ཚེ་ཇི་ཙམ་ཐུབ་པ་སོགས་ཤེས་པའོ། །དེའི་གནས་ཞེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་རྣམས་དང་སེམས་ཅན་རྣམས་གང་དུ་གནས་པའི་འཇིག་རྟེན་གྱི་ཁམས་ནི་དེ་ཡི་གནས་ཡིན་ལ། སངས་རྒྱས་ལ་མཆོད་པ་དང་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དེ་དང་དེའི་གནས་སུ་ཐོགས་པ་མེད་པར་འགྲོ་བ་སོགས་ནི་རྫུ་འཕྲུལ་གྱི་མངོན་ཤེས་སོ། །འབྱུང་བ་ཞེས་པ། ཐབས་གང་གིས་འཁོར་བ་ལས་ངེས་པར་འབྱུང་བ་ཟག་ཟད་ཀྱི་མངོན་ཤེས་སོ། །དེ་ལྟར་མངོན་པར་ཤེས་པ་དྲུག་པོ་དེ་དག་ལག་མཐིལ་དུ་སྐྱུ་རུ་རློན་པ་བཞག་པ་བཞིན་དུ་མངོན་སུམ་དུ་གྱུར་པ་གང་ཡིན་པ་ཞེས་པ་མངོན་ཤེས་དྲུག་པོ་ལ་དབང་འབྱོར་པའི་མཐུ་མངོན་སུམ་དུ་གྱུར་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ནི་འཇིག་རྟེན་པའི་དྲང་སྲོང་དང་ཉན་རང་གི་མངོན་ཤེས་རྣམས་ལས་ཁྱད་པར་འཕགས་ཏེ་གང་གི་ཕྱིར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་དང་། དུས་ཐམས་ཅད་དུ་ཡང་འགྲོ་བས་དང་། མངོན་ཤེས་དྲུག་པོ་དེ་དག་རེ་རེ་ལ་ཡང་དུ་མ་སྤེལ་བའི་རབ་ཏུ་དབྱེ་བ་ཚད་མེད་པ་དང་བཅས་པ་ལ། ཐོགས་པ་མེད་པར་མངོན་དུ་འཇུག་པ་ནི་མངོན་ཤེས་ཀྱི་ཚུལ་ལ་རང་དབང་ངམ་བརྟན་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་མཐུ་ཡི་ཁྱད་པར་ཡིན་ནོ་ཞེས་མངོན་ཤེས་ཀྱི་རང་བཞིན་ནམ་ངོ་བོ་བསྟན་ནས། གཉིས་པ་མངོན་ཤེས་དེ་ཡི་རྒྱུ་བཤད་པ་ལ་རྣམ་གྲངས་གསུམ་སྟེ། ས་གང་ལ་བརྟེན་པ་ནི་བསམ་གཏན་བཞི་བ་ཡི་ཏིང་འཛིན་སྲེད་ལྟ་ང་རྒྱལ་ཐེ་ཚོམ་གྱི་ཤས་ཆེ་བའི་ཉེས་པ་མེད་པ་དང་། ཐོད་རྒལ་དང་ལུགས་འབྱུང་ལྡོག་གི་སྙོམས་འཇུག་ལ་དབང་ཐོབ་པས་ཅི་འདོད་བཞིན་ལས་སུ་རུང་བས་ཤིན་ཏུ་དག་པ་ཐོབ་ནས་སོ། །གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའམ་བཟུང་བ་དང་། དེ་ལྟར་སྒྲུབ་ཚུལ་མངོན་ཤེས་སོ་སོའི་རྣམ་གནས་སམ་མངོན་ཤེས་དེ་དང་དེ་ཐོབ་པར་བྱེད་པའི་མཚན་མ་རྣམ་པར་བཞག་པར་ཚུལ་བཞིན་ཡིད་ལ་བྱེད་པ་ལས་སོ། །རྣམ་གནས་ནི་མདོ་ལས་མིག་གི་མངོན་ཤེས་ཐོབ་པར་འདོད་པས་ཕྱོགས་ཐམས་ཅད་སྣང་བས་ཁྱབ་ཅིང་གཟུགས་ཐམས་ཅད་མ་སྒྲིབ་པར་མཐོང་བ་དང་། རྫུ་འཕྲུལ་གྱི་མངོན་ཤེས་འདོད་པས་ལུས་ཡང་བ་དང་འདོད་དགུར་བསྒྱུར་པ། རྣ་བའི་མངོན་ཤེས་འདོད་པས་སྒྲའི་བྱེ་བྲག་དུ་མ་ལ་སེམས་གཏད་དེ་སྒྲ་ཐམས་ཅད་མངོན་དུ་གྱུར་པ། སེམས་ཤེས་ཀྱི་གཞན་གྱི་སེམས་ཀྱི་གནས་དུ་མ་ལ་དམིགས་ཏེ་སེམས་ཀྱི་སྤྱོད་པ་ཐམས་ཅད་མངོན་དུ་གྱུར་པ། དེ་བཞིན་སྔོན་གྱི་གནས་སྐབས་དང་། ཕྱི་མའི་གནས་སྐབས་དང་། བདེན་པ་དང་རྣམ་པར་ཐར་པ་ལ་དམིགས་ཤིང་དེ་ལྟར་སོ་སོའི་རྣམ་གནས་ལ་མོས་ཤིང་ཡིད་ལ་བྱེད་པའོ། །དེ་ལས་མངོན་པར་ཤེས་པ་དྲུག་གི་མཐུ་གྲུབ་པ་ཡི་དམ་པ་བྱང་ཆུབ་སེམས་དཔའི་མངོན་ཤེས་ཁྱད་པར་ཅན་འགྲུབ་སྟེ་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ་སོགས་ཀྱིས་སོ། །གསུམ་པ་མངོན་ཤེས་གྲུབ་པའི་འབྲས་བུ་གང་གིས་འཕགས་པའི་གནས་པ་རྣམ་ཐར་སྒོ་གསུམ་དང་གཞན་ཡང་བདེན་པ་བཞི་དང་ས་དང་ཕར་ཕྱིན་གྱི་གནས་པས་གནས་ལ་དེ་ལས་ཁྱད་པར་དུ་སྟོང་པ་ཉིད་དང་འགོག་སྙོམས་ལ་གནས་པ་དང་། ལྷ་ཡི་གནས་པ་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞིས་གནས་ལ་ཁྱད་པར་དུ་བསམ་གཏན་བཞི་པས་སོ།། ཚངས་པ་ཡི་གནས་པ་ཚད་མེད་པ་བཞི་ཡི་ཏིང་འཛིན་ལས་ཁྱད་པར་དུ་སྙིང་རྗེའི་གནས་པས་གནས་སོ། །བྱང་ཆུབ་སེམས་དཔའི་གནས་པ་ནི་དཔེ་མེད་ཅིང་རྒྱ་ཆེས་རྟག་ཏུ་གནས་པས་གནས་པ་ཁྱད་འཕགས་དང་ཕྱོགས་བཅུ་རྣམས་སུ་མངོན་ཤེས་ཀྱི་མཐུས་བྱང་སེམས་དེ་སོང་ནས་སངས་རྒྱས་རྣམས་ལ་ཡང་དག་པར་མཆོད་པ་བྱེད་པ་དང་། སེམས་ཅན་རྣམས་རྫུ་འཕྲུལ་སོགས་ཀྱིས་འདུན་པར་བྱས་ཏེ་དེ་དག་གི་རྒྱུད་ལ་དགེ་བའི་རྩ་བ་རྣམ་པར་དག་པ་བསྐྱེད་པ་གསུམ་གྱིས་ཉན་རང་སོགས་ཀྱི་མངོན་པར་ཤེས་པའི་འབྲས་བུ་ལས་ཁྱད་པར་འཕགས་སོ། །བཞི་པ་མངོན་ཤེས་ཀྱི་བྱེད་ལས། མིག་གི་མངོན་ཤེས་ཀྱི་མཐོང་བའི་ལས་ནི། སྣོད་ཀྱི་འཇིག་རྟེན་སྐྱེས་ཏེ་ཆགས་པ་དང་། མཐར་འཇིག་པ་དང་བཅས་པའི་གནས་དེར་སེམས་ཅན་ཅི་ཙམ་ཡོད་པ་དང་བཅས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་རང་བཞིན་མེད་པ་སྒྱུ་མ་སྨིག་རྒྱུ་རྨི་ལམ་ལ་སོགས་པ་ལྟ་བུར་མཐོང་ངོ་། །རྫུ་འཕྲུལ་སྟོན་པའི་ལས་ནི། མངོན་པར་ཤེས་པ་དྲུག་ལ་ཅི་འདོད་པར་དབང་ཐོབ་པ་དང་ལྡན་པའམ་དབང་བཅུ་དང་ལྡན་པའི་བྱང་སེམས་དེ་ནི་སེམས་ཅན་རྣམས་གང་གིས་འདུལ་བའི་ཐབས་གང་གིས་ཇི་ལྟར་འདོད་པ་བཞིན་དུའམ། གཞན་སེམས་ཅན་རྣམས་ཀྱིས་ཇི་ལྟར་འདོད་པའམ་མོས་པ་བཞིན་དུ་དེ་དང་དེ་དག་སྟོན་པ་དང་། འབར་བ་དང་འཕུར་བ་ས་གཡོ་བ། སྟོང་གསུམ་ཡུངས་འབྲུར་འཛུད་པ་སོགས་སྤྱོད་ལམ་སྣ་ཚོགས་པ་མངོན་དུ་སྣང་བའམ་རྣམ་པ་དང་བཅས་པ་གཅིག་ཏུ་ངེས་པ་མེད་པ་རྣམ་པ་སྣ་ཚོགས་དག་ཀྱང་ཡང་དག་པར་སྟོན་ཏོ། །ཡང་ཕྱོགས་རྣམས་སུ་འོད་ཟེར་བཏང་བས་འོད་དེས་རེག་པའི་མོད་ལ་ཤིན་ཏུ་སྡུག་བསྔལ་བའི། ངན་པར་སོང་བ་དམྱལ་བ་ཡི་དྭགས་དུད་འགྲོ་དག་གི་སྡུག་བསྔལ་ཞི་ཞིང་དད་པ་ཐོབ་པའི་མོད་ལ་གནས་དེ་ནས་འཕོས་ཏེ་མཐོ་རིས་ལྷ་དང་མིའི་གནས་སུ་འགྲོ་བར་བྱེད་དོ། ། འོད་ཟེར་དེས་བདུད་ཀྱི་གནས་གཞལ་མེད་ཁང་བརྩེགས་མ་མཐོ་ཞིང་རིན་པོ་ཆེའི་བཀོད་པ་དུ་མས་མཛེས་པ་དང་། དེར་གནས་པའི་བདུད་འཁོར་དང་བཅས་བསྐྱོད་ཅིང་སྐྲག་པར་བྱེད་ལ་བདུད་ཀྱི་ལས་བྱེད་པའི་སྤ་བཀོང་བར་མཛད་དོ། །རྣམ་པར་རོལ་པའི་ལས་ནི་བྱང་ཆུབ་སེམས་དཔའ་མཐུ་ཐོབ་པ་དེ་ནི་མཆོག་གི་ཚོགས་འདུས་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་གཙོ་བོ་རྣམས་འདུས་པའི་ནང་དུ། དཔའ་བར་འགྲོ་བ་དང་། སྒྱུ་མ་ལྟ་བུ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་ཞུགས་ཏེ། དཔག་ཏུ་མེད་པའི་རྣམ་པར་རོལ་པ་སྣ་ཚོགས་ཀུན་ནས་སྟོན་པ་ནི་མདོ་རྣམས་ལས་འཇམ་དཔལ་དང་སྤྱན་རས་གཟིགས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་རོལ་བསྟན་པ་ཇི་སྐད་བསྟན་པ་ལྟ་བུའོ། །སྤྲུལ་པའི་ལས་ནི། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་ཡིས། ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་དོན་དུ་དུས་ཉི་ཚེ་བ་མིན་པར་དུས་ཀུན་ཏུ་གནས་སོ། ། དེ་ལ་བཟོ་སྤྲུལ་སྐུ་དྲི་ཟ་རབ་དགའ་འདུལ་ཕྱིར་དྲི་ཟ་པི་ཝཾ་ལེན་པར་སྤྲུལ་པ་ལྟ་བུ་སོགས་སོ། །སྐྱེ་བ་སྤྲུལ་སྐུ་ནི་བརྒྱ་བྱིན་སོགས་ལྷ་དང་དེས་མཚོན་ནས་གནོད་སྦྱིན་དང་བྱོལ་སོང་ལ་སོགས་དེ་དང་དེའི་རིས་སུ་སྐྱེ་བ་བཞེས་པའི་ཚུལ་གྱིས་སེམས་ཅན་དེ་དག་གི་ལུས་འདྲ་བར་སྟོན་པའོ། །མཆོག་གི་སྤྲུལ་སྐུ་ནི་དགའ་ལྡན་ནས་འཕོ་བ་སོགས་ནས་མངོན་པར་སངས་རྒྱས་ཤིང་མྱ་ངན་ལས་འདས་པར་སྟོན་པའི་སངས་རྒྱས་མཆོག་གི་སྤྲུལ་སྐུ་སྟོན་པའོ། །བཟོ་སྤྲུལ་སྐུ་ལ་བློ་བརྟན་འགྲེལ་པར་ལས་སྤྲུལ་སྐུ་ཞེས་གསུངས་ཏེ་དེ་ནི་བཟོ་གནས་བྱེད་པ། རྫ་མཁན་དང་པི་ཝཾ་མཁན་སོགས་སུ་སྤྲུལ་ནས་བཟོའི་གནས་རྣམ་པ་སྣ་ཚོགས་སྤྲུལ་ཏེ་བྱས་པས་སེམས་ཅན་ལ་ཕན་འདོགས་པ་ལ་ཡང་བཤད། མངོན་པར་ཤེས་པའི་ལས་དྲུག་ཅེས་འགྲེལ་ཆེན་གསུངས་ཏེ། མཐོང་བའི་ལས། སྟོན་པའི་ལས། འོད་ཟེར་གྱི་ལས་ངན་སོང་འདྲེན་པ་དང་། བདུད་སྤ་བཀོང་བ་གཉིས། རྣམ་པར་རོལ་པའི་ལས། སྤྲུལ་པའི་ལས་དྲུག་ཏུ་བཤད། ཡང་མངོན་ཤེས་དྲུག་དང་ལྡན་པའི་བྱང་སེམས་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ནི། དབང་བཅུ་དང་ལྡན་པ་རྣམས་ཡེ་ཤེས་དག་ལ་དབང་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཤེལ་དང་གསེར་ལ་སོགས་ཀྱི་ཁ་དོག་སྣ་ཚོགས་ཇི་ལྟར་འདོད་པ་དང་། དེ་བཞིན་དབྱིབས་དང་བཀོད་པ་ཐ་གྲུ་སོགས་གདུལ་བྱ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་བསྟན་ནུས་པའི་ཕྱིར། ཞིང་ཡོངས་སུ་དག་པ་དེ་ལྟ་བུ་ཐོབ་པ་ནི་སྣོད་རྣམ་པར་དག་པའོ་ཞེས་བཤད། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་མཚན་དང་ཆོས་དང་དགེ་འདུན་གྱི་སྒྲ་མི་གྲགས་པར་སངས་རྒྱས་ཀྱི་མཚན་དང་། ཆོས་དང་དགེ་འདུན་གྱི་མཚན་ནམ་སྒྲ་ཡང་དག་པར་བསྒྲགས་པས་དེ་དག་དད་པ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་ཁམས་གཞན་དཀོན་མཆོག་གསུམ་ཡོད་པར་འབྱེད་དོ།། འདི་བཅུད་ཀྱི་སེམས་ཅན་རྣམ་པར་དག་པར་སྦྱང་བར་བཤད། དེ་དག་གིས་ལས་བཤད་ནས། ལྔ་པ་མངོན་ཤེས་དེ་ཡོན་ཏན་དང་ལྡན་པར་བསྟན་པ་ལ་གསུམ་ཡོད་དེ། སེམས་ཅན་སྨིན་པར་བྱེད་ནུས་པ་དང་ལྡན་པ་དང་རབ་ཏུ་བསྔགས་པ་དང་ལྡན་པ་དང་། ཚིག་གཟུང་བར་འོས་པ་དང་ལྡན་པ་ནི། ཇི་ལྟར་འདབ་གཤོག་ཀུན་ཏུ་རྫོགས་པར་རྒྱས་པའི་བྱ་རྣམས་ནམ་མཁའ་ལ་དགའ་མགུར་དཀའ་བ་མེད་པར་འགྲོ་ནུས་པ་བཞིན་དུ། མངོན་ཤེས་དྲུག་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཚེགས་མེད་པར་སེམས་ཅན་རྣམས་བསྡུ་བ་བཞིས་བསྡུས་ནས་དགེ་བ་ལ་བཀོད་པའི་སྒོ་ནས་སྨིན་པར་བྱེད་པར་ནུས་པ་མཆོག་ཏུ་ཐོབ་པ་ཉིད་ཡིན་ནོ། ། དེ་འདྲའི་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ལ་ཡང་ཚུལ་བཞིན་དྲི་བ་ཞུས་པས། རིགས་ཀྱི་བུ་ཁྱོད་ཀྱིས་དྲི་བ་ནི་ལེགས་སོ་ཞེས་དང་། གཞན་ཡང་བསྔགས་པ་སྣ་ཚོགས་མཛད་པར་འགྱུར་རོ། །མངོན་ཤེས་དང་ལྡན་པས་གཞན་གྱི་སེམས་ཤེས་པས་དེ་དང་མཐུན་པར་འཇུག་པ་དང་། རྫུ་འཕྲུལ་སོགས་བྱང་སེམས་དེའི་ཡོན་ཏན་ལ་མགུ་བའི་ཕྱིར་སྐྱེ་དགུ་རྣམས་ལ་དེས་ཇི་ལྟར་བསྒོ་བའི་ཚིག་གཟུང་བར་འོས་པ་ཉིད་དུ་འགྱུར་བས་སེམས་ཅན་སུས་ཀྱང་དེའི་ངག་མི་གཅོག་པའོ། །དྲུག་པ་མངོན་ཤེས་སམ་མཐུའི་རབ་ཏུ་དབྱེ་བ་དང་དེས་སེམས་ཅན་གྱི་དོན་ལ་ཇི་ལྟར་འཇུག་པ་བསྟན་པ་ནི། རྫུ་འཕྲུལ་གྱི་མིག་གམ་ལྷའི་མིག་གི་མངོན་ཤེས་ནས་ཟག་ཟད་ཀྱི་མངོན་ཤེས་པར་དྲུག་པོ་སྔར་བཤད་པ་མཐུའི་རྣམ་པ་སྡེ་ཚན་གཅིག་གོ །རིག་པ་གསུམ་ནི་དེའི་ནང་ནས་སྔོན་གནས་འཆི་འཕོ། ཟག་ཟད་གསུམ་གྱིས་སྔོན་དང་ཕྱི་མ་ད་ལྟའི་དུས་ཀྱི་དངོས་པོ་ལ་མཁས་ཕྱིར་འདི་ནི་སྡེ་ཚན་གཉིས་པའོ། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། དེ་བཞིན་གཟུགས་མེད་གཟུགས་ལ་ལྟ་བ། བཟང་པོའམ་སྡུག་པའི་རྣམ་ཐར་གསུམ་དང་། ནམ་མཁའ་མཐའ་ཡས་སོགས་ཀྱི་གཟུགས་མེད་པའི་རྣམ་ཐར་བཞི་དང་། འགོག་པའི་སྙོམས་འཇུག་གི་རྣམ་ཐར་བཅས་རྣམ་ཐར་བརྒྱད་ནི་སྡེ་ཚན་གསུམ་པའོ། །དེ་བཞིན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་བ་ཁ་དོག་བཟང་ངན་གྱ་ནོམས་རྣམས་ཟིལ་གྱིས་གནོན་པ། དེ་བཞིན་གཟུགས་ཆེན་པོ་ཟིལ་གནོན་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕ་རོལ་གྱི་གཟུགས་ཆུང་ངུ་ཆེན་པོ་ཟིལ་གནོན་གཉིས་ཏེ་བཞི། སྔོ་སེར་དཀར་དམར་ཟིལ་གནོན་བཞི་སྟེ་བརྒྱད་དོ། ། འདི་ནི་སྡེ་ཚན་བཞི་པའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། ས་ཆུ་མེ་རླུང་། སྔོ་སེར་དཀར་དམར་བརྒྱད་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་བཅས་བཅུ་སྟེ་སྡེ་ཚན་ལྔ་པའོ། །རྣམ་ཐར་དང་ཟད་པར་ཟིལ་གནོན་འདི་དག་ཏིང་ངེ་འཛིན་གྱིས་སྤྲུལ་པ་ལེགས་པར་འབྱོང་བའི་ལམ་ཡིན་ཏེ། རྣམ་ཐར་གྱིས་དང་པོར་རྩོམ། ཟིལ་གནོན་གྱིས་བསྒྲུབ། ཟད་པར་གྱིས་ཆེས་ཆེར་གྲུབ་པ་ཡིན་པས་འདི་ཐམས་ཅད་མཐུའི་དབྱེ་བ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་དང་སྒྱུ་མ་ལྟ་བུའི་ནམ་མཁའ་མཛོད་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱང་བྱང་སེམས་ཀྱི་མཐུ་ཡིན་ཏེ་འདི་ནི་སྡེ་ཚན་དྲུག་པའོ། ། དེ་ལྟར་དབྱེ་བའི་རྣམ་གྲངས་དྲུག་བཤད་པ་འདི་ཐམས་ཅད་བརྟན་པ་ཐོབ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་སྨིན་པར་བྱེད་པའི་མཐུ་ཡིན་ཏེ། ཐམས་ཅད་ཀྱང་ནུས་པའམ་མཐུ་དང་ལྡན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདུན་པ་མངོན་པར་ཤེས་པ་དྲུག་སོགས་ཀྱི་མཐུ་ཐོབ་པའི་ཆེ་བ་བསྔགས་པའི་སྒོ་ནས་མཇུག་བསྡུ་བ་ནི། དབང་གི་ཆེ་བ། དགའ་བའི་ཆེ་བ། སྲིད་པར་མི་འཇིགས་པའི་ཆེ་བ་གསུམ་བསྟན་པ། མཐུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་དབང་རྣམ་པ་བཅུའམ་ཡེ་ཤེས་རྣམ་པར་དག་པ་ལ་དབང་ཐོབ་པས་ན། དབང་མཆོག་ཐོབ་པའི་བློ་དང་ལྡན་ཞེས་བྱ་སྟེ་བློ་ནི་ཤེས་རབ་བོ། །རྒྱུ་དེའི་ཕྱིར་འགྲོ་བ་རྣམས་ལས་དང་ཉོན་མོངས་པའི་དབང་དུ་སོང་ནས་ཚེ་འདིར་ཡང་དེས་གང་དྲངས་སུ་འཇུག་པ་ལས་རང་དབང་ཅུང་ཟད་མེད་པ་དང་། ཚེ་རབས་གཞན་དུ་ཡང་ལ༵ས་ཉོན༵་གྱིས་གང་དུ་འཕངས་སར་མི་འདོད་ན་ཡང་འགྲོ་དགོས་པས་རང་དབང་ནམ་ཡང་མེད་པ་རྣམས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་སོགས་ཀྱིས་བཏུལ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་རང་དབང་དུ་བྱས་ནས་དགེ་བ་ལ་བཀོད་པས་རིམ་པས་སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་བཞིན་དུ་རང་དབང་ཐོབ་པར་བྱེད་པ་ནི་དབང་གི་ཆེ་བའོ། ། བྱང་སེམས་རྣམས་བདག་གི་དོན་ལ་མི་སེམས་པར་དུས་རྟག་ཏུ་གཞན་ལ་ཕན་པར་བྱ་བ་ལ་གཅིག་ཏུ་དགའ་སྟེ། ཞེས་པ་དགའ་བའི་ཆེ་བའོ། །དཔེར་ན་སེང་གེ་ནགས་དང་ནགས་ཀྱི་འདབས་ན་ཕུག་དང་རི་ལ་སོགས་པར་གནས་ཤིང་རྒྱུ་བའི་ཚེ། རི་དྭགས་གང་གིས་ཀྱང་མི་འཇིགས་པར་གནས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རང་དབང་ཡོད་པའི་བརྟན་པ་ཐོབ་པ་རྣམས་སེམས་ཅན་གྱི་དོན་དུ་ཁམས་གསུམ་སྲིད་པར་གནས་པའི་ཚེ་ན་ཡང་བདུད་དང་མུ་སྟེགས་པ་ལ་སོགས་པ་གང་གིས་ཀྱང་མི་འཇིགས་ཤིང་། ཉོན་མོངས་པས་གོས་སུ་དོགས་པ་དང་སྡུག་བསྔལ་བའི་འཇིགས་པའང་ཅུང་ཟད་མེད་པས་རབ་ཏུ་བརྟན་པའི་གདིང་འཇིགས་པ་མེད་པས་སྲིད་པ་འདི་ན་སྤྱོད་དོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་མཐུའི་ལེའུ་སྟེ་བརྒྱད་པ་རྣམ་པར་བཤད་པའོ།། །། བྱང་ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་མཐུ་ཐོབ་པ་སོགས་ནི་རྒྱུད་ཡོངས་སུ་སྨིན་པ་ལས་འགྲུབ་པས་ན་དེ་བཤད་པ་ལ། རང་སྨིན་པ་དང་། གཞན་སྨིན་པར་བྱེད་པ་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ཐེག་ཆེན་གྱི་ཆོས་ལ་དགའ་བ་དང་། དེ་སྟོན་པ་དགེ་བའི་བཤེས་གཉེན་ལ་དད་པ་དང་། ཉོན་མོངས་པ་ཤས་ཆུང་བས་སྤོང་བའི་མཐུ་དང་ལྡན་པར་བཞི། སེམས་ཅན་ལ་སྙིང་བརྩེ་བ་དང་། རང་གཞན་གྱི་དོན་དུ་དཀའ་སྤྱད་བཟོད་པ་དང་། མོས་སྤྱོད་དུ་ཐེག་ཆེན་གྱི་ཆོས་ཐོས་བསམ་གྱིས་ཕྱིན་ཅི་མ་ལོག་པར་འཛིན་ནུས་པ་བློ་རྣོ་བའམ་ཡིད་གཞུངས་པ། ཚོགས་ཤས་ཆེར་བསགས་པས་ཉོན་མོངས་པས་མི་ཚུགས་ཤིང་སྟོང་ཉིད་རྟོགས་ནུས་པའི་མཐུ་ཅན་དུ་གྱུར་པ་ཉིད་དང་ནི། ལམ་ལས་བདུད་དང་མུ་སྟེགས་སོགས་ཀྱིས་མི་འཕྲོག་པ་དང་། ཉོན་མོངས་སྤོང་པའི་ཡན་ལག དད་པ་དང་གཡོ་མེད་པ་དང་སྒྱུ་མེད་པ་དང་། ནད་མེད་པ་དང་། གནས་སམ་རྟེན་མཐུ་དང་ལྡན་པ་སྟེ་ལྔ་པོ་ཚང་བ་དང་། དེ་ལྟར་དགའ་བ་སོགས་རབ་ཏུ་སྨིན་པ་དགུ་པོ་དེ་ནི་རྒྱལ་པའི་སྲས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །གཉིས་པ་རྒྱས་བཤད་སྔ་མའི་རིམ་པ་དང་མཚུངས་པར། དང་པོ་དགའ་བ་ཡོངས་སུ་སྨིན་པའི་རྒྱུ་ནི་གྲོགས་མཆོག་ནི་དགེ་བའི་བཤེས་གཉེན་ཏེ་དེ་བསྟན་པའོ། །ལ་སོགས་ཞེས་པས་ཆོས་ཉན་པ་དང་། དོན་ཚུལ་བཞིན་བྱེད་པ་དང་བཅས་པ་གསུམ་མོ། །དང་སྒྲ་སྡུད་པའི་དོན་ཏེ་འདི་འདྲའི་ཚིག་ཕྲད་དགའ་ཞིག་འབྲུ་འཐུས་སུ་མ་བཤད་ཀྱང་ཤེས་པར་བྱའོ། ། ཐེག་ཆེན་གྱི་ཆོས་ཐོས་བསམ་བསྒོམ་པ་ལ་རྒྱུན་དུ་བརྩོན་པ་རབ་ཏུ་གྱུར་པ་དང་། སེམས་ཅན་ཀྱི་ལས་དང་། སྔགས་དང་སྨན་གྱི་མཐུ། དེ་བཞིན་གཤེགས་པའི་ཡེ་ཤེས། རྣལ་འབྱོར་བའི་སྤྱོད་ཡུལ་དང་བཞི་ལ་བསམ་གྱིས་མི་ཁྱབ་པའི་གནས་བཞི་ཞེས་གསུངས་པ་ལྟ་བུས་མཚོན་ནས་ཐེག་པ་ཆེན་པོའི་དོན་ཟབ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ལ་སོམ་ཉི་མེད་པ་ནི་མཐར་ཕྱིན་དམ་པ་ཞེས་བྱ་སྟེ་དེ་དང་ནི་བརྩོན་པ་བཅས་དེ་གཉིས་པོ་དགའ་བ་ཡོངས་སྨིན་གྱི་ངོ་བོ འམ་རང་བཞིན་བསྟན་པའོ། །བྱེད་ལས་ཆོས་རྣམས་ཀྱི་མཆོག་ཐེག་པ་ཆེན་པོ་ཡོངས་སུ་སྡུད་ཅིང་མི་ཉམས་པར་སྲུང་བ་སྟེ། རང་གིས་བཤད་སྒྲུབ་བྱེད་པ་དང་། གཞན་བཤད་སྒྲུབ་བྱེད་པ་རྣམས་བསྲུང་པའི་སྒོ་ནས་ཆོས་མི་ནུབ་པར་བྱེད་དོ། །དགའ་བ་ཡོངས་སྨིན་གྱི་དགོངས་པ་ནི་མདོར་བསྡུ་ན་ཐེག་ཆེན་གྱི་དམ་ཆོས་རྒྱ་ཆེར་གཟུང་པའི་ཕྱིར་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཅན་དེ་ཐེག་ཆེན་ལ་དགའ་བ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །གཉིས་པ་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་ཤེས་པ་རྒྱུ་དང་། སྟོན་པ་ལ་དད་པ་མི་ལྡོག་པ་རྙེད་པས་སྟོན་པ་ལས་སེམས་ཀྱང་མི་ཕྱེད་པ་སྟེ་འབྱེད་མི་ནུས་པ་ཡིན་ལ། དེ་མཚན་ཉིད་པ་ནི་ས་དང་པོ་ཐོབ་པའི་ཚེ་དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་མི་ཕྱེད་པ་ཐོབ་པར་འགྱུར་རོ། །དད་པ་མི་ཕྱེད་པ་ཐོབ་པ་དད་པའི་རང་བཞིན་ནོ། ། དད་པ་སྨིན་པའི་བྱེད་ལས་ཐེག་པ་ཆེན་པོའི་ཏེང་ངེ་འཛིན་དཔའ་བར་འགྲོ་བ་སོགས་མྱུར་དུ་ཐོབ་པ་དང་། ཏིང་འཛིན་གྱི་འབྲས་བུ་མངོན་པར་ཤེས་པ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དགོས་པ་སྟོན་པ་མཆོག་ལ་ཡང་དག་པའི་ཡིད་ཆེས་པར་བྱ་ཕྱིར་རྒྱལ་བའི་སྲས་ཀྱི། དད་པར་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །གསུམ་པ་རབ་ཞི་ཡོངས་སྨིན་གྱི་རྒྱུ་ནི་དྲན་ཤེས་ཀྱིས་ཟིན་པའི་སྒོ་ནས་དབང་པོ་ཡུལ་ལ་འཇུག་པ་ཤིན་ཏུ་སྡོམ་ཞིང་ཉེས་སྤྱོད་རྣམས་དང་དུ་མི་ལེན་པ་ནི་རྒྱུ་ཡིན་ཞིང་། ཉོན་མོངས་པའི་རྣམ་པར་རྟོག་པ་སྤོང་བ་ནི། རབ་ཞི་ཡོངས་སྨིན་གྱི་ངོ་བོའོ། ། བྱེད་ལས་ནི་ཉོན་མོངས་པ་དང་། མི་དགེ་བའི་ཕྱོགས་ཀྱི་གཉེན་པོ་སྒོམ་པ་ལ་བར་ཆད་མེད་པ་དང་། དགེ་བ་ཕར་ཕྱིན་དྲུག་གི་ཕྱོགས་སྤྱོད་པ་ལ་དགའ་བར་འགྱུར་བའོ།། རྒྱལ་བའི་སྲས་ཀྱི་རབ་ཞི་ཡོངས་སྨིན་འདི་ནི་དགོས་པ་ཉོན་མོངས་པ་བསལ་བའི་ཕྱིར། ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །བཞི་པ་སྙིང་རྗེ་ཡོངས་སུ་སྨིན་པའི་རྒྱུ་ནི་རིགས་ཀྱི་དབང་གིས་རང་བཞིན་གྱིས་སེམས་ཅན་ལ་སྙིང་བརྩེ་བ་ཤས་ཆེ་བ་དང་། དམིགས་རྐྱེན་སེམས་ཅན་གཞན་གྱི་སྡུག་བསྔལ་མཐོང་བ་ཉན་རང་གི་མྱང་འདས་འདོད་པར་ཐེག་པ་དམན་པའི་སེམས་ཀྱང་ཡང་དག་པར་རབ་ཏུ་སྤོང་བ་དང་གསུམ་ལས་སོ། །སྙིང་རྗེ་དེ་ཡང་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ནི་སྙིང་རྗེ་ཡོངས་སྨིན་དེའི་རང་བཞིན་ནོ་ངོ་བོ་སྟེ། ཚོགས་ལམ་དང་སྦྱོར་ལམ་དང་དེ་བས་ས་ཐོབ་པའི་སྙིང་རྗེ་འཕགས་ཤིང་ས་དང་པོ་པའི་སྙིང་རྗེ་ལས་ས་གཉིས་པ་ཡི་སྙིང་རྗེ་ཁྱད་པར་འཕགས་པ་སོགས་ཀྱིས་སོ། །བྱེད་ལས་ནི་འགྲོ་བའི་མཆོག་ཏུ་གྱུར་བའི་ལུས་ཐོབ་པ་སྟེ། སེམས་ཅན་རྣམས་ལས་ཡོན་ཏན་ཁྱད་པར་འཕགས་པའི་ལུས་རྟེན་རྙེད་པ་ཡིན་ལ། ས་དང་པོ་ཐོབ་པ་ནས་མཚན་དཔེ་ཡང་ཐོབ་བོ། ། འདི་ནི་རྒྱལ་བའི་སྲས་རྣམས་ཀྱི་གཞན་ལ་སྙིང་རྗེ་ཡོངས་སུ་སྨིན་པའི་མཚན་ཉིད་དོ།། ལྔ་པ་བཟོད་པ་ཡོངས་སྨིན་གྱི་རྒྱུ་ནི། རིགས་ཀྱི་སྟོབས་ལས་སྡུག་བསྔལ་དང་དུ་ལེན་པ་སོགས་ལ་སེམས་མི་ཞུམ་པར་རང་བཞིན་གྱིས་བརྟན་པ་བཟོད་པའི་ངང་ཚུལ་དང་ལྡན་པ་དང་། ཆོས་ཐོས་ནས་དེ་ཡི་དོན་བཞིན་སོ་སོར་བརྟགས་པ་བྱས་ཏེ་གཞན་གྱིས་གནོད་པ་བྱུང་བ་རང་གི་ལས་ལས་བྱུང་བ་དང་གཞན་ལ་རང་དབང་མེད་པ་དང་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་དང་བདག་དང་བྱེད་པ་པོ་མེད་པ་དང་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལ་སོགས་པ་དང་འདྲ་བར་བསྒོམ་པ་ནི་རྒྱུའོ། །གྲང་བ་དང་ཚ་བ་གཞན་གྱིས་ལོག་སྒྲུབ་སོགས་ཤིན་ཏུ་སྡུག་བསྔལ་བ་རྣམས་ཀྱིས་ཀྱང་རྟག་ཏུ་མི་མཇེད་པ་སྟེ་མི་ཚུགས་པའམ་མི་ལྡོག་པ་ནི་བཟོད་པ་ཡོངས་སྨིན་གྱི་ངོ་བོའོ། ། བྱེད་ལས་ཡོན་ཏན་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་དང་ཕར་ཕྱིན་དྲུག་གི་དགེ་བ་རྣམས་ལ་ཡིད་ཕྱིར་མི་ཕྱོགས་པར་དང་དུ་ལེན་པར་དགའ་བའོ། །འདི་དག་བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །དྲུག་པ་ཡིད་གཞུངས་སམ་ཡིད་རྣོ་བ་ཡོངས་སྨིན་ལ་ཚེ་རབས་སྔ་མར་དམ་པའི་ཆོས་ཐོས་དང་བསམ་པ་སོགས་དགེ་བ་བྱས་པའི་རྣམ་སྨིན་གྱིས་ཤེས་རབ་དང་ལྡན་ཞིང་དབང་བོ་ཚང་བའི་ལུས་རྟེན་རྙེད་པ་རྣམ་སྨིན་དག་ཅིང་ཞེས་བྱ་བ་དེ་ནི་རྒྱུའོ། །དྲན་པ་དང་ལྡན་པས་ཐོས་བསམ་སོགས་ཀྱི་དོན་མི་བརྗེད་པ་དང་། དེ་བཞིན་ཤེས་རབ་དང་ལྡན་པའི་ཚུལ་བཞིན་ལེགས་པར་བཤད་པ་དང་། ཚུལ་མིན་པར་བསྟན་པ་ཉེས་པར་སྨྲས་པ་དག་རབ་ཏུ་འབྱེད་ནུས་པ་ཡི་ཤེས་པ་ཡོད་པ་ངོ་བོའོ། །དྲན་ཤེས་གཉིས་པོ་འདིས་ཡིད་ཕྱིན་ཅི་མ་ལོག་པར་གྱུར་པ་ལ་ཡིད་གཞུངས་ཞེས་བཏགས་པ་ཡིན་ནོ། །བྱེད་ལས་འཇིག་རྟེན་པའི་དྲན་ཤེས་ཀྱིས་ཡིད་གཞུངས་པ་དེའི་རྒྱུ་བྱས་ནས་བློ་ན་འཕར་ཏེ་འཕགས་པའི་སའི་བློ་གྲོས་ཆེན་པོ་སྐྱེ་བར་རུང་བ་ཉིད་ནི། ཤིན་ཏུ་ཡིད་གཞུངས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །བདུན་པ་མཐུ་སྟོབས་ཡོངས་སྨིན་གྱི་རྒྱུ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བ་གཉིས་ཤས་ཆེ་བར་སྤྱོད་པས། དགེ་བ་དེ་གཉིས་ཀྱི་ཁམས་སམ་ས་བོན་ཀུན་གཞི་ལ་ཡོད་པ་དེ་གཉིས་བརྟས་པ་ཡིས། ས་བོན་རླན་དང་ཕྲད་པ་སྐྱེ་རུང་དུ་གྱུར་བ་ལྟ་བུ་ཡིན་ལ། ཁམས་གཉིས་བརྟས་པའི་རྟེན་དེ་ལས་ནི་ཐེག་ཆེན་འཕགས་ལམ་གྱི་འབྲས་བུ་དངོས་སུ་སྐྱེ་བར་རུང་བའི་མཆོག་ཏུ་གྱུར་བ་རང་བཞིན་ནམ་ངོ་བོའོ། །བློ་བརྟན་འགྲེལ་ལས་འབྲས་བུ་སྐྱེ་བའི་རྟེན་དུ་རུང་བའི་མཆོག་ཅེས་འདུག་རྟེན་ནི་འཕགས་ལམ་ཐོབ་པའི་ལུས་རྟེན་ལ་བྱ་བའོ་གསུངས། གང་ལྟར་ཀྱང་འཕགས་ལམ་རྟེན་དེར་ཐོབ་རུང་དུ་གྱུར་པ་ནི་མཐུ་ཡོངས་སུ་སྨིན་པ་ཡིན་ནོ། །བྱེད་ལས་མཐུ་ཡོངས་སུ་སྨིན་པ་དང་ལྡན་ན་སེམས་ཅན་གྱི་དོན་སོགས་གང་འདོད་སྒྲུབ་པ་ལ་ནུས་པ་ཡོད་པའི་ཕྱིར་ཡིད་ལ་ཅི་བསམ་པ་འགྲུབ་པ་དང་། བསོད་ནམས་ཀྱིས་ལུས་དང་ལོངས་སྤྱོད་ཁྱད་པར་འཕགས་པ་ཐོབ་པ་དང་། ཡེ་ཤེས་ཀྱིས་ཤེས་རབ་ཁྱད་འཕགས་ཐོབ་པས་འགྲོ་བའི་མཆོག་ཏུ་གྱུར་པ་ཉིད་དུ་འགྱུར་རོ། ། དེ་ལྟར་རྒྱུ་དང་ངོ་བོ་བྱེད་ལས་གསུམ་དང་ལྡན་པ་དེ་ནི་མཐུ་ཐོབ་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །བརྒྱད་པ་མི་འཕྲོག་པ་ཡོངས་སུ་སྨིན་པའི་རྒྱུ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་རྒྱ་ཆེའི་དོན་ཡང་དག་པར་སྟོན་པས་བཟང་པོ་ཡི་དགོངས་དོན་ལ་རིགས་པ་བཞིའི་སྒོ་ནས་རྣམ་པར་དཔྱད་པ་ལས་དོན་གཏན་ལ་ཕེབ་ཅིང་ཐེ་ཚོམ་མེད་པའི་བསམ་པ་རྙེད་པ་ཅན་ནོ། །ངོ་བོ་ནི་དུས་རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད་པ་སྟེ། ཆོས་ཟབ་མོའི་དོན་ལ་ཡིད་ཆེས་པའི་ངེས་པ་ཐོབ་པས་ལམ་དེ་ལས་བདུད་དང་མུ་སྟེགས་ཀྱི་གཞན་དུ་དྲངས་མི་བཏུབ་པའོ། །བྱེད་ལས་ནི་ཐེག་པ་ཆེན་པོ་སོགས་ཀྱི་བསྟན་དོན་ལ་གཞན་ལས་ཁྱད་པར་དུ་གྱུར་པའི་ངེས་པ་རྙེད་པས་ཡང་དག་པའི་ཆོས་ཀྱི་གཞུང་འཛུགས་པར་ནུས་པ་དང་། ཡང་དག་པ་མ་ཡིན་པ་ཆོས་ལྟར་སྣང་བ་གཞན་གྱི་ཕྱོགས་སུན་འབྱིན་པར་ནུས་པའོ། །བློ་བརྟན་འགྲེལ་བར་ཁྱད་པར་རྙེད་པ་ནི་གོང་ནས་གོང་དུ་རྣམ་དཔྱོད་ཁྱད་པར་དུ་འགྲོ་བ་ལ་ཡང་གསུངས། རྒྱུ་དང་ངོ་བོ་བྱེད་ལས་དེ་ལྟ་བུ་དང་ལྡན་པ་ནི་མི་འཕྲོགས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །དགུ་བ་སྤོང་བའི་ཡན་ལག་ལྔ་དང་ལྡན་པ་ཡོངས་སུ་སྨིན་པ་ཞེས་པ་ས་དང་པོར་ཆོས་ཀྱི་དབྱིངས་མངོན་སུམ་རྟོགས་ནས་གཟུང་འཛིན་གཉིས་སྤངས་པ་ལ་སྤོང་བ་ཞེས་བྱ་ཞིང་། དེའི་གྲོགས་སུ་གྱུར་པའི་དད་སོགས་གོང་དུ་བཤད་པ་ལྔ་པོ་ནི་སྤོང་བའི་ཡན་ལག་ཅེས་བྱའོ། །དེ་ལྔ་བོ་རྒྱུ་དང་རང་བཞིན་བྱེད་ལས་ཀྱི་རྣམ་པས་ཡོངས་སུ་སྨིན་པའི་ཚུལ་ནི། སྤོང་བའི་ཡན་ལག་ཡོངས་སུ་སྨིན་པའི་རྒྱུ་ནི་བསོད་ནམས་ཡེ་ཤེས་ཀྱི་དགེ་བ་བསགས་པ་སྟེ་འདི་དད་པ་དང་སྤྱར་རོ། །རྟེན་ཀྱང་བརྩོན་པར་རུང་ཞེས་བྱ་བ་རྟེན་ནི་ལུས་རྟེན་ལ་བྱ་སྟེ། དགེ་བ་བྱེད་པའི་ཚེ་ལུས་ཀྱིས་མི་ལྕོགས་པ་མེད་པའོ། །འདི་ནི་སྤོང་བའི་ཡན་ལག་གི་རང་བཞིན་ནོ། །ཡན་ལག་ལྔ་ལས་ནད་མེད་པ་དང་སྦྱར་རོ། །འདུ་འཛི་ཐམས་ཅད་སྤངས་པའི་དབེན་པ་དང་བྱང་ཆུབ་སེམས་དཔའི་དབེན་པ་རང་དོན་ཡིད་བྱེད་སོགས་ཀྱིས་དབེན་པ་མཆོག་ལ་མངོན་པར་དགའ་བ་དང་། ཐེག་ཆེན་གྱི་ཆོས་ཐོས་བསམ་བསྒོམ་པ་མཆོག་ལ་མངོན་པར་དགའ་བ་ནི་དགེ་བ་ལས་དགའ་བ་སྟེ་འདི་གཉིས་བྱེད་ལས་སོ། །དབེན་ལ་དགའ་བ་གཡོ་དང་སྒྱུ་མེད་པ་དང་། དགེ་བ་ལ་དགའ་བ་ཤེས་རབ་དང་སྦྱར་རོ། །དེ་ལྟར་སྤོང་བའི་ཡན་ལག་ལྔ་སྨིན་པ་ནི། རྒྱལ་པའི་སྲས་ཀྱི་ཡན་ལག་ལྡན་པ་ཡི་ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །གསུམ་པ་བདག་ཡོངས་སུ་སྨིན་པ་དང་། སྨིན་པའི་དཔེ་བཤད་པ་གཉིས་ལས། དང་པོ། ཇི་སྐད་བཤད་པ་དེ་ལྟར་དགའ་བ་སོགས་ཀྱི་དངོས་པོ་རྣམ་པ་དགུས་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་བདག་ཉིད་དུ་གྱུར་པ་དེ་ནི་ཕ་རོལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་རུང་བ་ཡི་ཡོན་ཏན་དང་ལྡན་ཏེ་རང་སྨིན་པས་གཞན་སྨིན་པར་བྱེད་ནུས་པས་སོ། ། ཕར་ཕྱིན་དྲུག་གི་ཆོས་ཀུན་གྱི་རང་བཞིན་གྱི་རྒྱུན་གོང་ནས་གོང་དུ་འཕེལ་བའི་བདག་ཅན་དེ་ནི། རྟག་ཏུ་སེམས་ཅན་གཞན་སྨིན་པར་བྱེད་པས་འགྲོ་བའི་གཉེན་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་རང་སྨིན་པ་དེ་གཞན་སྨིན་པར་བྱེད་པའི་རྟེན་དུ་གྱུར་ཅིང་རང་གི་ཆོས་ཀྱི་ལུས་འཕེལ་པར་གྱུར་པའི་ཡོན་ཏན་གཉིས་དང་ལྡན་པར་བསྟན་པའོ། ། གཉིས་པ་དཔེ་ནི་སྨིན་པ་ཞེས་བྱ་བ་ཇི་ལྟ་བུ་ཞིག་ཡིན་ཅེ་ན། དཔེ་ཇི་ལྟར་ན་རྨ་དང་ཟས་ལ་དེ་དག་གི་རིམ་པ་བཞིན་རྣག་གཟེག་པ་དང་སྤྱོད་དུ་རུང་བ་ནི་སྨིན་ནོ་ཞེས་འཇིག་རྟེན་ན་འདོད་པ་ལྟར་ཞེས་དཔེ་འགོད་པ་སྟེ། འབྲས་སོགས་རྣག་ཏུ་མ་སྨིན་པ་བཏོལ་ན་རྣག་གཟེག་ཏུ་མེད་ནད་ལ་མི་ཕན་པ་དང་། རྣག་ཏུ་སྨིན་ན་རྨ་བཏོད་པ་ལས་རྣག་གཟེག་ཏུ་རུང་བས་དུས་ལ་བབ་པ་ལ་རྨ་སྨིན་ནོ་ཞེས་དང་། རྒུན་འབྲུམ་སོགས་ཀྱི་འབྲས་བུ་མ་སྨིན་པའམ། ཁ་ཟས་གཡོས་སུ་སྦྱར་བའང་མ་ཚོས་པ་སོགས་ཀྱི་ཚེ་སྤྱད་དུ་མི་རུང་ལ། ལེགས་པར་ཚད་དུ་སྨིན་ན་སྤྱད་དུ་རུང་བ་དེ་བཞིན་དུ་ཕུང་པོ་ལྔའི་རྟེན་འདིར་སྤང་བྱ་དང་གཉེན་པོའི་ཕྱོགས་གཉིས་གང་གི་གོ་རིམས་ལྟར་ཞི་བ་དང་ལོངས་སྤྱད་པ་ཉིད་དུ་རུང་བ་ནི་སྨིན་པ་ཡིན་པར་བསྟན་ཏེ། འབྲས་ཀྱི་ནད་སོགས་རྣག་གིས་གང་ཏེ་སྨིན་ནས་རྨར་གྱུར་པ་ལ་རྣག་ཟག་ནས་ནད་ཞི་བ་ལྟར་ལུས་རྟེན་འདི་ལ་ཆགས་སོགས་ཉོན་མོངས་པ་རྣམས་སྤོང་བར་ནུས་པས་ཞི་བར་བྱེད་པ་དང་། ཁ་ཟས་སྨིན་པ་ལོངས་སྤྱོད་པ་ལྟར་རྟེན་དེ་ལ་དགེ་བའི་ཕྱོགས་རྒྱུན་དུ་སྤྱོད་ཅིང་སྒོམ་ནུས་པར་གྱུར་ན་གང་ཟག་དེ་ཡོངས་སུ་སྨིན་པ་ཞེས་བྱ་སྟེ། ཐེག་ཆེན་གྱི་ཆོས་ལ་ཡིད་དགའ་བ་ཙམ་ཡོད་ཀྱང་དེ་མ་སྨིན་པ་ན། བཤེས་གཉེན་བསྟན་ན་ཆོས་མཉན་བསམ་སྒོམ་པའི་སྒོ་ནས་དང་དུ་ལེན་མི་ནུས་ལ། དགའ་བ་ཡོངས་སུ་སྨིན་པའི་ཚེ་ན་དམ་ཆོས་འཛིན་ནུས་པ་ཡིན་པ་བཞིན་གཞན་མ་བརྒྱད་ལའང་དེ་ལྟར་ཤེས་པ་བྱ་སྟེ། ཡོངས་སུ་སྨིན་པ་ན་དེ་དང་དེའི་བྱ་བ་དངོས་སུ་བྱེད་ནུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་སྨིན་པ་གོང་ནས་གོང་དུ་འཕེལ་བས་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཆོས་རང་རྒྱུད་ལ་རྫོགས་པ་དང་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔས་དུས་དང་དུས་སུ་དབང་པོ་ཡོངས་སུ་སྦྱང་བར་བྱའོ་ཞེས་གསུངས་པ་བཞིན། དབང་པོ་དམན་པ་འབྲིང་དང་ཆེན་པོར་འགྱུར་བའི་ཕྱིར་དབང་པོ་གོང་ནས་གོང་དུ་རྣམ་པར་སྦྱང་བར་བྱ་བ་གནད་ཆེ་སྟེ། །དབང་པོ་སྦྱང་ན་སྔར་མ་རྟོགས་པ་རྟོགས་པ་དང་། མ་ཐོབ་པ་ཐོབ་པར་འགྱུར་ཏེ་ཡོན་ཏན་རྒྱ་ཆེར་སངས་རྒྱས་ཀྱི་སའི་བར་དུ་འཕེལ་བར་འགྱུར་རོ། ། གཉིས་པ་སེམས་ཅན་གཞན་སྨིན་པར་བྱེད་ཚུལ་ལ་དབྱེ་བ་དང་། བསམ་པ་དང་། སྦྱོར་བ་གསུམ་ལས། དང་པོ་དབྱེ་བ་བརྒྱད་དེ་ལུས་ཅན་སེམས་ཅན་རྣམས་ཆགས་སོགས་ཉོན་མོངས་པ་དང་བྲལ་བར་སྨིན་པར་བྱེད་པ་དང་། དེ་བཞིན་དུ་ཐེག་པ་གསུམ་གྱི་རིགས་ཅན་ཀུན་ཡོངས་སུ་སྨིན་པར་བྱེད་པ་དང་། འཇིག་རྟེན་པའི་ལམ་གྱི་ཁམས་གོང་མར་སྨིན་པར་བྱས་པ་ནི་སླར་ལྡོག་པ་ཡིན་ལ་ཐེག་པ་གསུམ་གྱིས་སྨིན་པར་བྱས་པ་རྣམས་སླར་ལྡོག་པ་མེད་པས་རབ་ཏུ་སྨིན་པར་བྱེད་པ་དང་། གདུལ་བྱའི་རྒྱུད་དང་རྗེས་སུ་མཐུན་པར་ཆགས་ཅན་ལ་མི་སྡུག་པ་སོགས་འཚམས་པར་ཆོས་བསྟན་པས། རྗེས་སུ་སྨིན་པའམ་མཐུན་པའི་སྨིན་བྱེད་ནི་སྔ་མ་ལས་གཞན་ནོ། ། ཕྱོགས་ལྷུང་མེད་པ་དང་གཞན་ལ་གུས་པ་དང་བཅས་པས་ནན་ཏན་བསྒྲིམས་ཏེ་ལེགས་པར་སྨིན་པར་བྱེད་པ་དང་། བདག་གིས་ས་དང་པོ་ཐོབ་ནས་གཞན་དེ་ལ་འགོད་པ་ལྷག་པར་སྨིན་བྱེད་དམ་རྟོགས་པས་སྨིན་པར་བྱེད་པ་དང་སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་རྟག་ཏུ་བསྟན་པས་རྟག་ཏུ་སྨིན་པར་བྱེད་པ་དང་། མོས་སྤྱོད་ཀྱི་ས་ནས་བརྩམས་ཏེ་ས་བཅུ་པའི་བར་གོང་ནས་གོང་དུ་སྨིན་པར་བྱེད་པར་འདོད་དོ། །གཉིས་པ་བསམ་པའི་ཁྱད་པར་ནི། ཇི་ལྟར་རྒྱལ་སྲས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པར་འདོད་པའི་ཕན་པའི་བསམ་པས་སྲིད་པ་འདིར་འགྲོ་བ་ཀུན་རྣམ་པར་སྨིན་པར་བྱེད་པ་ལ་གནས་པ་ལྟར་རམ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་ན་ཕ་དང་མ་དང་གཉེན་བཤེས་རྣམས། རང་རང་གི་བུ་དང་གཉེན་དུ་གྱུར་པ་རྣམས་ལ་བསམ་པ་དེ་ལྟ་བུ་ལེགས་པར་མི་གནས་ཏེ་ཅིའི་ཕྱིར་ན་ཕ་མ་སོགས་ཀྱིས་རང་གི་བུ་སོགས་ལ་བརྩེ་བ་ཡོད་ཀྱང་གནས་སྐབས་ཚེ་འདིར་ཕན་པ་ཅུང་ཟད་བྱེད་ནུས་ཀྱང་གཏན་དུ་བདེ་བའི་རྒྱུའི་དགེ་བ་ལ་འགོད་འདོད་ཀྱི་བསམ་པ་སྐྱེད་མི་ཤེས་པ་དང་ལ་ལར་སྡིག་པ་ལ་ཡང་སྦྱོར་བས་སོ། །ཇི་ལྟར་བརྩེ་བའི་བདག་ཉིད་ཀྱིས་སེམས་ཅན་གཞན་ལ་ཕན་པའི་ཕྱིར་རམ་ཆེད་དུ་སྦྱོར་བའི་ཚེ་ན་སེམས་ཅན་གཞན་འཕྲལ་དང་གཏན་དུ་བདེ་བར་བྱེད་པའི་བྱམས་པར་འདོད་པ་དེ་ལྟར་རམ་དེ་ལྟ་བུ་ནི། འཇིག་རྟེན་པའི་སྐྱེ་བོ་རྣམས་བདག་རང་ཉིད་ལ་ཡང་བྱམས་པར་མི་འདོད་ན་དེ་དག་གིས་ཡིད་ལ་རབ་ཏུ་སྡུག་པར་གྱུར་པའི་སྐྱེ་བོ་གཞན་ལ་སྨོས་ཅི་དགོས་ཞེས་སོ་སོའི་སྐྱེ་བོ་རྣམས་བདག་ལ་བྱམས་མོད་ཀྱི་རྨོངས་པའི་དབང་གིས་ཚེ་འདིའི་བདེ་བའི་ཆེད་དུ་སྲོག་གཅོད་དང་མ་བྱིན་པར་ལེན་པ་སོགས་མི་དགེ་བའི་རྒྱུས་ཚེ་འདིར་རྒྱལ་པོའི་ཆད་པ་སོགས་དང་། ཕྱི་མར་སྡུག་བསྔལ་དུ་མ་ཐོབ་པ་དང་། དེ་བཞིན་རང་གསོད་པ་དང་ཁྱི་དང་བ་ལང་གི་བརྟུལ་ཞུགས་སོགས་དཀའ་ཐུབ་ངན་པས་རང་འདི་ཕྱིར་སྡུག་བསྔལ་བར་བྱེད་པ་དང་། གཏན་བདེའི་ལམ་མི་ཤེས་པས་དེ་ལ་འཇུག་པ་སྤངས་བས་སོ། །བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བྱམས་པ་ནི་རྣམ་པ་ཀུན་ཏུ་དགེ་ཞིང་གཏན་བདེ་འདོད་པའི་བྱམས་པ་ཡིན་པའི་ཕྱིར་རོ། །གསུམ་པ་སྦྱོར་བའི་ཁྱད་པར་ནི་ཕ་རོལ་ཕྱིན་པ་དྲུག་གིས་སྨིན་པར་བྱེད་པའི་ཚིགས་བཅད་དྲུག་དང་། མཇུག་ཏུ་དོན་བསྡུ་བའི་ཚིགས་བཅད་བཅས་བདུན་ལས་དང་པོ། སྦྱིན་པ་ཅི་ལྟ་བུས་སེམས་ཅན་སྨིན་པར་བྱེད་པ་ནི་ཐམས་ཅད་སྦྱིན་པ་དང་། མཉམ་པར་སྦྱིན་པ་དང་། མི་ངོམས་པར་སྦྱིན་པ་རྣམ་པ་གསུམ་གྱིས་ཏེ། བྱང་ཆུབ་སེམས་དཔའི་རང་གི་ལུས་དང་ལོངས་སྤྱོད་དག གཞན་ལ་དོན་དུ་འགྱུར་བར་མཐོང་ན་མི་སྦྱིན་པ་ནི་ཅུང་ཟད་ཙམ་གཏན་ནས་སམ་ཡོང་ཡེ་མེད་དེ་རང་ལ་དབང་བའི་བདོག་པ་ཐམས་ཅད་གཏོང་ངོ་། ། སྦྱིན་པ་དེས་ཀྱང་དངོས་པོ་དེ་བྱིན་པས་ཕན་འདོགས ་པ་ཙམ་ཁོ་ནར་མ་ཟད་དེ། ཚེ་འདིར་སྦྱིན་པ་དེ་ཉིད་ཀྱིས་ཕ་རོལ་པོ་དེའི་བསམ་པ་ཡོངས་སུ ་རྫོགས་པར་བྱས་པ་ཚེ་འདིར་ཕན་བཏགས་པ་དང་། དེའི་རྒྱུ་དགེ་ལ་བཀོད་ནས་སྨིན་པར་བྱས་པས་ཚེ་ཕྱི་མར་ཕན་འདོགས་ཤིང་ཐར་བའི་ས་བོན་བསྐྲུན་པས་གཏན་བདེ་ལ་འཇོག་པའི་ཕྱིར་འཕྲལ་དང་ཡུན་དུ་ཕན་འདོགས་རྣམ་པ་གཉིས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སྦྱིན་པ་དེ་ཡང་བཟང་ངན་མཐོ་དམན་ཉེ་རིང་སོགས་ཀྱི་ཕྱོགས་ལྷུང་མེད་པར་ཐམས་ཅད་ལ་སེམས་སྙོམས་པས་མཉམ་པར་སྦྱིན་པའི་རང་བཞིན་ཅན་ཡིན་པ་དང་། དངོས་པོ་འགའ་ཞིག་བྱིན་པ་དང་ལོ་དང་བསྐལ་བ་འགའ་ཞིག་ཏུ་སྦྱིན་པས་ཆོག་པར་མི་འཛིན་པར། འཁོར་བའི་མཐའི་བར་དུ་བྱིན་ཡང་སྦྱིན་པའི་ཡོན་ཏན་གྱིས་ངོམ་པར་མི་འགྱུར་བ་ཡིན་ནོ། །གཉིས་པ་ཚུལ་ཁྲིམས་ནི་བརྟན་པ་ཞེས་པ་དུས་རེས་འགའ་བ་མིན་པར་སེམས་ཅན་ཐམས་ཅད་ཀྱི་མཐའི་བར་དུ་རྟག་ཏུ་ཚུལ་ཁྲིམས་བསྲུང་བ་ལ་རྟག་པའི་ཚུལ་ཁྲིམས་ཏེ་བློ་བརྟན་འགྲེལ་བའི་འགྱུར་ན་རྟག་ཏུ་ཞེས་འདུག་གོ ། སྔོན་གོམས་པའི་སྟོབས་ཀྱིས་རང་བཞིན་གཤིས་ཀྱིས་མི་དགེ་ལ་འཛེམ་ཞིང་དགེ་བ་སྤྱོད་པ་རང་བཞིན་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་རྣམས་ལ་ལྷག་པར་འཚེ་བ་མེད་པ་ནི་མི་དགེ་བཅུ་རྨི་ལམ་དུ་ཡང་མི་སྤྱོད་པས་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ནི་ས་གཉིས་པ་ན་ཐོབ་བོ། །བདག་དགའ་ཞེས་པ་ས་དང་པོར་བདེན་པ་རྟོགས་པའི་དབང་གིས་ཆོས་ཉིད་ཀྱིས་ཐོབ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པས་མི་དགེ་བའི་ཕྱོགས་ངང་གིས་སྤངས་ཤིང་དགེ་བ་ལ་དགའ་བ་ལྷག་པར་རྟོགས་པའི་ཚུལ་ཁྲིམས་དང་། བག་ཡོད་ཅེས་པས་སྤྱོད་ལམ་ཀུན་ཏུ་ལྟུང་བའི་རྙོགས་པའམ་འཁྲུལ་བ་ཕྲ་མོ་ཡང་མི་འབྱུང་བ་འཁྲུལ་བ་མེད་པའི་ཚུལ་ཁྲིམས་ཏེ། དེ་ལྟ་བུའི་ཚུལ་ཁྲིམས་ལྔ་དང་ལྡན་པ་མཆོག་ལ་རང་གནས་ནས་ཚུལ་ཁྲིམས་འདི་ལྟ་བུ་ལ་སེམས་ཅན་གཞན་འགོད་ཅིང་། འདི་དང་ཕྱི་མར་རམ་འཕྲལ་དང་གཏན་གྱི་ཕན་རྣམ་པ་གཉིས་འདོགས་ཤིང་། དེ་ལྟར་ཚུལ་ཁྲིམས་ལ་བཀོད་པས་ལྷ་མིར་སྐྱེ་བ་སོགས་རྣམ་སྨིན་ཡིད་འོང་རྟེན་བརྒྱུད་མར་ཐོབ་པ་དང་། ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པའི་ཡོན་ཏན་ཚེ་རབས་ཕྱི་མ་རྣམས་སུ་ཚུལ་ཁྲིམས་ལེན་པ་བརྒྱུད་མར་འབྱུང་བས་གཞན་སྨིན་པར་བྱེད་དོ། ། གསུམ་པ་བཟོད་པ་ནི། སེམས་ཅན་གཞན་དག་གིས་བྱང་ཆུབ་སེམས་དཔའ་ལ་ལུས་དང་སྲོག་ལ་གནོད་པའི་བར་གྱི་གནོད་པ་ཆེ་ཆུང་སྣ་ཚོགས་བྱེད་པ་ལ་བདག་གི་བཟོད་པ་རྫོགས་པའི་རྒྱུ་ནི་འདི་ཡིན་ནོ་ཞེས་དགེ་བའི་བཤེས་གཉེན་དང་འདྲ་བར་སེམས་ཅན་དེ་བདག་ལ་ཕན་བྱེད་དུ་འཛིན་པའི་བློ་དང་ལྡན་པ་དེས་གནོད་པ་བྱེད་པ་ཤིན་ཏུ་དྲག་པོ་ལུས་ཀྱི་ཤ་དང་རུས་པ་དུམ་བུ་རེ་རེ་ནས་གཅོད་པ་ལ་སོགས་པ་དག་ཀྱང་བཟོད་ན་གནོད་པ་ཆུང་ངུ་ལྟ་ཅི་སྨོས། དེ་ལྟར་བཟོད་པ་བསྒོམས་པའི་ཐབས་བཤད་མ་ཐག་པ་དང་སོ་སོར་བརྟགས་པ་སོགས་ཀྱི་ཐབས་དང་དེར་མ་ཟད་ཕ་རོལ་གནོད་བྱེད་དེ་ལ་འཕྲལ་དང་ཡུན་དུ་ཕན་པའི་ཚུལ་དེས་དེ་ཉིད་སྨིན་པར་བྱེད་པའི་ཐབས་རིག་ཅིང་དེའི་ཕྱིར་གནོད་པ་བྱེད་པ་བཟོད་པ་དེ་དག་གིས་གནོད་པ་བྱེད་པོ་དེ་དགེ་བ་ཡང་དག་པར་ལེན་དུ་འཇུག་པས་སྨིན་པར་བྱེད་དོ། །བཞི་པ་བརྩོན་འགྲུས་ནི། རྒྱལ་བའི་སྲས་པོ་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་གང་ཞིག་སེམས་ཅན་གྱི་དོན་བྱེད་པ་ལ་མི་ལྡོག་ཅིང་ཆོག་མི་ཤེས་པ་མཆོག་ལ་བརྟེན་པ་དེ་ནི། བརྩོན་འགྲུས་དེ་ལྟ་བུའི་སྒོ་ནས་སེམས་ཅན་གྱི་ཚོགས་མཐའ་ཡས་པ་རབ་ཏུ་སྨིན་པར་བྱེད་པ་ན། ཕ་རོལ་པོ་དེ་ནམ་ཞིག་སྨིན་པར་བྱེད་པའི་སེམས་དགེ་བ་སྦྱིན་པ་ལ་སོགས་པ་སྐད་ཅིག་གཅིག་སྐྱེ་ནུས་པར་གཟིགས་ན་དེའི་ཆེད་དམ་ཕྱིར་དུ་ཡང་བསྐལ་བ་བྱེ་བ་སྟོང་དུ་ཡང་འབད་པ་ཅི་ཙམ་རྩོམ་དགོས་པ་རྩོམ་པར་མཛད་ཀྱི་སྐྱོ་བ་ཅུང་ཟད་འབྱུང་བར་མི་འགྱུར་རོ། །ལྔ་པ་བསམ་གཏན་ནི་བྱང་ཆུབ་སེམས་དཔའ་སེམས་སམ་ཡིད་ཀྱི་དབང་ཐོབ་པ་ནི་ཏིང་ངེ་འཛིན་གྱིས་སེམས་རང་དབང་དུ་གྱུར་པ་བྱེད་པའོ། ། དེ་ཡང་མངོན་ཤེས་ཀྱི་རབ་དབྱེར་སྡེ་ཚན་དྲུག་བཤད་པ་ལྟར་དང་། དེ་ལས་ཁྱད་པར་དུ་དཔའ་བར་འགྲོ་བ་སོགས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་དེ་དག་ཐོབ་པའི་ཚེ་ཡིད་ཀྱི་དབང་བླ་ན་མེད་པ་ཐོབ་པ་ཡིན་ལ། དེ་ཐོབ་པར་གྱུར་ནས་ཡོན་ཏན་དེ་དང་ལྡན་པའི་སྒོ་ནས་བདག་ལ་གཞན་གྱིས་བཀུར་སྟི་དང་གྲགས་པ་སྒྲོགས་པ་སོགས་ཀྱིས་མཆོད་ཅིང་རྗེད་པར་འདོད་པ་ཐམས་ཅད་ངེས་པར་བཅོམ་སྟེ་དེ་འདྲའི་བསམ་པ་གཏན་མེད་པར་མཆོག་སངས་རྒྱས་ཀྱི་བསྟན་པ་ལ་གཞན་དག་འདུན་པར་བྱེད་ཅིང་དེ་དག་གི་རྒྱུད་ཀྱི་དགེ་བ་ཕར་ཕྱིན་རྣམས་ཡང་དག་པར་འཕེལ་བར་བྱེད་དེ་མངོན་པར་ཤེས་པའི་མཐུས་རྫུ་འཕྲུལ་བསྟན་པ་དང་། སེམས་ཤེས་པས་གཞན་གྱི་རྒྱུད་དང་མཐུན་པར་ཆོས་བསྟན་པ་སོགས་ཀྱི་སྒོ་ནས་སོ།། དྲུག་པ་ཤེས་རབ་ནི། དེ་ཁོ་ན་ཉིད་ཀྱི་དགོངས་དོན་ཟབ་མོའི་ཚུལ་ལ་ཤེས་རབ་ཀྱི་སྟོབས་ཀྱིས་ཐེ་ཚོམ་མེད་པར་གཏན་ལ་ཕབ་ནས་རབ་ཏུ་ངེས་པ་སྟེ། དྲང་དོན་དང་ངེས་དོན་དགོངས་དགོངས་མིན་ཐམས་ཅད་ཚུལ་བཞིན་རྟོགས་ནས་དེ་ཁོ་ན་ཉིད་ལ་མཁས་པར་གྱུར་པས། སེམས་ཅན་རྣམས་དེ་ཁོ་ན་ཉིད་དང་དགོངས་དགོངས་མིན་གྱི་དོན་ལ་ཐེ་ཚོམ་དུ་གྱུར་པ་དག་གི་ཐེ་ཚོམ་ཡང་རྩད་ནས་བཅད་དེ་ཤིན་ཏུ་སེལ་བར་བྱེད་དོ། །ཤེས་རབ་དེ་ལྟ་བུ་མངའ་བ་དེ་ཕྱིར་རྒྱལ་བའི་བསྟན་ལ་བྱང་སེམས་རང་ཉིད་གུས་པ་དང་། སེམས་ཅན་གཞན་ཡང་ཤེས་རབ་དེ་ལྟ་བུ་ལ་བཀོད་པས་རྒྱལ་བའི་བསྟན་ལ་གུས་པས་སྨིན་པར་བྱེད་པས། རང་དང་གཞན་གྱི་རྒྱུད་ཀྱི་དགེ་བའི་ཡོན་ཏན་རྣམ་པར་འཕེལ་བར་བྱེད་དོ། ། བདུན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཡིས། འགྲོ་བ་ཀུན་གྱི་དོན་བྱེད་དེ། འགྲོ་བ་རྣམས་གནས་སྐབས་བདེ་འགྲོའི་འགྲོ་བ་ལྷ་དང་མི་འཐོབ་པར་བྱེད་པས་སྨིན་པར་བྱེད་དེ། གང་ཟག་རིགས་ཆད་པ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་འཕྲད་ན་དགེ་བཅུ་ལ་བཀོད་པས་གནས་སྐབས་སུ་བདེ་འགྲོར་སྨིན་པར་མཛད་དོ། །འམ་ཞེས་པ་ཚིག་འོག་མ་དང་སྡུད་པའི་སྒྲའོ། །དགེ་གསུམ་ལ་ཞེས་པ་གཏན་བདེ་ཐར་བ་བྱང་ཆུབ་གསུམ་གྱི་དགེ་བ་ལ་འགོད་པ་སྟེ། རིགས་ཅན་གསུམ་སོ་སོ་རང་རང་གི་ལམ་ལ་འགོད་པའོ། ། ཐེག་པ་ཆེན་པོ་ལ་འགོད་ཚུལ་བྱེ་བྲག་ཏུ་བཤད་པ་ནི། ཚོགས་གཉིས་ཀྱི་རྣམ་པ་ཆུང་ངུ་མོས་སྤྱོད་ཀྱི་ས་ལ་སྨིན་པར་བྱེད་པ་དང་། མཆོག་དག་པ་ས་གསུམ་དུ་སྨིན་པར་བྱེད་པ་དག་འབྲིང་ས་དང་པོ་ནས་བདུན་པའི་བར་དུ་སྨིན་པར་བྱེད་པ་དག་གིས་སོ།། དུས་ཇི་སྲིད་ཅིག་ཏུ་སྨིན་པར་བྱེད་ཅེ་ན། འཇིག་རྟེན་གྱི་མཐའ་ཇི་ཙམ་དུ་ཡོད་པ་དེ་དང་མཉམ་པར་འཇུག་པས་འདུལ་ལོ་ཞེས། ནམ་མཁའི་ཁམས་ཇི་ཙམ་པ་སྙེད་དུ་སེམས་ཅན་གྱིས་ཁྱབ། ནམ་མཁའ་དང་སེམས་ཅན་གྱི་ཁམས་ནི་ཕྱི་མའི་མཐའི་བར་དུ་ཡོད་པ་དེ་སྲིད་དང་མཉམ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་སྨིན་པར་བྱེད་པས་འདུལ་ཏེ་མཐའ་ཐུག་པ་མེད་པའོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཡོངས་སུ་སྨིན་པའི་ལེའུ་སྟེ་དགུ་པ་རྣམ་པར་བཤད་པའོ།། །། སྨིན་པ་དགུ་པོ་དེ་དག་གཙོ་ཆེར་མོས་སྤྱོད་ཀྱི་སའི་དབང་དུ་བྱས་པར་མངོན་ཡང་སྤྱིར་བྱང་ཆུབ་སེམས་དཔའི་ས་དང་དབང་པོ་སྨིན་པ་མཐར་ཐུག་པ་ས་བཅུའི་རྒྱུན་མཐར་བྱང་ཆུབ་ཆེན་པོ་ཐོབ་པས་ན་ཡོངས་སྨིན་གྱི་རྗེས་སུ་འབྲས་བུ་བྱང་ཆུབ་ཆེན་པོ་བཤད་པ་ལ། ཐོབ་བྱ་མཐར་ཐུག་ཡིན་པའི་སྒོ་ནས་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དོན་བསྡུས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་ནས་སེམས་བསྐྱེད་པར་གདམས་པ་གསུམ། དང་པོ་དཀའ་སྤྱད་དཔག་མེད་སོགས་ཚིགས་བཅད་གཉིས་དང་། དེ་དག་གི་དོན་བཤད་པའི་ཚིགས་བཅད་བཅས་གསུམ་གྱིས་བསྟན་ཏེ། ལུས་དང་ལོངས་སྤྱོད་གཏོང་བ་སོགས་ཕར་ཕྱིན་དྲུག་གི་ལམ་ལ་འབད་པའི་དཀའ་སྤྱད་དཔག་ཏུ་མེད་པ་གང་ཞིག་བརྒྱ་ཕྲག་ཅེས་མང་བའི་དོན་ཅན་གྱི་ཚིག་སྟེ་དེ་འདྲའི་དཀའ་སྤྱད་ཉན་རང་ལ་མེད་དེ། མདོ་ལས་སེམས་ཅན་གྱི་དོན་དུ་ངས་མིག་ཡོངས་སུ་བཏང་པ་བསགས་ན་རི་རབ་བས་ཀྱང་མཐོ་ལ། ཁྲག་བཏང་བ་ཕྱོགས་བཞིའི་རྒྱ་མཚོ་ལས་མང་ངོ་ཞེས་སོགས་གསུངས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་སོགས་ཀྱི་སྒོ་ནས་དཀའ་སྤྱད་དཔག་མེད་མཛད་པ་མདོ་རྣམས་སུ་འབྱུང་བ་བཞིན་ནོ། །ཕར་ཕྱིན་ས་དང་བྱང་ཕྱོགས་སོགས་ཀྱི་སྒོ་ནས་ཚད་དཔག་ཏུ་མེད་པའི་དགེ་བ་བསགས་པ་དང་། དཔག་ཏུ་མེད་པའི་དུས་ཡུན་རིང་པོར་བརྩོན་པ་དང་། དཔག་ཏུ་མེད་པའི་སྒྲིབ་པ་ཟད་པའི་ཕྱིར་ན། སྒྲིབ་པ་ཀུན་གྱི་དྲི་མ་མེད་པ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་འཐོབ་པ་རིན་ཆེན་སྣ་ཚོགས་བཀང་བའི་སྣོད་ནི་ཁ་ཕྱེ་བ་ན་རིན་ཆེན་སྣ་ཚོགས་དངོས་སུ་སྣང་བ་ལྟར་འབྲས་བུ་མཐར་ཐུག་གི་སངས་རྒྱས་ཉིད་ནི་ཡང་དག་པར་བསྟན་ཏོ། །དེའི་དོན་བསྡུས་ན་གཞན་གྱིས་མི་ནུས་པའི་ངལ་བ་བརྒྱས་ཏེ་རྣམ་གྲངས་སྣ་ཚོགས་ཤིན་ཏུ་མང་པོས་དཀའ་བ་སྤྱད་པའི་ཕྱིར་དཀའ་སྤྱད་དཔག་མེད་དོ།། ས་དང་བྱང་ཕྱོགས་ཕར་ཕྱིན་རྣམས་ཉི་ཚེ་བ་གྲངས་ཡོད་པ་མ་ཡིན་ལ་ཉན་རང་གི་དགེ་རྩ་ལས་འདས་པའི་རྨད་དུ་བྱུང་བའི་དགེ་བ་མ་ཚང་བ་མེད་པ་ཀུན་ཡོངས་སུ་རྫོགས་པར་བསགས་པའི་ཕྱིར་དགེ་བ་དཔག་མེད་ཅེས་བྱའོ། ། དུས་དཔག་མེད་ཇི་ལྟར་ཡིན་ན་བསྐལ་པ་ཆུང་ངུ་བར་བསྐལ་མ་ཡིན་གྱི་བསྐལ་པ་ཆེན་པོ་དང་དེ་ཡང་བསྐལ་ཆེན་གཅིག་དང་བརྒྱ་ལ་སོགས་པ་མ་ཡིན་གྱི་གྲངས་མེད་གསུམ་གྱི་བར་དུ་བསྒྲུབས་པས། དུས་ཤིན་ཏུ་ཡུན་རིང་པས་ཕལ་བའི་བློས་དཔག་ཏུ་མེད་པའོ། །སྒྲིབ་པ་དཔག་མེད་ཇི་ལྟར་ཡིན་ན་འགྲོ་བ་ཀུན་གྱི་རྒྱུད་ལ་ཡོད་པའི་ཕྱིར་འགྲོ་བའི་སྒྲིབ་པ་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་རྣམ་པ་དམིགས་ཡུལ་སོགས་ཀྱི་སྒོ་ནས་ཕྱེ་ན་མཐའ་དང་གྲངས་དཔག་ཏུ་མེད་པ་ཟད་པའི་ཕྱིར་རོ། །སྒྲིབ་པ་ཀུན་གྱི་དྲི་མ་མེད་པའི་ཚུལ་ནི་ས་དང་ས་སོ་སོའི་ངོས་སྐལ་གྱི་སྤང་བྱར་གཏོགས་པའི་སྒྲིབ་པ་རྣམས་ས་བཅུའི་ཡེ་ཤེས་ཀྱིས་རིམ་པར་བཅོམ་ནས་ཤེས་བྱའི་སྒྲིབ་པ་ཕྲ་མོ་མ་རིག་བག་ཆགས་ཀྱི་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་ནས་སངས་རྒྱས་པ་སྟེ། སྤང་བ་ཡོངས་སུ་རྫོགས་པ་དང་། རྟོགས་པ་མཐར་ཐུག་པ་དེ་ནི། དགོས་འདོད་རྩོལ་པའི་མཐུ་ཆེན་པོ་ལྡན་པའི་རིན་ཆེན་སྣ་ཚོགས་ཀྱི་སྣོད་ཁ་ཕྱེ་བ་ལྟར་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་འབྲས་ཆོས་ཀྱི་ཡོན་ཏན་མཐར་ཐུག་པ་མངོན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ཆེན་པོ་དེའི་རང་བཞིན་རྒྱས་པར་བཤད་པ་ལ། ཡོན་ཏན་གྱི་རྣམ་གྲངས་བཅུ་ཡི་སྒོ་ནས་སྤྱིར་བསྟན། ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་ཉིད་ངོ་བོ་རྒྱུ་འབྲས་སོགས་རྣམ་བཞག་རྣམ་པ་དྲུག་གིས་བཤད་པ་གཉིས། དང་པོ་ལ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་། དོན་གཉིས་ཕུན་ཚོགས་ཀྱི་ཡོན་ཏན་སྐྱབས་ཀྱི་དམ་པར་གྱུར་པའི་ཡོན་ཏན། གནས་གྱུར་བའི་ཡོན་ཏན། ཀུན་དུ་ཁྱབ་པའི་ཡོན་ཏན། མཛད་པ་རྟོག་མེད་ལྷུན་གྱིས་གྲུབ་པར་འཇུག་པའི་ཡོན་ཏན། ཟབ་མོ་དཔག་པར་དཀའ་བའི་ཡོན་ཏན། སྙིང་པོ་འགྱུར་བ་མེད་པའི་ཡོན་ཏན། འབྱོར་པ་ཚད་མེད་པའི་ཡོན་ཏན། སེམས་ཅན་སྨིན་པར་བྱེད་པའི་ཡོན་ཏན་དང་བཅུ་ལས་དང་པོ་གཉིས་སོ་སོར་བསྟན་པ་ཚིགས་བཅད་རེ་རེ་དང་། ཐུན་མོང་དུ་བཤད་པ་ཚིགས་བཅད་གཅིག་བཅས་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། སངས་རྒྱས་ནི་གཟུང་འཛིན་གཉིས་མེད་པའམ་ཡོད་མེད་གཉིས་སུ་མེད་པས་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་པའི་ཚེ་གཟུང་འཛིན་གཉིས་སྤངས་པས་དང་། གཟུང་འཛིན་ཀུན་བརྟགས་ཀྱི་མཚན་ཉིད་དུ་ཡོད་པ་མ་ཡིན་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ཡོད་པས་ཡོད་མེད་ལས་འདས་པའོ། །དེ་ཡང་སངས་རྒྱས་ཞེས་བྱ ་བ་བདག་གཉིས་དང་བྲལ་བའི་དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་ཡིན་པས། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ་ཞེས་གསུངས་པ་བཞིན། སངས་རྒྱས་ཆོས་ཀྱི་སྐུ་སྐྱེ་འགགས་དང་བྲལ་བ་ཉིད་དོ། །དེའི་ཕྱིར་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་དེ་བཞིན་ཉིད་དུ་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་དག་རྣམ་པར་རིག་མི་འགྱུར། །ཞེས་གསུངས་པ་ལྟར། དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱི་དབང་དུ་བྱས་ནས་གཞལ་ན་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སངས་རྒྱས་ཉིད་དེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལས། གཞན་དུ་གྱུར་པའི་ཆོས་ནི་གང་ཡང་ཡོད་པ་མིན་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་ཆོས་ཐམས་ཅད་རང་བཞིན་མེད་པ་དང་སྐྱེ་བ་མེད་པ་མ་ཡིན་པ་འགྱུར་བས་སོ། །ཡང་ན་ཆོས་ནི་གང་ཡང་བྱིས་པ་སོ་སོའི་སྐྱེ་བོས་ཀུན་ཏུ་བརྟགས་པ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་ཀྱང་རུང་ངོ་། །སངས་རྒྱས་དེ་ནི་ས་དང་ཕར་ཕྱིན་དང་བྱང་ཕྱོགས་ཀྱི་ཆོས་ཀྱིས་བསྒྲུབ་པ་ལས་བྱུང་ལ། སངས་རྒྱས་པའི་དུས་ནའང་ས་དང་ཕར་ཕྱིན་བྱང་ཕྱོགས་ཀྱི་ཆོས་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཟག་པ་མེད་པའི་ཆོས་དཀར་བོ་ཀུན་གྱི་རང་བཞིན་ཡིན་ཡང་། ཕར་ཕྱིན་ལ་སོགས་པ་དེ་དང་དེའི་རྣམ་པར་གཉིས་ཆོས་གཟུང་འཛིན་ཅན་ཀུན་བརྟགས་ཀྱིས་དམིགས་པའི་སྤྱོད་ཡུལ་ཅན་དེ་ཡིས་སངས་རྒྱས་དེ་ནི་འདི་ལྟ་བུ་ཡིན་ནོ་ཞེས་བརྗོད་ནུས་པ་མ་ཡིན་ཏེ། དཔེར་ན་སྦྱིན་པའི་རང་བཞིན་ཡིན་ཡང་། གཏོང་བ་པོ་སངས་རྒྱས་དང་ལེན་པ་པོ་དང་། གཏོང་རྒྱུའི་རྫས་ལྟ་བུར་རྣམ་པ་གསུམ་དུ་དམིགས་པ་ལྟ་བུའི་གཉིས་ཆོས་ཀྱི་མཚན་མ་མེད་པའི་ཕྱིར། སངས་རྒྱས་ནི་ཀུན་བརྟགས་གཉིས་སྣང་གི་ཤེས་པས་བསམ་པའི་ཡུལ་མ་ཡིན་ནོ། ། དེ་ལྟར་སངས་རྒྱས་ནི་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེའི་མཐུ་ནི་དོན་གཉིས་ཕུན་ཚོགས་ལྷུན་གྱིས་གྲུབ་པ་སྟེ། ཇི་ལྟར་ཞེ་ན་སངས་རྒྱས་དེ་ནི་ལུང་གི་ཆོས་བཤད་པ་དང་། རྟོགས་པའི་ཆོས་སྟོབས་བཅུ་མི་འཇིགས་བཞི་སོགས་རིན་ཆེན་དཔག་ཏུ་མེད་པའི་རྒྱུ་དང་རྐྱེན་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་དཔེར་ན་རིན་ཆེན་སྣ་ཚོགས་ཀྱི་འབྱུང་གནས་སམ་འབྱུང་ཁུངས་བཞིན་དུ་གྱུར་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །འགྲོ་བ་ཐམས་ཅད་ཀྱི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་རྒྱུ་མཚན་གྱི་ཕྱིར། སངས་རྒྱས་དེ་ནི་སྤྲིན་དང་འདྲ་བར་འདོད་དེ་གཞན་དོན་ཕུན་སུམ་ཚོགས་པའི་མཐུ་མངའ་བའོ། ། གོང་གི་ཚིགས་བཅད་གཉིས་པོའི་དོན་བཤད་པ། སངས་རྒྱས་ཉིད་ནི་ཤེས་བྱའི་ཆོས་ཀུན་དང་ལྡན་པའམ་ཡང་ན་ཆོས་ཀུན་དང་བྲལ་བ་སྟེ། ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ལས་ཐ་དད་མ་ཡིན་པས་ཆོས་ཀུན་དང་ལྡན་པར་འགྱུར་ཏེ་ཇི་སྙེད་པའི་ངོས་ནས་གཞལ་བའོ། །ཡང་ཇི་ལྟ་བའི་ངོས་ནས་གཞལ་ན་ཆོས་ཀུན་དང་བྲལ་བ་སྟེ། དེ་བཞིན་ཉིད་ལ་གཟུང་འཛིན་དང་གཉིས་ཆོས་ཀྱི་མཚན་མ་གང་ཡང་མེད་པས་སོ། ། དེ་ལྟར་གཉིས་སུ་མེད་པའི་སངས་རྒྱས་དེ་ནི་རིན་པོ་ཆེ་ལྟ་བུའི་ཐེག་ཆེན་གྱི་ལུང་གི་ཆོས་རབ་ཏུ་རྒྱ་ཆེ་ཞིང་། རྟོགས་པའི་ཆོས་ས་དང་ཕར་ཕྱིན་སྟོབས་དང་མི་འཇིགས་པ་སོགས་ཡངས་པ་ཚད་མེད་པ་འབྱུང་ཕྱིར་རིན་པོ་ཆེའི་ཆོས་ཀྱི་འབྱུང་གནས་སམ་འབྱུང་ཁུངས་བཞིན་ནོ། །སྐྱེ་དགུ་རྣམས་ལ་ཐོག་མཐའ་བར་དུ་དགེ་བའི་ལེགས་པར་བཤད་པ་གང་ཞིག་དེའི་དོན་ལན་ཅིག་རྟོགས་ན་འཁོར་བའི་མཐའི་བར་དུ་མི་ཟད་པའམ་ཡང་ན་ཆོས་ཀྱི་རྣམ་གྲངས་ཀྱི་མཐའ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན། སྐྱེ་དགུའམ་འབྱུང་པོ་ཚོགས་ཀྱི་ལོ་ཏོག་ལྟ་བུ་དཀར་པོ་ཟག་མེད་ཕར་ཕྱིན་གྱི་དགེ་བའི་ས་བོན་རྣམས་ཤིན་ཏུ་རྒྱ་ཆེ་བར་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་སྤྲིན་དང་འདྲའོ། །གསུམ་པ་སྐྱབས་ཀྱི་དམ་པར་གྱུར་པའི་ཡོན་ཏན་ལ། བདག་གི་དོན་གྲུབ་པ་དང་། གཞན་གྱི་དོན་སྒྲུབ་པ་དང་། དེ་གཉིས་ཀྱི་ཕྱིར་སྐྱབས་དཔེ་མེད་པར་བསྒྲུབ་པ་གསུམ། དང་པོ་སངས་རྒྱས་ལ་སྐྱབས་སུ་སོང་ན་དུས་རེས་འགའ་བའི་སྐྱབས་མིན་པར་རྟག་ཏུ་མ་རིག་པ་དང་སྲེད་པ་སོགས་ཉོན་མོངས་པའི་ཚོགས་ཀུན་དང་། མི་དགེ་བཅུ་དང་མཚམས་མེད་པ་ལྔ་སོགས་ཟག་བཅས་ཀྱི་ལས་ཉེས་པ་སྤྱོད་པ་ཐམས་ཅད་དང་། རྒ་བ་དང་འཆི་བདག་ལས་ཀྱང་སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབས་པར་མཛད་དེ། སངས་རྒྱས་ན་ཉོན་མོངས་པ་དང་ལས་དང་ཚེའམ་སྐྱེ་བའི་ཀུན་ཉོན་གསུམ་པོ་གཏན་དུ་མི་འབྱུང་བས་ན་དེ་ལ་སྐྱབས་སུ་འགྲོ་བ་པོ་དེ་ནམ་ཞིག་འབྲས་བུའི་སྐྱབས་སུ་གྱུར་བ་ཐོབ་པ་ན་བདག་གི་དོན་ཡོངས་སུ་རྫོགས་པས་བདག་གི་སྐྱབས་སུ་འགྱུར་བ་བསྟན་ཏེ། འཇིག་རྟེན་པ་འཇིགས་པས་ཉེན་པ་དག་རི་དང་ཕུག་པ་སོགས་སུ་བྲོས་ཏེ་སྐྱབས་འཚོལ་བ་དང་། འཇིག་རྟེན་གྱི་རྒྱལ་པོ་དང་། འཇིག་རྟེན་པའི་ལྷ་ཕྲ་མོ་རྣམས་དང་ཚངས་པ་དང་དབང་ཕྱུག་སོགས་ལ་སྐྱབས་སུ་འགྲོ་བས་དེ་ལྟར་སྐྱབས་མི་ནུས་སོ། །གཉིས་པ་སངས་རྒྱས་ན་སེམས་ཅན་གཞན་ལ་ཡང་སྐྱབས་རྣམ་པ་ལྔ་བྱེད་དེ། འཇིག་རྟེན་ན་འཚེ་བ་དག་ནི་ཅི་ཡོད་པ་ཐམས་ཅད་ལས་སྐྱོབ་པ་དང་། ཞེས་པ། དེ་བཞིན་གཤེགས་པའི་བྱིན་རླབས་ལས་ལོང་བས་མིག་རྙེད་པ་དང་། འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད། ནད་སྣ་ཚོགས་ལོ་ཉེས་སོགས་སངས་རྒྱས་གྲོང་དུ་གཤེགས་པ་ཙམ་གྱིས་ཞི་བ་དང་། གང་གིས་གསོལ་བ་བཏབ་ན་ཡང་ཉེས་པ་ཐམས་ཅད་ཞི་བར་བྱེད་པའོ། ། ཡང་དེ་བཞིན་གཤེགས་པས་འོད་ཟེར་བཏང་བས་དམྱལ་བ་སོགས་ངན་སོང་བ་རྣམས་ལ་རེག་པའི་མོད་ལ་དེ་དག་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ཏེ་མཐོ་རིས་སུ་སྐྱེ་བར་བྱེད་པ་དང་། དམྱལ་བ་སོགས་སུ་སངས་རྒྱས་དྲན་པའམ་མཚན་ཐོས་པས་ཀྱང་དེ་ལས་ཐར་པ་དང་ནི། ཡང་མུ་སྟེགས་ཅན་སོགས་ཐར་བའི་ཐབས་མིན་པ་དཀའ་ཐུབ་དང་བརྟུལ་ཞུགས་ངན་པ་ལ་ཞུགས་པ་རྣམས་ལམ་དེ་ལས་བསླང་སྟེ། མཐོ་རིས་ཐར་ལམ་ལ་འཇོག་པར་མཛད་པ་དང་། ཡང་བདག་དང་བདག་གིར་ལྟ་བའི་འཇིག་ཚོགས་ལ་ལྟ་བ་ཅན་རྣམས་ལ་གང་ཟག་གི་བདག་མེད་པ་བསྟན་ནས་ཉན་རང་གི་མྱང་འདས་ལ་འགོད་པའི་སྒོ་ནས་སྐྱོབ་པ་དང་། མ་ངེས་པའི་རིགས་ཅན་ཉན་རང་གི་ལམ་ལ་ཞུགས་པའམ་འཇུག་པར་འདོད་པ་རྣམས་ཐེག་པ་ཆེན་པོ་ལ་གཟུད་པས་ཐེག་པ་དམན་པ་དག་ལས་སྐྱོབ་པ་དེ་ཕྱིར་སངས་རྒྱས་ནི་གཞན་རྣམས་ཀྱི་སྐྱབས་ཀྱི་དམ་པའོ། །གསུམ་པ་ལ་དངོས་དང་སྐྱབས་མཆོག་ཡིན་པ་དང་། སྐྱབས་ཆེན་པོ་ཡིན་པ་གསུམ་ཚིགས་བཅད་རེ་རེས་བསྟན་ཏེ། གོང་དུ་བཤད་པའི་དོན་བསྡུས་ནས་སངས་རྒྱས་ཉིད་འཇིག་རྟེན་པའི་སྐྱབས་གནས་རྣམས་དང་། ཉན་རང་རྣམས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བ་འཇིག་རྟེན་འདས་པའི་སྐྱབས་གནས་དེ་བས་ཀྱང་སངས་རྒྱས་ཉིད་དེ་ནི་དེ་འདྲའི་སྐྱབས་ཀྱི་དཔེ་གཞན་མེད་པ་སྐྱབས་ཀུན་གྱི་མཆོག་ཏུ་འདོད་དེ། རྒྱུ་མཚན་ཅིའི་ཕྱིར་ན། སངས་རྒྱས་དེས་འཁོར་བ་འདིར་སྣ་ཚོགས་པའི་འཇིགས་པར་གྱུར་པ་ཉེ་བར་འཚེ་བ་ཐམས་ཅད་དང། འཇིག་ཚོགས་ལ་ལྟ་བ་སོགས་ལྟ་བ་ངན་པ་སྣ་ཚོགས་དང་། ཐེག་པ་དམན་པ་དང་། ངན་སོང་གི་འགྲོ་བ་རྣམ་པ་མང་པོ་དག་གི་སྡུགས་བསྔལ་དང་། ཐར་པའི་ཐབས་མིན་པར་ཞུགས་པའམ་སོང་བ་རྣམས་སྐྱེ་དང་འཆི་དང་དེའི་རྒྱུ་ཉོན་མོངས་དང་ལས་རྣམས་ཀུན་ལས་གཏན་དུ་སྲུང་པའི་སྐྱབས་སུ་གྱུར་པའི་ཕྱིར་རོ། ། དཔེ་ལ་ལར་ལས་ཀྱི་ཚབ་ཏུ་ངན་སོང་ཞེས་འབྱུང་བ་ལྟར་ན་ངན་སོང་དུ་སྐྱེ་འགྱུར་མཚམས་མེད་པ་དང་མི་དགེ་བཅུའི་ལས་སོགས་ལས་ཀྱི་ཀུན་ནས་ཉོན་མོངས་པར་གོ་བར་བྱ་དགོས་སོ། །སྐྱབས་མཆོག་ཡིན་པའི་རྒྱུ་མཚན་བདག་དོན་དང་གཞན་དོན་མཐར་ཐུག་པ་ཡིན་པའི་ཕྱིར་ཏེ་འདི་ལྟར་སངས་རྒྱས་པའི་དུས་ན་སྟོབས་སོགས་འབྲས་བུའི་ཆོས་རྣམས་ཀྱི་ཡོན་ཏན་ཤིན་ཏུ་རྫོགས་པའི་སྐུ་གསུམ་པོ་གང་ཡིན་པ་བདག་གི་དོན་མཐར་ཐུག་པ་དང་། གཞན་དོན་དུ་དམ་པའི་ཆོས་མདོ་སྡེ་སོགས་ཡན་ལག་བཅུ་གཉིས་ལ་སེམས་ཅན་རྣམས་འཛུད་ཅིང་ཐབས་དེས་དེ་དག་རབ་ཏུ་འདུལ་བ་ནི་ཁམས་དབང་བསམ་པ་དང་མཐུན་པར་བསྟན་པས་རྒྱུད་གྲོལ་བར་མཛད་ནུས་པའི་མཁྱེན་པ་ཐོགས་པ་མེད་པ་ནི་ཤེས་རབ་བོ།། འགྲོ་བ་ཀུན་ལ་ནམ་ཡང་མི་གཏོང་པའི་ཐུགས་བརྩེ་བའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ནི་སྙིང་རྗེ་ཆེན་པོའོ། །དེ་གཉིས་ལས་གཞན་དོན་མཐར་ཐུག་པ་མཛད་པ་ཡིན་ནོ། །དོན་གཉིས་མཐར་ཐུག་གི་ཡོན་ཏན་མངའ་བ་དེའི་ཕྱིར་སངས་རྒྱས་ཉིད་ནི་དེ་སྲིད་པ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད་དོ། །སྐྱབས་ཆེན་པོ་ཡིན་པ་ནི་ཕྱོགས་དང་དུས་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་གནོད་པ་མཐའ་དག་བཟློག་ཅིང་གཏན་དུ་ཞི་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཀུན་འབྱོར་བར་བྱ་བའི་མཐུ་མངའ་བའི་ཕྱིར། སངས་རྒྱས་ནི་སྐྱབས་ཆེན་པོ་ཉིད་དུ་འདོད་དོ། །བཞི་བ་གནས་གྱུར་པའི་ཡོན་ཏན་ལ། གནས་གྱུར་པ་ཉིད་བཤད་པ་དང་། དེ་ཁྱད་པར་འཕགས་ཚུལ་བསྟན་པ་གཉིས། དང་པོ། ཤེས་པའི་རྒྱུད་གང་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་སམ་ས་བོན་གང་ཞིག དུས་ཡུན་རིང་པོ་འཁོར་བའི་ཐོག་མ་མེད་པ་ནས་འབྲལ་མ་མྱོང་བར་རྟག་ཏུ་རྒྱུན་ཆགས་པར་ལྡན་པ་དེ་ཉིད། སྤོང་བ་ལ་ས་དང་པོ་ནས་བཅུ་པ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་ཚོགས་གཉིས་རླབས་ཆེ་བའི་རྒྱུ་ལས་བྱུང་ཞིང་རྣམ་པར་མི་རྟོག་པ་ནམ་མཁའ་མཉམ་པ་ཤིན་ཏུ་རྒྱ་ཆེན་པོ་གྱུར་པ་གང་ཞིག ས་རེ་རེ་ལ་ཡང་ཡེ་ཤེས་ཆེན་པོའི་ཆེན་པོ་སོགས་དགུ་རེ་ཡོད་པས་རྣམ་པ་ཀུན་གྱི་རང་བཞིན་དང་ལྡན་པའམ། དེ་ལྟ་བུའི་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་པའམ་སྤང་པར་གྱུར་ཅིང་། ཡུལ་ཕུང་པོ་ལྔ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་དག་གི་རང་བཞིན་དང་ཡུལ་ཅན་ཤེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་གྱུར་པའམ། ཡང་ན་ཆོས་རྣམས་ཀྱི་སྟོང་པ་དེ་བཞིན་ཉིད་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་། ཚོགས་བརྒྱད་ཡེ་ཤེས་བཞིར་གནས་གྱུར་པ་སྟེ་ལྔ་བོ་དེ་ལ་གནས་གྱུར་པ་ཞེས་བྱ་ལ། མདོར་ན་གནས་སུ་སྣང་བ་སྣོད་དང་། དོན་དུ་སྣང་བ་རྣམ་ཤེས་ཚོགས་བརྒྱད་དང་ལུས་སུ་སྣང་བ་དང་བཅས་པའི་མ་དག་པའི། སྣང་བ་ཐམས་ཅད་ཡེ་ནས་རང་བཞིན་གྱིས་དེ་ཁོ་ན་ཉིད་དུ་གནས་མོད་ཀྱི། སྒྲིབ་པ་གཉིས་ཀྱིས་བསྒྲིབས་ནས་དེའི་རང་བཞིན་ཇི་ལྟ་བ་བཞིན་མ་མཐོང་བ་ལམ་གྱིས་སྤངས་ཏེ། རྣམ་པར་དག་པས་ཁྱད་པར་དུ་བྱས་པའི་སྣང་བ་རབ་འབྱམས་མུ་མེད་པ་ནི་གནས་འགྱུར་པ་ཞེས་བྱ་སྟེ། ཇི་ལྟ་བ་ཉིད་ཀྱི་དབང་དུ་བྱས་ན་གཟུང་འཛིན་གཉིས་ཆོས་མེད་པར་མཉམ་པ་ཉིད་ལས་མ་གཡོས་བཞིན་དུ། ཇི་སྙེད་པའི་དབང་དུ་བྱས་ནས་ཤེས་བྱ་ཐམས་ཅད་སྒྱུ་མའི་སྣང་བ་ལྟར་མ་འདྲེས་པར་སྣང་ཡང་རིས་ཆད་ཀྱི་མཚན་མ་མེད་པ་མཉམ་པའོ། ། དེ་ལྟར་གནས་གྱུར་པ་དེ་ནི་ཟག་པ་མེད་པའི་ཆོས་དཀར་གྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་སོགས་ཉན་རང་ལ་མེད་པས་མཆོག་རབ་ཏུ་གྱུར་པ་ལྡན་པ་ཐོབ་པ་དེ་ནི་སངས་རྒྱས་ཞེས་བྱའི་ངོ་བོ་ཉིད་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་བཞག་ཏུ་རྣམ་པར་མི་རྟོག་པ་རབ་ཏུ་དག་པའམ་ཤིན་ཏུ་དག་པས་ཆོས་ཐམས་ཅད་ནམ་མཁའི་ངོས་ལྟར་དམིགས་པ་མེད་པར་རྟོགས་པ་དང་། རྗེས་ཐོབ་ཏུ་ཤེས་བྱ་མཐའ་ཡས་པ་སྣང་ཡང་སྒྱུ་མ་ལ་སོགས་པ་བཞིན་དུ་མཐོང་བའི་ཤིན་ཏུ་ཡུལ་ཆེན་པོའི་ཡེ་ཤེས་ཞེས་སམ་དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་གཉིས་བསྒོམ་པའི་ལམ་གྱིས་ཐོབ་པ་ཡིན་ནོ། ། སངས་རྒྱས་པའི་དུས་ན་མཉམ་རྗེས་ཐ་དད་དུ་མེད་དེ་རང་བྱུང་ངམ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་དུས་གཅིག་ཏུ་གཟིགས་པ་ཡིན་ནོ། །གཉིས་པ་ལ་སངས་རྒྱས་ཀྱི་གནས་གྱུར་དེ་ཉན་རང་གི་གནས་གྱུར་ལས་ཁྱད་པར་འཕགས་ཚུལ་དང་། དེའི་རབ་དབྱེ་བཅུ། བཤད་པ་གཉིས། དང་པོ། ཆོས་ཀྱི་དབྱིངས་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པའམ་གཤེགས་པས་དེ་བཞིན་གཤེགས་པ་སངས་རྒྱས་དེ་ནི་གནས་གྱུར་པ་ཟག་མེད་ཀྱི་དབྱིངས་དེར་བཞུགས་ནས། དཔེར་ན་རི་ཡི་དབང་པོ་རིའི་རྒྱལ་པོ་རི་རབ་ཀུན་ནས་མཐོ་བ་དེའི་སྟེང་ནས་ཕྱོགས་བཅུར་བལྟས་ན། ཉེ་བ་དང་རིང་བའི་གཟུགས་བཟང་ངན་ཀུན་མཐོང་བ་ལྟར། དེ་བཞིན་གཤེགས་པ་དེ་ནི་ཉན་རང་གི་གནས་གྱུར་ལས་འཕགས་ཤིང་མཐོ་བ་སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པ་རི་དབང་མཐོ་བ་ཡི་སྟེང་ན་བཞུགས་བཞིན་དུ་འགྲོ་བ་ཀུན་ལ་ཐུགས་ཆེན་པོས་གཟིགས་པར་མཛད་དེ། བདག་དོན་མྱང་འདས་ཞི་བ་མངོན་པར་དགའ་བའི་འགྲོ་བ་ཉན་རང་ལའང་ཐུགས་རྗེའམ་སྙིང་རྗེ་ཆེན་པོ་མཛད་དེ། ཉན་རང་དེ་དག་འཁོར་བ་ཐོག་མ་མེད་པ་ནས་གཉེན་དུ་གྱུར་པའི་སེམས་ཅན་གྱི་དོན་མ་བྱས་པར་སྙིང་རྗེ་ཆེན་པོ་སྤངས་པ་དང་། ཆོས་ལ་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་བྲལ་བས་ཤེས་བྱའི་སྒྲིབ་པ་སྤངས་མ་ནུས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་པའི་ཕྱིར་དེ་དག་ལ་ཡང་ཐུགས་རྗེ་བ་མཛད་ན། སྡུག་བསྔལ་གྱི་གནས་སྲིད་པ་ལ་མངོན་པར་དགའ་བའི་སྐྱེ་བོ་གཞན་འཁོར་བ་པ་རྣམས་ལ་ཐུགས་བརྩེ་བ་ལྟ་ཅི་སྨོས་ཏེ་དེ་དག་སྡུག་བསྔལ་གསུམ་ལས་མ་ཐར་བའི་ཕྱིར་རོ། །གཉིས་པ་སངས་རྒྱས་ཀྱི་གནས་གྱུར་བའི་ཡོན་ཏན་གྱི་རྣམ་གྲངས་དབྱེ་བ་ནི། གནས་ལ་ཞེས་པ་སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པ་དེ་ལ་ཁྱད་པར་འཕགས་པའི་ཡོན་ཏན་ཡོད་དེ་གང་ཞེ་ན་རྟག་ཏུ་སེམས་ཅན་གྱི་དོན་འབའ་ཞིག་མཛད་པས་གཞན་དོན་ལ་འཇུག་པ་དང་། གནས་གྱུར་དེ་འཇིག་རྟེན་པ་དང་འཇིག་རྟེན་འདས་པ་ཉན་རང་གི་གནས་གྱུར་སོགས་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་རབ་ཏུ་འཇུག་པ་དང་། སོ་སོའི་སྐྱེ་བོ་རྣམས་ལ་ཉོན་མོངས་སྐྱེ་བའི་རྒྱུ་ནི། ཡུལ་ཉེ་བར་གནས་པ་དང་། ཚུལ་བཞིན་མིན་པ་ཡིད་བྱེད་དང་། ཉོན་མོངས་པའི་བག་ཉལ་མ་སྤངས་པ་གསུམ་ཡིན་ལ། སངས་རྒྱས་ཀྱི་གནས་གྱུར་ནི་ནམ་ཡང་ཉོན་མོངས་པ་སྐྱེ་བའི་རྒྱུ་ལ་མི༵་འཇུག་པ་དང༵་། གནས་གྱུར་པ་དེ་ཐོབ་ནས་ནམ་ཡང་ཉོན་མོངས་པ་རྣམས་དང་མི་དགེ་བའི་སྤྱོད་པ་རྣམས་ལ་བདག་ཉིད་འཇུག་མི་སྲིད་པས་དེ་ལས་ལྡོག་པ་དང༵་། གནས་གྱུར་པ་དེ་དུས་ལན་གཅིག་ན་ཐོབ་པ་དེ་འཁོར་བའི་མཐའི་བར་དུ་ཉམས་པ་མི་སྲིད་པ་དུས་ཀུན་ཏུ་ཆད་པ་མེད་པར་འཇུག་པས་ཀུན༵་འཇུག༷་དང༵་། ཡང་ན་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཆོས་ཀུན་ལ་འཇུག་པས་ཀུན་འཇུག་ཞེས་ཀྱང་ངོ་། །ཡང་གཉིས༵་དང༵་ཞེས་པ་ཐོག་མར་མངོན་པར་བྱང་ཆུབ་པ་སྟོན་པ་དང་མཐར་མྱ་ངན་ལས་འདས་པར་སྟོན་པ་གཉིས་ལ་འཇུག་པ་སྟེ། སངས་རྒྱས་ནས་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་སངས་རྒྱས་མཆོག་གི་སྤྲུལ་སྐུས་འདུལ་བ་ལ་བྱང་ཆུབ་ཆེན་པོའི་ཚུལ་དུས་ཀུན་ཏུ་སྟོན་པའི་ཕྱིར་རོ། ། དོན་དམ་པར་དེ་གཉིས་སུ་འཇུག་པ་མེད་དེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པས་མི༵་གཉི༵ས་པར་འཇུག་པ་ད༵ང་། ཡང་ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་རྣམ་གྲོལ་ཙམ་གྱི་ཆ་ནས་ཉན་རང་དང་ཆ་འདྲ་བའམ་མཉམ་པ་དང་། བྱེ་བྲག་ཏུ་སངས་རྒྱས་ཀྱི་གནས་གྱུར་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱིས་ཉན་རང་ལས་ཁྱད༵་པར་འཕ༵གས་པ་དང་། ཀུན་ཏུ་འགྲོ་བ་ནི་སེམས་ཅན་རྣམས་ལ་རང་རང་སོ་སོའི་རིགས་དང་དབང་པོ་མོས་པ་དང་འཚམས་པར་ཐེག་པ་གསུམ་གྱི་ཆོས་སྟོན་པས་ཐེག་པ་ཀུན༵་འགྲོ༵འི་བད༵ག་ཉིད༵་དེ། དེ་ལྟར་རྣམ་གྲངས་བཅུ་ཡི་ཚུལ་བཤད་པ་འདི་ལྟ་བུ་ནི༵། དེ༵་བཞི༵ན་གཤེ༵གས་པ༵་རྣ༵མས་ཀྱི་གནས་ཡོང༵ས་སུ་གྱུར༵་པ་ཡིན་པར་འདོ༵ད་དོ། །དེའི་ཕྱིར་སངས་རྒྱས་ཀྱི་གནས་གྱུར་དེ་ནི་ཡོན་ཏན་རབ་དང་ལྡན་པ་དང་། གཉེན་པོའི་ཆོས་ཐམས་ཅད་ལ་འཇུག་པས་རྒྱ་ཆེར་འཇུག་པར་རིག་པར་བྱའོ། །ལྔ་པ་ཀུན་དུ་ཁྱབ་པའི་ཡོན་ཏན་ལ། དངོས་དང་དོགས་སྤོང་གཉིས། དང་པོ་དུས་དང་ཕྱོགས་ཀྱི་དངོས་པོ་ཀུན་ལ་ཁྱབ་པའི་ཚུལ་ནི། ཇི་ལྟར་ནམ་མཁའ་ནི་དུས་གསུམ་པོ་རྟག་ཏུ་ཀ་བུམ་སོགས་དངོས་པོ་ཀུན་ལ་རྗེས་སུ་སོང་བར་འདོད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཟག་པ་མེད་པ་སངས་རྒྱས་ཀྱི་གནས་གྱུར་པ་དེ་ཡང་འདས་མ་འོངས་ད་ལྟའི་དུས་རྟག་ཏུ་དེ་དང་དེའི་དུས་ཀྱི་དངོས་པོ་ཀུན་ལ་རྗེས་སུ་སོང་བར་འདོད་དེ། དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་མི་འདའ་ཞིང་དབྱིངས་དེ་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་པའི་དུས་དང་སྔར་གྱི་གནས་སྐབས་ལ་ངོ་བོའི་སྒོ་ནས་ཁྱད་མེད་པས་སོ། ། ཇི་ལྟར་ནམ་མཁའ་ནི་གཟུགས་སུ་གྱུར་པ་རིང་ཐུང་དཀར་དམར་བཟང་ངན་བར་མ་ཐམས་ཅད་ལ་ཁྱད་མེད་པར་ཁྱབ་ཅིང་ཀུན་ཏུ་སོང་བ་དེ་བཞིན་སངས་རྒྱས་ཀྱི་དབྱིངས་དེ་ཡང་སེམས་ཅན་བཟང་ངན་བར་མའི་ཚོགས་ཀུན་གྱི་རྒྱུད་ལ་ཁྱབ་ཅིང་དེའི་ཆོས་ཉིད་ཀྱི་རང་བཞིན་དུ་རྗེས་སུ་སོང་བ་ཡིན་ཏེ། སངས་རྒྱས་ནི་ཆོས་ཀྱི་དབྱིངས་གློ་བུར་བའི་དྲི་མས་ཤིན་ཏུ་རྣམས་པར་དག་པའི་རང་བཞིན་ཡིན་ལ། ས་དང་པོ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་རྟོགས་པའི་དུས་ན་བདག་དང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་སྟེ། བདག་གང་ཡིན་པ་སེམས་ཅན་ཡང་དེ་ཡིན་ལ། སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་པས་ཁྱད་མེད་པར་མཉམ་པ་ཉིད་ཁོང་དུ་ཆུད་པ་དེས་ས་བཅུར་རིམ་གྱིས་བསྒོམ་པ་རྫོགས་པ་སངས་རྒྱས་ཀྱི་ས་ཐོབ་པའི་དུས་ན་སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་བདག་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་དུ་ཐུགས་སུ་ཆུད་པ་ཡོངས་སུ་རྫོགས་པ་ཡིན་པས་སེམས་ཅན་གྱི་ཚོགས་ཐམས་ཅད་དུ་སོང་བ་ཞེས་བྱའོ། །གཉིས་པ་དོགས་པ་སྤངས་པ་ནི། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ཐམས་ཅད་ལ་རྗེས་སུ་སོང་ཞིང་ཁྱད་མེད་ན་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་ཀྱི་ཆོས་ཉིད་སངས་རྒྱས་ཀྱི་རང་བཞིན་ཡང་རྟག་ཏུ་མཐོང་བ་དང་། སངས་རྒྱས་གཟུགས་ཀྱི ་སྐུ་ཡང་ཅིས་མི་མཐོང་ཞེ་ན། དེ་ནི་སེམས་ཅན་རྣམས་ཀྱི་རྒྱུད་སྒྲིབ་པས་བསྒྲིབས་ནས་སངས་རྒྱས་མཐོང་བའི་སྣོད་མ་ཡིན་པར་བསྟན་པ་ནི། དཔེར་ན་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་ཡོད་དུ་ཟིན་ཀྱང་། ཇི་ལྟར་ཆུ་ཡི་སྣོད་ཆག་སྟེ་ཆུ་མེད་པར་གྱུར་ན། ཟླ་བའི་གཟུགས་བརྙན་མི་སྣང་བ་དེ་བཞིན་དུ་སེམས་ཅན་གྱི་རྒྱུད་དེར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་ཤིང་། ཉོན་མོངས་དང་མི་དགེ་བའི་ལས་བྱས་པའི་སྒྲིབ་པ་དང་ལྡན་པའི་ངན་པ་དག སྣོད་ཆག་པ་ལ་ཆུ་མེད་པ་ལྟར་སེམས་དད་པ་དང་ཏིང་ངེ་འཛིན་གྱི་ཆུ་དྭང་བ་ལྟ་བུ་མེད་པས། སངས་རྒྱས་ཀྱི་རང་བཞིན་དང་གཟུགས་ཀྱང་མི་སྣང་ངོ་རཱུ་པ་ཞེས་པ་རང་བཞིན་དང་གཟུགས་གཉིས་ཀ་ལ་འཇུག་གོ ། དེའི་ཕྱིར་སངས་རྒྱས་ཀྱི་གཟུགས་སྐུ་མཐོང་བ་དང་མི་མཐོང་བ་ནི་སངས་རྒྱས་ཐམས་ཅད་དུ་མ་ཁྱབ་པས་མིན་གྱི། སངས་རྒྱས་མཐོང་བའི་ཚོགས་བསགས་པའི་གདུལ་བྱ་གང་ན་ཡོད་པར་སྣང་ཞིང་། དེ་མེད་ན་མི་སྣང་བ་ནི་ཇི་ལྟར་མེ་ནི་གཞན་བུད་ཤིང་ཡོད་པ་དེ་ཉིད་དུ་འབར་ཞིང་། གཞན་བུད་ཤིང་མེད་པ་དེ་ཉིད་དུ་མེ་ཞི་བར་འགྱུར་ཏེ་མི་འབར་པ་ལྟར། དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་སྐུ་རྣམས་ལ་ཡང་། གདུལ་བྱ་ཡོད་པ་ལ་ལར་སངས་རྒྱས་པ་དང་འཚོ་གཞེས་ཏེ་སྣང་བ་དང་། གདུལ་བྱ་མེད་པའི་ཡུལ་དང་དུས་དེར་མྱ་ངན་ལས་འདས་ནས་མི་སྣང་པར་ཤེས་པར་བྱའོ། ། དྲུག་པ་སངས་རྒྱས་ཀྱི་མཛད་པ་རྟོག་མེད་ལྷུན་གྱིས་གྲུབ་པར་འཇུག་ཚུལ་ཇི་ལྟར་རྔ་དག་སོགས་ཀྱིས་བསྟན་ཏེ། ཆོས་སྟོན་པ། མཛད་པ་སྣ་ཚོགས་སྟོན་པ། རྒྱུན་མི་འཆད་པ་སྐྱེ་འབྲིར་སྣང་ཚུལ་བཞིན་ཚིགས་བཅད་བཞིས་བསྟན་ཏེ། ཉན་ཐོས་རྣམས་བདག་དོན་དུ་འབད་རྩོལ་དང་བཅས་ནས་མྱ་ངན་འདས་ཚེ་བྱ་བ་རྒྱུན་འཆད་ལ། སངས་རྒྱས་ཀྱི་གཞན་དོན་མཛད་པ་ནི་འབད་རྩོལ་གྱི་རྟོག་པ་མེད་པར་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་ཡིན་པས་ཁྱད་ཞུགས་པ་སྟེ། ཇི་ལྟར་ལྷའི་བསོད་ནམས་ལས་གྲུབ་པའི་རྔ་བོ་ཆེ་དག་ནི་ནམ་བརྒྱ་བྱིན་འདོད་ཡོན་ལྔ་ལ་འཇུག་པ་ན་སུས་ཀྱང་མ་བརྡུང་བར་འདོད་པ་ལྔ་ལ་དགའ་བར་འགྱུར་བ་དང་རྗེས་སུ་མཐུན་པའི་སྒྲ་འབྱུང་ངོ་། །ནམ་འདོད་ཡོན་ལས་ལྡོག་པར་འགྱུར་ན་འདོད་ཡོན་ལྔ་ལས་ཕྱིར་ལྡོག་པ་དང་རྗེས་སུ་མཐུན་པའི་སྒྲ་འབྱུང་བ་དང་། ལྷ་མིན་ལས་རྒྱལ་བའི་ཚེ་ལྷ་རྣམས་རྒྱལ་བའི་སྒྲ་དང་། བག་མེད་པ་ལ་མི་རྟག་པ་སོགས་ཀྱི་སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། དེ་བཞིན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཟག་པ་མེད་པའི་དབྱིངས་སུ་བཞུགས་ཏེ་རྣམ་རྟོག་མི་མངའ་བ་རྣམས་ལ། གང་ཟག་འདི་དང་འདི་ལ་ཆོས་འདི་དང་འདི་བསྟན་པར་བྱའོ་སྙམ་པའི་རྣམ་རྟོག་གི་གཟོ་བ་འམ་འབད་རྩོལ་མེད་པར། སོ་སོའི་བསམ་པ་དང་མཐུན་པའི་ཆོས་སྣ་ཚོགས་བཤད་པ་དག་ནི་ཀུན་ཏུ་འབྱུང་ངོ་། །ཇི་ལྟར་ནོར་བུ་རིན་པོ་ཆེ་ལ་འབད་རྩོལ་མེད་པར་རང་གི་འོད་ནི་ཕྱོགས་ཀུན་ཏུ་སྟོན་པ་ལྟར། སངས་རྒྱས་རྣམས་ཀྱང་སེམས་ཅན་གྱི་དོན་མཛད་པ་ལ་འདི་དང་འདི་བྱའོ་ཞེས་ཀུན་སློང་གི་གཟོ་བའམ་རྟོག་པ་མེད་པར། ནོར་བུ་དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་གདུལ་བྱའི་དོན་དུ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ངེས་པར་སྟོན་ཏོ། །ཇི་ལྟར་ནམ་མཁའ་ནི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་པ་དང་། སེམས་ཅན་རྣམས་ཀྱི་འགྲོ་འདུག་སོགས་ཀྱི་བྱ་བ་རྒྱུན་མི་འཆད་པར་སྣང་བ་དེ་བཞིན་དུ་སངས་རྒྱས་རྣམས་ཟག་པ་མེད་པའི་ཆོས་དབྱིངས་རྣམ་པར་དག་པའི་གནས་ལ་གནས་ན་ཡང་། དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུར་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྒྱལ་བའི་མཛད་པ་རྒྱུན་མི་འཆད་དོ། ། རྒྱུན་མི་འཆད་པ་ཡིན་ཡང་གདུལ་བྱའི་དབང་གིས་སངས་རྒྱས་ཀྱི་མཛད་པ་འཇུག་མི་འཇུག་གི་སྐྱེ་འབྲིར་སྣང་བ་ནི། ཇི་ལྟར་ནམ་མཁའ་འདི་ལ་དུས་རྟག་ཏུ་ནི། ཕྱི་དང་ནང་གི་དངོས་པོ་སྐྱེ་བ་དང་གནས་པའི་བྱ་བ་འགའ་ཞིག་ཉམས་ཏེ་ནགས་དང་ཁང་ཁྱིམ་སོགས་ཚིག་པ་དང་། སེམས་ཅན་འཆི་བ་ལྟ་བུ་སྔར་ཡོད་ཉམས་ཤིང་། ཡང་ཕྱི་ནང་གི་དངོས་པོ་གཞན་གསར་དུ་འབྱུང་བ་ལྟར། དེ་བཞིན་ཟག་མེད་དབྱིངས་ན་ཡང་། སངས་རྒྱས་གཟུགས་སྐུ་འཇིག་རྟེན་ཏུ་སྤྲུལ་བ་སོགས་ཀྱི་ཕྲིན་ལས་ཀྱང་གདུལ་བྱའི་དབང་གིས་གསར་ཏུ་སྐྱེ་ཞིང་སྔར་ཡོད་འབྲི་བར་སྣང་བ་ཡིན་ནོ། །དྲུག་པ་སངས་རྒྱས་ཀྱི་དབྱིངས་ཟབ་པའི་ཚུལ། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། ཞེས་སོགས་ཚིགས་བཅད་བཅུ་དྲུག་གིས་བསྟན་པ་འདི་ལ་དོན་གསུམ་སྟེ་མཚན་ཉིད་ཟབ་པ། གནས་པ་ཟབ་པ། ལས་ཟབ་པ་གསུམ་ལས། དང་པོ་ལ་ཡང་བཞི་སྟེ་རྣམ་པར་དག་པའི་མཚན་ཉིད། བདག་མཆོག་ཏུ་གྱུར་པའི་མཚན་ཉིད། ལུང་དུ་བསྟན་བྱ་མིན་པའི་དངོས་པོའི་མཚན་ཉིད། རྣམ་པར་གྲོལ་བའི་མཚན་ཉིད་བཞི་རིམ་བཞིན་ཚིགས་བཅད་རེ་རེས་བསྟན་ཏེ། དང་པོ་རང་བཞིན་རྣམ་པར་དག་པའི་དེ་བཞིན་ཉིད་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ནས་སངས་རྒྱས་ཀྱི་བར་དུ ། སྔ་མ་དང་ཕྱི་མར་ཁྱད་མེད་དེ། སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ནི་ནམ་ཡང་རང་གི་ངོ་བོ་ལ་འགྱུར་བ་མེད་ཀྱང་། གློ་བུར་གྱི་སྒྲིབ་པ་ཀུན་གྱི་དྲི་མ་མེད་པ་ཡི་དེ་བཞིན་ཉིད་ནི་སངས་རྒྱས་ཞེས་འདོད་ཀྱི། གློ་བུར་གྱི་དྲི་མ་དང་བཅས་པའི་ཚེ་ན་སངས་རྒྱས་ཀྱི་དབྱིངས་ཞེས་མི་བྱ་བས། རང་བཞིན་གྱིས་དག་པ་ནི་གདོད་ནས་དག་པ་ཡིན་ཀྱི་གསར་དུ་དག་པའང་མ་ཡིན་ལ་ཕྱིས་སུ་གློ་བུར་གྱི་དྲི་མས་མ་དག་པའང་མིན་པ་དེས་ན་རྣམ་པར་དག་པའི་མཚན་ཉིད་ཟབ་སྟེ། གདོད་ནས་དྲི་མ་མེད་དེ་དག་ན་སེམས་ཅན་རྣམས་ཀྱང་སངས་རྒྱས་སུ་ཅིས་མི་འགྱུར་སྙམ་པ་དང་། ཕྱིས་སུ་དྲི་མ་དག་པའི་དུས་ཁོ་ནར་སངས་རྒྱས་ཡིན་ན་གདོད་ནས་རང་བཞིན་གྱིས་དག་པ་མ་ཡིན་སྙམ་དུ་ཤེས་རབ་ཆུང་བས་ཁོང་དུ་ཆུད་དཀའ་བའོ། །གཉིས་པ། སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ནི་རང་སྣང་གློ་བུར་གྱི་དྲི་མས་རྣམ་པར་དག་པ་ན། གང་ཟག་དང་ཆོས་ཀྱི་བདག་གཉིས་པོ་མེད་པ་དངོས་པོའི་རང་བཞིན་ནམ་གནས་ལུགས་མཆོག་གི་བདག་ཉིད་དམ་རང་བཞིན་ནམ་ངོ་བོ་ཉིད་ཐོབ་པས་ན། སངས་རྒྱས་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཐོབ་པའི་ཕྱིར། དངོས་པོའི་ཡིན་ལུགས་མ་ནོར་བ་དེ་བཞིན་ཉིད་བདག་ཉིད་ཆེན་པོའི་བདག་ཏུ་འགྱུར་རོ་ཞེས། བདག་གཉིས་སུ་འཛིན་པའི་ཞེན་ཡུལ་ནི་བདག་མ་ཡིན་ཏེ་དངོས་པོ་ལ་མེད་པའི་ཕྱིར་རོ། །བདག་གཉིས་མེད་པའི་དེ་བཞིན་ཉིད་ཡོད་མེད་ཀྱི་མཐའ་དང་བྲལ་བ་ནི་གནས་ལུགས་མ་ནོར་བ་ཡིན་པས་དེ་མངོན་དུ་བྱས་པ་ནི་བདག་མཆོག་སྟེ་བདག་ཉིད་ཆེན་པོའི་བདག་ཅེས་བྱའོ་ཞེས་སོ། །གསུམ་པ་དེ་ཕྱིར་སངས་རྒྱས་ནི་གང་ཟག་དང་ཆོས་ཀྱི་རང་བཞིན་གྱི་རྣམ་པས་ཡོད་པ་མིན་ཞིང་། དེ་བཞིན་ཉིད་སྤྲོས་པ་ལས་འདས་པའི་རང་བཞིན་དུ་མེད་པར་ཡང་ནི་མི་བརྗོད་དེ། གཉིས་ཆོས་ལ་བརྟེན་པའི་བློས་ཐ་སྙད་དུ་གང་ཟག་གི་རྒྱུད་ཉི་ཚེ་བ་སངས་རྒྱས་སུ་བཟུང་ནས། སངས་རྒྱས་མྱ་ངན་ལས་འདས་ནས་སླར་འབྱུང་ངམ་མི་འབྱུང་བ་གང་ཡིན་ཞེས་དང་སངས་རྒྱས་འདས་ནས་དེ་ཕན་ཆད་ཡོད་དམ་མེད་ཅེས་དེ་ལྟར་མཐའ་གཉིས་སུ་རྟོག་པའི་སྒོ་ནས་སངས་རྒྱས་ལ་དེ་སྐད་ཞུ་ཞིང་འདྲི་ན་གང་དུའང་ལུང་མ་བསྟན་པའི་ཚུལ་དུ་འདོད་དེ། སངས་རྒྱས་ཡོད་མེད་ཀྱི་མཐའ་ལས་འདས་པ་དང་། འབྱུང་མི་འབྱུང་གི་ཐ་སྙད་བྱར་མེད་པས་སོ། ། གལ་ཏེ་སྤྲུལ་པའི་སྐུ་འཇིག་རྟེན་དུ་སླར་འབྱུང་མི་འབྱུང་དྲི་ན་གདུལ་བྱ་གང་ན་ཡོད་པའི་ཡུལ་དུས་སུ་ཡང་ཡང་འབྱུང་བ་སེམས་ཅན་གྱི་མཐའ་སྲིད་དུ་ཡོད་ཀྱང་། དེ་ནི་སེམས་ཅན་ཤི་ནས་འབྱུང་བ་དང་ཚུལ་མི་འདྲ་ལ། སེམས་ཅན་བཀྲོང་ཕན་ཆད་འབྱུང་མི་འབྱུང་འདྲི་བ་རྣམས་ཀྱིས་སེམས་ཅན་ཕལ་པ་རྣམས་ཤི་ནས་སྐྱེ་བ་ལེན་པ་ལྟ་བུ་ལ་བསམས་ནས་སངས་རྒྱས་སླར་འབྱུང་མི་འབྱུང་དྲི་བ་ཡིན་པས་སངས་རྒྱས་ལ་སྐྱེ་བ་དང་འབྱུང་བ་རང་མཚན་པ་མེད་དེ་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་དེ་བཞིན་ཉིད་ཀྱི་ངོ་བོས་གནས་ན་རྣམ་པར་གྲོལ་བའང་དེ་དང་འདྲ་བར་ཟབ་སྟེ། ཇི་ལྟར་ལྕགས་མེས་བསྲེགས་པའི་ཚ་བ་ཞི་བ་དང་། མིག་ལ་རབ་རིབ་ཞི་བ་ལྟར་ཞེས་པ། ལྕགས་བསིལ་བ་ལ་ཚ་བ་ཞི་བ་ཡོད་ཅེས་མི་བརྗོད་དེ་ད་ལྟ་ལྕགས་བསིལ་བཞིན་པ་དེའི་དུས་སུ་ཚ་བ་སྔར་འགགས་ནས་མེད་ན་དེ་ཞི་བའང་ཇི་ལྟར་ཡོད་དེ་མོ་གཤམ་བུ་ཤི་བ་བཞིན་ནོ། །ཚ་བ་ཞི་བ་མེད་ཅེས་མི་བརྗོད་དེ་དེའི་ཚེ་ཚ་བ་མ་ཞི་ན་ཚ་བ་ཡོད་པར་བགྱུར་བས་སོ། ། དེ་བཞིན་མིག་ལ་རབ་རིབ་ཡོད་མེད་ཀྱང་དེ་དང་འདྲའོ། །དེ་དཔེ་དང་འདྲ་བར་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་སེམས་ལྕགས་ལྟ་བུ་ལ། འདོད་ཆགས་ཀྱི་མེ་ཚ་བ་འདྲ་བ་ཞི་བ་དང་། སངས་རྒྱས་ཀྱི་ཤེས་རབ་རྣམ་པར་གྲོལ་བའི་ཡེ་ཤེས་མིག་དང་འདྲ་བ་ལ་མ་རིག་པ་རབ་རིབ་འདྲ་བ་ཞི་བ་ནི་ཡོད་པ་དང་མེད་པ་གང་དུའང་མི་བརྗོད་དོ། །ནམ་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་དུས་ན་འདོད་ཆགས་ཀྱི་ཚ་བ་དང་མ་རིག་པའི་རབ་རིབ་སྔར་འགགས་པ་ད་ལྟ་མེད་པའི་ཕྱིར་དེ་ཞི་བ་ཡོད་པར་མི་བརྗོད་དོ། །མེད་པར་ཡང་མི་བརྗོད་དེ། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་སྔ་མའི་རྗེས་སུ་ཡོད་པས་སོ། །འདི་མ་དག་པ་དང་དག་པའི་གནས་སྐབས་ཀྱི་སེམས་ཀྱི་རྒྱུན་ལ་བསམས་ནས་སྤངས་པ་དང་རྣམ་པར་གྲོལ་བ་ཞེས་བརྗོད་ཀྱི། དེ་བཞིན་ཉིད་ཀྱི་ངོ་བོས་གཞ ལ་ན་ཡེ་ནས་གྲོལ་བ་བཞིན་སངས་རྒྱས་ཀྱི་སར་མངོན་དུ་བྱས་པའི་ཚེ་གསར་དུ་གྲོལ་བའང་མེད་དོ། ། མཐོང་བསྒོམ་གྱིས་སྤང་བྱའི་ཉོན་མོངས་རྣམས་དང་བྲལ་བ་སེམས་རྣམ་པར་གྲོལ་བ་ཞེས་དང་། རྣམ་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་ཡང་དག་པར་ཤེས་པར་ཤེས་རབ་རྣམ་གྲོལ་ལོ་ཞེས་འགྲེལ་བར་གསུངས། ཤེས་སྒྲིབ་སྤངས་པས་ཤེས་རབ་རྣམ་གྲོལ་ཞེས་བྱས་ཀྱང་རུང་སྟེ། དོན་ལ་སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་སོ། །གཉིས་པ་གནས་པ་ཟབ་པ་ནི། ཟག་པ་མེད་པའི་དབྱིངས་ན་བཞུགས་པའི་སངས་རྒྱས་རྣམས་ནི་ནམ་མཁའ་ལྟར་དེ་བཞིན་ཉིད་ཆོས་ཀྱི་སྐུར་གཅིག་པས་ན་སོ་སོར་རིས་སུ་ཆད་པའི་ལུས་ནི་མེད་ཅིང་བདག་ཏུ་འཛིན་པའང་མེད་པའི་ཕྱིར་སངས་རྒྱས་ཐ་དད་པ་མང་པོ་ཉིད་མ་ཡིན་ལ། སྔོན་གྱི་དུས་ན་མོས་པའི་སྤྱོད་པའི་ས་ནས་ས་བཅུ་པ་ལ་ཐུག་གི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་སོ་སོའི་ལུས། ཐ་དད་པ་དུ་མ་ཡོད་པ་ཉིད་ཀྱི་རྗེས་སུ་འབྲང་བའི་སྒོ་ནས་དེ་དང་དེའི་ཐོབ་པའི་འབྲས་བུའི་སངས་རྒྱས་ཞེས་ཐ་སྙད་བཏགས་པའི་ཕྱིར་སངས་རྒྱས་གཅིག་ཀྱང་མིན་ནོ། །དེའི་ཕྱིར་སངས་རྒྱས་གཅིག་དང་དུ་མར་གྱུར་པ་ཟག་མེད་ཀྱི་དབྱིངས་ལ་གནས་པའི་ཚུལ་རྟོགས་དཀའ་བས་ཟབ་པ་ཡིན་ནོ། །གསུམ་པ་ལས་ཟབ་པ་ལ། བྱང་ཆུབ་ཀྱི་ཕྱོགས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ལས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་དང་། མཐར་ཐུག་པར་འགྲོ་བའི་ལས་དང་། ཆོས་བསྟན་པའི་ལས་དང་། སྤྲུལ་པ་སོགས་ཀྱི་ལས་དང་། ཡེ་ཤེས་འཇུག་པའི་ལས་དང་། རྣམ་པར་མི་རྟོག་པའི་ལས་དང་། རྣམ་པ་སྣ་ཚོགས་ཅིག་ཆར་མཐོང་བའི་ལས་དང་། ཡེ་ཤེས་མི་འཇུག་པའི་ལས་དང་། རྣམ་གྲོལ་མཚུངས་ཀྱང་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་དང་རྣམ་པ་བཅུ་བཤད་ནས། ཟབ་པ་གསུམ་གྱི་མཇུག་སྡུད་ཚིགས་བཅད་གཅིག་བཅས་སོ། ། དང་པོ། །སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་དེ་ཡི་འབྱུང་གནས་ཀྱི་ལས་བྱེད་པས་བྱང་ཆུབ་ཆེན་པོ་ནི་རིན་ཆེན་སྣ་ཚོགས་ཀྱི་འབྱུང་གནས་བཞིན་ནོ། ། གཉིས་པ། འགྲོ་བའི་རྒྱུད་ལ་ཕར་ཕྱིན་དྲུག་གི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པ་ལ། དཔེར་ན་སྤྲིན་ཆེན་པོ་ལས་ཆར་འབེབ་པ་དང་ཡང་འདྲ་བར་བསྟན་ཏོ། །གསུམ་པ་སངས་རྒྱས་ཀྱི་ས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་རྫོགས་པ་མཐར་ཕྱིན་པའི་ཕྱིར་ཟླ་བ་ཉ་བ་ལྟ་བུར་འདོད་དེ། ཟླ་བ་ཉ་བ་ན་ཆ་མ་རྫོགས་པ་ཅུང་ཟད་མེད་པར་ཡོངས་སུ་རྫོགས་པ་ལྟར་མཐར་ཐུག་པར་འགྲོ་བའི་ལས་སོ། །བཞི་པ་ཆོས་བསྟན་པའི་ལས་ནི། སངས་རྒྱས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་བསྟན་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་སེམས་རྒྱུད་ལ་ཡང་དག་པའི་དོན་མཐོང་བའི་སྣང་བ་བྱེད་པའི་ཕྱིར། ཉི་མ་ཆེན་པོ་འདྲ་བར་འདོད་ཅེས་གསུངས་ཏེ་གླིང་བཞི་པའི་འཇིག་རྟེན་གཅིག་ན་ཉི་མ་གཅིག་ལས་མེད་པས་དེ་ལ་ཆེ་ཆུང་མེད་ཀྱང་། སངས་རྒྱས་ཀྱི་ཉི་མས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་མེད་སྣང་བར་བྱེད་པས་ན་དེ་འདྲའི་ཉི་མ་ཆེན་པོ་ཞེས་སྔོན་མེད་ཀྱི་དཔེ་ལྟ་བུར་བརྗོད་པའོ། །ལྔ་པ་སྤྲུལ་པ་སོགས་ཀྱི་ལས་ནི། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་ཆ་ལས་བྱུང་བའི་འོད་ཟེར་དཔག་ཏུ་མེད་པ་ཐ་དད་དུ་འབྱེད་པ་མེད་པར་གཅིག་ཏུ་འདྲེས་ཤིང་། འོད་ཟེར་དེ་རྣམས་དུས་རྟག་ཏུ་བྱ་བ་ཐ་དད་སོ་སོ་བ་མེད་པར་ལོ་ཏོག་སྨིན་པ་དང་འདམ་སྐེམས་པ་སོགས་ཀྱི་བྱ་བ་ལ་དོན་གཅིག་པར་འཇུག་པ་དང་། འོད་དེས་འཇིག་རྟེན་ལ་ཡང་སྣང་བར་བྱེད་པ་དེ་བཞིན་དུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན་བཞུགས་པའི་སྔོན་གྱི་ལུས་ཀྱི་རྗེས་སུ་འབྲང་པའི་སྒོ་ནས་བརྗོད་པའི་སངས་རྒྱས་དཔག་ཏུ་མེད་པ་དེ་བཞིན་ཉིད་ཆོས་སྐུའི་ངོ་བོར་རོ་གཅིག་ཏུ་ཐ་དད་མེད་པར་འདྲེས་ཤིང་། གདུལ་བྱ་འདུལ་བའི་མཛད་པ་གཅིག་པ་ཉིད་ནི་མཛད་པ་ལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བར་མཛད་པར་འདོད་དེ། སངས་རྒྱས་གཅིག་གིས་སྤྲུལ་བ་དང་སེམས་ཅན་སྨིན་པའི་ཕྲིན་ལས་སོགས་མཛད་ན། ཆོས་སྐུ་ལ་ཐ་དད་མེད་པའི་ཕྱིར་སངས་རྒྱས་དཔག་ཏུ་མེད་པ་དེ་ཐམས་ཅད་ཀྱིས་ཕྲིན་ལས་དེ་ཉིད་མཛད་པ་ཡིན་ཏེ་འདྲེས་པ་ཡིན་པ་དང་། བྱེད་པ་དང་བྱ་བ་དང་ཡེ་ཤེས་ཐམས་ཅད་གཅིག་ལས་ཐ་དད་དུ་མེད་པའི་ཕྱིར་རོ། །འདིས་སྤྲུལ་པ་དང་ཆོས་བསྟན་པ་དང་གདུལ་བྱ་སྨིན་པར་བྱེད་པ་དང་། རྫུ་འཕྲུལ་འགྱེད་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སངས་རྒྱས་ཀུན་འདུས་པའི་མཛད་པ་ཡིན་པར་བསྟན་པའོ། །དྲུག་པ་ཡེ་ཤེས་འཇུག་པའི་ལས་ནི། དཔེར་ན་ཉི་མའི་འོད་ཟེར་གཅིག་བྱུང་ན་ཕྱོགས་གཞན་དང་གཞན་གྱི་ཆར་སྣང་བའི་འོད་ཟེར་ཀུན་དུས་སྔ་ཕྱི་མེད་པར་མཉམ་དུ་འབྱུང་བ་དེ་བཞིན་དུ་སངས་རྒྱས་རྣམས་ལས་སངས་རྒྱས་གཅིག་གིས་གདུལ་བྱའི་དོན་གང་དང་གང་དྲིས་པ་ལྟ་བུ་ལུང་བསྟན་པའི་ཡེ་ཤེས་འབྱུང་བ་ན། སངས་རྒྱས་གཞན་དཔག་ཏུ་མེད་པ་རྣམས་ཀྱི་ཡང་ཡེ་ཤེས་ཐམས་ཅད་ཡེ་ཤེས་དེ་ཉིད་ལ་དོན་གཅིག་ཏུ་སྔ་ཕྱི་མེད་པར་དུས་མཉམ་དུ་འཇུག་ཅིང་འབྱུང་བར་ཤེས་པར་བྱའོ། །བདུན་པ་རྣམ་པར་མི་རྟོག་པའི་ལས་ནི། ཇི་ལྟར་ཉི་མའི་འོད་ཟེར་དག་གང་དང་གང་དུ་འཇུག་པ་ལ་འདིར་འཇུག་གོ །འདི་སྣང་བར་བྱའོ་སྙམ་པའི་བདག་གིར་བྱ་བ་མེད་པ་དེ་བཞིན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་གདུལ་བྱ་རྣམས་ལ་ཕན་བདེའི་ཕྱིར་འཇུག་པ་ལ་བདག་དང་བདག་གིར་མཛད་པ་མི་མངའ་སྟེ་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རོ། །བརྒྱད་པ་རྣམ་པ་སྣ་ཚོགས་ཅིག་ཆར་མཁྱེན་པའི་ལས་ནི་ཉི་མའི་འོད་ཟེར་གཅིག་ཡུལ་གང་དུ་བཏང་བས་འགྲོ་བ་རྣམས་ལ་ཡུལ་དེ་ན་ཡོད་པའི་གཟུགས་ཐམས་ཅད་ཅིག་ཆར་སྣང་བར་བྱེད་པ་ལྟར། དེ་བཞིན་དུས་གསུམ་དང་ཕྱོགས་བཅུས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཅིག་ཆར་སྣང་ཏེ་ཐམས་ཅད་དུས་གཅིག་ཏུ་མཁྱེན་པ་ཡིན་གྱི་འགའ་ཞིག་སྔར་མཁྱེན་འགའ་ཞིག་ཕྱིས་མཁྱེན་པ་དང་འགའ་ཞིག་མཁྱེན་ཚེ་གཞན་མ་མཁྱེན་པ་ལྟ་བུའི་མཁྱེན་པ་ཉི་ཚེ་བ་མིན་པར་སྐད་ཅིག་གཅིག་ལ་ཤེས་བྱ་ཡིན་ནོ་ཅོག་མཁྱེན་པ་དཔེར་མེ་ལོང་དྭངས་པ་ལ་སྤྱོ་ཡུལ་དུ་གནས་པའི་གཟུགས་ཐམས་ཅད་ཅིག་ཆར་འཆར་གྱི་སྔ་ཕྱི་མེད་པ་བཞིན་ནོ། །དགུ་པ་ཡེ་ཤེས་མི་འཇུག་པའི་ལས་ནི། ཇི་ལྟར་ཉི་མའི་འོད་ཟེར་རྣམས་ཀུན་ཏུ་བཀྱེ་ཡང་། སྤྲིན་དང་ཁང་ཁྱིམ་ཕུག་པ་ལ་སོགས་པས་བསྒྲིབས་ན་འོད་མི་སྣང་བར་འདོད། དེ་བཞིན་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་བཏང་བ་རྣམས། སེམས་ཅན་གྱི་ནི་ཉེས་པས་བསྒྲིབས་ཏེ་མི་སྣང་བ་ཡིན་ཏེ་སངས་རྒྱས་སྤྲུལ་པའི་སྐུ་མཐོང་བ་དང་ཆོས་ཉན་པ་སོགས་ཀྱི་སྣོད་དུ་མ་གྱུར་བའི་ཉེས་པ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་མི་འཇུག་པ་ཡིན་ནོ། ། བཅུ་པ་ཉན་རང་རྣམས་ཀྱང་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་ཟག་མེད་ཀྱི་དབྱིངས་མངོན་དུ་བྱས་མོད་ཀྱི། ཇི་ལྟར་གོས་དཀར་པོ་ལ་མདུད་པ་བྱས་པའི་དབང་གིས། ཚོན་དུ་བཙོས་པ་ན། མདུད་པ་མ་བོར་བ་ཚོན་གྱིས་འགྱུར་ལ། མདུད་པ་བོར་བར་དཀར་པོའི་རི་མོ་བཀྲ་བས། གོས་གཅིག་ལ་ཚོན་ཁྲ་བོ་བཀྲ་མི་བཀྲ་བ་ཡོད་པ་དེ་བཞིན་སྔོན་སློབ་ལམ་དུ་སྨོན་ལམ་དང་ཚོགས་གཉིས་ཀྱི་འཕེན་པའི་དབང་གིས་རྣམ་པར་གྲོལ་བའི་དབྱིངས་སུ་ཡེ་ཤེས་བཀྲ་བ་དང་མི་བཀྲ་བར་གྱུར་པ་ཡིན་ཏེ། ཉན་རང་རྣམས་འཁོར་བའི་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་ཟད་པས་རྣམ་པར་གྲོལ་བ་ཡིན་ལ་སངས་རྒྱས་ཀྱིས་ཀྱང་ཉོན་མོངས་པའི་སྒྲིབ་པ་ལ་བག་ཆགས་དང་བཅས་པ་ཟད་པས་འཁོར་བ་ལས་རྣམ་པར་གྲོལ་བ་ཡིན་ཡང་། ཤེས་སྒྲིབ་སྤངས་པ་དང་སྔོན་གྱི་སྨོན་ལམ་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཡེ་ཤེས་ཆེན་པོ་ཐོབ་པས་སེམས་ཅན་གྱི་ཁམས་སྨིན་པར་བྱེད་པའི་ཡེ་ཤེས་ཀྱི་ལས་སྤྲུལ་པ་འགྱེད་པ་སོགས་རྒྱུན་མི་འཆད་སྣང་ལ་ཉན་རང་ལ་དེ་ལྟ་བུ་མེད་དོ། །བཅུ་གཅིག་པ་ཟབ་པའི་དོན་བསྡུ་བ་དྲི་མ་མེད་པའི་དབྱིངས་ལ་རོ་གཅིག་ཏུ་གནས་པ་སངས་རྒྱས་རྣམས་ཀྱི། མཚན་ཉིད་ཟབ་པ་བཞི་དང་ནི། གནས་བ་ཟབ་པ་དང་། འཕྲིན་ལས་ཟབ་པ་བཅུ་པོ་འདི་ལྟ་བུ་སངས་རྒྱས་ཀྱིས་བཤད་པ་ནི་ནམ་མཁའ་ལ་མཚོན་གྱིས་རི་མོ་འབྲི་བ་བྱ་དཀའ་བ་ལྟ་བུ་སྟེ་སྤྲོས་པ་ཞི་བའི་དབྱིངས་ནམ་མཁའ་ལྟ་བུ་ལ་རྟོག་པས་འདི་ལྟ་བུའོ་ཞེས་མཚོན་པར་བྱེད་པ་ནི་ཚོན་གྱིས་རི་མོ་བྲིས་ཀྱང་ནམ་མཁའ་ལ་ཚོན་མི་ཆགས་པ་དང་འདྲ་ལ་འོན་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ལ་ཡིད་ཆེས་པ་དག་ལ་ནམ་མཁའ་ལ་ཚོན་གྱི་རི་མོ་འབྲི་ནུས་པ་ལྟར་ཤིན་ཏུ་ངོ་མཚར་བར་རིག་པར་བྱ་བ་གསུངས། དེ་དག་གིས་ཟབ་པའམ་ཡོན་ཏན་བཤད། བརྒྱད་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འཕོ་འགྱུར་མེད་པའི་ཡོན་ཏན་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཁྱད་པར་མེད་པར་གདོད་ནས་ཡོད་ཀྱང་གློ་བུར་གྱི་དྲི་མས་དག་པར་གྱུར་པ་ཡི་དེ་བཞིན་དེ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པ་དེ་ཡི་ཕྱིར་ན་འགྲོ་བ་སེམས་ཅན་ཀུན་ཀྱང་དེ་བཞིན་ཉིད་རང་བཞིན་ཉིད་འོད་གསལ་བ་དེ་ཡི་སྙིང་པོ་ཅན་ཡིན་པས་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་དབྱིངས་ནི་དུས་གསུམ་པོ་ཀུན་ཏུ་ཡང་འཕོ་འགྱུར་བྲི་གང་དང་བྲལ་བ་ཡིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་དག་པ་མཐར་ཐུག་པ་ནི་རྟག་བརྟན་ཞི་བ་འཕོ་འགྱུར་མེད་པ་ཡང་རྒྱུ་མཚན་འདིས་འགྲུབ་པ་ཡིན་ནོ།། དགུ་བ་འབྱོར་བ་ཚད་མེད་པའི་ཡོན་ཏན་ལ། འབྱོར་བའི་ཁྱད་པར་དང་། དེ་ཡི་རབ་ཏུ་དབྱེ་བའི་རྣམ་གྲངས་བཤད་པ་གཉིས། དང་པོ་ཉན་ཐོས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མངོན་པར་ཤེས་པའི་འབྱོར་པས་ནི། འཇིག་རྟེན་པ་ཡི་ཚོགས་གཉིས་དང་དྲང་སྲོང་གི་མངོན་ཤེས་སོགས་ཀྱི་འབྱོར་པ་ཟིལ་གྱིས་གནོན་ལ། རང་སངས་རྒྱས་ཀྱི་ས་པ་ཡི་འབྱོར་པ་དེ་ཡིས། ཉན་ཐོས་ཀྱི་འབྱོར་བ་ཡང་ཟིལ་གྱིས་གནོན་ཏེ་དེ་ལས་འཕགས་ཤིང་རྒྱ་ཆེ་བས་སོ། ། རང་སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱོར་པ་དེ་ཡི ས་བྱང་ཆུབ་སེམས་དཔའ་ཡི་ཚོགས་གཉིས་དང་མངོན་ཤེས་སོགས་ཀྱི་འབྱོར་པའི་བརྒྱ་སྟོང་སོགས་ཀྱི་ཆར་ཡང་མི་ཕོད་དོ་ཞེས་དཔེ་དང་གྲངས་དང་རྒྱུར་ཡང་མི་འགྲོའོ། །བྱང་ཆུབ་སེམས་དཔའི་འབྱོར་པ་དེ་ཡིས་དེ་བཞིན་གཤེགས་པ་ཡི ་ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། མངོན་ཤེས་དང་སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་དཔག་མེད་ཀྱི་ཕ་རོལ་ཕྱིན་པའི་འབྱོར་བའི་ཆར་ཡང་མི་ཕོད་དོ། །ཞེས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་འབྱོར་པ་ཤིན་ཏུ་ཚད་མེད་པ་ཡིན་མོད་ཀྱི་སངས་རྒྱས་ཀྱི་ཡོ ན་ཏན་ཀྱི་འབྱོར་པ་དང་བསྐྲུན་ན་རྡུལ་ཕྲ་མོ་གཅིག་དང་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་གཏོས་ཀྱི་ཁྱད་པར་བཞིན་དུ་ཁྱད་ཞུགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ན་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། གང་ཟག་གང་གི་དོན་དུ་འཇུག་པ་ཡང་ཚད་མེད་དེ། གང་ཟག་གཅིག་དང་བརྒྱ་ལ་སོགས་གྲངས་ཡོད་པ་ཞིག་གི་དོན་དུ་མ་ཡིན་སེམས་ཅན་ཚད་མེད་པ་ཐམས་ཅད་ཀྱི་དོན་ཞུགས་པའི་ཕྱིར་རོ། །གང་དུ་འཇུག་པ་ཡང་ཚད་མེད་པ་འཇིག་རྟེན་གྱི་ཁམས་ནམ་མཁས་གར་ཁྱབ་པར་འཇུག་པས་དཔག་ཏུ་མེད་དོ།། ཇི་ལྟར་འཇུག་པ་ཡང་དཔག་ཏུ་མེད་དེ། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་དང་རྣམ་པ་སྣ་ཚོགས་པའི་ཐབས་ཀྱི་རོལ་བ་གདུལ་བྱའི་ཁམས་བཞིན་དུ་ཚད་མེད་པས་སོ།། ཇི་ཙམ་དུ་འཇུག་པ་ཡང་དཔག་ཏུ་མེད་དེ་སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱེད་པས་དེས་ཕན་བཏགས་པ་ཅི་ཙམ་ཞིག་ཞེས་བགྲང་དུ་མེད་པས་སོ། །དུས་གང་དུ་འཇུག་པ་ཡང་དཔག་ཏུ་མེད་དེ་སེམས་ཅན་ཐམས་ཅད་ཀྱི་མཐའ་མ་ཟད་པ་སྲིད་དུ་གཞན་དོན་ལ་འཇུག་པས་སེམས་ཅན་གྱི་མཐའ་ཟད་པ་མི་སྲིད་པའི་ཕྱིར་རོ། ། དེ་ལྟར་སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། གང་གི་ཆེད་དུ་འཇུག་པ་དང་། གང་དུ་འཇུག་པ་དང་། ཇི་ལྟར་འཇུག་པ་དང་། ཇི་ཙམ་ཞིག་འཇུག་པ་དང་། དུས་གང་དུ་འཇུག་པ་ནི་ཉན་རང་རྣམས་ཀྱི་འང་ཡུལ་ལས་འདས་པ་ཟབ་པའི་ཕྱིར། བསམ་ཡས་པ་སྟེ་བསམ་ཡུལ་ལས་འདས་པ་དང་། རྒྱ་ཆེ་བས་རབ་ཏུ་དབྱེ་བའམ་གྲངས་དཔག་ཏུ་མེད་པར་འདོད་དོ། །གཉིས་པ་གནས་གྱུར་པ་ལས་བྱུང་པའི་འབྱོར་བའི་རྣམ་གྲངས་བདུན་བསྟན་པས་མཚོན་ནས་དཔག་ཏུ་མེད་པར་བསྟན་པའི་ཚིགས་བཅད་བརྒྱད་ཀྱི་དོན་ནི། མིག་སོགས་དབང་པོ་རྣམས་གནས་གཞན་དུ་གྱུར་ཏེ་རྣམ་པར་དག་པའི་དུས་ན། དབང་པོ་རེ་རེའང་དབང་པོ་ཡི་དོན་ཀུན་ལ་འཇུག་པ་དང་། ཡུལ་ཐམས་ཅད་ཀྱི་རྣམ་པ་མཐོང་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བའི་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ་ཞེས། སྔར་དབང་པོ་གནས་མ་གྱུར་པའི་དུས་ན་མིག་དབང་གིས་གཟུགས་འབའ་ཞིག་མཐོང་གི་སྒྲ་སོགས་དབང་པོ་གཞན་གྱི་སྤྱོད་ཡུལ་གཅོད་མི་ནུས་སོ། ། གནས་གྱུར་པའི་ཚེ་མིག་དབང་གིས་གཟུགས་སྒྲ་དྲི་རོ་རེག་བྱ་ཀུན་འཛིན་ནུས་པས། དབང་ཡུལ་གྱི་དོན་ཀུན་ལ་འཇུག་ནུས་པས་སོ། །ཡོན་ཏན་བརྒྱ་དང་བཅུ་གཉིས་ནི་བློ་བརྟན་འགྲེལ་པར་དབང་པོ་གཅིག་ཅིག་ཀྱང་ཡོན་ཏན་བརྒྱ་རྩ་བཅུ་གཉིས་དང་ལྡན་པར་འགྱུར་ཏེ། གཟུངས་དབང་གི་མདོ་དང་། དམ་ཆོས་པད་དཀར་ལས་འབྱུང་བ་བཞིན་དུ་བལྟའོ་ཞེས་གསུངས། ཁ་ཅིག་མཚན་དཔེ་བསྡོམས་པས་བརྒྱ་བཅུ་གཉིས་ལ་འདོད་པ་དང་འགའ་ཞིག་ས་ཡི་ཡོན་ཏན་སོགས་ལ་འདོད་པ་དབང་པོའི་ཡོན་ཏན་མ་ཡིན་པས་སྐབས་འདི་དང་མི་འབྲེལ་ཞེས་སྔ་མ་དག་གིས་བཤད་པ་ལྟར་ངེས། ཡང་ཕྱོགས་དྲུག་ཏུ་ཕྱེ་ནས་དེ་རེ་རེ་ལ་ཡང་ཕྱོགས་བཅུར་ཕྱེ་བའི་དོན་ལྔ་ལ་མིག་ལ་མཚོན་ན་མིག་གིས་གཟུགས་མཐོང་བ་ཁྱད་ཆོས་མིན་པས་མི་བརྩི་བར། སྒྲ་དྲི་རོ་རེག་བཞི་འཛིན་པས་མིག་ལ་ཡོན་ཏན་ཉིས་བརྒྱ་བཞི་བཅུ། ལྔ་ག་བསྡོམས་ན་སྟོང་དང་ཉིས་བརྒྱ་ལ་བརྒྱ་ཕྲག་ཚན་པ་བཅུ་གཉིས་སུ་གྱུར་པའི་གྲངས་བྱེད་པའང་སྣང་། དམ་ཆོས་པད་དཀར་ལས་ཆོས་དེ་གཟུང་བའི་བསོད་ནམས་ལས་བྱུང་བའི་ཤའི་དབང་པོས་ཕྱོགས་ཀུན་གྱི་གཟུགས་སོགས་ཀུན་འཛིན་པར་གསུངས་པ་ཡོད་འདུག་ཀྱང་སླར་ཞིབ་ཏུ་མདོ་དང་བསྟུན་ནས་དཔྱད་འོས་ཀྱི་སྐབས་འདིར་ཐུན་གྱིས་བྲེལ་བས་མ་གྲུབ་བོ། ། འདིར་རྣམ་རིག་སྨྲ་བའི་ལུགས་ལ་དབང་པོ་གཟུགས་ཅན་པ་དང་ཡུལ་གཟུགས་སོགས་གཉིས་ཀ་མེད་ན་ཇི་ལྟར་དབང་པོ་གནས་འགྱུར་ཟེར་ན། རང་གི་ས་བོན་གང་དག་ལ། རྣམ་རིག་སྣང་བ་གང་འབྱུང་བ། སྐྱེ་མཆེད་རྣམ་པ་གཉིས་པོ་ཞེས། དེ་དང་དེ་དག་ཐུབ་པས་གསུངས། ཞེས་པ་ལྟར་ཀུན་གཞི་རྣམ་ཤེས་ལ་གཟུང་བ་དང་འཛིན་པའི་བག་ཆགས་ཡོད་པ་ལས་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་ཏུ་སྣང་སྟེ། མིག་ཤེས་སྐྱེད་པའི་རྟེན་དུ་གྱུར་བའི་ནང་གི་ས་བོན་ལ་མིག་ཅེས་སུ་འཛིན་ཅིང་། མིག་ཤེས་ལས་གཟུང་ཡུལ་གཟུགས་སུ་སྣང་འབྱུང་བ་ལ་གཟུགས་ཞེས་བྱ་སྟེ། དེ་བཞིན་དབང་པོ་གཞན་ཡང་ངོ་། །དེ་ལྟར་སྣང་ངོས་ནས་ཕྱི་ནང་གི་སྐྱེ་མཆེད་གཉིས་སུ་དབྱེ་བ་ཡོད་ལ། གང་ཚེ་ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་ཀྱི་ནང་གི་མངོན་པར་ཆགས་པ་ཕྱིན་ཅི་ལོག་སྤངས་པས་གནས་གྱུར་པ་ཡིན་ནོ། །ཡིད་ནི་ཞེས་པ་ཉན་ཐོས་པས་རྣམ་ཤེས་དྲུག་འདས་མ་ཐག་པ་ལ་ཡིད་ཀྱི་དབང་པོ་ཟེར་ཀྱང་། ཐེག་པ་ཆེན་པོའི་ལུགས་ཀྱིས་ཡིད་ནི་དེ་ལ་མི་བྱ་སྟེ། ཉོན་མོངས་པའི་ཡིད་ལ་ཡིད་ཅེས་བྱ་ཞིང་དེ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ཡིན་པར་འདོད་དེ། དཔེར་ན་མིག་ཤེས་ཀྱི་རྟེན་མིག་དབང་ལྟ་བུའོ།། དེ་ལྟ་བུའི་ཉོན་མོངས་པའི་ཡིད་དེ་ནི་གནས་མ་གྱུར་པའི་དུས་ན་བདག་ཏུ་ལྟ་བ་ཅན་ཡིན་ལ། ནམ་བདག་དང་བདག་གིར་འཛིན་པ་དང་བྲལ་ནས་གནས་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ན། གནས་གྱུར་པའི་དབང་པོ་ལྔའི་འབྱོར་པ་དང་མཐུན་པར་རྗེས་སུ་སྤྱོད་པ་ཡིན་པ་ནི། ཇི་ལྟར་ཡིད་ནི་གནས་མ་གྱུར་པའི་དུས་ན་ཡང་དབང་ཡུལ་ཀུན་ལ་ཐུན་མོང་དུ་འཇུག་པ་བཞིན་ནོ། །གཟུང་བ་འཛིན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ཤིན་ཏུ་དྲི་མ་མེད་པ་ལ། དབང་འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། ། ཡུལ་གཟུགས་ལ་སོགས་པའི་དོན་ལྔ་དང་བཅས་པའི་ཡུལ་ཅན་འཛིན་པའི་དབང་ལྔའི་རྣམ་ཤེས་གནས་གཞན་དུ་གྱུར་ན། དབང་ཤེས་ཀྱི་སྤྱོད་ཡུལ་ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱོད་པ་དག་བསྟན་པའི་ཕྱིར། ཞིང་ནི་ཡོངས་སུ་དག་པ་བདེ་བ་ཅན་ལ་སོགས་པ་ལྟ་བུ་ཇི་ལྟར་འདོད་པ་སྟོན་པ་ལ་དབང་འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། །བློ་བརྟན་འགྲེལ་ལས་དོན་གཟུགས་ནས་ཆོས་ཀྱི་བར་དོན་དྲུག་དང་དབང་ཤེས་ལྔ་གནས་གྱུར་ན་ཞེས་གསུངས། མ་དག་པའི་དབང་ཤེས་སོ་སོས་རང་ཡུལ་ལས་གཞན་མི་ཤེས་ལ། གནས་གྱུར་ཚེ་རེ་རེས་ཀྱང་ཡུལ་ཀུན་ཤེས་སོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་ཤེས་གནས་གཞན་དུ་གྱུར་ན་ནི། དུས་རྣམས་རྟག་ཏུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། སྤྲུལ་པ་སྟོན་པ་སོགས་འཕྲིན་ལས་ཀུན་ལ་ཐོགས་པ་མེད་པ་ལ་དབང་འབྱོར་བ་དམ་པར་ཐོབ་པར་འགྱུར་རོ། །རྟེན་ཀུན་གཞི་རྣམ་ཤེས་ནི་གནས་གཞན་དུ་གྱུར་པ་ན། སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ལ་གནས་ནས་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པའི། འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། །ཕོ་མོའི་དབང་པོ་གཉིས་སྤྲོད་པའི་འཁྲིག་པ་གནས་གཞན་དུ་གྱུར་ན་ནི། སངས་རྒྱས་ཀྱི་སྤྲོས་པ་བྲལ་བའི་ཏིང་འཛིན་གྱི་བདེ་བར་གནས་པ་དང་། མོ་རྣམས་མཐོང་ན་ཆགས་པའི་ཉོན་མོངས་པ་མེད་པ་ལ། དབང་འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། །ནམ་མཁའི་འདུ་ཤེས་གནས་གཞན་དུ་གྱུར་ན། ནམ་མཁའ་ལས་ཅི་བསམ་པའི་དོན་ཐམས་ཅད་ནི་འབྱོར་པ་ནམ་མཁའ་མཛོད་ཀྱི་ཏིང་འཛིན་ཐོབ་པ་དང་། ནམ་མཁའ་དང་རི་བྲག་སོགས་ལའང་ཐོགས་པ་མེད་པར་འགྲོ་བ་དང་། གཟུགས་རྣམ་པར་འབྱེད་པ་ནི་སྣང་བར་འདོད་ན་ནམ་མཁའ་ལས་གཟུགས་གང་ཡང་སྣང་བར་བྱེད་པ་དང་། མི་སྣང་བར་འདོད་ན་ལུས་རྣམ་པར་འཇིག་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་ནམ་མཁའ་བཞིན་དུ་གཟུགས་མི་སྣང་བར་བྱེད་པ་ལ། དབང་འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། ། དེ་ལྟར་བཤད་པ་དེས་མཚོན་ནས། གནས་སུ་སྣང་བ་དང་། ལུས་སུ་སྣང་བ་དང་། རྣམ་པར་ཤེས་པ་དང་། ཡུལ་གཟུགས་ལ་སོགས་པའི་ཤེས་བྱའི་རྣམ་པ་མཐའ་མེད་པ་ཡོད་པ་དེ་སྙེད་ཀྱི་སྣང་བ་ཡོངས་སུ་དག་པར་གནས་གྱུར་པའང་དེ་སྙེད་དུ་ཚད་མེད་པའི་ཕྱིར། སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ན། གནས་གཞན་དུ་གྱུར་པ་དཔག་ཏུ་མེད་པ་ཡོད་ལ། གདུལ་བྱ་ལ་ཕན་པ་དང་བདེ་བ་བས མ་ཡས་པའི་བྱ་བ་བསྒྲུབ་པ་ཡི། ཡོན་ཏན་ནམ་མཐུའི་འབྱོར་པ་དཔག་ཏུ་མེད་པར་འདོད་དོ། །དེ་ལྟར་སངས་རྒྱས་ཀྱིས་ཡོན་ཏན་གྱི་འབྱོར་པ་ཚད་དཔག་ཏུ་མེད་པ་བརྙེས་ནས། བཅུ་པ་དེས་སེམས་ཅན་གཞན་སྨིན་པར་བྱེད་པའི་ཡོན་ཏན་ལ། ཇི་ལྟར་སྨིན་པའི་བྱ་བ། དེས་སྨིན་པར་བྱ་བའི་གང་ཟག སྨིན་པའི་ཐབས་སྣ་ཚོགས་མཛད་པ། སྨིན་པར་མཛད་པ་ལ་རྣམ་རྟོག་མེད་པ། ཕྱོགས་ལྷུང་མེད་པར་སྨིན་པར་བྱེད་པ། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨིན་པ། ངོམས་པ་མེད་ཅིང་འཕེལ་འགྲི བ་མེད་པར་རྒྱུན་མི་འཆད་པ་བདུན་ལས། དང་པོ། སངས་རྒྱས་པ་དེའི་ཚེ་སེམས་ཅན་གདུལ་བྱའི་ཁམས་འདི་ན་སེམས་ཅན་ཇི་ལྟར་སྨིན་པར་མཛད་ཅེ་ན་འཇིག་རྟེན་མཐའ་ཡས་མུ་མེད་པའི་ཕྱོགས་འགའ་ཞིག་མ་ཡིན་པར་ཕྱོགས་བཅུའི་ཕྱོགས་རབ་འབྱམས་རྣམས་སུའོ། །གང་གིས་སྨིན་པར་མཛད་ན་རྒྱལ་བས་སོ། །ཐབས་ཅི་ཡིས་ན། གསུང་རབ་དམ་པའི་ཆོས་ལེགས་པར་བཤད་པས་སོ། །ཇི་ལྟར་སྨིན་ན་མོས་སྤྱོད་ནས་ས་བཅུའི་བར་དུ་ཕར་ཕྱིན་དྲུག་གི་དགེ་བ་འཕེལ་བའི་འཇིག་རྟེན་རྣམས་ནི་གོང་ནས་གོང་དུ་རྣམ་པར་དག་པའི་མཆོག་མྱ་ངན་ལས་འདས་པ་དག་ཏུ་འགྲོ་བས་སྨིན་པར་བྱེད་དོ། །སེམས་མ་བསྐྱེད་པ་དང་ལམ་ལ་མ་ཞུགས་པའི་སེམས་ཅན་རྣམས་ནི་སྔར་དགེ་བ་མ་བསགས་པའི་འཇིག་རྟེན་པ་ཡིན་ལ་དེ་རྣམས་སེམས་བསྐྱེད་ནས་ལམ་ལ་ཞུགས་པས་དགེ་བ་གོང་ནས་གོང་དུ་འཕེལ་བའི་མཆོག་ཏུ་འགྲོ་བའི་ཚུལ་གྱིས་སྨིན་པར་མཛད་དོ། ། དེ་ལྟར་སེམས་ཅན་མ་སྨིན་པ་རྣམས་སྨིན་པར་ཉིད་དུ་བྱེད་ཅིང་དེ་ལྟར་སེམས་ཅན་སྨིན་པ་བྱེད་པའི་ཕྲིན་ལས་ནམ་ཡང་རྒྱུན་མི་འཆད་པར་རྟག་པ་ཉིད་དུ་འཇུག་པའམ་འགྲོ་བ་ཡིན་ཡང་སེམས་ཅན་མ་ལུས་པ་སྨིན་ནས་ཟད་པར་འགྱུར་པའང་མིན་ཏེ་སེམས་ཅན་གྱི་མཐའ་ཡས་པས་བྲི་བ་མེད་ལ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ཕྱིར་འཕེལ་བ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་ཀྱང་སྣང་བ་ཡོད་པ་ཙམ་ཡིན་པས་ཀུན་ཉོན་དང་རྣམ་བྱང་གི་སྣང་ཚུལ་ཟད་པ་མི་སྲིད་དོ། །གཉིས་པ་སྨིན་པར་བྱས་པའི་གང་ཟག་བསྟན་པ་ནི། དེ་ལྟར་སེམས་ཅན་ཚད་མེད་པ་སྨིན་པར་བྱས་པས་འཇིག་རྟེན་མཐའ་དག་གི་ཕྱོགས་དང་ཕྱོགས་རྣམས་སུ་སྨིན་པར་གྱུར་པའི་གང་ཟག་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཉི་མ་རེ་རེ་བཞིན་དུ་དེའི་དུས་ཀྱི་སྐད་ཅིག་ལ་ཡང་རྟག་པར་ཡང་རྒྱུན་མི་འཆད་པར་དུས་ཀུན་ཏུ། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཤིན་ཏུ་འཐོབ་པར་དཀའ་བ་ཐོབ་ན་སྟོབས་སོགས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་པ་དང་ལྡན་པ། འཇིག་རྟེན་པ་དང་ཉན་རང་ལས་རྨད་དུ་བྱུང་བ་ཅན་ཐོབ་ནས་འཁོར་བའི་མཐའི་བར་དུ་ཡོད་པས་རྟག་པ། ནམ་ཡང་ཉམས་པ་མེད་པས་བརྟན་པ། འཁོར་བའི་སྡུག་བསྔལ་གྱིས་མནར་བའི་སྐྱབས་མེད་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་སྐྱབས་སུ་གྱུར་པ་གང་ཡིན་པ་དེ་ཉིད་བཤད་མ་ཐག་པ་ལྟར་གང་ཟག་མང་པོས་རྒྱུན་དུ་རིམ་པར་ཉི་མ་རེ་རེའི་སྐད་ཅིག་གི་ཚད་ལ་ཐོབ་པ་དེ་ནི། ཤིན་ཏུ་ཡ་མཚན་ཆེ་ལ་གང་ཟག་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་བསྐྱེད་ནས་ཕར་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་ཟབ་ཅིང་རྒྱ་ཆེ་བའི་ལམ་གྱི་ཚུལ་བཟང་པོ་ལ་སྤྱད་ནས་འབྲས་བུ་དེ་ལྟ་བུ་ཐོབ་པའི་ཕྱིར་ཡ་མཚན་ཆེ་བའང་མེད་དེ་རྒྱུ་མཆོག་ལས་འབྲས་བུ་མཆོག་འབྱུང་བ་ཆོས་ཉིད་ཡིན་པས་སོ། །གསུམ་པ་སྨིན་པའི་ཐབས་སྣ་ཚོགས་མཛད་པ་ནི་སངས་རྒྱས་དེ་ནི་དུས་ཅིག་ཆར་སྟེ་སྔ་ཕྱི་མེད་པར་ཡུལ་ལ་ལར་ཆོས་ཀྱི་རྣམ་གྲངས་མི་འདྲ་བའི་སྒོ་མང་པོ་བརྒྱ་སྟེ་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་བདེན་པ་ས་དང་ཕར་ཕྱིན་ལ་སོགས་པ་བརྗོད་བྱ་དོན་གྱི་སྒོ་ནས་རྣམ་པ་སྣ་ཚོགས་པ་མང་པོ། རྗོད་བྱེད་ཚིག་གི་སྒོ་ནས་ལེའུ་དང་ཚིགས་བཅད་སོགས་རྣམ་གྲངས་བརྒྱ་ཕྲག་མང་པོ་ཡི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། དེ་དང་དུས་མཉམ་དུ་ཞིང་ཁམས་ལ་ལར་དགའ་ལྡན་ནས་འཕོས་ཏེ་འཛམ་བུའི་གླིང་དུ་སྐྱེ་བ་སྟོན་པ་དང་། ཞིང་ཁམས་ལ་ལར་མི་སྣང་བ་ཞེས་པ་མཛད་པ་བཅུ་གཉིས་མི་སྟོན་པར་བྱང་ཆུབ་སེམས་དཔའི་ཚུལ་དུ་སྟོན་ཏོ། །ཞིང་ཁམས་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་སྟོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་པ་མཛད་པ་སྟེ་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མཛད་དེ་ལུས་དང་ལོངས་སྤྱོད་སྣ་ཚོགས་གཏོང་བས་ཕན་པར་བསྒྲུབ་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྤྱོད་པ་སྟོན་པ་དང་། སྐྱེ་བའི་གནས་བཟང་ངན་བར་མ་སྣ་ཚོགས་སུ་སྟོན་པའོ། །ཞིང་ཁམས་ལ་ལར་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མཛད་པ་སྟོན་པ་དང་། ལ་ལར་རང་རྒྱལ་ལ་ལར་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་ཚུལ་ཡང་སྟོན་ཏེ་གདུལ་བྱ་འདུལ་བའི་དབང་གིས་བྱང་ཆུབ་གསུམ་པོ་ཐམས་ཅད་ཀྱང་སྟོན་ནོ། ། བློ་བརྟན་འགྲེལ་ན་བྱང་ཆུབ་ཆེན་པོ་སྟོན་པ་ཞེས་གསུངས་ཞིང་ཁམས་ལ་ལར་དེ་ནི་མྱ་ངན་ལས་འདས་པའི་ཚུལ་སྟོན་ནོ། །མཛད་པ་དེ་ཐམས་ཅད་སྔ་ཕྱི་མེད་པར་དུས་གཅིག་ཏུ་སྟོན་ཀྱང་། སངས་རྒྱས་དེ་ནི་ཟག་མེད་ཀྱི་གནས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ལས་ཀྱང་ཅུང་ཟད་གཡོ་བ་མི་མངའ་ལ་མཛད་པ་དེ་ལྟ་བུ་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པར་མཛད་པ་ཡིན་ནོ། །བཞི་པ་སྨིན་པར་མཛད་པ་ལ་རྣམ་རྟོག་མེད་པ་ནི་སངས་རྒྱས་རྣམས་ནི་འདི་སྙམ་དུ་ལུས་ཅན་འདི་དག་ནི་བདག་གིས་སྔར་སྨིན་པར་བྱས་སོ་ཞེས་སམ། འདི་ནི་མ་འོངས་པ་ན་སྨིན་པར་བྱའོ་ཞེས་དང་། གཞན་ཡང་འདི་ནི་ད་ལྟར་སྨིན་པར་བྱེད་སྙམ་དུ། མངོན་པར་འདུ་མཛད་པའི་འབད་རྩོལ་རྣམ་རྟོག་མི་མངའ་བ་ཡང་ཕྱོགས་ཉི་ཚེ་བ་མིན་པར་ཕྱོགས་དང་ཕྱོགས་མུ་མེད་པ་ཀུན་ཏུ་དུས་ཕྱི་མའི་མཐའི་བར་དུ་རྟག་པར་ཐེག་པའི་སྒོ་གསུམ་ཆར་ནས་ཟག་པ་མེད་པའི་དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་དཔག་ཏུ་མེད་པ་སྨིན་པར་འགྱུར་བ་ཉིད་དོ། །ལྔ་པ་ཕྱོགས་ལྷུང་མེད་པ་ནི། ཇི་ལྟར་ཉི་མ་འདི་ཡིས་འབད་པ་མེད་བཞིན་དང་ཕྱོགས་གཅིག་མ་ཡིན་པ་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག རབ་འབྱམས་གསལ་བ་མང་པོས་ལོ་ཏོག་མང་པོ་རྣམ་པར་སྨིན་པར་བྱེད་པ་ལྟར། དེ་བཞིན་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་ཉི་མའང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་མྱ་ངན་འདས་པའི་ལམ་སྟོན་པར་བྱེད་པ་ཡི་ཆོས་ཀྱི་འོད། རབ་འབྱམས་དག་གིས་ཕྱོགས་དང་ཕྱོགས་ཚད་མེད་པ་ཀུན་ཏུ་སེམས་ཅན་རྣམས་ཕྱོགས་ལྷུང་མེད་པར་རྣམ་པར་སྨིན་པར་མཛད་པ་ཡིན་ནོ། །དྲུག་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨིན་པ་ནི། ཇི་ལྟར་མར་མེ་གཅིག་ལས་སྤར་བའི་མར་མེའི་ཚོགས་རབ་ཏུ་མང་པོ་བློས་དཔག་ཏུ་མེད་པ་དག་གིས་གྲངས་བགྲང་དུ་མེད་པ་འབྱུང་ཡང་། མར་མེ་སྔ་མ་དེ་ལ་མང་པོ་འཕེལ་བས་ཟད་པ་མེད་པ་དེ་བཞིན་མཐར་ཐུག་པར་སྨིན་པའི་སངས་རྒྱས་གཅིག་ལས་སྨིན་པའི་ཚོགས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་འབྱུང་སྟེ་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་མང་པོ་སྨིན་ཞིང་། དེས་སྨིན་པར་བྱས་པ་དེ་དག་གིས་ཀྱང་གཞན་མང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཕྱི་མའི་མཐའི་བར་དུ་སྨིན་པར་བྱེད་པས་སྨིན་པ་གྲངས་མེད་དཔག་མེད་འབྱུང་ཡང་སངས་རྒྱས་དེ་ལ་སྨིན་པ་ཟད་པ་མེད་དེ་དེ་ལྟར་སྨིན་པར་རྒྱུན་ནམ་ཡང་ཟད་པ་མེད་དོ། །བདུན་པ་ངོམས་པ་མེད་ཅིང་འཕེལ་འབྲི་མེད་ལ་རྒྱུན་མི་འཆད་པའི་ཚུལ་ནི། ཇི་ལྟར་ཕྱི་ཡི་རྒྱ་མཚོ་ཆེན་པོ་འདི་ནི་ཕྱོགས་སོ་སོའི་ཆུ་ཀླུང་དང་ཆུ་ཕྲན་སྣ་ཚོགས་རྟག་ཏུ་རྒྱུན་མི་འཆད་པར་བབས་ཀྱང་ཆུ་ཡིས་ཆོག་པ་དང་ངོམས་པར་མི་འགྱུར་ཞིང་རྟག་ཏུ་དེ་རྣམས་འབབ་པ་ལ་གོ་འབྱེད་པ་དང་། ཆུ་ཆེན་མང་པོ་རབ་ཏུ་འབབ་པས་ཇེ་མང་དུ་འཕེལ་བས་ཡང་ནི་མི་འགྱུར་བ། དེ་བཞིན་སངས་རྒྱས་ཀྱི་ཁམས་སམ་དབྱིངས་དེ་བཞིན་ཉིད་ཟག་པ་མེད་པ་དག་ཀྱང་། སྒྲིབ་པ་དག་པ་ཉན་རང་བྱང་སེམས་དཔག་ཏུ་མེད་པ་མྱ་ངན་ལས་འདས་པ་རྣམས་འཇུག་པ་དུས་རྟག་ཏུ་རྒྱུན་མི་འཆད་པས་ངོམས་པ་མི་མངའ་ལ་འཕེལ་བར་མི་འགྱུར་བ་དེ་ལྟ་བུ་ནི་འདིར་ངོ་མཚར་རྨད་དུ་བྱུང་བའི་མཆོག་གོ །ཞེས་སོ། ། དེ་ལྟར་བྱང་ཆུབ་ཆེན་པོ་ཡོན་ཏན་གྱི་རྣམ་གྲངས་བཅུའི་སྒོ་ནས་བསྟན་པའི་རྗེས་སུ། ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་ཆེན་པོ་ཉིད་ངོ་བོ་སོགས་རྣམ་བཞག་དྲུག་གི་སྒོ་ནས་བཤད་པ་ལ། དངོས་དང་། འཇུག་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཚིགས་བཅད་བཞི་བོ་འདིའི་དོན་མདོར་བསྡུས་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་བསྟན་པ་ཡིན་པས་འདི་དང་པོ་བཤད་ནས། དེ་ནས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞི་བཤད་པ་དེས། འཕགས་པ་སངས་རྒྱས་ཀྱི་ས་ལས། སངས་རྒྱས་ཀྱི་ས་ནི་ཆོས་ལྔས་བསྡུས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཞེས་གསུངས་པ་བཞིན་དུ་བསྟན་བཅོས་འདི་ལས་དེའི་དོན་མདོར་བསྡུས་ནས་གཏན་ལ་འབེབས་པར་མཛད་དོ། ། དེ་ཡང་འདི་ལྟར་ཤེས་བྱ་འདུས་བྱས་དང་འདུས་མ་བྱས་དང་ཟག་བཅས་ཟག་མེད་དུ་གཏོགས་པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་མཐའ་ཐམས་ཅད་བྲལ་བ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། གནས་ལུགས་མ་ནོར་བ་ཡང་དག་པའི་མཐའ་དང་དོན་དམ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལ་ཁྱད་པར་གང་ཡང་མེད་མོད་ཀྱི། ཆོས་ཅན་སྣ་ཚོགས་པའི་སྒོ་ནས་ཆོས་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་ཁྱད་པར་ཐ་དད་དུ་གྱུར་པ་མེད་ཀྱང་། རང་སྣང་ཕྱིན་ཅི་ལོག་གློ་བུར་བའི་དྲི་མ་དང་བཅས་པ་སེམས་ཅན་གྱི་རྒྱུད་ཀྱི་དེ་བཞིན་ཉིད་ལ་དྲི་བཅས་དེ་བཞིན་ཉིད་ཅེས་བྱའོ། །སྒྲིབ་པ་གློ་བུར་པ་སྤང་རུང་ཡིན་ཞིང་ཆོས་ཉིད་ནམ་ཡང་འཕོ་འགྱུར་མེད་པ་ཡིན་པས། ནམ་ཞིག་སེམས་ཅན་སོ་སོའི་རྒྱུད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཡོངས་སུ་དག་པའི་དུས་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པ་དག་པའི་མཚན་ཉིད་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱའོ། ། འདིས་དེ་བཞིན་ཉིད་གནས་གྱུར་པ་བསྟན་ཏོ། །བྱང་ཆུབ་པ་དེ་ཡང་མཉམ་བཞག་ཏུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཀྱི་དངོས་པོ་ལ་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབང་མི་ཟད་པ་ཐོབ་པ་དང་། རྗེས་ཐོབ་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་དམིགས་པའི་དབང་ཟད་མི་ཤེས་པ་ཐོབ་པའོ། ། དེ་ཡང་རྗེས་ཐོབ་ཀྱིས་མི་རྟོག་ཡེ་ཤེས་དེའི་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་དོ། །བློ་བརྟན་འགྲེལ་པའི་འགྱུར་ལྟར་ན་དངོས་པོ་ཤེས་པ་དེ་ལ་དམིགས་ཞེས་དངོས་པོ་ཀུན་གཞི་རྣམ་ཤེས་གཞན་དབང་གི་མཚན་ཉིད་གནས་གྱུར་པའི་མི་རྟོག་ཡེ་ཤེས་དེ་རྗེས་ཐོབ་ཡེ་ཤེས་ཀྱིས་ཡང་དག་པར་ཤེས་ཞེས་དང་། དེ་ལ་དམིགས་ཞེས་པ་ཆོས་ཀྱི་དབྱིངས་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དམིགས་ཞེས་གསུངས་པ་འབྲུ་འགྲེལ་ཚུལ་མི་འདྲ་ཡང་དོན་འདྲ་སྟེ། དབང་མི་ཟད་པ་གཉིས་ཐོབ་པ་ནི་མཉམ་རྗེས་ཀྱི་དབང་དུ་བྱས་པའི་ཡེ་ཤེས་གཉིས་ལ་འཆད་པས་སོ། ། མདོར་ན་སངས་རྒྱས་ཀྱི་ས་ན་མཉམ་རྗེས་རེས་འཇོག་ཏུ་མེད་པས་ཡེ་ཤེས་གཅིག་གིས་ཇི་ལྟར་གཟིགས་པ་རྣམ་པར་མི་རྟོག་པ་དང་། ཇི་སྙེད་པ་གཟིགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པས་དེ་གཉིས་ཀྱི་དབང་ཟད་མི་ཤེས་པ་ཐོབ་པའི་མཚན་ཉིད་ཡིན་ནོ་ཞེས་འདོད་དོ། ། དེ་ལྟར་ན་ཆོས་ཉིད་དང་ཆོས་ཅན་ཐ་མི་དད་པ་ཡིན་ཕྱིར། གནས་འགྱུར་མཐར་ཐུག་གི་སྐབས་ན་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པ་ལས་མ་གཡོས་བཞིན་དུ་ཆོས་ཅན་ཇི་སྙེད་པའང་འབད་མེད་ལྷུན་གྲུབ་ཏུ་མཁྱེན་པའི་མཁྱེན་པ་གཉིས་ལ་དབང་འབྱོར་བའི་ངོ་བོ་ཉིད་ཀྱི་སྐུ་འམ་ཆོས་སྐུ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཡིན་པས་འདི་ནི་བྱང་ཆུབ་ཆེན་པོའི་ངོ་བོའོ། །བྱང་ཆུབ་ཆེན་པོ་དེ་ཐོབ་བྱེད་དམ་མངོན་དུ་བྱེད་པའི་རྒྱུ་ནི། ཐེག་པ་ཆེན་པོ་མདོ་ལས་སྟོང་ཉིད་བསྟན་པ་ལྟར་དེ་བཞིན་ཉིད་དེ་ཐོས་བསམ་བསྒོམས་པས་གཏན་ལ་ཕབ་ནས་མོས་སྤྱོད་ཀྱི་སར་ཚོགས་གཉིས་བསགས་པའི་སྒོ་ནས་བསྒོམ་པར་བྱས་པས་དེ་བཞིན་ཉིད་མངོན་སུམ་ཤེས་པ་འཇིག་རྟེན་འདས་པའི་ཡེ་ཤེས་དང་པོར་སྐྱེས་པ་ས་དང་པོ་ཐོབ་ནས་དེའི་རྗེས་སུ་ས་བཅུའི་རྒྱུན་མཐའི་བར་དུ་ཐབས་སྣ་ཚོགས་ཀྱི་སྒོ་ཐམས་ཅད་ནས་བསྒོམ་པ་ལ་ས་ནི་ཡང་དག་པར་བྱུང་བའོ། །བྱང་ཆུབ་ཀྱི་འབྲས་བུ་ནི་མཐའ་ཡས་པའི་སེམས་ཅན་ཀུན་ལ་དུས་རྣམ་པ་ཐམས་ཅད་དུ་འཕྲལ་དང་ཡུན་གྱི་ཕན་པ་དང་བདེ་བ་གཉིས་སྐྱེད་པ་ཡིན་ལ་དེ་ཡང་འཁོར་བའི་མཐའ་ཅི་ཙམ་པ་དེ་སྲིད་དུ་མི་ཟད་པའི་འབྲས་བུ་ཅན་ཞེས་སོ། ། དེ་བཞིན་དུ་ལས་ནི་ཀུན་སྣང་བ་དང་གསུང་གིས་ཆོས་སྟོན་པ་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པའི་ལས་སམ་སྦྱོར་བའི་ཐབས་ཀྱི་བྱེད་ལས་ཅན་ནི། སྐུ་སྤྲུལ་པའི་སྦྱོར་པའི་ཐབས་ཀྱི་ལས་ནི་སངས་རྒྱས་ཀྱི་འདུལ་བ་སངས་རྒྱས་སུ་སྟོན་པ་ནས་ལྷ་དང་ཀླུ་སོགས་སྣ་ཚོགས་པའི་ལུས་སུ་སྤྲུལ་པའོ། །དེ་བཞིན་གསུང་གིས་དངོས་སུའམ་ནམ་མཁའ་དང་རྩིག་པ་དང་ཤིང་སོགས་ལས་ཆོས་ཀྱི་སྒྲ་འབྱུང་བའམ། ཐུགས་ཀྱིས་བྱིན་གྱིས་བརླབས་པས་བླུན་པོས་ཀྱང་ཆོས་ཟབ་མོའི་དོན་རྟོགས་པ་དང་། ཤཱ་རིའི་བུ་དང་རབ་འབྱོར་སོགས་བྱིན་གྱིས་བརླབས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་དུ་བཅུག་པ་ལྟ་བུའོ། ། སྦྱོར་བ་ཞེས་པ་ལས་དང་ཐབས་ཞེས་པ་སྤྲུལ་པ་དེ་བྱེད་པའི་ཐབས་མཁྱེན་པའམ། ཡང་ན་ཐབས་ནི་སྤྲུལ་པའི་ལས་དེ་སེམས་ཅན་འདུལ་བའི་ཐབས་སུ་གྱུར་པའོ། ། དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་ལ་སོགས་པ་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། མི་ཟད་པའི་ཟ་མ་ཏོག་དང་སྒོ་མཐའ་ཡས་པ་ལ་སོགས་པ་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གཉིས་དང་ལྡན་པ་ནི་ལྡན་པའི་དོན་ཏེ། གཟུངས་དང་ཏིང་འཛིན་ཚོགས་གཉིས་དཔག་མེད་དང་ལྡན་པའོ། །དབྱེ་བ་ནི་ངོ་བོའི་ཆ་ནས་རང་བཞིན་ནམ་ཆོས་ཀྱི་སྐུ་དང་། སྣང་བའི་ཆ་ནས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་དང་། གཞན་དོན་གྱི་བྱ་བ་བྱེད་པའི་ཆ་ནས་སྤྲུལ་པ་ཡི་སྐུ་དག་གིས་ཐ་དད་དུ་འཇུག་པ་དང་རྣམ་པར་བཞག་པ་དྲུག་གིས་བསྟན་པ་འདི་ནི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པར་བཤད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བྱང་ཆུབ་ཆེན་པོ་ཉིད་ངོ་བོ་ལ་སོགས་པ་དྲུག་གི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར་རོ། །གཉིས་པ་འཇུག་པའམ་དབྱེ་བའི་དོན་བྱེ་བྲག་ཏུ་བཤད་པ་ལ། རྟེན་སྐུ་གསུམ་བཤད་པ། བརྟེན་པ་ཡེ་ཤེས་བཞི་བཤད་པ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། སངས་རྒྱས་རྣམས་ཀྱི་སྐུ་ཡི་དབྱེ་བ་རང་བཞིན་གྱི་སྐུ་ནི་ཆོས་སྐུ་སྟེ། ནམ་ཀུན་གཞི་རྣམ་ཤེས་ལ་ཡོད་པའི་གཟུང་འཛིན་གྱི་དྲི་མ་སྤངས་ནས་ཆོས་ཀྱི་དབྱིངས་ཇི་བཞིན་གཟིགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པའོ། །དེ་བཞིན་ཉིད་ཀྱི་ཆ་ནས་རང་བཞིན་ནམ་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཀྱི་ཆ་ནས་ཆོས་སྐུ་ཞེས་གསུངས་པ་དེ་གཉིས་ཆོས་ཅན་དང་ཆོས་ཉིད་དབྱེར་མེད་པ་ཡིན་ཕྱིར་གང་ལྟར་བཤད་ཀྱང་ཟུང་འཇུག་གི་གནས་ལུགས་ཉིད་ཤིན་ཏུ་རྣམ་པར་དག་པ་མངོན་དུ་གྱུར་པ་ལ་འཛིན་དགོས་ཀྱི་སྣང་ཆ་སྟོང་ཆ་ཡ་བྲལ་ལ་གོ་མི་རུང་བ་ནི་སྤྱིར་གཞུང་ཐམས་ཅད་ཀྱི་དགོངས་དོན་དམ་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ནམ་ཉོན་མོངས་པའི་ཡིད་གནས་འགྱུར་ཏེ་མཉམ་ཉིད་ཡེ་ཤེས་སུ་གྱུར་པ་དང་། ཡིད་ཤེས་སོར་རྟོག་ཡེ་ཤེས་སུ་གནས་གྱུར་པ་གང་ཞིག་ས་ལ་ཞུགས་པའི་བྱང་སེམས་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པ་དང་། སྐུ་དེ་ལས་གཞན་པ་ནི་སྤྲུལ་པའི་སྐུ་ཡིན་ཏེ། ནམ་སྒོ་ལྔའི་རྣམ་ཤེས་གནས་འགྱུར་ནས་དགའ་ལྡན་ནས་འཕོས་པ་སོགས་བསྟན་པའི་སྒོ་ནས་འཛམ་གླིང་གི་སེམས་ཅན་སོགས་སྨིན་པར་མཛད་པའོ། །དང་པོ་ཆོས་སྐུ་ནི་ཕྱི་མ་གཟུགས་སྐུ་གཉིས་པོའི་རྟེན་ནམ་གཞི་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པའི་བྱང་ཆུབ་ཆེན་པོ་དེ་ལས་དག་པ་དང་མ་དག་པའི་གདུལ་བྱ་ལ་སྐུ་གཉིས་སུ་སྣང་བའི་ཕྱིར་རོ། །རྒྱས་བཤད་ལ་སྐུ་གསུམ་སོ་སོར་བཤད་པ་དང་། བསྡུ་བ་དང་མཉམ་པ་རྟག་པ་གསུམ་བཤད་པ་གཉིས་དང་པོ། ལོངས་སྤྱོད་རྫོགས་པ་ཡི་སྐུ་ནི་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ། འཁོར་གྱི་བྱང་སེམས་ཡོངས་སུ་སྡུད་པ་ཐ་དད་དེ་བྱང་ཆུབ་སེམས་དཔའ་མཚན་ཐ་དད་པ་དུ་མའི་འཁོར་མི་འདྲ་བ་དང་། ཞིང་ཁམས་ཀྱང་ཤེལ་དང་གསེར་དང་བཻཌཱུཪྱ་ལ་སོགས་པའི་ཁ་དོག་དང་རྣམ་པ་ཐ་དད་པ་མཚན་ཀྱང་ཐ་དད་དེ། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་ལ་སོགས་པ་བཞིན་ནོ། །སྐུ་ཡང་ཐ་དད་དེ་ཁ་ཅིག་སྐུ་མདོག་དཀར་པོ། ལ་ལ་སེར་པོ་ལ་སོགས་པར་སྣང་བས་སོ། །ཆོས་ལ་རྫོགས་པར་ལོངས་སྤྱད་པ་ཡང་། ཁ་ཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཁ་ཅིག་གིས་ས་བཅུ་པ་སོགས་ཐེག་ཆེན་གྱི་ཆོས་རྣམ་གྲངས་སྣ་ཚོགས་འཆད་པའོ། །མཛད་པ་ཡང་གདུལ་བྱའི་བསམ་པའི་དབང་གིས་ལ་ལས་སྐུ་ཆེ་བར་མཐོང་ལ་ལས་ཆུང་བར་མཐོང་། །དེ་བཞིན་ཁ་དོག་སོགས་དང་ཆོས་ཀྱང་གདུལ་བྱའི་བསམ་པ་དང་མཐུན་པའི་ཐེག་ཆེན་སྟོན་པ་ལ་སོགས་པ་དག་གིས་རྣམ་པ་ཐ་དད་པར་སྣང་བ་ཡིན་གྱི་གཅིག་ཏུ་མ་ངེས་སོ། །གཉིས་པ་རང་བཞིན་ཆོས་ཀྱི་སྐུ་ནི་ཐམས་ཅད་དུ་ཐ་དད་མེད་པར་གཅིག་ཏུ་མཉམ་པ་སྟེ། དག་པ་གཉིས་ལྡན་ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་རང་བཞིན་ལས་མི་མཐུན་པར་སྣང་བ་མེད་པའོ། ། ཕྲ་ཞིང་ཞེས་པ་ཉན་རང་སོགས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་དང་འབྲེལ་བ་དེ་ཆོས་སྐུ་དེ་ལོངས་སྐུར་སྣང་བའི་རྒྱུ་ཡིན་པས་སོ།། ཇི་ལྟར་ཡིན་ན་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལས་ལོངས་སྐུ་བྱུང་ནས་ས་ལ་ཞུགས་པའི་བྱང་སེམས་རྣམས་ཐེག་པ་ཆེན་པོའི་ཆོས་ལ་དགྱེས་དགུར་ཏེ་འདོད་དགུར་ལོངས་སྤྱོད་པར་བསྟན་པ་ལ་ལོངས་སྐུ་དེ་ནི་བྱང་སེམས་དེ་དག་གིས་ཆོས་ལ་ལོངས་སྤྱོད་རྫོགས་པར་འབྱོར་པའམ་ནུས་པའི་རྒྱུར་འདོད་དེ་ལོངས་སྐུའི་འཁོར་དུ་ཡོད་པའི་བྱང་སེམས་དེ་རྣམས་ཀྱི་ཡིད་ལ་ཐེག་པ་ཆེན་པོའི་ཆོས་མཐའ་དག་རྫོགས་པར་ལོངས་སྐུ་དེས་མཛད་པའི་ཕྱིར་རོ། ། ཇི་ལྟར་ན་ཕྱིའི་ལོངས་སྤྱོད་ཞིང་ཡོངས་སུ་དག་པ་དང་ནང་གི་ལོངས་སྤྱོད་ཐེག་པ་ཆེན་པོའི་ཆོས་དེ་གཉིས་དགྱེས་དགུར་ལོངས་སྤྱོད་པའི་དོན་དེ་ལོངས་སྐུས་མཛད་པའི་སླད་དུའོ། །གསུམ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡི་སྐུ་ནི། གང་ལ་གང་འདུལ་དུ་སྤྲུལ་པ་དཔག་ཏུ་མེད་པ་དེ་ཐམས་ཅད་སྤྲུལ་པའི་སྐུར་ནི་འདོད་པ་སྟེ་མཆོག་གི་སྤྲུལ་སྐུ་འབའ་ཞིག་ཏུ་མ་ཟད་ལྷ་ལ་སོགས་པ་འགྲོ་བ་སོ་སོའི་གཟུགས་སུ་སྤྲུལ་པའང་སྤྲུལ་པའི་སྐུ་ཡིན་ཞེས་བྱའོ། ། རང་གི་དོན་ཕུན་ཚོགས་དང་གཞན་དོན་ཕུན་ཚོགས་ཏེ་དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པ་ནི། རྣམ་པ་ཐམས་ཅད་དམ་རྣམ་པ་ཀུན་ཏུ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ལ་གནས་ཏེ། སངས་རྒྱས་ཀྱི་བདག་དོན་མཐར་ཕྱིན་ནས་ཡོངས་སུ་དག་པའི་ཞིང་དུ་འཁོར་དག་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་སྤེལ་བའི་རྣམ་པ་རྟག་ཏུ་བཞུགས་པ་གཟུགས་སྐུའི་མཐར་ཐུག་ལོངས་སྐུ་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུས་གཞན་སེམས་ཅན་མ་དག་པ་རྣམས་སྨིན་པར་བྱེད་པས་གཞན་དོན་ཕུན་ཚོགས་མཛད་པའོ། །འདི་གཙོ་ཆེ་བའི་ཆ་ནས་བརྗོད་པའོ། །ཆོས་ཀྱི་སྐུ་ནི་རང་དོན་གཞན་དོན་ཐ་དད་དུ་འབྱེད་པ་མེད་དེ། དོན་གཉིས་ཕུན་ཚོགས་ཀྱི་སྐུ་གཉིས་འབྱུང་བའི་རྟེན་ཡིན་ལ། སྤྲུལ་པའི་སྐུས་གཞན་དོན་བྱེད་ཚུལ་གྱི་དབྱེ་བ་ནི། བཟོ་སྟོན་པ་དང་། སྐྱེ་བ་སྟོན་པ་དང་། མངོན་པར་བྱང་ཆུབ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པའི་སྟོན་པ་བཞི་ཕྱི་མའི་བར་དུ་རྟག་ཏུ་སྟོན་པས་ན་སངས་རྒྱས་སྤྲུལ་པའི་སྐུ་འདི་ཉིད་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་གྲོལ་བའི་ཐབས་ཆེན་པོར་འགྱུར་པ་ཡིན་ནོ། ། བཟོ་བ་སྟོན་པ་ཤིང་མཁན་རྫ་མཁན་བི་ཝ་མ་མཁན་སོགས་བཟོ་སྟོན་པའོ། །སྐྱེ་བ་དགའ་ལྡན་ནས་འཕོས་ཏེ་རྒྱལ་རིགས་དང་བྲམ་ཟེའི་རིགས་སོགས་སུ་སྐྱེ་བའོ། ། བྱང་ཆུབ་ཆེན་པོ་ནི་སངས་རྒྱས་པ་དང་། མཐར་མྱ་ངན་ལས་འདས་པ་སྟོན་པའོ་ཞེས་བློ་བརྟན་གསུངས་ཏེ་གོང་དུའང་བཤད་ཟིན་ཏོ། །གཉིས་པ་སྐུ་གསུམ་པོ་དག་གིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་བསྡུས་པར་ནི་ཤེས་པར་བྱ་སྟེ། སྐུ་གསུམ་པོ་དེ་དག་གིས་རང་དང་གཞན་གྱི་དོན་བྱེད་པ་ལོངས་སྐུ་སྤྲུལ་སྐུ་གཉིས་དང་། དེ་གཉིས་ཀྱི་གཞི་རྟེན་ཆོས་སྐུ་དང་བཅས་པ་བསྟན་པ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཏུ་བསྡུ་བ་དང་། ལོངས་སྐུ་དཔག་ཏུ་མེད་པ་རྣམས་ལོངས་སྐུར་བསྡུ་བ་དང་། སྤྲུལ་སྐུ་དཔག་ཏུ་མེད་པ་རྣམས་སྤྲུལ་པའི་སྐུར་བསྡུས་པའི་སྐུ་གསུམ་དུ་མ་འདུས་པ་མེད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པའོ་ཞེས་གསུངས་པའི་དོན་ནི་སངས་རྒྱས་དེ་དག་མཉམ་པ་གསུམ་གྱིས་ཏེ། རྟེན་ནམ་གནས་མཉམ་པ་ནི་ཆོས་དབྱིངས་ཤིན་ཏུ་རྣམ་དག་ཆོས་སྐུར་མཉམ་ཞིང་ཐ་དད་མེད་པ་དང་། དགོངས་པ་མཉམ་པ་ནི་ལོངས་སྐུ་ཐམས་ཅད་དགོངས་པ་ཆེ་ཆུང་བཟང་ངན་མེད་ཀྱི་ཐམས་ཅད་ཀྱང་སེམས་ཅན་ལ་ཕན་བདེ་མཛད་པར་དགོངས་པ་གཅིག་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ཐམས་ཅད་ཕྲིན་ལས་ཀྱིས་ནི་སེམས་ཅན་འདུལ་བར་མཛད་པ་མཉམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་འབྱུང་བ་སྔར་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟག་པའོ་ཞེས་གསུངས་པའི་དོན་ནོ། །རྟག་པ་གསུམ་ནི་ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་སྐྱེ་འགགས་མེད་པས་ངོ་བོའམ་རང་བཞིན་གྱིས་རྟག་པ་དང་ནི། ལོངས་སྐུ་རྣམས་ནམ་ཡང་ཆོས་སྟོན་པ་རྒྱུན་མི་འཆད་པས་རྟག་པ་དང་། སྤྲུལ་པའི་སྐུ་རྣམས་རྒྱུན་གྱིས་རྟག་པ་སྟེ། ལ་ལར་མི་སྣང་ཡང་དེའི་ཚེ་ལ་ལར་སྣང་བའི་ཚུལ་གྱིས་སེམས་ཅན་གྱི་མཐའི་བར་རྒྱུན་གྱིས་འབྱུང་བས་རྟག་པའོ། །དེའི་ཕྱིར་སངས་རྒྱས་སྐུ་གསུམ་པོ་དེ་དག་རྟག་པ་ཉིད་དོ། །གཉིས་པ་ཡེ་ཤེས་བཤད་པ་ལ་མདོར་བསྟན་སོ་སོར་རྒྱས་པར་བཤད། ཡེ་ཤེས་དེ་ལྟ་བུ་ཐོབ་བྱེད་ཀྱི་རྒྱུ་བསྟན། སངས་རྒྱས་ཀྱི་ཡེ་ཤེས་སུ་ལམ་ཐམས་ཅད་མཐར་ཐུག་པར་བསྟན་པ་བཞི་ལས། དང་པོ། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས་རྟག་ཏུ་མི་གཡོ་བ་འཁོར་བའི་མཐའི་བར་དུ་འབྱུང་བ་དང་འཇུག་པ་མེད་པར་གནས་པ་ཡིན་ལ། ཡེ་ཤེས་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་གནས་ཤིང་བརྟེན་པ་ཡིན་ལ་འབྱུང་འཇུག་ཡོད་པས་གཡོ་བའོ། །གསུམ་པོ་གང་ཞེ་ན་ཉོན་མོངས་པའི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང་། དབང་པོ་སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པ་ཡི་ཡེ་ཤེས་གསུམ་མོ། ། དེ་ལྟར་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ནི་བཞི་ཁོ་ནའོ། །སོ་སོར་རྒྱས་བཤད་ལ་བཞི་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཤེས་བྱའི་རྣམ་པ་ཐམས་ཅད་སྣང་ཡང་གཟུང་བ་དང་འཛིན་པར་རྟོག་པ་དང་། ང་དང་བདག་ཏུ་རྟོག་པ་དང་། མངོན་པར་འདུ་བྱེད་པའི་འབད་རྩོལ་མེད་པས་ང་ཡི་བ་མེད་པ་སྟེ། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་རྣམ་པ་མང་པོ་སྣང་ཡང་དེ་དག་གྲུབ་པ་མེད་ཅིང་དེ་དག་ལ་རྟོག་ཅིང་འདུ་བྱེད་པ་མེད་པ་བཞིན་ནོ། །དེ་ནི་ཡུལ་དང་ཕྱོགས་ཁ་ཅིག་ལ་འཇུག་ཁ་ཅིག་ལ་མི་འཇུག་པ་ལྟ་བུ་མ་ཡིན་པ་ཡུལ་ཐམས་ཅད་པར་རིས་སུ་མ་ཆད་པར་འཇུག་པས་ཡོངས་སུ་མ་ཆད་པའོ། ། དེ་ནི་དུས་གསུམ་ཐམས་ཅད་དུ་འབྱུང་བས་རྟག་ཏུ་ལྡན་པ་དང་། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་དང་བྲལ་བས་དམིགས་པ་ཤེས་བྱ་ཀུན་ལ་མ་རྨོངས་ལ་ཇི་ལྟ་བ་བཞིན་རྟོགས་པའོ། །རྣམ་པ་ནི་དུས་རྟག་ཏུ་ཤེས་བྱ་དེ་དང་དེ་ལ་འདི་དང་འདི་ཞེས་རྣམ་པར་རྟོག་པས་མངོན་ཞེན་གྱིས་མི་འཛིན་པས་དམིགས་པ་དེ་ལས་མངོན་དུ་ཕྱོགས་པ་མེད་པ་སྟེ་སྣང་ཡང་རིས་ཆད་ཀྱི་མཚན་མ་རྣམ་པར་མི་རྟོག་པའི་ཕྱིར་རོ། ། ཡེ་ཤེས་གཞན་ཀུན་གྱི་རྒྱུ་མཚན་ཏེ་རྒྱུ་ཡིན་པའི་ཕྱིར། ཡེ་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོ་ཆེན་པོ་འདྲའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཅེས་བྱ་སྟེ་དེའི་གདགས་གཞི་མཐར་ཐུག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མེ་ལོང་ཡེ་ཤེས་ཞེས་བྱ་ན། མེ་ལོང་དྭང་བ་ལ་གཟུགས་བརྙན་ཐམས་ཅད་སྣང་བ་བཞིན་དུ་ཡེ་ཤེས་འདིར་ཤེས་བྱ་ཡོད་དོ་ཅོག་གི་རྣམ་པར་སྣང་ནས། དེ་དག་ཇི་ལྟ་བ་མཉམ་པ་ཉིད་དུ་རྟོགས་པ་དང་། ཇི་སྙེད་པ་མ་འདྲེས་པར་རྟོགས་པ་དང་། གདུལ་བྱའི་དོན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གསུམ་གྱི་གཟུགས་བརྙན་ནམ་རྣམ་པའི་མཚན་ཉིད་གཞི་དེ་ལ་བརྟེན་ནས་འབྱུང་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ས་དང་པོའི་དུས་བདག་དང་སེམས་ཅན་མཉམ་པ་ཉིད་དུ་རྟོགས་པ་དེས་བཅུ་པའི་བར་དུ་བསྒོམས་པས། ང་དང་བདག་ཏུ་རྟོག་པའི་བག་ཆགས་ཕྲ་མོ་ཡང་སྤངས་ནས་དག་པ་སངས་རྒྱས་ཀྱི་སའི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ལ་འདོད་དོ། །སྲིད་པ་དང་ཞི་བའི་ཕྱོགས་སམ་མཐའ་ལ་མི་གནས་པའི་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་གྱུར་ཏེ་སྲིད་ཞི་གཉིས་སུ་དམིགས་པ་ཞི་བ་ནི་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་པར་འདོད་དོ། །དུས་རྣམས་ཀུན་ཏུ་བྱམས་པ་དང་། སྙིང་རྗེའམ་ཐུགས་རྗེ་ཆེན་པོ་དག་དང་ལྡན་ལ། སེམས་ཅན་རྣམས་ལ་སོ་སོ་རང་རང་གི་ཇི་ལྟར་མོས་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཁ་དོག་དང་དབྱིབས་ལ་སོགས་པ་སྣ་ཚོགས་སུ་ངེས་པར་སྟན་པའི་བྱེད་ལས་ཅན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཀུན་ལ་དུས་རྟག་ཏུ་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་སོ། །དེ་ནི་ཏིང་ངེ་འཛིན་ཚད་མེད་པ་དང་། གཟུངས་ཀྱི་སྒོ་ཚད་མེད་པ་རྣམས་ཀྱི་གཏེར་དང་འདྲ་བ་ཁོ་ན་ཡིན་ནོ། །དེའི་བྱེད་ལས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཕྱིའི་འདོད་ཡོན་གྱི་འབྱོར་པ་ཞིང་དག་པ་ས་གཞི་རིན་པོ་ཆེ་ལས་གྲུབ་པ་དང་། དཔག་བསམ་གྱི་ཤིང་དང་། བདུད་རྩིའི་ཆུ་ཀླུང་དང་། གཞལ་མེད་ཁང་བཀོད་པས་བརྒྱན་པ་དང་། ཟག་པ་མེད་པའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་ཀྱི་སྤྲིན་ཕུང་འཁྲིགས་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་འབྱོར་པ་ཐམས་ཅད་སྟོན་པར་མཛད་པ་དང་། ནང་ཆོས་ཀྱི་འབྱོར་པ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཡང་དག་པར་བསྟན་པས་འཁོར་གྱི་སྐྱེ་བོ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཡི་ཐེག་པ་ཆེན་པོ་ཡི་ཆོས་ཆེན་པོའི་ཆར་ནི་རབ་ཏུ་འབེབས་པར་བྱེད་པའོ།། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། འཇིག་རྟེན་གྱི་ཁམས་རྣམས་མཐའ་ཡས་པ་ཀུན་དུ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མི་འདྲ་བ་རྣམ་པ་སྣ་ཚོགས་ཤིང་། དེ་དག་གི་གྲངས་དཔག་ཏུ་མེད་པ་དང་བློས་བསམ་ཡས་པའི་སྤྲུལ་པ་ཡིས་སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །བཤད་མ་ཐག་པ་སངས་རྒྱས་ཀྱི་སྤྲུལ་པ་དེ་སྣ་ཚོགས་ཡིན་པ་དང་། དཔག་ཏུ་མེད་པ་དང་། བསམ་ཡས་པ་ཡིན་པའི་རྒྱུ་མཚན་ནི། དུས་རྟག་ཏུ་སེམས་ཅན་ཁམས་དང་དབང་པོ་མོས་པ་ཐ་དད་པའི་དོན་མཛད་པའམ་བྱ་བ་སྒྲུབ་པའི་བྱེ་བྲག་གིས་སྣ་ཚོགས་པ་སྟེ་སངས་རྒྱས་ཀྱི་འདུལ་བ་ལ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་པ་དང་། དེ་བཞིན་ཉན་རང་དང་བྱང་སེམས་ལྷ་ལ་སོགས་པའི་འགྲོ་བ་ཐམས་ཅད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སོགས་མདོར་ན་སྤྲུལ་པ་མི་འདྲ་བ་སྣ་ཚོགས་ཚད་མེད་པར་སྟོན་པའི་ཕྱིར་སྣ་ཚོགས་པ་ཡིན་ནོ། ། སྤྲུལ་པ་ཡང་བརྒྱ་དང་སྟོང་ལ་སོགས་པ་གྲངས་བགྲང་བ་ལས་འདས་པས་ན་དཔག་ཏུ་མེད་པ་ཞེས་བྱའོ། །ཞིང་གིས་ཞེས་པ་གདུལ་བའི་ཞིང་ནི་ཞིང་གཅིག་དང་བརྒྱ་ལ་སོགས་པ་ཉི་ཚེ་བ་མ་ཡིན་པར། གངྒཱའི་རྡུལ་གྱི་གྲངས་ལས་འདས་པའི་ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་ཡས་མུ་མེད་པ་སྤྲུལ་པའི་རྣམ་པར་རོལ་བ་སྟོན་པའི་སངས་རྒྱས་ཀྱི་སྤྲུལ་པ་དེ་ནི་རྣམ་པ་ཀུན་ཏུ་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ།། གསུམ་པ་ཡེ་ཤེས་བཞི་པོ་སྒྲུབ་པའི་རྒྱུ་ལ་རྣམ་སྨིན་གྱི་རྒྱུ་དང་། ཡོངས་སུ་དག་པ་ཐོབ་བྱེད་ཀྱི་རྒྱུ་གཉིས་ཀྱི་དང་པོ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་སོ་སོའི་སྐྱེ་བོའི་དུས་སུ་དགེ་བའི་བཤེས་གཉེན་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་མཉན་བསམ་བསྒོམ་པ་སོགས་ཀྱི་སྒོ་ནས་འཛིན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་པའི་རྒྱུ་སྟེ། རྒྱུ་དེ་ལས་རིམ་གྱིས་ཀུན་གཞི་གནས་འགྱུར་བ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་བའི་ཕྱིར་ན་ཆོས་འཛིན་པའི་ཕྱིར་མེ་ལོང་ཡེ་ཤེས་འབྱུང་ངོ་ཞེས་གཞན་མ་གསུམ་ལའང་དེའི་འགྲེས་སུ་ཤེས་པར་བྱས་ལ། སོ་སོའི་སྐྱེ་བོའི་དུས་སུ་སེམས་ཅན་ཐམས་ཅད ་ལ་བདག་དང་འདྲ་བར་བྱམས་པའི་སེམས་ལ་བློ་སྦྱངས་ཏེ་སེམས་མཉམ་པ་གོམས་པར་བྱས་པའི་ཕྱིར་མཉམ་ཉིད་ཡེ་ཤེས་འབྱུང་ངོ་། །མོས་སྤྱོད་ཀྱི་དུས་སུ་ཡང་དག་པའི་ཆོས་ཇི་ལྟར་ཐོས་པ་བཞིན་ཕྱིན་ཅི་མ་ལོག་པར་སེམས་ཅན་གཞན་ལ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་འབྱུང་ངོ་། ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བྱ་བ་རང་གིས་སྒྲུབ་པར་བྱས་པ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་རྒྱུ་བཞི་པོ་དེ་ལས་ཡེ་ཤེས་བཞི་པོ་ཡང་དག་པར་འབྱུང་ངོ་། ། དེའི་ཕྱིར་སོ་སོའི་སྐྱེ་བོའི་དུས་ན་བླ་ན་མེད་པའི་ཡེ་ཤེས་བཞི་པོ་འདི་ཐོབ་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱུ་བཞི་པོ་འདི་ཅི་ནུས་སུ་བསྒྲུབ་ཅིང་ཡེ་ཤེས་དེ་དང་དེ་དག་ཐོབ་པར་ཡོངས་སུ་བསྔོས་ན་རྒྱུ་འབྲས་བསླུ་མེད་ཀྱི་རྟེན་འབྲེལ་ལས་ནམ་ཞིག་ཡེ་ཤེས་དེ་ཐོབ་པའི་རྒྱུར་ཆུད་མི་ཟ་བར་འགྱུར་རོ། །གཉིས་པ་འདི་ལྟར་སེམས་ཅན་ཐ་དད་པ་དག་གིས་བླ་ན་མེད་པའི་ཡེ་ཤེས་དེ་ལྟ་བུ་ཐོབ་པའི་ཚེ་རྒྱུད་ཐ་དད་དུ་མའི་རང་བཞིན་ཅན་གྱི་སངས་རྒྱས་དུ་མར་འགྱུར་ན་སངས་རྒྱས་ཀྱང་གང་ཟག་རང་མཚན་པར་འགྱུར་ཞིང་དེའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རང་མཚན་པ་དུ་མར་འགྱུར་བས་འདུས་བྱས་དང་མི་རྟག་པའི་ཆོས་སུ་འགྱུར་བ་དེ་ལྟ་ན་འཕགས་པའི་གང་ཟག་རྣམས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱིས་འདུས་བྱས་ཀྱིས་ཕྱེ་བ་མིན་པར་གསུངས་པ་ཇི་ལྟར་འཐད། གལ་ཏེ་སངས་རྒྱས་ཚེ་ཐ་དད་མེད་ན་སེམས་ཅན་སོ་སོས་ལམ་བསྒྲུབས་ནས་འབྲས་བུ་ཐོབ་པ་དོན་མེད་པར་མི་འགྱུར་རམ་སྙམ་ན། ཇི་སྲིད་གང་ཟག་དང་ཆོས་སུ་འཛིན་པའི་འདུ་ཤེས་ཡོད་པ་དེ་སྲིད་དུ་རྒྱུད་ཐ་དད་པའི་གང་ཟག་དང་དེའི་ཕུང་ཁམས་སོགས་ཀྱི་ཆོས་ཐ་དད་དུ་མར་སྣང་གི དོན་དམ་པར་ཆོས་དང་གང་ཟག་གི་ངོ་བོ་ཉིད་མེད་པར། བདག་མེད་གཉིས་ཀྱི་རང་བཞིན་སྟོང་པ་ཉིད་འོད་གསལ་བ་ཡིན་པས་དེ་བཞིན་མངོན་དུ་གྱུར་པའི་དུས་ན་གང་ཟག་དང་ཆོས་ཀྱི་རང་བཞིན་དུ་འཛིན་པ་དང་བྲལ་བས་སངས་རྒྱས་ཀྱི་ས་ན་སངས་རྒྱས་རྣམས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡེ་ཤེས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པ་ཡིན་པས། གང་ཟག་དང་ཆོས་རང་མཚན་པ་ཐ་མལ་པའི་བློས་བཟུང་པའི་རྣམ་པ་འདི་ལྟ་བུའི་མཚན་མ་ཅི་ཡང་མི་མངའ་བས། སངས་རྒྱས་རྣམས་ལ་དོན་དམ་པ་ཐ་དད་མེད་ལ། ཐ་སྙད་དུ་ཐ་དད་པར་གདགས་པ་ཡོད་པར་བསྟན་པ། རིགས་ཐ་དད་ཕྱིར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ཡང་ཁ་ཅིག་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཅིག་མངོན་པར་སངས་རྒྱས་ན། དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་གཞན་མི་སྐྱེ་མི་འབྱུང་བས་འཇིག་རྟེན་ཁམས་ཀུན་ན་སངས་རྒྱས་གཅིག་ལས་མེད་པས་དེས་འཇིག་རྟེན་གཞན་དང་གཞན་དུ་སྤྲུལ་པས་དོན་མཛད་ཅེས་ཟེར། ཁ་ཅིག་ལ་འཁོར་བ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་གཅིག་ཁོ་ནར་ཟད་དེ། གཅིག་པོ་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཕྲིན་ལས་སྣ་ཚོགས་མཛད་དོ་ཞེས་ཟེར། ཁ་ཅིག་མཐར་ཐུག་གི་ས་ཐོབ་པའི་སངས་རྒྱས་ཀྱང་གཅིག་མ་ཡིན་ཏེ། ང་བདག་ཏུ་རྟོག་པ་སྤངས་ཤིང་སྒྲིབ་གཉིས་བྲལ་བའི་ཆོས་སྐུ་ཡང་ཐ་དད་པ་དུ་མ་ཡོད་ཅེས་ཟེར། སངས་རྒྱས་གཅིག་དང་དུ་མ་ཡིན་པར་མཐའ་གཅིག་ཏུ་འདོད་པ་དེ་གཉིས་ཀ་ལྟར་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། འཇིག་རྟེན་གྱི་ཁམས་ན་སངས་རྒྱས་འགྲུབ་རུང་གི་རིགས་ཡོད་པའི་སེམས་ཅན་མཐའ་ཡས་པས་རྒྱུ་རིགས་ཐ་དད་དུ་ཡོད་པའི་ཕྱིར་འབྲས་བུ་སངས་རྒྱས་གཅིག་ཁོ་ན་ཡིན་པར་མི་རིགས་ཏེ། དཔེར་ན་འབྲུའི་ཕུང་པོ་ཆེན་པོ་ལས། འབྲུ་གཅིག་ཁོ་ན་མྱུ་གུ་སྐྱེ་རུང་ཡིན་གྱི་གཞན་མ་ཡིན་ཞེས་སྨྲ་བ་མི་རིགས་པ་ལྟར་རོ། ། ཟས་ལེགས་པར་གཡོས་སུ་བྱས་པ་ནི་སུ་ལ་ཡང་འགྲངས་པ་དང་ཕན་པར་བྱེད་པ་ལྟར། ཚོགས་གཉིས་པོ་གང་ཟག་སུས་བསགས་ཀྱང་སངས་རྒྱས་ཐོབ་པའི་དོན་ཡོད་པར་འགྱུར་གྱི། གལ་ཏེ་སངས་རྒྱས་གཅིག་ལས་མེད་ན་གང་ཟག་དུ་མས་སངས་རྒྱས་ཐོབ་པའི་ཕྱིར་ཚོགས་གཉིས་བསགས་པ་དོན་མེད་པ་འགྱུར་ནའང་དེ་མི་རིགས་པས་སངས་རྒྱས་གཅིག་ལས་མེད་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་དང་པོར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ན་བདག་བྱང་ཆུབ་ཆེན་པོ་ཐོབ་པར་བྱས་ནས་སེམས་ཅན་རྣམས་བྱང་ཆུབ་དེ་ལ་འགོད་པར་བྱའོ་ཞེས་པའི་དམ་བཅའ་སངས་རྒྱས་ཀྱི་སར་ཡོངས་སུ་རྫོགས་པ་ཡིན་ན། སངས་རྒྱས་དེ་གཅིག་པུ་དེ་ལས་སེམས་ཅན་གཞན་འཚང་རྒྱ་བ་མེད་ན་སངས་རྒྱས་དེས་སེམས་ཅན་གཅིག་ཙམ་སངས་རྒྱས་ཀྱི་ས་ལ་བཞག་པ་མེད་པས་དེས་དང་པོར་དམ་བཅས་པ་ཡོངས་སུ་མ་རྫོགས་པར་འགྱུར་ནའང་། དེ་མི་རིགས་ཏེ་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་བྱ་བའི་དམ་བཅའ་ཡོངས་སུ་རྫོགས་པའི་ཕྱིར་སངས་རྒྱས་གཅིག་ཁོ་ནར་ཟད་པ་མིན་ནོ།། འདི་ཡན་ཆད་ཀྱི ས་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་གཅིག་ཡོད་ཀྱི་འཇིག་རྟེན་གཞན་ན་སངས་རྒྱས་གཞན་མེད་ཅེས་ཟེར་བ་དེ་བཀག་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་འཁོར་ལོས་སྒྱུར་བ་དང་སངས་རྒྱས་གཉིས་དུས་གཅིག་མི་འབྱུང་གསུངས་པ་ནི། གླིང་བཞི་པའི་འཇིག་རྟེན་གཅིག་ཏུ་ཡིན་ཏེ། མཆོག་གི་སྤྲུལ་སྐུ་ཤཱཀྱའི་རྒྱལ་པོ་ལྟ་བུ་སངས་རྒྱས་གཅིག་པོ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ན། གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་སྙེད་དུ་སྤྲུལ་པ་དེ་སྙེད་ཅིག་དུས་མཉམ་པར་ལྷུམས་སུ་ཞུགས་པ་སོགས་ཀྱི་སྤྲུལ་པའི་སངས་རྒྱས་རེ་རེ་སྣང་བ་ཡིན་ཞེས་ཐེག་བསྡུས་སུ་གསུངས། དེ་ནི་དུས་ཀྱི་དབང་དུ་བྱས་ཏེ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་གཅིག་ཁོ་ན་ཡིན་ཟེར་བ་བཀག་པ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པར་འཚང་རྒྱ་བ་ནི་མི་སྲིད་ལ། ཚོགས་དེ་གཉིས་ཀྱང་ལུང་འབོག་པའི་སངས་རྒྱས་གཞན་མེད་པར་རང་གར་མི་འབྱུང་བས་སངས་རྒྱས་སྔ་མ་སྔ་མའི་སྔོན་དུ་སངས་རྒྱས་གཞན་ཡོད་པས་འཁོར་བ་ལ་ཐོག་མ་མེད་པ་ལྟར་སངས་རྒྱས་ལ་ཡང་ཐོག་མ་མེད་པའི་ཕྱིར་ཐོག་མ་མེད་པ་ནས་སངས་རྒྱས་གཅིག་ལས་མེད་པ་མི་འཐད་དེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སངས་རྒྱས་དུ་མ་བྱོན་པ་ཡིན་པར་གྲུབ་བོ། ། དེ་ལྟར་བཤད་མ་ཐག་པའི་རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་སངས་རྒྱས་ནི་གཅིག་ཁོ་ནར་ཟད་པ་མིན་ཏེ་སངས་རྒྱས་དུ་མ་དཔག་ཏུ་མེད་པ་ཡིན་ནོ། །དེ་ལྟར་ན་ཡང་ཆོས་ཀྱི་དབྱིངས་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་ཤིན་ཏུ་རྣམ་པར་དག་པ་ཟག་མེད་ཀྱི་དབྱིངས་དམ་པ་ཐོབ་པའི་དུས་ན་གནས་དེ་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་སངས་རྒྱས་ནི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའམ་རྣམ་པར་བཞག་པ་ཡིན་པས་དེའི་དབང་དུ་སངས་རྒྱས་མང་པོའང་མིན་ཏེ་ཐམས་ཅད་ཆོས་དབྱིངས་དེ་བཞིན་ཉིད་མཚན་མ་མེད་པ་རང་བཞིན་འོད་གསལ་བ་ཙམ་དུ་རོ་མཉམ་པའི་ཕྱིར་ཏེ་སྔར་ཡང་བསྟན་པ་བཞིན་ནོ། །གཉིས་པ་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཆེན་པོ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་དེ་ཐོབ་པར་བྱེད་པ་ནི་ཕར་ཕྱིན་ལྔ་དང་དེ་ལས་ཁྱད་པར་དུ་གཙོ་བོར་གྱུར་པ་ཕར་ཕྱིན་གཞན་དག་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་མཐར་ཐུག་གི་ཡེ་ཤེས་ཆེན་པོ་ཐོབ་བྱེད་ཀྱི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ། གཟུང་བ་དང་འཛིན་པ་སོགས་ཀུན་ཏུ་བཏགས་པ་གཉིས་ཆོས་ཀྱི་མཚན་མར་དམིགས་པ་མེད་པ་གང་ཡིན་པ་དེ་ཉིད་ནི། དོན་དམ་པར་ཡོངས་སུ་གྲུབ་པའམ་དེ་བཞིན་ཉིད་གང་ཞིག་བདེན་པ་དང་ཡང་དག་པ་དང་གནས་ལུགས་སུ་ཡོད་པ་ཡི་ནི་དམ་པར་འདོད་དོ། ། འདི་ནི་ཡུལ་གྱི་ངོས་ནས་བསྟན་པའོ། །སྤྲོས་པའི་མཚན་མ་གང་དུའང་རྣམ་པ་ཀུན་ཏུ་མི་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དམིགས་པ་ཡི་ནི་མཆོག་ཏུ་འདོད་དེ། ཡང་དག་པའི་མཐའ་ཇི་བཞིན་གཏན་ལ་ཕེབ་པའི་ཤེས་རབ་ཡིན་པའི་ཕྱིར་རོ།། མི་དམིགས་པའི་ཡེ་ཤེས་དངོས་ས་དང་པོའི་ཚེ་ཐོབ་བོ། ། དམིགས་པ་མེད་པ་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ་དེ་ནི་ཐེག་པ་ཆེན་པོའི་ལྟ་བ་རྣམ་པར་དག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དམིགས་པ་གང་དུའང་མ་མཐོང་བ་མཐོང་བའི་དམ་པར་གསུངས་པའི་དོན་ཏོ། །བསྒོམ་པ་གཟུང་བ་དང་འཛིན་པའི་རྣམ་པར་མི་ལྟ་བའི་ཕྱིར་སྒོམ་པའི་དམ་པར་འདོད་པ་སྟེ། གནས་ལུགས་དང་དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པར་བསྒོམ་པའི་ཕྱིར་སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་པའི་འཁོར་གསུམ་དུ་མི་དམིགས་པ་མཚན་ཉིད་པ་ནི་ས་གཉིས་པ་ནས་བཅུ་པའི་བར་དུ་འབྱུང་ལ། རྗེས་མཐུན་པ་མོས་སྤྱོད་དུ་ཡང་ཡོད་དོ། །འབྲས་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་དམིགས་པས་དབེན་པའི་ཕྱིར་ཡང་དག་པར་བདེན་གྲུབ་ཀྱི་རྣམ་པས་ཐོབ་པར་ལྟ་བ་མེད་པ་རྣམས་ཀྱི་ཐོབ་པ་ཡང་ནི་དམ་པར་འདོད་དེ། ཇི་སྲིད་ཐོབ་བྱའི་ཆོས་སུ་འཛིན་པའི་མངོན་ཞེན་མ་སྤངས་པ་དེ་སྲིད་དུ་སངས་རྒྱས་མི་འཐོབ་ལ། ཐོབ་པ་མེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ལས་སངས་རྒྱས་ཐོབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། མི་གནས་པ་གནས་པའི་མཆོག་དང་། ཐོབ་མེད་ཉིད་ཐོབ་པའི་མཆོག་ཏུ་བསྟན་ཏོ། ། དེ་ལྟར་གཞི་ལམ་འབྲས་བུའི་ཆོས་རྣམས་སྤྲོས་པའི་མཚན་མ་ཀུན་གྱིས་དབེན་པའི་དེ་བཞིན་ཉིད་དུ་རོ་མཉམ་པར་ཤེས་པས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ཐོབ་ཀྱི། མཚན་མའི་འདུ་ཤེས་སུ་བྱས་ན་འབྲས་བུའི་ཤེར་ཕྱིན་ལས་རིང་བར་གྱུར་ནས་མི་ཐོབ་ལ་མཚན་མ་མེད་པར་རྟོགས་ན་མི་རིང་བར་མྱུར་དུ་ཐོབ་པའི་ཚུལ་གསུངས། བླ་མ་རིགས་དང་སོགས་ཚིགས་བཅད་གཉིས་ཏེ། བླ་མ་སངས་ཀྱི་ཆོས་ལ་དངོས་པོ་དང་མཚན་མ་འཛིན་པའམ། ཡང་ན་གུ་རུའི་སྒྲ་ལྕི་བ་ལ་འཇུག་པས་བློ་བརྟན་འགྲེལ་པ་ལྟར་ན། ལྕི་བ་དང་ནི་རིང་བ་དང་། །མཚན་མ་དག་གིས་བརྩོན་འགྲུས་མཐོང་ཞེས་འདུག་པ་ལྟར། བླ་མེད་བྱང་ཆུབ་སྟོབས་སོགས་རྨད་དུ་བྱུང་བའི་ཆོས་དང་ལྡན་ཡང་དེ་བསྒྲུབ་དཀའ་བས་ལྕི་བར་མཐོང་བ་དང་། བསྐལ་པ་ཆེན་པོ་གྲངས་མེད་གསུམ་གྱི་བར་དུ་བསྒྲུབ་དགོས་པས་ཡུན་རིང་བ་དང་། བསྒོམ་པར་བྱ་བའི་ཡུལ་གྱི་མཚན་མ་དང་། བདག་གིས་བླ་མེད་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་བརྩམས་པས་གཞན་ལས་ཆེས་ལྷག་གོ་སྙམ་དུ་ལྟ་བའི་བྱང་ཆུབ་སེམས་དཔའ་དམིགས་པ་ལ་གནས་པའི་ང་རྒྱལ་ཅན་རྣམས་ནི་བླ་མེད་བྱང་ཆུབ་ལས་རིང་བ་ཞེས་བྱ་སྟེ། དམིགས་པ་དང་ང་རྒྱལ་དེ་དང་མ་བྲལ་བར་དུ་བྱང་ཆུབ་ཐོབ་པའི་ལམ་ཡང་དག་མ་ཐོབ་པའི་ཕྱིར་རོ། ། ཇི་སྐད་བཤད་མ་ཐག་པ་དམིགས་པ་ཅན་གྱི་ལྟ་བ་དེ་དག་ཀུན། བཏགས་པ་ཙམ་དང་རང་གི་དེ་དང་དེར་རྣམ་པར་རྟོག་པ་ཙམ་ལས་གཞན་དུ་དོན་གྱི་ངོ་བོས་མ་གྲུབ་པས་ཆོས་ཐམས་ཅད་རང་གི་སེམས་ཙམ་དུ་རྟོགས་པ་དང་། སེམས་དེ་ལ་ཡང་དངོས་པོ་དང་མཚན་མར་མི་རྟོག་པར་ལྟ་བའམ་མཐོང་བ་ཡི། བྱང་ཆུབ་སེམས་དཔའ་མཚན་མའི་མངོན་ཞེན་གྱི་རྟོག་པ་མེད་པ་རྣམས། བླ་མེད་བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད་དེ། རྣམ་པར་མི་རྟོག་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་བས་སོ། །བཞི་པ་ནི། སེམས་ཅན་གྱི་དུས་ན་རང་རང་གི་རྟོག་པའི་དབང་གིས་རྒྱུད་ཐ་དད་པ་དང་ཆོས་སྣ་ཚོགས་ཐ་དད་པར་སྣང་བ་ནི་འགོག་ཏུ་མེད་ཀྱང་། ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པའམ། རྟོག་པས་ཕར་བཏགས་པ་དེ་ཙམ་ལས་དོན་སོ་སོར་རང་གི་ངོ་བོའམ་རང་བཞིན་དུ་གྲུབ་པ་གང་ཡང་མེད་པས། རྟོག་པ་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རིམ་པར་སྦྱངས་པས་ཆོས་དང་གང་ཟག་སོགས་རྣམ་པ་སྣ་ཚོགས་པའི་སྤྲོས་པ་ཉེ་བར་ཞི་བའི་དེ་བཞིན་ཉིད་གཟུང་འཛིན་གྱི་སྒྲིབ་པས་དག་པ་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཐོབ་པའི་ཚེ་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སུ་མི་འདྲ་བ་མེད་པར་མཉམ་ཉིད་ཐོབ་པའི་ཚུལ་ནི། དཔེར་ན་ཆུ་ཀླུང་དག་ས་ཡི་འོག་ཏུ་རྒྱ་མཚོ་ཆེན་པོ་ལ་མ་སོང་བའམ་མ་ཞུགས་པ་དེ་ཡི་ཚེ་ན་ཤར་ལ་སོགས་པའི་ཡུལ་ཁམས་སོ་སོས་དབྱེ་བས། གནས་རྣམས་ཐ་དད་པ་དང་། ཆུ་དེ་ཡང་གངྒཱ་དང་སིནྡྷུ་སོགས་ཆེན་པོ་དང་ཆུ་ཕྲན་ཆུང་ངུའི་རྣམ་པ་ཐ་དད་པ་དང་། རྒྱ་མཚོ་ཆེན་པོ་ལ་ལྟོས་ན་ཆུའི་རྒྱུན་དེ་ཡི་ཆུ་ཡང་ཆུང་ལ། སོ་སོའི་བྱ་བ་ཡང་ཐ་དད་བྱེད་དེ་ལ་ལས་རླུང་དང་ལ་ལས་མཁྲིས་པ་ལ་ལས་བད་ཀན་སོགས་སྐྱེད་པ་དང་། ཞིང་ལ་བླུགས་པ་དང་འཁྲུད་པ་སོགས་སེམས་ཅན་ཐ་དད་སྣ་ཚོགས་ཀྱིས་སྤྱོད་པའི་བྱ་བ་ཐ་དད་པ་བྱེད་པ་དང་། ཆུ་དེ་ལ་གནས་པའི་སྲོགས་ཆགས་ཕྲ་མོའམ་བོང་ཆུང་བ་སྦལ་ལྕོང་རྣམས་ཀྱི་ཉེ་བར་སྤྱད་པར་འགྱུར་ལ། ཆུ་ཡི་རྒྱུན་དེ་ཉིད་རྒྱ་མཚོར་སོང་བར་གྱུར་ན་དེ་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་པུ་དེར་འདྲེས་ནས་གསེར་གྱི་ས་གཞི་ལ་བརྟེན་པས་གནས་རྣམས་ཐ་དད་མེད་པར་གཅིག་ཅིང་། རྒྱ་མཚོའི་ཆུ་ཡང་ཁ་ཞེང་དང་གཏིང་དཔག་དཀའ་བས་རྒྱ་ཆེ་བ་ལ་གཅིག་ཏུ་གྱུར་པ་དང་། རྒྱ་མཚོའི་ཆུ་ཐམས་ཅད་ལན་ཚྭའི་རོར་གཅིག་པ་དང་། ཆུ་ཡི་རྒྱུན་རྣམས་སྤྲོ་ཞིང་སྡུད་པའི་བྱ་བ་གཅིག་ཅིང་། རྒྱ་མཚོའི་ཆུ་ལ་གནས་པ་ཡི་སྲོགས་ཆགས་ཆུ་སྲིན་དང་ཉ་མིད་ལ་སོགས་པ་བོང་ཆེ་བ་དང་། ཆུང་བ་སྣ་ཚོགས་པ་མང་བོའི་རྟག་ཏུ་ཉེར་བར་སྤྱོད་པ་ཆེ་བ་ཉིད་དུ་གྱུར་པ་ཡི་དཔེ་དེ་བཞིན་དུ། མཐར་ཐུག་པ་སངས་རྒྱས་པའི་ས་ཉིད་དུ་མ་ཞུགས་པའི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་ཕུང་པོ་ལྔའི་རྟེན་ཀྱང་ཐ་དད་པ་དང་། བློ་གྲོས་རྣོ་རྟུལ་དང་བཟང་ངན་ཆེ་ཆུང་ཐ་དད་ཅིང་། སྒྲིབ་པ་མཐའ་དག་མ་སྤངས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པས་རྟོགས་པ་ཡང་སངས་རྒྱས་ལ་ལྟོས་ན་ཤིན་ཏུ་ཆུང་ལ། རང་རང་གི་བྱ་བ་སྦྱིན་སོགས་སྐབས་སུ་གང་བབ་པ་དེ་ཙམ་ལ་འཇུག་པས་བྱ་བ་ཡང་ཐ་དད་པ་དང་དེ་དག་གིས་རང་རང་གིས་གདུལ་བྱར་གྱུར་པའི་སེམས་ཅན་ཉུང་ངུ་ཞིག་གི་དོན་བྱེད་པས་གདུལ་བྱ་དེ་དག་གིས་ཉེར་སྤྱད་དུ་འགྱུར་གྱི་སངས་རྒྱས་བཞིན་དུ་ཕྱོགས་བཅུའི་སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་དོན་བྱེད་པ་མ་ཡིན་ནོ། ། བྱང་སེམས་དེ་ཐམས་ཅད་མཐར་ཐུགས་སངས་རྒྱས་ཀྱི་ཆོས་དབྱིངས་རྣམ་པར་དག་པ་དང་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་ཡི་རང་བཞིན་ཅན་དེ་ཉིད་དུ་ཞུགས་ན། རྟེན་ནམ་གནས་ཀྱང་གཅིག་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་གཅིག་པུ་ལས་ཕུང་པོའི་རྒྱུད་ཀྱིས་ཕྱེ་བས་རྟེན་ཐ་དད་མེད་ཅིང་། ཐམས་ཅད་ཀྱང་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་རྟོགས་པ་ཆེ་ལ་དབང་པོ་རྣོ་རྟུལ་སོགས་ཐ་དད་དུ་ཕྱེ་བ་མེད་པར་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་དུ་གཅིག་གོ །དེ་ཐམས་ཅད་ལ་མཛད་པ་ཐ་དད་པ་མེད་པར་གཅིག་ཏུ་འདྲེས་ཤིང་དུས་ནམ་ཡང་རྒྱུན་མི་འཆད་པས་རྟག་པར་ཡང་། ཕྱོགས་བཅུའི་ནམ་མཁའི་མཐར་ཀླས་པའི་སེམས་ཅན་གྱི་ཚོགས་ཆེའི་ཞེས་པ་ཆེས་ཆེན་པོ་ཚད་དང་མུ་མཐའ་གཞལ་དུ་མེད་པ་རྣམས་ཀྱི་ཕན་པ་དང་བདེ་བའི་དོན་མཛད་པའི་ཉེ་བར་སྤྱད་པ་ཆེ་ཞིང་མི་ཟད་པ་ཡིན་ནོ། །གསུམ་པ་བྱང་ཆུབ་ཆེན་པོ་ལ་བསྔགས་པའི་སྒོ་ནས་སེམས་བསྐྱེད་པར་གདམས་པའི་ཚིགས་བཅད་ཀྱིས་ལེའུའི་མཇུག་སྡུད་པ་ནི། ཇི་སྐད་བཤད་པ་དེ་ལྟར་སངས་རྒྱས་ཉིད་ནི་རང་ངོས་ནས་ཟག་པ་མེད་པ་དཀར་པོའི་ཆོས་ཕར་ཕྱིན་དང་བྱང་ཕྱོགས་སྟོབས་དང་མི་འཇིགས་པ་སོགས་དཔེ་མེད་པ་དང་ལྡན་པའི་ཕྱིར་དང་། སེམས་ཅན་གཞན་གྱི་དོན་དུ་ཕན་པ་དང་བདེ་བའི་རྒྱུ་ཡི་ཕྱིར་ཏེ། འབྲས་བུ་སྡུག་བསྔལ་ལས་གཏན་དུ་གྲོལ་བའི་བདེ་བ་དང་། སྡུག་བསྔལ་གྱི་ཉེས་སྤྱོད་ལས་གཏན་དུ་གྲོལ་བའི་དགེ་བ་དམ་པ་ནམ་ཡང་མི་ཟད་པའི་འབྱུང་གནས་ཡིན་པའི་ཕྱིར་བློ་ལྡན་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བ་དེ་ནི་རང་གི་རྒྱུད་ལ་ཡང་དག་པར་བླངས་པར་རིགས་སོ་ཞེས་གདམས་པར་མཛད་པའོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་བྱང་ཆུབ་ཀྱི་ལེའུ་སྟེ་བཅུ་པ་རྣམ་པར་བཤད་པའོ།། །། སྡོམ་ནི་གོང་གི་ལེའུའི་གྲངས་བསྡུ་བ་སྟེ། ལེའུ་དང་པོ་མདོ་སྡེའི་རྒྱན་དུ་འགྱུར་ཚུལ་གྱི་ལེའུ་ལ་ཚིགས་བཅད་ལྔའོ། །ཐེག་ཆེན་བཀའ་སྒྲུབ་པ་ཚིགས་བཅད་བཅོ་ལྔས་བསྟན་ཏོ། །དེའི་རྗེས་སུ་སྐྱབས་འགྲོ་ལ་ཚིགས་བཅད་བཅུ་གཉིས་ཀྱིས་སོ། ། རིགས་ལ་ཚིགས་བཅད་བཅུ་གསུམ་དང་ནི་དེ་བཞིན་དུ་ནི་སེམས་བསྐྱེད་པ་ཚིགས་བཅད་ཉི་ཤུ་རྩ་བདུན་གྱིས་སོ། །རང་དང་གཞན་གྱི་དོན་བསྒྲུབ་པའི་སྐབས་ལ་ཚིགས་བཅད་གསུམ་གྱིས་རང་དོན་དང་། ཚིགས་བཅད་དྲུག་གིས་གཞན་དོན་བསྟན་ཏོ། ། དེ་ཁོ་ན་ཉིད་དམ་ཡང་དག་པའི་དོན་ཚིགས་བཅད་བཅུས་བསྟན་ཏོ། །མཐུ་ཚིགས་བཅད་བཅུས་བསྟན་ཏོ། །བདག་དང་སེམས་ཅན་ཡོངས་སུ་སྨིན་པ་ཚིགས་བཅད་ཉི་ཤུས་སོ། །བྱང་ཆུབ་ནི་ཚིགས་བཅད་བརྒྱད་ཅུ་རྩ་བདུན་གྱིས་བསྟན་པར་གྲུབ་བོ། ། དེ་ལྟར་ལེའུ་བཅུའི་རྗེས་སུ་དེ་རྣམས་ཀྱི་སྡོམ་བསྟན་པ་ནི་འབྱོར་བའི་དོན་ཚུལ་བླ་མེད་གྱུར་པ་ལྔའི་ནང་ནས་དང་པོ་བཞི་བསྟན་པ་འདི་ལམ་ཐེག་ཆེན་བཀར་སྒྲུབ་པ་དང་གཞི་རིགས་དང་། ལམ་གྱི་རྩ་བ་སྐྱབས་འགྲོ། །ཐེག་ཆེན་ལམ་གྱི་ཁྱད་པར་བསམ་པ་སེམས་བསྐྱེད། སྦྱོར་བ་སྒྲུབ་པ། སྒྲུབ་བྱེད་ཁྱད་པར་ཅན་མཐུ་དང་ཡོངས་སྨིན། བསྒྲུབས་པའི་འབྲས་བུ་བྱང་ཆུབ་རྣམས་ཀྱི་སྤྱི་རིགས་ནས་བསྟན་པས་གང་ལ་བསླབ་པར་བྱ་བ་ཐེག་པ་ཆེན་པོའི་ལམ་འབྲས་བུ་བཅས་པའི་ཁྱད་པར་ཤེས་ནས། ལམ་གྱི་གཞི་བཏིང་བའི་ཚུལ་དུ་དང་པོར་བཤད་ནས། དེ་ནས་ཇི་ལྟར་བསླབ་པར་བྱ་བ་འབྲས་བུ་བླ་མེད་བྱང་ཆུབ་དེ་ཉིད་མངོན་པར་ཐོབ་པའི་ཐབས་བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་བཤད་པ་འབྱོར་བའི་དོན་ཚུལ་བླ་ན་མེད་པ་ལྔ་པ་ཉིད་འདི་མན་ཆད་ཀྱིས་སྟོན་པས་དང་པོ་སྡོམ་གྱིས་བཅད་པ་འདི་ཡན་ཆད་འཇུག་བྱ་ཐེག་པ་ཆེན་པོའི་ཚུལ་སྤྱི་རིགས་ནས་བསྟན་པས་ལམ་གོལ་བར་མེད་པས་དཀྱུས་བསྟན་པའི་རྟ་ལྟར་ཐེ་ཚོམ་མེད་པར་འཇུག་པའི་ཕྱིར་བསྒྲུབ་པར་བྱ་བ་སོགས་བཞི་བསྟན་ཏེ། བྱང་ཆུབ་ཉིད་བསམ་གྱིས་མི་ཁྱབ་པ་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་ལྟ་བུ་ཡིན་ཡང་དོན་ཚུལ་ལྔའི་སྐབས་སུ་ཐོབ་བྱར་བསམ་པར་བྱ་བའང་ཡིན་པས་ཕྲིན་ཡིག་ལེགས་པ་ལྟ་བུའི་ཚུལ་དུའོ། །རིན་ཆེན་གྱི་སྒྲོམ་དངོས་སུ་ཁ་ཕྱེ་བ་ལྟ་བུ་སངས་རྒྱས་ཀྱི་ས་ན་ཡིན་ཡང་། དངོས་སུ་ཁ་ཕྱེ་བ་ལྟ་བུ་མངོན་དུ་བྱེད་པའི་ཐབས་སམ་རྒྱུ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལམ་ཡིན་པས། བྱང་ཆུབ་ཕྱོགས་མཐུན་ཞེས་པ་སྤྱི་མིང་བྱེ་བྲག་ལ་ཆགས་པའི་བྱང་ཕྱོགས་སོ་བདུན་ཙམ་འབའ་ཤིག་ལ་མི་འཛིན་པར་མོས་པ་དང་སྤྱོད་པའི་བར་ལ་གོ་དགོས་པ་སྟོན་ཕྱིར། བྱང་ཆུབ་གང་ཡིན་ལ་དེའི་ཕྱོགས་མཐུན་གང་ཡིན་ཤེས་པའི་སླད་དུ་བྱང་ཆུབ་ནི་ཡོངས་སུ་གྲུབ་པ་རྟོགས་པ་མཐར་ཐུག་པའི་དོན་སོ་སོར་རང་གིས་རིག་བྱ་ལེའུ་བཅུ་པས་བསྟན་པ་དེ་ཡིན་ལ་ལེའུ་བཅུ་མན་ཆད་དེ་སྒྲུབ་པར་བྱེད་པའི་ཐབས་སམ་ལམ་ཡིན་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཡིན་ནོ་ཞེས་གསུངས་ཤིང་བྱང་ཕྱོགས་ཉམས་སུ་བླངས་པས་ས་བཅུ་བསྒྲོད་ཅིང་ཡོན་ཏན་གྱི་ཁྱད་པར་རྣམས་ཐོབ་སྟེ། ཡོན་ཏན་མཐར་ཐུག་པ་སངས་རྒྱས་པའི་ཚད་མེད་བཞི་དང་རྣམ་ཐར་ཟད་པར་ཟིལ་གནོན་དང་སྟོབས་བཅུ་ལ་སོགས་པ་མངོན་དུ་གྱུར་པའི་བར་ནི་དོན་ཚུལ་ལྔ་པ་ཡིན་པས་ཤེས་པར་བྱའོ། ། དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་བཤད་པའི་སྐབས་འདི་ནི་མོས་པ་ནས་སྤྱོད་པའི་ལེའུའི་བར་ལེའུ་ལྷག་མ་བཅུ་གཅིག་གིས་བསྟན་པ་ཡིན་ལ། འདིར་མཚོན་པ་རྣལ་འབྱོར་གྱི་ས་ལྔ་དང་ཆ་འདྲ་སྦྱར་ན་མོས་པ་ནས་གདམས་ངག་རྗེས་བསྟན་གྱི་བར་ལེའུ་ལྔ་ནི་གཞི་དང་། ཐབས་ལྡན་ནས་བྱང་ཕྱོགས་བར་ལེའུ་བཞི་སྐྱེད་པ། ཡོན་ཏན་གྱི་ལེའུ་མེ་ལོང་ལྟ་བུ། སྤྱོད་པའི་ལེའུའི་ས་བཅུ་མཇུག་སྡུད་ཀྱི་ཚིགས་བཅད་བཅས་སྣང་བ། མཐར་ཐུག་འབྲས་ཆོས་ཀྱི་ཚིགས་བཅད་རྣམས་རྟེན་ཡིན་ནོ། ། དེ་ལྟར་སྤྱིར་བསྟན་ནས་རྩ་བའི་ས་བཅད་ལྔ་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ལ་སྔོན་དུ་འགྲོ་བ་མོས་པ་སོགས་ལེའུ་ལྔ་དངོས་གཞི་ཐབས་ལྡན་སོགས་ལེའུ་བཞི། དེའི་གནས་སྐབས་ཀྱི་ཡོན་ཏན་ཡོན་ཏན་གྱི་ལེའུ་དང་། སྤྱོད་པའི་ས་བཅུ་བཤད་པའི་བར་དང་། མཐར་ཐུག་གི་ཡོན་ཏན་འབྲས་ཆོས་བཤད་པ་བཞི་བོ་འདི་འབྱོར་པའི་དོན་ཚུལ་བླ་མེད་ལྔའི་ནང་ནས་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་ལྟ་བུ་ཡིན་ནོ། ། དེའི་དང་པོ་ལ་རྒྱུ་མོས་པ། ཉམས་ལེན་ཆོས་ཚོལ་ཆོས་བཤད་ཆོས་སྒྲུབ་པ་གསུམ། དེ་དག་ཁྱད་པར་དུ་འགྲོ་བ་གདམས་ངག་རྗེས་བསྟན་གྱི་ལེའུ་བཅས་ལྔ་ལས། དང་པོ་མོས་པ་བཤད་པ་ནི། ལམ་ལ་འཇུག་པའི་ཐོག་མར་མོས་པ་བསྐྱེད་དགོས་ཏེ། མདོ་ལས། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། རྩ་བ་མོས་པར་ཐུབ་པས་གསུངས་ཞེས་པ་ལྟར་དགེ་ཆོས་ཀུན་གྱི་ཐོག་མར་མོས་པ་སྐྱེས་པ་ལ་བརྟེན་ནས་དགེ་བ་འགྲུབ་ཀྱི། མོས་པ་མེད་ན་དགེ་བ་དེ་དང་དེ་ལ་འཇུག་པ་གཏན་ནས་མི་འབྱུང་བས་མོས་པ་སྐྱེད་དགོས་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ད ད་པ་སྔོན་འདྲེན་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་སོགས་དང་། དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་བ། །དད་པ་བྱང་ཆུབ་ཤིང་ནི་རྣམ་པར་སྐྱེད། ། ཅེས་སོགས་གསུངས་པ་བཞིན་དུ་ཐོག་མར་མོས་པའི་ལེའུ་བཤད་པ་ལ། མོས་པའི་རྣམ་གྲངས་ཉེར་དྲུག་བསྟན་པ་དང་། དེ་ཡི་བར་དུ་གཅོད་པ་བཅུ་དྲུག མོས་པའི་ཕན་ཡོན་བཅུ་གཅིག་རྣམས་ཀྱིས་མོས་པའི་རྣམ་གྲངས་སྤྱིར་བསྟན་ནས། ཐེག་པ་ཆེན་པོ་ལ་མོས་པ་བྱེ་བྲག་ཏུ་བཤད་པ་ལ། ཐེག་ཆེན་ལ་མོས་པའི་ཁྱད་པར་དཔེས་བསྟན། དེ་ལ་མ་ཞུམ་ཞིང་སྤྲོ་བས་འཇུག་པར་གདམས་པ་གཉིས་ཀྱི་ལེའུ་འདི་བཤད་པ་ཡིན་པས་དང་པོ་མོས་པའི་རྣམ་གྲངས་ཉེར་དྲུག་བསྟན་པ་ནི། །སྤྱིར་ལས་འབྲས་དང་བདེན་བཞི་མཆོག་གསུམ་གྱི་དོན་ལ་འདི་ནི་འདི་བཞིན་དུ་ཡིན་ནོ་ཞེས་བདེན་པ་ཡིད་ཆེས་པའི་དད་པ་སེམས་ལས་བྱུང་པའི་ཆོས་ལ། དད་པའམ་མོས་པ་ཞེས་བྱའོ། །དེ་ཡང་ཇི་ལྟར་འདས་ད་ལྟ་མ་འོངས་པ་དང་ཉེ་བ་དང་རིང་བ་སོགས་ཀྱི་གཟུགས་རྣམས་ལ་གཟུགས་ཀྱི་ཕུང་པོ་ཞེས་རྣམ་པར་བཞག་པ་བཞིན་དུ། །མོས་པ་འདི་ལ་ཡང་དམིགས་པའི་ཡུལ་དང་དུས་དང་རྣམ་པ་སོགས་ཀྱི་བྱེ་བྲག་འདི་ལྟར་ཡོད་དོ་ཞེས་བསྟན་པ་ནི། དད་པ་གང་ཞིག་སྔོན་དང་ད་ལྟར་བྱུང་བ་ལ་སྐྱེས་པའི་མོས་པ་ཞེས་བྱ་བ་དང་། མ་འོངས་བའི་དད་པ་ལ་མ་སྐྱེས་པའི་མོས་པ་ཞེས་བྱའོ། ། འཛིན་པའི་མོས་པ་ནི་སེམས་བྱུང་མོས་པ་ཁོ་རང་སྟེ་འདི་ནི་ནང་གི་མོས་པ་ཞེས་བྱ་བ་དང་། གཟུང་བར་གྱུར་པའི་མོས་པ་ནི་སྔར་བྱུང་པའི་མོས་པ་ལ་དམིགས་ནས། འདི་ནི་ལེགས་སོ་ཞེས་རོ་མྱང་ཞིང་དེ་ལ་དགའ་བ་ནི་གཟུང་བའི་མོས་པ་ཞེས་བྱ་སྟེ་མོས་པ་གཞན་ཡུལ་དུ་བྱས་པའི་ཕྱིར་ཕྱི་རོལ་གྱི་མོས་པ་ཞེས་ཐ་སྙད་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྟན་པར་ལྟར་བསླབ་པ་ལ་མོས་པ་ནི་གྲོགས་ལས་བླངས་བའི་མོས་པ་ཞེས་བྱ་སྟེ། དེ་ནི་མོས་པ་རགས་པའོ། །བདག་ཉིད་ལ་དད་མོས་ཀྱི་ས་བོན་ཡོད་པ་དང་། རིགས་ཀྱི་སྟོབས་ལས་མོས་པ་སྐྱེས་པ་ནི། བདག་ཉིད་ཀྱི་མོས་པ་ཞེས་བྱ་བ་སྟེ་འདི་ལ་མོས་པ་ཕྲ་བ་ཞེས་སུའང་འདོགས་པ་དང་། མུ་སྟེགས་པའི་ཆོས་བདག་དང་སེམས་ཅན་ཡོད་པར་བཤད་པ་ལ་ཡིད་ཆེས་ཤིང་མོས་པ་ནི་ནོར་བའི་མོས་པ་ཞེས་བྱ་སྟེ་མོས་པ་ངན་པ་ཡིན་པ་དང་། སངས་རྒྱས་ཀྱི་གསུང་རབ་ལས་མི་རྟག་དང་སྡུག་བསྔལ་དང་བདག་མེད་པར་བཤད་པ་ལ་ཡིད་ཆེས་ཤིང་དད་པ་ནི་མ་ནོར་བའི་མོས་པ་ཞེས་བྱ་སྟེ་དེ་ནི་མོས་པ་བཟང་བོའོ། ། མོས་པ་སྐྱེ་པའི་རྒྱུ་རྐྱེན་ཀུན་ཚོགས་ནས་མོས་པ་མངོན་དུ་སྐྱེས་པ་ནི་མངོན་སུམ་དུ་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ཉེ་བ་ཞེས་གདགས་སོ། །མོས་པ་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་པས་ད་ལྟར་མངོན་དུ་མ་སྐྱེས་པ་ནི་མངོན་སུམ་མ་ཡིན་པའི་མོས་པ་ཞེས་བྱ་སྟེ། ནམ་རྒྱུ་རྐྱེན་ཚོགས་ན་སྐྱེ་རུང་ཡིན་པ་ཙམ་གྱི་ཆ་ནས་མོས་པ་སྔ་མ་ལས་གཞན་མོས་པ་རིང་བ་ཞེས་གདགས་སོ། །དད་པའི་ཆོས་ཉན་པ་ལས་སྐྱེས་པའི་མོས་པ་ནི། སྒྲས་བྱུང་ངམ་སྒྲ་ལས་བྱུང་བར་མོས་པའོ། །ཇི་ལྟར་ཐོབ་པའི་དོན་ལ་རིགས་པས་བརྟགས་ཏེ་མོས་པ་སྐྱེས་པ་ནི་བསམས་པས་ཚོལ་བའི་མོས་པ་ཞེས་བྱ་བ་དང་ནི། བསྒོམ་པའི་སྟོབས་ཀྱིས་དོན་རྟོགས་པ་ལས་བྱུང་བའི་མོས་པ་ནི་ལྟ་བའི་མོས་པའམ་དོན་ལ་ལྟ་བ་པོ་ཡི་མོས་པའོ། །དད་པ་སྐྱེས་ཀྱང་བདུད་དང་མུ་སྟེགས་སོགས་ཀྱིས་ལམ་གཞན་དུ་དྲངས་ན་དད་པ་འགྱུར་བ་ཅན་ནི་འཕྲོག་བའི་མོས་པ་ཞེས་བྱ་སྟེ་འདི་ནི་མོས་པ་ཆུང་ངུ་ཡིན་པ་དང་། དད་པ་འབྱུང་ཡང་བར་སྐབས་སུ་མ་དད་པ་ཡང་འབྱུང་བས་འདྲེས་མར་གྱུར་པ་ནི་འདྲེས་པའི་མོས་པ་ཞེས་བྱ་སྟེ་མོས་པ་འབྲིང་པོ་ཞེས་གདགས་པ་དང་། དད་པ་འབའ་ཞིག་རྒྱུན་དུ་འབྱུང་གི་མ་དད་པ་མི་འབྱུང་བ་ནི་མི་མཐུན་ཕྱོགས་དང་མ་འདྲེས་པའི་མོས་པ་ཞེས་བྱ་སྟེ་མོས་པ་ཆེན་པོའོ། ། རང་དོན་ཉེར་ཞིའི་ཆེད་དུ་ཉན་རང་གི་ཆོས་ལ་མོས་པ་ནི་དམན་པའམ་ཆུང་ངུའི་མོས་པ་ཞེས་བྱ་བ་དང་། དོན་གཉིས་ལྷུན་གྲུབ་མི་གནས་པའི་མྱང་འདས་ཀྱི་ལམ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ནི་རྒྱ་ཆེ་བའི་མོས་པའོ། །མོས་སྤྱོད་དྲོད་ནས་བརྩམས་ཏེ་ལམ་ཐམས་ཅད་ཀྱི་སྐབས་སུ་ཡང་གོང་མ་གོང་མའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་མོས་པ་ལ་ཆགས་སོགས་ཉོན་མོངས་པས་བར་དུ་གཅོད་པ་ཡོད་པ་དང་བཅས་པ་ནི་བསྒྲིབས་པའི་མོས་པ་དང་། བར་གཅོད་དེ་དག་མེད་པ་ལ་མ་བསྒྲིབས་པའི་མོས་པ་ཞེས་བྱ་བ་དང་། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་དང་ལྡན་པས་རྒྱུན་མི་འཆད་པར་འབྱུང་བའི་མོས་པ་ལ་བརྩོན་པའི་མོས་པའམ་ལྡན་པའི་མོས་པ་ཞེས་བྱ་བ་དང་། དེ་ལྟ་བུ་དང་ལྡན་པ་མ་ཡིན་པའི་མོས་པ་ལ་མི་བརྩོན་པའི་མོས་པའམ་མི་ལྡན་པའི་མོས་པ་ཞེས་བྱའོ། །ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུ་གྱུར་པའི་མོས་སྤྱོད་ཀྱི་སར་བསྐལ་པ་གྲངས་མེད་གཅིག་གི་ཚོགས་གཉིས་བསགས་པ་དང་ལྡན་པའི་མོས་པ་ལ། ཚོགས་བསགས་པའི་མོས་པ་ཞེས་བྱ་བ་དང་། དེ་འདྲའི་ཚོགས་དང་མི་ལྡན་པའི་མོས་པ་ལ་ཚོགས་མ་བསགས་པའི་མོས་པ་ཞེས་བྱ་སྟེ། སྤྱིར་ཡང་ཚོགས་བསགས་དང་ལྡན་མི་ལྡན་གྱི་དབང་གིས་ཐེག་ཆེན་ལ་མོས་པ་རྒྱ་ཆེ་ཆུང་དང་བརྟན་མི་བརྟན་དུ་འགྱུར་རོ། །ས་དང་པོ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའི་མོས་པ་ནི་བརྟན་པར་ཞུགས་པའི་མོས་པ་ཞེས་བྱ་སྟེ། དེ་དག་གི་མོས་པ་ལ་བྲི་བ་དང་ཉམས་པ་མེད་པའི་ཕྱིར་རོ། །ས་བརྒྱད་པ་ནས་བཅུ་པའི་བར་གྱི་བྱང་ཆུབ་སེམས་དཔའ་དག་པའི་ས་ལ་བཞུགས་པ་རྣམས་ཀྱི་མོས་པ་ནི་རིང་དུ་སོང་པའི་མོས་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་མོས་པ་དང་ལྡན་པས་མཚན་མའི་རྣམ་པར་རྟོག་པ་དང་འབད་རྩོལ་གྱིས་ལས་རིང་དུ་སོང་བའི་ཕྱིར་དེ་ལྟར་བརྗོད་པའོ། ། དེ་ལྟར་ཚིགས་བཅད་གཉིས་ཀྱིས་མོས་པའི་རྣམ་གྲངས་བསྟན་ནས་གཉིས་པ་མོས་པའི་བར་དུ་གཅོད་པའི་ཆོས་བཅུ་དྲུག་ནི་ཡིད་ལ་མི་བྱེད་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ཆོས་ལ་དད་པ་ཡིད་ལ་མི་བྱེད་པ་མང་བ་སྟེ་ཤས་ཆེར་གྱུར་ན། དེས་སྐྱེས་པའི་མོས་པ་ལ་བར་དུ་གཅོད་དེ། སྔོན་དང་ད་ལྟར་མོས་པ་ལན་འགར་བྱུང་དུ་ཟིན་ཀྱང་དེའི་རྒྱུན་བསྐྱངས་ཏེ་ཡིད་ལ་མ་བྱས་ན་དད་པ་དེ་ཡལ་བར་འགྱུར་བས་སོ། །ལེ་ལོ་ནི་དད་པ་མ་སྐྱེས་པ་སྐྱེ་བ་ལ་བར་དུ་གཅོད་དེ། དད་པ་བསྐྱེད་ཕྱིར་མ་བརྩོན་པའི་ལེ་ལོ་ཅན་ལ་དད་པ་མི་སྐྱེ་བའི་ཕྱིར་རོ། །རྣལ་འབྱོར་འཁྲུགས་པ་ཞེས་བྱ་བ་ནི། འདས་པའི་དད་པ་བསྐྱེད་པ་དེ་ལ་དམིགས་ནས་གཟུང་བའི་དངོས་པོར་ཆགས་པ་དང་། དེ་ལ་འཛིན་པ་ད་ལྟར་གྱི་མོས་པ་ལ་འཛིན་པའི་དངོས་པོར་ཆགས་པ་བྱུང་བ་དེས། གཟུང་འཛིན་གྱི་དངོས་པོར་མ་ཞེན་པའི་ཚུལ་བཞིན་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་བར་དུ་གཅོད་པ་དེས་ན་གཟུང་བའི་མོས་པ་དང་། འཛིན་པའི་མོས་པ་གཉིས་ལ་བར་དུ་གཅོད་པར་བཤད་པ་དང་། གྲོགས་ངན་ཏེ་སྡིག་པའི་གྲོགས་མི་དགེ་བའི་བཤེས་གཉེན་ནི། གྲོགས་ལས་བླངས་པའི་མོས་པའི་བར་གཅོད་ཡིན་ཏེ། སྔར་དགེ་བའི་གྲོགས་ལས་བླངས་པའི་མོས་པ་ཡོད་པའམ་སྡིག་གྲོགས་ཀྱིས་ཆོས་མིན་བསྟན་པས་ཆུད་ཟ་བ་དང་། སྡིག་གྲོགས་ཀྱིས་ཟིན་པ་ལ་དགེ་བའི་བཤེས་ཀྱིས་བསླབས་པ་ལས་འབྱུང་བའི་མོས་པ་མི་སྐྱེས་བས་སོ། ། དགེ་རྩ་བསགས་པ་ཞན་པ་ནི་བདག་ཉིད་ཀྱི་མོས་པ་ལ་བར་དུ་གཅོད་དེ། བདག་ཉིད་ལ་རིགས་དང་མོས་པའི་ས་བོན་ཡོད་ཀྱང་དགེ་བ་ཆེར་མ་བསགས་ན་བདག་ཉིད་ཐེག་ཆེན་གྱི་ཆོས་སོགས་ལ་མོས་པ་མི་འབྱུང་བས་སོ། །རྟག་བདེ་གཙང་བདག་གི་རྣམ་པས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པས་མ་ནོར་བའི་མོས་པ་ལ་བར་དུ་གཅོད་དེ་མི་རྟག་པ་སོགས་ཚུལ་བཞིན་མི་རྟོགས་པའི་ཕྱིར་རོ། །བག་མེད་པས་ནི་མངོན་དུ་བའམ་མངོན་སུམ་པའི་མོས་པ་ལ་བར་དུ་གཅོད་དེ། མངོན་སུམ་པའི་མོས་པ་ནི་ཆགས་སྡང་གཏི་མུག་མེད་པ་དང་བརྩོན་འགྲུས་ཀྱི་རྐྱེན་ལས་སྐྱེ་ལ། རྐྱེན་དེ་བཞི་ལ་བག་ཡོད་ཅེས་བྱ་ཞིང་། ཆགས་སྡང་གཏི་མུག་ལེ་ལོ་བཞི་ནི་བག་མེད་ཅེས་བྱ་བ་ཡིན་པས་དེས་དེ་ལྟར་བར་དུ་གཅོད་དོ། །དྲང་དོན་གྱི་མདོ་སྡེ་ཙམ་ཐོས་ཀྱི་ངེས་དོན་སྟོང་པ་ཉིད་ཀྱི་ཆོས་སོགས་མ་ཐོས་པ་ལྟ་བུ་དོན་ཉི་ཚེ་བ་སྟོན་པའི་ཐོས་པ་ཉུང་བ་ཡིས་སྒྲས་བྱུང་གི་མོས་པ་ལ་བར་དུ་གཅོད་དེ་གང་མ་ཐོས་པ་དེའི་དོན་མི་ཤེས་པས་དེ་ལ་མོས་པ་མི་འབྱུང་ཞིང་ངེས་དོན་གྱི་ཕྱོགས་མ་ཐོས་པ་དག་སྟོང་པ་ཉིད་སོགས་ཟབ་མོའི་དོན་ལ་སྐྲག་ནས་མི་མོས་པའི་ཕྱིར་རོ། །བསམ་པ་དང་བསྒོམ་པ་མི་དགེས་པར་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། ཐོས་པ་རྒྱ་ཆེན་པོ་མི་དགོས་པར་ཐོས་པ་གང་ཡང་རུང་བ་ཉུང་ངུས་ཆོག་པར་འཛིན་པས་ནི། ཚོལ་བའི་མོས་པ་ལ་བར་དུ་གཅོད་དེ། དེས་བསམ་བྱུང་གི་ཤེས་རབ་ཀྱིས་དྲངས་པའི་མོས་པ་མི་བསྐྱེད་པའམ་ཅུང་ཟད་བསྐྱེད་ཀྱང་རྒྱ་ཆེ་བ་དང་མཐར་ཕྱིན་པ་རྫོགས་པར་སྐྱེད་མི་ནུས་པའི་ཕྱིར་དང་། ཐོས་པའི་དོན་ལ་བསམ་པའམ་ཅུང་ཟད་བསམ་ན་ཡང་རྒྱ་ཆེར་མ་བསམ་པར་བསམ་པ་ཉུང་ངུས་ཆོག་པར་འཛིན་པས་ཀྱང་སྔ་མ་བཞིན་དུ་བསམ་བྱུང་གིས་ཚོལ་བའམ་མོས་པ་ལ་བར་དུ་གཅོད་དེ། མདོར་ན་ཐོས་བསམ་ཉུང་ངུས་ཆོག་འཛིན་ནི། བསམ་བྱུང་གི་མོས་པ་མི་སྐྱེ་བའམ་ཅུང་ཟད་སྐྱེས་ཀྱང་ལེགས་པར་རྫོགས་པའི་གེགས་ཡིན་ནོ། །ཞི་བ་ཙམ་གྱི་ང་རྒྱལ་ནི། ཞི་གནས་ཙམ་གྱིས་ཆོག་པར་བཟུང་ནས་ལྷག་མཐོང་མི་སྐྱེད་པར་ཕྱི་རོལ་དུ་གཡེང་བའི་རྣམ་རྟོག་ཞི་བ་དེ་ཙམ་གྱིས་ཆོག་པའི་ང་རྒྱལ་བྱེད་པ་སྟེ། དེས་ལྟ་བའི་མོས་པའམ་སྒོམ་བྱུང་གི་མོས་པ་ལ་བར་དུ་གཅོད་དེ། ལྷག་མཐོང་མེད་པར་ཞི་གནས་ཙམ་གྱིས་བདེན་པར་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །དེར་མ་ཟད་བསམ་པ་ཙམ་གྱིས་ཆོག་པར་བཟུང་ནས་བསྒོམ་པ་ལ་མི་སྦྱོར་བ་ཡང་ལྟ་བའི་མོས་པའི་གེགས་ཡིན་ནོ། །བལྟ་བ་ཞེས་པ་དྲྀ་ཤའི་སྒྲ་ལས་མཐོང་བ་ལ་ཡང་འཇུག་པས་སེམས་མཉམ་པར་བཞག་པའི་བསྒོམས་པ་ལས་ཡང་དག་པའི་དོན་མཐོང་བའི་ཕྱིར་རོ། །དེ་བཞིན་མ་འདྲེས་ཡིན་པར་འདོད་ཅེས་པས། སྔ་མ་དེ་བཞིན་དུ། ཡང་ནས་ཡང་དུ་རང་རྒྱུད་ལ་མོས་པ་དེ་གོམས་ཤིང་འདྲིས་པར་མ་བྱས་པའམ་མ་འདྲེས་པ་ནི། འཕྲོགས་པའི་མོས་པ་དང་། འདྲེས་པའི་མོས་པ་གཉིས་ལ་བར་དུ་གཅོད་དེ། མོས་པ་ཡང་ཡང་རང་རྒྱུད་ལ་གོམས་འདྲིས་མ་བྱས་པའི་དབང་གིས། མོས་པ་སྐྱེས་ཀྱང་རྐྱེན་གཞན་གྱིས་འཕྲོགས་སུ་རུང་བ་དང་། དད་མི་དད་འདྲེས་མར་འབྱུང་བ་ཡིན་ལ། མ་འདྲེས་པ་དེ་ལས་བཟློག་སྟེ་ཤིན་ཏུ་འདྲིས་གོམས་ཆེ་བའི་མོས་པ་ནི་རྐྱེན་གྱིས་འཕྲོག་དཀའ་བ་དང་། བར་སྐབས་སུ་མ་དད་པ་ཡང་འབྱུང་དཀའ་འོ།། དེའི་ཕྱིར་དེ་གཉིས་ཀྱིས་བར་གཅོད་ནི་མོས་པར་རང་རྒྱུད་ལ་མ་འདྲིས་པ་ཡིན་པར་འདོད་དོ། །འཁོར་བ་ལ་མི་སྐྱོ་བ་ནི་ཐེག་པ་ཆུང་ངུའི་མོས་པ་ལ་བར་དུ་གཅོད་བྱེད་དེ། འཁོར་བ་ལ་མི་སྐྱོ་བར་ཆགས་ན་ཞི་བ དེ་དོན་དུ་མི་གཉེར་བ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་འཁོར་བ་ལ་མཐའ་གཅིག་ཏུ་སྐྱོ་བ་ནི། ཐེག་པ་རྒྱ་ཆེ་བ་ལ་མོས་པའི་བར་གཅོད་དེ། འཁོར་བར་སྐྱོ་ནས་དེ་ཡོངས་སུ་འདོར་འདོད་ཀྱིས་ཉན་ཐོས་བཞིན་དུ་རང་ཉིད་ཞི་བར་གཞོལ་བའི་ཕྱིར་རོ། །བསྒྲིབས་པ་ནི་གོང་དུ་བསྒྲིབས་པའི་མོས་པའི་སྐབས་སུ་བཤད་པའི་བསྒྲིབས་པ་དེ་དག་ནི། མ་བསྒྲིབས་པའི་མོས་པའི་བར་གཅོད་ཡིན་པ་དང་ནི། མི་བརྩོན་པ་ནི་བརྩོན་པའི་མོས་པ་ལ་བར་དུ་གཅོད་དོ། ། ཚོགས་རྣམས་མ་བསགས་པ་ནི། ཚོགས་བསགས་པའི་མོས་པ་འབྱུང་བ་ཡི་བར་དུ་གཅོད་པར་ཤེས་པར་བྱའོ། ། དེ་ལྟར་བར་ཆད་བཅུ་དྲུག་ལས་མ་བཤད་པ་ནི། ནོར་བ་དང་། མངོན་སུམ་མིན་པ་དང་། བསྒྲིབས་པ་དང་། མི་བརྩོན་པ་དང་། ཚོགས་མ་བསགས་པ་ལྔ་ནི། མི་མཐུན་ཕྱོགས་ཀྱིས་ཟིན་པ་ཡིན་པས་དེ་དག་གི་བར་ཆད་གཞན་བཤད་མ་དགོས་ལ། མ་འདྲེས་བརྟན་ཞུགས་རིང་སོང་གསུམ་གཉེན་པོ་བར་ཆད་དང་བྲལ་བ་ཡིན་པས་དེའི་བར་ཆད་མེད་ལ་གཟུང་འཛིན་གཉིས་དང་འཕྲོགས་འདྲེས་གཉིས་ཀྱི་བར་ཆད་གཅིག་ཡིན་པས་མོས་པ་བཅུ་ཕྲི་བའི་ཕྱིར་བར་ཆད་བཅུ་དྲུག་ཏུ་འདུས་སོ། །བསམ་བྱུང་ལ་ཐོས་པས་ཆོག་པ་དང་། ཐོས་པ་ཉུང་ངུས་ཆོག་པ་གཉིས། བསྒོམ་བྱུང་མོས་པ་ལ་བསམ་པ་ཙམ་གྱིས་ཆོག་པ་དང་། ཞི་བ་ཙམ་གྱི་ང་རྒྱལ་སོ་སོར་ཕྱེ་ན་བར་ཆད་བཅོ་བརྒྱད་དུ་བགྲང་རུང་ཡང་། བར་དུ་གཅད་བྱའི་སྒོ་ནས་བཅུ་དྲུག་བྱས་པ་ལེགས་སོ།། དེ་ལྟར་མོས་པ་སོ་སོ་དང་མ་སྦྱར་བར་སྤྱིར་ཡང་ཆོས་བཅུ་དྲུག་པོ་འདི་དག་གིས་མོས་པ་ལ་ཅི་རིགས་སུ་སྒྲིབ་པས་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་མོས་པའི་ཕན་ཡོན་བཅུ་གཅིག་ནི། བསོད་ནམས་ཆེ་དང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ད་ལྟའི་མོས་པ་ནི་ཆོས་ལ་དད་པའི་བསོད་ནམས་ཆེ་བ་དཔག་ཏུ་མེད་པ་འཕེལ་བ་དང་། འདས་པའི་མོས་པ་ནི་སྔོན་ཐེག་ཆེན་གྱི་ཆོས་ལ་མོས་པ་ནི་དགེ་བ་ཡིན་པས་ད་ལྟར་ཡང་དེས་འགྱོད་པ་མེད་པས་སོ། །གཟུང་བའི་དངོས་པོ་ལ་དངོས་པོར་མ་ཆགས་པའི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་བཟུང་བ་རང་བཞིན་མེད་རྟོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་ཡིད་བདེ་བ་དང་། འཛིན་པ་རང་བཞིན་མེད་རྟོགས་ཀྱི་མོས་པ་ཆོས་མཆོག་གམ་དེ་མ་ཐག་པའི་ཏིང་ངེ་འཛིན་གྱི་བདེ་བ་ཆེ་དང་ལྡན་པ་དང་། གྲོགས་བླངས་ཀྱི་མོས་པར་རྐྱེན་གྱིས་བར་ཆད་མ་བྱས་ན་དགེ་བ་ཆུད་མི་ཟ་བའི་ཡོན་ཏན་ཐོབ་པ་དང་། བདག་ཉིད་ཀྱི་མོས་པར་བར་ཆད་མེད་ན་དགེ་རྩ་མི་ཉམས་པར་བརྟན་པ་དང་སྔ་མ་དེ་བཞིན་དུ་མ་ནོར་བ། མངོན་སུམ། སྒྲས་བྱུང་། ཚོལ་བ། ལྟ་བ། འཕྲོག་པ། མ་འདྲིས་པའི་མོས་པ་བདུན་ལ་མི་མཐུན་ཕྱོགས་ཀྱིས་བར་དུ་མ་བཅད་ན་དེ་རྣམས་སོ་སོ་རང་གི་མོས་པ་དེ་དག་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཡོན་ཏན་ཐོབ་སྟེ། ནོར་བ་མེད་པ་འབྲིང་ལས། ནོར་བ་མེད་པ་ཆེན་པོ་སྐྱེ་བ་སོགས་སོ། ། མི་མཐུན་པའི་ཕྱོགས་དང་མ་འདྲེས་པའི་མོས་པ་བར་ཆད་མེད་ན་ཆོས་རྣམས་ནི་མངོན་པར་རྟོགས་པར་འགྱུར་ཏེ་ས་དང་པོ་ཐོབ་པར་འགྱུར་རོ། ། ཐེག་དམན་ལ་མོས་པར་བར་དུ་གཅོད་པ་གཞན་མེད་ན་བདག་གི་དོན་ཞི་བ་མྱང་འདས་ཐོབ་པ་དང་། ཐེག་ཆེན་ལ་མོས་པ་བར་ཆད་དང་བྲལ་ན། བདག་དང་གཞན་གྱི་དོན་གཉིས་ཀ་ཐོབ་པའི་མཆོག་ཏུ་འགྱུར་རོ། །བསྒྲིབས་མེད། བརྩོན་པ་ཚོགས་བསགས། བརྟན་ཞུགས། རིང་སོང་གི་མོས་པ་ལྔ་པོ་རྐྱེན་གྱི་གེགས་དང་བྲལ་ན། མངོན་ཤེས་མྱུར་བ་ཡི་ཡོན་ཏན་ཐོབ་སྟེ། སྔ་མ་གསུམ་གྱིས་དབང་པོ་རྣོ་བའི་མཆོག་ཐོབ་ལ། ཕྱི་མ་གཉིས་ཀྱིས་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །དེ་ལྟར་རྣམ་གྲངས་བཅུ་གཅིག་བཤད་པ་དེ་དག་ནི། མོས་པ་ཡི་ནི་ཕན་ཡོན་ཡིན་ནོ། ། ནོར་བ་མངོན་སུམ་མིན། མ་འོངས་པ། བསྒྲིབས་པ། མི་བརྩོན། མ་བསགས་པའི་མོས་པ་དྲུག་ལ་ཕན་ཡོན་མ་བཤད་དེ། དེ་དག་ལ་ཕན་ཡོན་སྲིད་པ་རྣམས་ནི་དད་པའི་ཕན་ཡོན་ཅི་རིགས་སུ་འདུས་ལ། མ་འོངས་པའི་མོས་པ་མ་སྐྱེས་པ་སོགས་དང་། ནོར་བ་སོགས་བར་ཆད་དང་བཅས་པའི་ཕྱིར་རོ། །དེ་ལྟར་མོས་པའི་ཕན་ཡོན་འདི་དག་སོ་སོར་མ་ཕྱེ་བར་སྤྱིར་དད་པའི་ཕན་ཡོན་དུ་ཡང་ཤེས་ནས་དད་པ་བསྐྱེད་པར་བྱའོ། །གསུམ་པ་ཐེག་པ་ཆེན་པོའི་མོས་པ་བྱེ་བྲག་ཏུ་བཤད་པ་ལ། ཐེག་ཆེན་ལ་མོས་པའི་ཁྱད་པར་དཔེས་བསྟན་པ་ནི། ཕྱི་རོལ་གྱི་འདོད་ཡོན་ལྔ་ལ་ཆགས་ཤིང་དེ་ལ་ལོངས་སྤྱོད་པའི་འདོད་ཁམས་པ་འདོད་པ་ཅན་གྱི་མོས་པ་དེ་ནི་དཔེར་ན་ཁྱི་དང་འདྲའོ། །འཇིག་རྟེན་པའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་གྱིས་ཕྱི་རོལ་གྱི་གཡེང་བ་སྤངས་ཏེ་ནང་དུ་མཉམ་པར་བཞག་པའི་ས་པའི་མོས་པ་ནི་རུས་སྦལ་བཞིན་ནོ། ། ཉན་རང་གང་ཞིག་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པའི་མོས་པ་ནི་བྲན་དང་འདྲའོ། ། བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་ཐམས་ཅད་ཀྱི་དོན་བྱེད་པའི་མོས་པ་ནི་རྒྱལ་བོ་བཞིན་ནོ། །དེའི་དོན་རྒྱས་པར་བཤད་པ། ཇི་ལྟར་ཁྱི་དང་འདྲ་ན། ཁྱི་ནི་རྟག་ཏུ་ལྟོགས་ཤིང་། བཀྲེས་པའི་ཡིད་དང་ཟས་ཀྱིས་དབུལ་བའི་སྡུག་བསྔལ་གྱིས་ཉེན་བཞིན་ཟས་ལ་ཆོག་མི་ཤེས་པའི་ཡིད་དང་། ཇི་ལྟར་རུས་སྦལ་དེ་ནི་ཆུ་ཡི་ནང་ན་གཞན་གྱིས་འཚེར་དོགས་པས་རང་གི་ཡན་ལག་ཀུན་ནས་ནང་དུ་བསྐུམས་ཤིང་འདུག་གོ །ཇི་ལྟར་རྒྱལ་པོ་སོགས་ཀྱི་བྲན་ནི་དུས་རྟག་ཏུ་རྗེ་བོའི་སེམས་དང་ཚིག་ལས་འགལ་བར་དོགས་པས་འཇིགས་ཤིང་སྐྲག་པའི་ལུས་ཀྱི་རྗེ་བོའི་བྱ་བ་ལ་རྣམ་པར་རྒྱུའོ། །ཇི་ལྟར་རྒྱལ་པོ་ཡང་ནི་རང་གི་བཀའ་ཡིས་ཆབ་འོག་གི་ཡུལ་འདོད་དགུར་དབང་བསྒྱུར་ཏེ་གནས་པ་ལྟར་རོ། །རིམ་པ་དེ་བཞིན་དུ་ཁྱི་ལྟར་འདོད་པ་ཁམས་པ་རྣམས་ཕྱིའི་འདོད་ཡོན་ལ་རྟག་ཏུ་གཡེལ་ཞིང་གཡེང་བས་རང་དབང་མེད་པར་འདོད་པའི་དབང་དུ་འཕྱན་པ་དང་། ཁམས་གོང་མ་གཉིས་ཀྱི་རོས་གཡེང་བས་འཇིགས་ནས་བདག་གི་སེམས་བྱུང་རྣམས་ནང་དུ་བསྡུས་པ་ཙམ་ལ་གནས་པ་ལས་ཤེས་བྱའི་རང་བཞིན་ཟབ་རྒྱ་ཆེའི་ཆོས་ལ་བློ་མ་ཕྱོགས་པས་རུས་སྦལ་འཁུམ་པ་ལྟ་བུའི་མོས་པ་ཅན་ཡིན་པ་དང་། ཉན་ཐོས་ནི་རང་དོན་དུ་རང་ལ་ཕན་པར་བྱ་བའི་དོན་འབའ་ཞིག་ལྷུར་ལེན་རྣམས་འཁོར་བའི་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་ཤིང་། འཁོར་བ་དེ་ལས་ཐར་བའི་ཐབས་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་བསླབ་པ་བཅས་པ་ལས་ཅུང་ཟད་ཞིག་འགལ་ན་ཡང་ཐར་ལམ་ལ་སྒྲིབ་ཅིང་རྣམ་སྨིན་ཡིད་དུ་མི་འོང་བར་ཐོབ་པར་འགྱུར་རོ་ཞེས་སྐྲག་བཞིན་འཁོར་བ་ལས་མྱུར་དུ་ཐར་བའི་ཐབས་ལ་ཆེས་འབད་པར་བྱེད་པའི་དེའི་མོས་པ་ནི་བྲན་རྣམས་ཀྱི་མོས་པ་དང་ཚུལ་འདྲའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་ནི། ཇི་ལྟར་རྒྱལ་པོ་སྔོན་གྱི་ཚོགས་བསགས་པ་དང་ལྡན་པས་ཡུལ་ཁམས་ལ་རང་དབང་འབྱོར་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་དང་། ཞི་བ་ཕྱོགས་གཅིག་པའི་མཐའ་ལ་མི་གནས་ཀྱང་ཞི་བའི་གོ་འཕང་ལ་འདས་པས་འཁོར་འདས་གཉིས་ཀར་དབང་གྱུར་ཏེ་བདག་གི་དོན་དང་གཞན་དོན་སེམས་ཅན་ཐམས་ཅད་ལ་འདི་དང་གཏན་དུ་ཕན་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་བྱེད་པའི་ཕྱིར། དེ་ལྟར་འདོད་ཁམས་པ་དང་། ཁམས་གོང་མ་གཉིས་འཇིག་རྟེན་པ་དང་། ཉན་རང་རྣམས་འཇིག་རྟེན་ལས་འདས་པ་དེ་དག་གི་མོས་པ་དག་ལས། བྱང་ཆུབ་སེམས་དཔའི་མོས་པ་ནི་ཆེས་མཆོག་ཏུ་གྱུར་པའི་ཕྱིར་ན། སེམས་ཅན་ཁམས་ཀྱི་མོས་པ་སྣ་ཚོགས་པ་མི་འདྲ་བ་དག་གིས་ནང་རྟག་ཏུ་ཐེག་ཆེན་ལ་དད་པ་བྱང་ཆུབ་སེམས་དཔའི་མོས་པ་ནི་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པར་ཤེས་པར་བྱ་ཞིང་། དེ་ལྟར་ཤེས་པའི་ཕྱིར་ན་སངས་རྒྱས་ཀྱི་གསུངས་ཐེག་པ་ཆེན་པོ་དེ་ལ་དེ་ཉིད་གཞན་ལས་མཆོག་ཏུ་གྱུར་པ་ཡིན་པར་ཚུལ་བཞིན་རིག་ནས་ནི། མོས་པས་འཇུག་པའི་སྐབས་འདི་ན་བྱང་ཆུབ་སེམས་དཔའ་བརྟན་པས་ཐེག་པ་ཆེན་པོའི་ཆོས་དེ་ལ་མོས་པ་དེ་ཉིད་རྟག་པར་རབ་ཏུ་ཚོལ་བར་བྱེད་དོ། ། དེ་ལྟར་མོས་པའི་ཁྱད་པར་དཔེས་བསྟན་ནས་ཐེག་ཆེན་དེ་ལ་མ་ཞུམས་པར་སྤྲོ་བས་འཇུག་པར་གདམས་པ་མ་ཞུམས་པར་འཇུག་པ་དང་། བསོད་ནམས་ཆེན་པོ་འབྱུང་ཕྱིར་སྤྲོ་བས་འཇུག་པ་དང་། ཡོན་ཏན་གསུམ་བསྟན་པའི་སྒོ་ནས་འཇུག་པར་བསྟན་པས་མཇུག་སྡུད་པ་གསུམ་ལས། དང་པོ་ཐེག་པ་ཆེན་པོ་ནི་ལམ་གྱི་དུས་སུ་མགོ་ཡན་ལག་གཏོང་བ་སོགས་དང་། འཁོར་བའི་སྡུག་བསྔལ་གྱི་མི་འཇིགས་པའི་དཀའ་སྤྱད་དང་དུ་ལེན་དགོས་པ་དང་། དེ་ལྟར་བྱས་ན་འབྲས་བུ་ཡོན་ཏན་རྨད་དུ་བྱུང་བའི་སངས་རྒྱས་འགྲུབ་པ་ཡིན་མོད་ཀྱི། དེ་ནི་གང་ཟག་ཆེན་པོ་འགའ་ཞིག་གི་སྤྱོད་ཡུལ་ཡིན་གྱི་བདག་ལྟ་བུ་སེམས་ཅན་མིར་གྱུར་པ་ཕལ་གྱིས་ཐོབ་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་མི་བྱ་སྟེ། གང་གི་ཕྱིར་ན་སེམས་ཅན་རྟེན་མིར་གྱུར་པས། ཞེས་བྱང་ཆུབ་འགྲུབ་པའི་རྟེན་ནི་ལྷ་ཡི་རྟེན་ལས་ཀྱང་མི་མཆོག་ཡིན་ལ། མིས་སངས་རྒྱས་ཐོབ་པ་དེ་ཡང་མི་ལ་ལ་རེས་འགའ་ཙམ་དང་ཉུང་ངུ་ཙམ་མ་ཡིན་ཏེ། ཚད་མེད་པ་མང་པོས་སངས་རྒྱས་དེ་ཐོབ་པ་དང་། དེ་དག་དུས་རེས་འགའ་ན་སྲིད་པ་ཙམ་ཡང་མ་ཡིན་ཏེ་ད་ལྟའི་སྐད་ཅིག་རེ་རེ་ལ་ཡང་། ཕྱོགས་བཅུའི་འཇིག་རྟེན་མུ་མེད་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཚད་མེད་པས་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པ་ཡོད་པ་དེའི་ཕྱིར། བདག་གིས་བྱང་ཆུབ་ཐོབ་མི་ནུས་སྙམ་པའི་ཞུམས་པ་དང་དུ་བླང་བར་མི་བྱ་སྟེ། བདག་ཀྱང་མིར་སྐྱེས་ལ་གཞན་ཀྱང་མིར་སྐྱེས་པ་འདྲ་ལ། དེ་དག་གིས་ཀྱང་ཐེག་པ་ཆེན་པོའི་ལམ་ལ་མོས་སྤྱོད་ནས་རིམ་པར་བསླབས་པས་ཤེས་རབ་དང་སྙིང་རྗེ་སྟོབས་སུ་གྱུར་ཏེ་འཁོར་བའི་སྡུག་བསྔལ་ལ་སྒྱུ་མ་ལྟར་ཤེས་ཤིང་། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་ཆེན་པོའི་ཤུགས་རྫོགས་པའི་ཚེ་བྱང་ཆུབ་ཀྱི་སྤྱོད་པ་ལ་དཀའ་བའི་འདུ་ཤེས་མེད་པར་མ་ཟད་ཆེས་དགའ་བ་རྙོགས་པ་མེད་པ་འཇིག་རྟེན་གྱི་བདེ་བ་གང་གིས་ཀྱང་འགྲན་མི་ནུས་པ་ལ་སྤྱད་ནས་དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པ་དེ་ལྟར་བདག་གིས་ཀྱང་ཅིས་མི་འཐོབ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དང་པོར་བདག་ལྟ་བུའི་སེམས་ཅན་ཕལ་པ་ཡིན་ཡང་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་ནས་དེ་ལྟར་གྱུར་བའི་ཕྱིར་རོ། །གཉིས་པ་ཐེག་པ་ཆེན་པོའི་ཆོས་དེ་ལ་ཐོག་མར་མོས་པ་ཙམ་ཡང་ཕན་ཡོན་ཚད་མེད་པའི་གནས་ཡིན་ན་ཚུལ་བཞིན་ཉམས་སུ་ལེན་པ་ལྟ་ཅི་སྨྲོས་སོ། ། དེ་ཅིའི་ཕྱིར་ན་གཞན་དོན་བྱེད་པར་སྟོན་པའི་ཆོས་ཡིན་པའི་ཕྱིར་ཏེ། འདི་ལྟར། སེམས་ཅན་གཞན་དག་ལ་ཁ་ཟས་བྱིན་པའི་བསོད་ནམས་འཕེལ་བ་ཇི་ལྟ་བར། བདག་ཉིད་ཀྱིས་ཁ་ཟས་ཟ་བའི་དབང་གིས་བསོད་ནམས་ཐོབ་པ་མ་ཡིན་པ་དེ་བཞིན་དུ་སེམས་ཅན་གཞན་དོན་དུ་འགྱུར་བའི་རྟེན་ཅན་གྱི་ཆོས་ཐེག་པ་ཆེན་པོ་གཞན་ལ་བསྟན་ཅིང་རང་གིས་མོས་པ་བསྐྱེད་པ་ལས་ནི། མདོ་ལས་གསུངས་པ་ཡི་བསོད་ནམས་ཆེར་འབྱུང་བ། དཔེར་ན་ཞིང་མཐའ་ཡས་པ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་ལས། ཐེག་ཆེན་གྱི་ཆོས་ཚིགས་གཅད་གཅིག་བཤད་པ་ཕན་ཡོན་ཁྱད་པར་འཕགས་པ་ཐོབ་པ་དེ་ལྟར། རང་གི་དོན་གྱི་རྟེན་གྱི་ཆོས་ཐེག་དམན་བསྟན་པ་ལས་ནི་ཕན་ཡོན་བཟང་པོ་ཡོད་མོད་ཀྱི་ཐེག་ཆེན་བསྟན་པའི་ཕན་ཡོན་ལྟར་ཐོབ་པ་མ་ཡིན་ནོ། །གསུམ་པ་མཇུག་སྡུད་ཀྱི་ཚིགས་བཅད་ནི། དེ་ལྟར་འཕགས་པ་ཆེན་པོའི་ཞེས་ཐེག་ཆེན་འཕགས་པའི་ལམ་གྱི་ཆོས་ནི་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་ལ་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་དུས་རྟག་ཏུ་མོས་པ་ཆེར་བསྐྱེད་པར་བྱས་ན་བསོད་ནམས་རྒྱ་ཆེན་པོ་རྒྱུན་མི་འཆད་པར་འབྱུང་བ་དང་། མོས་པ་དེ་ཉིད་གོང་ནས་གོང་དུ་ས་བཅུ་པའི་བར་དུ་འཕེལ་བ་དང་། མཐར་ཐུག་ཡོན་ཏན་དཔག་ཏུ་མེད་པའི་བདག་ཉིད་བླ་མེད་བྱང་ཆུབ་ཆེན་པོར་འགྱུར་རོ། ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། བསམ་པ་ཐེག་ཆེན་ལ་དད་པའམ་མོས་པའི་ལེའུ་སྟེ་བཅུ་གཅིག་པ་རྣམ་པར་བཤད་པའོ།། །། དེ་ལྟར་མོས་པའི་ལེའུ་བཤད་ནས་མོས་པ་ཙམ་གྱིས་མི་ཆོག་པར་གང་ལ་མོས་པ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ཐོས་བསམ་བསྒོམས་པའི་ཤེས་རབ་ཀྱིས་ཡོངས་སུ་ཚོལ་བའི་སྒོ་ནས་ཐོས་པ་མང་དུ་བསགས་ཤིང་དེའི་དོན་ལ་ངེས་པ་རྙེད་པར་བྱ་དགོས་པས་ཆོས་ཚོལ་གྱི་ལེའུ་བཤད་པ་འདི་ལ་བཙལ་བར་བྱ་བའི་ཆོས་དང་། ཡིད་ལ་བྱེད་པ་གང་གིས་ཚོལ་བ་དང་། ཡོངས་སུ་ཚོལ་བའི་བྱེ་བྲག་དང་། ཆོས་ཚོལ་བའི་འབྲས་བུ་དང་། དོན་བསྡུ་བའི་ཚིགས་བཅད་དང་ལྔ་ལས། དང་པོ་ལ། བཤད་བྱ་ལུང་གི་ཆོས་བཙལ་བ་དང་། རྟོགས་བྱ་དོན་གྱི་ཆོས་བཙལ་བ་གཉིས། དང་པོ་ལ། དམིགས་པ་གསུང་རབ་ཉིད་ཡོངས་སུ་བཙལ་བ་དང་། དེས་བསྟན་དོན་དམིགས་པ་རྙེད་པ་ཡོངས་སུ་བཙལ་བ་དང་། ཚོལ་བྱེད་ཡིད་ལ་བྱེད་པ་ཡོངས་སུ་བཙལ་བ་གསུམ་ལས། དང་པོ་ཤེས་རབ་གསུམ་གྱིས་ཡུལ་གང་ལ་དམིགས་པ་བསྟན་པའི་ཕྱིར། སྡེ་སྣོད་དག་ནི་སོགས་ཚིགས་སུ་བཅད་པ་བཞི་གསུངས་སོ། ། དེ་ལ་དམིགས་པ་ནི་སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་ཀྱི་ཆོས་ཡིན་ལ། དེ་ཡང་བི་ཊ་ཀ་ཞེས་པ་སྡེ་སྣོད་དེ་དེའི་ནང་དུ་ཤེས་བྱའི་དོན་མང་པོ་འདུས་པའི་ཕྱིར་དེ་སྐད་བཏགས་ཏེ། ཡུལ་དབུས་ཀྱི་བྲེ་བོ་ཆེ་ལའང་མིང་དེ་འཇུག་པ་ནི། དེའི་ནང་དུ་བྲེ་ཆུང་མང་པོ་འདུས་ཤིང་ཤོང་པ་བཞིན། འདིར་ཡང་སྡེ་སྣོད་དེར་བརྗོད་བྱ་ཤེས་བྱའི་དོན་མང་པོ་འདུས་པའི་ཕྱིར་རོ། ། སྡེ་སྣོད་དག་གི་དབྱེ་བ་ནི་མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་མམ། ཡང་ན་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཐེག་པ་ཆུང་ངུ་ཉན་ཐོས་ཀྱི་སྡེ་སྣོད་གཉིས་སུ་བསྡུས་ཀྱང་རུང་ངོ་། །སྡེ་སྣོད་ཀྱི་ངེས་ཚིག་ནི་དོན་མང་པོ་དེའི་ནང་དུ་བསྡུས་པའི་ཕྱིར་ཏེ། གོང་དུ་བསྟན་པ་བཞིན་ནོ། །གསུང་རབ་ལ་རྒྱས་པར་ཡན་ལག་བཅུ་གཉིས་སུ་དབྱེ་སྟེ། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་ད་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །ཞེས་པ་བཞིན་ནོ། །དེ་དག་ལས་ཤིན་ཏུ་རྒྱས་པ་ཆེན་པོ་དང་། སྐྱེས་རབས་ནི་བྱང་སེམས་ཀྱི་སྡེ་སྣོད་དང་། ལྷག་མ་རྣམས་ལས་ཕལ་ཆེར་ཉན་ཐོས་དང་ཐེག་པ་ཆེན་པོའི་ཐུན་མོང་བར་གྱུར་པའང་ཡོད། ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ལ་གཏོགས་པའང་ཡོད། བཅུ་གཉིས་པོ་དེ་དག་ཀྱང་བསྡུ་ན་སྡེ་སྣོད་གསུམ་དུ་འདུའོ། །སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་ནི་དགུར་འདོད་དོ། ། ཞེས་པ་སྤང་བྱ་ལ་ལྟོས་ནས་གསུམ་དང་། བསླབ་བྱ་ལ་ལྟོས་ནས་གསུམ་དང་། ཤེས་བྱ་ལ་ལྟོས་ནས་གསུམ་དུ་བཞག་པའི་དང་པོ་ཉོན་མོངས་གསུམ་སེལ་བའི་སྒོ་ནས་ཏེ། ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་ཆོས་རྣམས་ལ་ཐེ་ཚོམ་པའི་ཉོན་མོངས་པ་སེལ་བྱེད་ཀྱི་གཉེན་པོ་མདོ་སྡེའི་སྡེ་སྣོད་བཤད་དེ། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་བདེན་པ་ས་དང་ཕར་ཕྱིན་སོགས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ལ་གང་དང་ཅི་ལྟ་བུ་ཡིན་པ་མ་ཤེས་ནས་ཐེ་ཚོམ་ཟ་བ་དག་ལ། དེ་དག་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་བསྟན་པས་དོན་དེ་བཞིན་རྣམ་པར་གདོན་མི་ཟ་བར་ཤེས་ནས་ཐེ་ཚོམ་མེད་པར་འགྱུར་བའི་ཕྱིར་རོ། །འདུལ་བ་ནི་འདོད་པ་བསོད་ཉམས་ཀྱི་མཐའ་དང་། དཀའ་ཚེགས་ངལ་དུབ་ཀྱི་མཐའ་གཉིས་ལ། རྗེས་སུ་སྦྱོར་བའི་ཉེ་བའི་ཉོན་མོངས་པ་སེལ་བའི་གཉེན་པོ་སྟེ། འདོད་པ་ལ་ཆགས་པས་ཁ་ན་མ་ཐོ་བ་དང་བཅས་པ་ཡོ་བྱད་སྣ་ཚོགས་ཇི་བདེ་བར་ལོངས་སྤྱོད་པ་ཁྱིམ་པ་ལྟ་བུའི་སྤྱོད་པ་འགོག་ཕྱིར་འཇིག་རྟེན་པའི་སྤྱོད་པ་ངན་པ་གང་གིས་ཕས་ཕམ་པ་དང་ལྷག་མ་དང་། ལྟུང་བ་དང་། ཉེས་བྱས་ལ་སོགས་པ་འབྱུང་བའི་སྤྱོད་པ་ནི་བཀག་སྟེ་མ་གནང་ངོ་། ། ལྷུང་བཟེད་དང་ཆོས་གོས་སོགས་རང་ཉིད་འཚོ་བའི་ཡོ་བྱད་ཁ་ན་མ་ཐོ་བ་མེད་པ་ནི་རྗེས་སུ་གནང་སྟེ། མུ་སྟེགས་ཅན་ལྟར་དཀའ་ཐུབ་དྲག་པོ་དང་ཐལ་བ་ཚེར་མའི་ཁྲོད་དུ་ཉལ་བ་དང་། གཅེར་བུ་དང་ཟས་གཅོད་པ་དང་། ཁྱི་དང་བ་ལང་སོགས་ཀྱི་དཀའ་ཐུབ་ཀྱིས་བདག་གི་ལུས་ངལ་ཞིང་སྡུག་བསྔལ་བར་བྱེད་པའི་གཉེན་པོར་ལུས་འཚོ་བའི་རྐྱེན་གྱི་ཡོ་བྱད་སྡིག་མེད་རྣམས་རབ་བྱུང་ཐུན་མོང་པ་ཀུན་ལའང་གནང་ཞིང་། ཚུལ་ཁྲིམས་དང་ལྡན་པ་དང་ཡོན་ཏན་ལྡན་པའི་དགེ་སློང་ནི། ཁ་ཟས་རོ་བརྒྱ་དང་ལྡན་པ་དང་། བརྒྱ་སྟོང་རི་བའི་གོས་དང་། ཁང་བཟང་བཀོད་མཛེས་མིག་མང་དག་ཀྱང་སྤྱོད་དུ་གནང་ངོ་ཞེས་གསུངས་ཏེ། ལོངས་སྤྱོད་བཟང་པོ་དེ་དག་དང་ལྡན་ཡང་ཆགས་པ་དང་རྒྱགས་པ་མེད་ན་དེ་ཉིད་ཁ་ན་མ་ཐོ་བ་མེད་པ་སྤྱོད་པ་ཡོད་ལ། སྔོ་ངད་ཀྱི་ཟས་དང་ཕྱག་དར་ཁྲོད་པའི་གོས་སོགས་འཆང་བ་ལ་གནས་ཀྱང་ཆགས་པ་དང་རྒྱགས་པ་ཡོད་ན་དེ་ཉིད་ཁ་ན་མ་ཐོ་བར་སྤྱོད་པ་ཡིན་པས། དེ་ལྟར་ཁ་ན་མ་ཐོ་བའི་ཡོ་བྱད་སྤངས་ནས་ཁ་ན་མ་ཐོ་བ་མེད་པའི་ཡོ་བྱད་ལ་སྤྱོད་པའི་ཕྱིར་མཐའ་གཉིས་སེལ་བའི་གཉེན་པོ་ཡིན་ནོ། །མངོན་པའི་སྡེ་སྣོད་ནི་བདག་གི་ལྟ་བ་སྙེམས་པའི་གཉེན་པོ་ཡིན་ཏེ། ཅུང་ཟད་ཙམ་ཐོས་པས་ང་རྒྱལ་བྱེད་ཅིང་ཚུལ་ཁྲིམས་འཆལ་བར་ཆགས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་མང་དུ་ཐོས་པ་མི་ཚོལ་བ་ནི་ལྟ་བ་སྙེམས་པ་ཞེས་བྱ་སྟེ། མངོན་པར་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པས་དེ་ཐོས་ན་ལྟ་བ་དང་ཚུལ་ཁྲིམས་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་སྙེམས་པ་སྣ་ཚོགས་དང་ལྟ་བ་སྣ་ཚོགས་སྤོང་བར་འགྱུར་རོ། ། ཡང་བསླབ་པའི་དབང་དུ་བྱས་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཐུན་མོང་དུ་སོ་སོར་ཐར་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའམ། ཐེག་པ་ཆེན་པོའི་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་སོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། ཐུན་མོང་དུ་བསམ་གཟུགས་ཀྱི་ཏིང་འཛིན་བརྒྱད་དང་། ཐུན་མིན་བྱང་ཆུབ་སེམས་དཔའི་དཔའ་བར་འགྲོ་བ་སོགས་ཀྱི་ཏིང་ངེ་འཛིན་ནོ། ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཐུན་མོང་དུ་འཕགས་པའི་བདེན་པ་བཞི་དང་། ཐུན་མིན་ཐེག་ཆེན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཡང་མདོ་སྡེས་བསླབ་པ་གསུམ་ཀ་སྟོན་ཏོ་འདུལ་བས་ཚུལ་ཁྲིམས་དང་ཏིང་འཛིན་གྱི་བསླབ་པ་གཉིས་སྟོན་ཏེ། འདུལ་བ་ལས་འབྱུང་བ་བཞིན་དུ་སྤྱོད་ན་ཚུལ་ཁྲིམས་ལ་སྐྱོན་མེད་ཅིང་། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །མངོན་པས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བ་གཏན་ལ་ཕབ་པས་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་ཤེས་པའི་ཤེས་རབ་སྐྱེ་བའི་ཕྱིར་རོ། །ཡང་ཤེས་བྱ་ལ་ལྟོས་ནས་མདོ་སྡེས་ཆོས་དང་དོན་བཤད་དོ་ཞེས་པ། ཆོས་ནི་མིང་དང་དོན་བརྗོད་བྱ་གཉིས་བསྟན་པའམ། ཡང་ཕུང་ཁམས་སྐྱེ་མཆེད་སོགས་བསྟན་པ་ནི་ཆོས། དགོངས་ལྡེམ་དགོངས་བཞི་ལ་དོན་ཞེས་དང་། ཡང་མཐོ་རིས་ཐོབ་བྱེད་དགེ་བཅུ་ལ་ཆོས། མྱང་འདས་ཐོབ་བྱེད་བྱང་ཆུབ་ཕྱོགས་ཆོས་སོ་བདུན་སོགས་ལ་དོན་ཞེས་བྱ་སྟེ་དེ་དག་མདོ་སྡེས་བཤད་པས་སོ། །འདུལ་བས་ཆོས་དང་དོན་སྒྲུབ་པ་ཞེས་པ་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་དེ་གཉིས་མངོན་དུ་བྱས་པའམ་ཉམས་སུ་བླངས་ཏེ་བསྒྲུབ་པའོ། །མངོན་པས་ཆོས་དང་དོན་ཕྱིན་ཅི་མ་ལོག་པར་སྟོན་ཅིང་ཤིན་ཏུ་རྣམ་པར་ངེས་པར་བྱས་ཏེ་མཁས་པར་བྱེད་དོ། །སྡེ་སྣོད་གསུམ་གྱི་ཆོས་དེ་དག་བཙལ་བའི་དགོས་པ་གང་ཞེ་ན། དེ་ཤེས་རབ་གསུམ་གྱིས་ཡོངས་སུ་ཚོལ་ཞིང་ཉམས་སུ་བསྟར་པ་དེས་ནི། ཐོས་པས་རང་རྒྱུད་ལ་ཐར་བའི་ལམ་གྱི་བག་ཆགས་འཇོག་པ་དང་། བསམས་པས་དེའི་དོན་ལ་ངེས་པ་རྙེད་པའི་ཚུལ་གྱིས་རྟོགས་པ་དང་། བསྒོམས་པས་ཞི་གནས་ལ་བརྟེན་ནས་རྣམ་པར་གཡེང་བའི་རྣམ་རྟོག་ཞི་བ་དང་། ལྷག་མཐོང་གིས་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པས་རང་གི་རྒྱུད་རྣམ་པར་གྲོལ་བར་བྱེད་དོ། ། སྡེ་སྣོད་གསུམ་དོན་དུ་ཞིག་གིས་རྣམ་པར་བཞག་པ་དང་དེ་དག་གི་ངེས་ཚིག་ཇི་ལྟ་བུ་ཡིན་ཞེ་ན། མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་དག་ནི། མདོ་བསྡུ་བའི་དབང་དུ་བྱས་ན་རེ་རེ་ལ་ཡང་དོན་ནི་རྣམ་པ་བཞིར་འདོད་དེ། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གསུམ་པོ་དེ་མཐའ་དག་ལེགས་པར་ཤེས་ནས་ལམ་སྦྱངས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །ཉན་ཐོས་རྣམས་ནི་ཐམས་ཅད་མཁྱེན་པ་མི་ཚོལ་བས་སྡེ་སྣོད་གསུམ་མ་ཤེས་པར་གང་ཟག་གི་བདག་མེད་ཙམ་སྟོན་པའི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་པས་ཀྱང་རང་ལམ་གྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། ། སྡེ་སྣོད་གསུམ་གྱི་མདོར་བསྡུས་པའི་དོན་བཞི་པོ་གང་ཞེ་ན། མཉན་ཡོད་སོགས་ཡུལ་གང་དུ་བཤད་པ་དང་། བཅོམ་ལྡན་འདས་གང་གིས་བཤད་པ་དང་། ཞུ་བ་པོ་སོགས་གང་གི་དོན་དུ་བཤད་པ་གསུམ་པོ་ལ་གནས་ཞེས་བྱ་སྟེ་མདོ་སྡེ་འབྱུང་བའི་གནས་སམ་གླེང་གཞི་ཡིན་པས་ན་དེ་འདྲའི་གནས་རྣམས་དང་ནི། བདེན་པ་གཉིས་ཀྱི་མཚན་ཉིད་དང་། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་སོགས་ཀྱི་ཆོས་དང་། དེའི་དོན་དགོངས་དགོངས་མིན་ལྡེམ་དགོངས་སོགས་སུ་རྣམ་པར་འབྱེད་དེ། མདོ་ཙམ་དུ་སྨོས་ཕྱིར་མདོ་སྡེ་ཞེས་བྱ་བ་ཡིན་ཏེ། སུ་ཏྲཱའི་སྒྲ་ལས་དྲངས་ནས་དོན་དེ་དག་དེར་དཀྲི་བའམ་མདོ་ཙམ་དུ་ཚང་བས་སོ། །ཨ་བྷིའི་སྒྲ་ལ་མངོན་པ་ཞེས་པ་སྟེ་དེ་ཡང་ཨ་བྷི་མུ་ལ་ཞེས་པ་མངོན་དུའི་ཞེས་མངོན་དུ་ཕྱོགས་པའི་དོན་ཏེ། བདེན་པ་བྱང་ཕྱོགས་རྟེན་འབྲེལ་སོགས་ཀྱི་དོན་མ་ནོར་བར་གཏན་ལ་དབབ་པས་མྱང་འདས་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་དང་། དེ་བཞིན་དུ་ཆོས་རེ་རེ་ལ་ཡང་གཟུགས་ཅན་ཡིན་མིན་ཟག་བཅས་ཟག་མེད་སོགས་རྣམ་པར་དབྱེ་བ་སྣ་ཚོགས་ཡང་དང་ཡང་དུ་རྣམ་པར་འབྱེད་ཅིང་མངོན་པ་བསྟན་པ་དང་། རིགས་པ་དང་ལྡན་པར་འབེལ་གཏམ་དང་བརྩད་པ་ཡི་སྒོ་ནས་ཕྱིར་རྒོལ་བ་མངོན་པར་ཟིལ་གྱིས་གནོན་པར་བྱེད་པ་དང་། མདོ་སྡེའི་དོན་རིགས་པ་དང་རྣམ་པར་ངེས་པའི་ཚུལ་གྱིས་གཏན་ལ་དབབ་སྟེ་མངོན་པར་རྟོགས་པར་བྱེད་པའི་ཕྱིར་མངོན་པའི་ཆོས་ཞེས་བྱའོ། །བི་ན་ཡ་ཞེས་པ་འདུལ་བ་ཡིན་ལ། དེ་ཡང་ལྟུང་བ་ནི་སྡེ་ལྔ་སྟེ། ཕས་ཕམ། ལྷག་མ། ཉེས་པ་སྦོམ་པོ། །ལྟུང་བྱེད། སོར་བཤགས་ལྔའོ་ཞེས་དང་། ཡང་ན་ཕམ་ལྷག་ལྟུང་བྱེད་སོར་བཤགས་ཉེས་བྱས་སོ། །ལྟུང་བ་དེ་སྐྱེ་བའམ་འབྱུང་བའི་རྒྱུ་ནི་ལྟུང་བ་དེ་དག་གིས་མཚན་ཉིད་མི་ཤེས་པ་དང་། ཉོན་མོངས་པ་དང་། བག་མེད་པ་དང་། བསླབ་པ་ལ་མ་གུས་པ་བཞི་ཡིན་པ་དང་། ལྟུང་བ་ལས་ལྡང་བའམ་བསླང་བ་ནི། བསམ་པའི་སྒོ་ནས་འགྱོད་ཅིང་ཕྱིན་ཆད་མི་བྱ་བར་བསྡམ་པའི་སྒོ་ནས་ཉེས་པ་ལས་བསླང་བའོ། ། ལྟུང་བ་ལས་དབྱུང་བའམ་ངེས་པར་འབྱུང་བ་ནི་རྣམ་པ་བདུན་ཏེ། དང་པོར་སོ་སོར་བཤགས་པ་ནི་དགེ་སློང་གཅིག་གམ་བཞི་ལ་སོགས་པའི་མདུན་དུ་མཐོལ་ནས་བཤགས་པས་སོ། །གཉིས་པ་ཆད་པའི་ལས་ཁས་ལེན་པ་ནི་ཕ མ་པ་འཆབ་སེམས་མེད་པར་སྤྱོད་ཅིང་ཕྱིས་འགྱོད་པ་སྐྱེས་པ་ནས་བཤགས་པ་ལ་ཆད་པའི་ལས་ནི་ཐམས་ཅད་ཀྱི་གྲལ་གྱི་མཐར་བཞག་ཅིང་ཐ་མར་བཟའ་བ་སྦྱིན་པ་སོགས་ཁས་ལེན་དུ་བཅུག་སྟེ་སླར་བསླབ་པ་སྦྱིན་པའོ། །གསུམ་པ་བསྒྱུར་པས་དབྱུང་པ་ནི་བཅོམ་ལྡན་འདས་ཀྱིས་ཕྱི་དྲོའི་ཁ་ཟས་བཟའ་བར་མ་གནང་བ་ལ། རྣམ་གྲངས་ཀྱིས་ལམ་དུ་སོན་པ་ལ་དུས་ཞེས་གནང་བ་ལྟ་བུའོ། །བཞི་པ་དགྲོལ་བ་ཞེས་སྔོན་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ང་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་དྲན་པར་གྱིས་དང་བསླབ་གཞི་བཅས་པ་རྣམས་ལས་བསླབ་པའི་ཚིག་ཕྲན་ཚེགས་རྣམས་དགྲོལ་བར་བྱ་ཞེས་གསུངས་ཀྱང་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་ཀུན་དགའ་བོ་མྱ་ངན་གྱིས་ནོན་ནས་ཞུ་བར་མ་བྱུང་པས། ཕྱིས་འོད་སྲུང་ཆེན་པོ་སོགས་སྡུད་བྱེད་རྣམས་ཀྱིས་དེ་ཅིའི་ཕྱིར་མ་ཞུས་ཞེས་ཉེས་ཆད་དུ་བསྒྲགས་སོ། ། བསླབ་ཚིག་ཕྲན་ཚེགས་དགྲོལ་བར་བྱའོ་ཞེས་གསུངས་པ་དེ་ལ་བརྟེན་ནས་ཐམས་ཅད་ཡོད་སྨྲའི་གཞུང་གི་སྡེ་ལས་དགེ་འདུན་ཚོགས་པས་བསླབ་ཚིག་ཕྲ་མོ་རྣམས་དགྲོལ་བར་བྱ་བ་ཡོད་ཅེས་གྲགས་པ་ཙམ་ལས། བསླབ་ཚིག་ལས་དགེ་འདུན་གྱིས་དགྲོལ་བ་སྔར་ཡང་མེད་ད་ལྟར་ཡང་མེད་ཅེས་བློ་བརྟན་འགྲེལ་ཆེན་དུ་གསུངས། ལྔ་པ་གནས་སམ་རྟེན་འགྱུར་བ་ཞེས་པ་དགེ་སློང་ངམ་དགེ་སློང་མ་ཕན་ཚུན་མཚན་འགྱུར་ན་དེ་དག་གི་ལྟུང་བ་ནི་དགེ་སློང་ལ་ཕས་ཕམ་བཞི། དགེ་སློང་མ་ལ་བརྒྱད་ཡོད་པས་ཕམ་པ་དང་ལྟུང་བ་མང་ཉུང་དུ་གྱུར་བས་ན་དགེ་སློང་དགེ་སློང་མར་མཚན་འགྱུར་ན་དགེ་སློང་གི་ཚེའི་ལྟུང་བ་བྱུང་ཡང་། ལྟུང་བ་དེ་ཐུན་མོང་མ་ཡིན་ཏེ། དགེ་སློང་ཉིད་ཀྱིས་བཤགས་པར་བྱ་བ་ཡིན་པས། བུད་མེད་དུ་གྱུར་ནས་ཉེས་པ་བཤགས་པ་སོགས་ཆོ་ག་མ་བྱས་ཀྱང་ཉེས་པ་ལས་འབྱུང་བར་འགྱུར་རོ། ། དགེ་སློང་མ་མཚན་གྱུར་ནའང་དེ་བཞིན་ནོ། །དྲུག་པ། ཡང་དག་པར་རྟོགས་པས་འབྱུང་བ་ནི། ཆོས་ཀྱི་མདོ་བཞིའི་དོན་འདུས་བྱས་མི་རྟག་པ་སོགས་བཞི་ལ་བརྟག་སྟེ་དོན་ཤེས་རབ་ཀྱིས་མཐོང་བས་ཉེས་པ་ཕྲན་ཚེགས་ལས་འབྱུང་བར་འགྱུར་རོ། ། བདུན་པ་ཆོས་ཉིད་ཐོབ་པས་ངེས་པར་འབྱུང་བ་ནི། བདེན་པ་མཐོང་ན་སྔོན་ཉེས་པ་ཕྲན་ཚེགས་བྱས་པ་ལས་ཀྱང་ཐར་ལ་ཕྱིས་མི་བྱེད་པའི་ཆོས་ཉིད་ཐོབ་པས་ལྟུང་བ་ལས་འབྱུང་བར་འགྱུར་རོ། །དེ་ལྟར་དོན་རྣམ་པ་བཞིའི་སྒོ་ནས་འདུལ་བ་བཞག་པ་དང་། ཡང་རྣམ་གྲངས་གཞན་བཞིའི་སྒོ་ནས་ཀྱང་བཞག་སྟེ་གང་ཟག་གང་ལ་བརྟེན་ནས་བསླབ་ཚིག་བཅས་པ་ནི། ཐོག་མར་བཟང་བྱིན་ལ་བརྟེན་ནས་མི་ཚངས་པ་སྤྱོད་པར་མི་གནང་བའི་བསླབ་ཚིག་བཅས་པ་ལྟ་བུ་དང་། བཅས་པ་ནི་གང་ཟག་གིས་ཉེས་པ་དེ་དང་དེ་ལྟ་བུ་བྱས་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་ན་སངས་རྒྱས་ཀྱིས་དགེ་འདུན་རྣམས་ལ་འདི་སྐད་དུ་དགེ་སློང་དག་དེང་ཕྱིན་ཆད་དགེ་སློང་རྣམས་ཆོས་འདི་དང་འདི་ལྟ་བུ་བྱེད་དུ་མི་གནང་ངོ་ཞེས་བསླབ་པ་བཅས་པ་དང་ནི། བཅས་པ་དེ་ཡི་རབ་དབྱེ་ནི་དེ་ཉིད་འདི་ལྟ་བུའོ་ཞེས་རྣམ་པར་དབྱེ་ཞིང་ཞིབ་ཏུ་བཤད་པའོ། །ལྟུང་བ་སྡེ་ལྔའི་རེ་རེ་ལ་ཡང་འདི་ཙམ་གྱིས་ལྟུང་བར་འགྱུར་ལ། འདི་ཙམ་གྱིས་ལྟུང་བར་མི་འགྱུར་ཞེས་རྣམ་པར་གཏན་ལ་དབབ་པའམ་རྣམ་པར་ངེས་པར་བྱས་པའི་ཕྱིར་འདུལ་བ་ཉིད་དོ། ། དེ་ཡན་ཆད་ཀྱིས་གང་ལ་དམིགས་པར་བྱ་བ་ནི་ལུང་སྡེ་སྣོད་ཀྱི་ཆོས་ཡིན་པར་བསྟན་ཏོ། །དམིགས་པ་རྙེད་པ་ཡོངས་སུ་ཚོལ་བ་དམིགས་པ་ཆོས་དང་སོགས་ཚིགས་བཅད་གསུམ་སྟེ། དམིགས་པ་རྙེད་པ་ཞེས་པ་དམིགས་པ་མངོན་སུམ་དུ་གྱུར་པ་སྟེ །ཇི་ལྟར་ན་དམིགས་པའི་ཆོས་བཙལ་ཏེ་རྙེད་ནས་དེའི་དོན་གཏན་ལ་ཕབ་ནས་འདི་དང་འདིའོ་ཞེས་དོན་ཤེས་པར་གྱུར་པའོ། །དམིགས་པའི་ཡུལ་ཡང་རྣམ་པར་བཞི་སྟེ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་ཆོས་རྣམ་པ་དེ་དག་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་གྱིས་དམིགས་པའི་ཡུལ་ཡིན་ནོ། །ནང་རང་རྒྱུད་ཀྱི་ཕུང་པོའམ་འཛིན་པ་ནང་གི་སྐྱེ་མཆེད་དྲུག་དང་ནི། ཕྱི་ནི་རང་རྒྱུད་ཀྱིས་མ་བསྡུས་པ་གཟུང་བ་ཕྱིའི་སྐྱེ་མཆེད་དྲུག་དང་། ཕྱི་ནང་གཉིས་ཀས་བསྡུས་པ་ཀུན་ཉོན་དང་རྣམ་བྱང་གི་ཆོས་རྣམས་ནི་ཡིན་པར་འདོད་དོ། །དེ་ལས་གཟུང་བ་ཕྱི་དང་འཛིན་པ་ནང་གི་དངོས་པོ་ལ་ཚུལ་བཞིན་དམིགས་པའི་དོན་གཉིས་ཀྱིས་ནི། ཕྱི་དང་ནང་གི་དངོས་པོ་མི་དམིགས་པའི་དོན་གཉིས་པོ་རྙེད་དེ་ནམ་ཕྱིའི་དེ་བཞིན་ཉིད་རྟོགས་ན་ཕྱིའི་དམིགས་པ་རྙེད་པ་དང་། ནམ་ནང་གི་དེ་བཞིན་ཉིད་མངོན་སུམ་ཤེས་ན་ནང་གི་དམིགས་པ་རྙེད་པའོ། །དེ་ཡང་སེམས་ལས་མ་གཏོགས་པའི་གཟུང་བའི་དོན་མེད་པར་རྙེད་པ་ནི་བཟོད་པའི་དུས་དང་། འཛིན་པ་མེད་པ་ནི་ཆོས་མཆོག་གི་དུས་ན་རྙེད་པའོ། །གཉིས་ཀའི་དེ་བཞིན་ཉིད་ཇི་ལྟར་རྙེད་ན། གཟུང་འཛིན་གཉིས་པོ་དག་ནི་མི་དམིགས་པས་དེ་བཞིན་ཉིད་མངོན་སུམ་དུ་གྱུར་པ་ས་དང་པོ་ཐོབ་པའི་ཚེ་གཉིས་ཀའི་དམིགས་པ་རྙེད་དེ་ཆོས་ཐམས་ཅད་མི་དམིགས་པའི་དེ་བཞིན་ཉིད་རྙེད་པའོ། །དྲོད་དང་སྤྱི་བོའམ་རྩེ་མོའི་དུས་ཆོས་ཉིད་མངོན་སུམ་དུ་རྙེད་པ་མིན་པས་དམིགས་པ་རྙེད་པར་མ་བཤད་དོ་ཞེས་གསུངས་པ་མངོན་སུམ་དུ་རྙེད་པ་ཡང་དོན་སྤྱིའི་ཚུལ་གྱིས་ཐེ་ཚོམ་མེད་པར་མངོན་སུམ་གྱུར་པ་ཡིན་འདྲ་སྙམ་མོ། །སྟོང་པ་ཉིད་ལ་དབྱེ་བ་མེད་མོད་ཀྱི་ཆོས་ཅན་ལ་ལྟོས་ནས་རྟོགས་པ་ཕྱི་དང་ནང་དང་གཉིས་ཀའི་དམིགས་པ་རྙེད་པའི་ཐ་སྙད་མཛད་དོ། །ཆོས་ཀྱི་དམིགས་པ་རྙེད་པའི་ཚུལ་ནི། ཡིད་ཀྱི་བརྗོད་པས་ཞེས་ཡིད་རྟོག་བཅས་ཀྱིས། སྡེ་སྣོད་ཀྱི་གཞུང་ལས་ཇི་སྐད་བཤད་པ་བཞིན་གྱི་དོན་ལ་སེམས་རབ་ཏུ་དྭང་བ་སྟེ་དད་པ་རྙེད་ནས་དེའི་དོན་དེ་བཞིན་དུ་འཛིན་པ་ནི་ཐོས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱ་སྟེ། མཁན་པོ་དང་སློབ་དཔོན་གང་གིས་ཆོས་བསྟན་པ་དེ་ལ་རྣ་བར་བླགས་ཏེ་ཉན་ནས་དོན་ལ་སེམས་པས་དཔེར་ན་མིང་ཚིག་ཡི་གེའི་རང་བཞིན་འདི་ཐམས་ཅད་སེམས་ལ་སྣང་བ་ཟད་དོ་ཞེས་ཚིག་གིས་བསྟན་པ་ན་དེ་ལྟར་ཤེས་ཤིང་ཡིད་ཆེས་པ་ལྟ་བུའོ། ། བསམ་པའི་ཤེས་རབ་ཀྱིས་ནི། ཡིད་ཀྱི་བརྗོད་པའི་བག་ཆགས་ལས་ཀ་བུམ་སོགས་ཆོས་འདི་དག་ཏུ་བརྟགས་པ་ཙམ་ལས་དོན་གྱི་ངོ་བོ་བརྗོད་དུ་མེད་པས་རང་གི་རྟོག་པ་ཙམ་ལས་དོན་གཞན་མེད་པ་ཡིན་པར་རབ་ཏུ་འཛིན་པ་ནི་དམིགས་པ་རྙེད་པའོ།། བསྒོམ་པའི་ཤེས་རབ་ཀྱི་སེམས་ནི་མིང་ལ་ཞེས་པ་མིང་དང་གཟུགས་ཀྱི་ཟླས་ཕྱེ་བའི་མིང་གཞི་སེམས་སེམས་བྱུང་སྟེ་མདོར་ན་ཆོས་ཐམས་ཅད་ནི་སེམས་ལ་སྣང་བ་སེམས་ཀྱིས་བཏགས་པ་སེམས་ཀྱི་དབང་གིས་བཞག་པ་ཙམ་མ་གཏོགས་པ་གཞན་མེད་པས་སེམས་ཙམ་དང་སེམས་དེ་ཡང་གཟུང་བ་དང་འཛིན་པ་གཉིས་སུ་མི་དམིགས་པའི་དེ་བཞིན་ཉིད་སྟོང་ཞིང་འོད་གསལ་བ་ལ་གནས་པའི་ཕྱིར་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ཀྱི་དམིགས་པ་རྙེད་པའོ། ། དེ་ལྟར་ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་གྱིས། སྡེ་སྣོད་ཀྱི་ཆོས་ཀྱི་དམིགས་པ་རྙེད་པར་འགྱུར་ཏེ། དང་པོར་ཐོས་པ་བཞིན་མིང་གི་སྒོ་ནས་བརྗོད་བྱའི་དོན་དེ་སེམས་ལ་བརྡ་འཕྲོད་དེ་ནས་དོན་དེ་ལ་བསམ་པས་ངེས་པ་རྙེད། དེ་ནས་དེ་བསྒོམས་པས་ཉམས་སུ་མྱང ་བ་གསུམ་གྱིས་དམ་པའི་ཆོས་ཀྱི་དོན་ནམ་དམིགས་པ་རྙེད་པ་ཡིན་ནོ། །གང་དུ་ཕྱི་དང་ནང་དང་གཉིས་ཀའི་དམིགས་པ་རྣམ་པ་གསུམ་རྙེད་པ་དེ་དག་སྔར་ཐོག་མར་བཤད་པ་ཆོས་ཀྱིས་དམིགས་པ་རྙེད་པ་དེ་ལ་ཡང་དག་པར་རྟེན་པ་ཡིན་ནོ་ཞེས་ཆོས་ཐོས་ཤིང་དོན་བསམས་ནས་མ་བསྒོམས་ན་ཕྱི་དང་ནང་དང་གཉིས་ཀའི་ཆོས་མི་དམིགས་པའི་དེ་བཞིན་ཉིད་རྟོགས་པའི་ཐབས་མེད་པའི་ཕྱིར་རོ། ། གསུམ་པ་ཡིད་ལ་བྱེད་ཡོངས་སུ་ཚོལ་བ་ནི། རིགས་གསུམ་པ་དང་སོགས་ཚིགས་བཅད་ལྔས་བསྟན་ཏེ། དེ་ལྟར་དམིགས་པ་རྙེད་ནས་དེ་ཡང་ཡང་ཡིད་ལ་བྱེད་པའི་སྒོ་ནས་ཏིང་ངེ་འཛིན་རྙེད་པར་བྱ་དགོས་པས་དེ་བཤད་པ་ལ། རྣལ་འབྱོར་པའི་ཡིད་ལ་བྱེད་པ་རྣམ་གྲངས་བཅོ་བརྒྱད་ཡོད་དེ། རིགས་གསུམ་ཡིད་ལ་བྱེད་པ་དང་། བྱ་བ་བྱེད་པ་ཡིད་ལ་བྱེད་པ་སོགས་བཅོ་བརྒྱད་ལས། དང་པོ་རིགས་གསུམ་པ་དང་ཞེས་པ་འདི་མདོར་བསྟན་པ་ཡིན་ལ། ལྷག་མ་རྣམས་ཀྱིས་དེའི་ཁྱད་པར་རྒྱས་པར་བཤད་པ་ཡིན་ནོ། ། དེ་ལ་དང་པོ་རིགས་གསུམ་པ་དང་ཞེས་ཉན་རང་ཐེག་ཆེན་གྱི་རིགས་གསུམ་སྟེ། ཉན་ཐོས་ཀྱི་རིགས་སུ་ངེས་པས་ཆོས་བདེན་པ་བཞི་ལ་དམིགས་པ་དག་རང་སངས་རྒྱས་སུ་རིགས་ངེས་པས་དེའི་ལམ་གྱི་ཆོས་རྟེན་འབྲེལ་ལ་དམིགས་པ་དང་། བྱང་སེམས་ཀྱི་རིགས་སུ་ངེས་པས་བདག་མེད་གཉིས་ལ་དམིགས་ནས་ཡིད་ལ་བྱེད་པའོ། །གཉིས་པ་བྱ་བ་བྱེད་པའི་ཡིད་བྱེད་ནི། བྱ་བ་བྱེད་ཅེས་པས་བསྟན་ཏེ། ཚོགས་བསགས་པའི་བྱ་བ་བྱེད་པ་ཡིན་ལ་ས་དང་པོ་ཐོབ་པའི་རྒྱུ་མོས་སྤྱོད་ཀྱི་སར་བསྐལ་པ་གྲངས་མེད་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཀྱི་ཡིད་ལ་བྱེད་པའོ། །གསུམ་པ་རྟེན་ནམ་གནས་རྣམ་པར་དབྱེ་བའི་ཡིད་ལ་བྱེད་པ་ནི་གནོད་བཅས་གནོད་མེད་རྟེན་ཅན་ཏེ་ཞེས་པས་བསྟན་ཏེ། གནོད་པ་དང་བཅས་པའི་རྟེན་ནམ་གནས་ནི་ཁྱིམ་ན་གནས་པ་སྟེ་འཇིག་རྟེན་གྱི་བྱ་བ་མང་བས་ཡིད་ལ་བྱེད་པ་ལ་གནོད་པ་དང་བཅས་པའོ། །རབ་ཏུ་བྱུང་བ་དེ་ནི་དེ་ལས་ལྡོག་སྟེ་གནོད་པ་མེད་པའི་རྟེན་ཅན་ནོ། །བཞི་པ་མོས་པ་ལ་འཇོག་པའི་ཡིད་ལ་བྱེད་པ་ནི། མོས་པ་འཇོག་པར་བྱེད་པ་དང་། ཞེས་པས་བསྟན་ཏེ། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནས་མོས་པར་འཇོག་པར་བྱེད་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེ་བ་རྣམས་རྗེས་སུ་དྲན་པ་མདོ་ལས་ཇི་སྐད་འབྱུང་བ་རྣམས་སམ། མདོར་བསྡུ་ན་ཐེག་བསྡུས་ལས་གསུངས་པ་ལྟར་རྣམ་པ་བདུན་གྱི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་མངོན་པར་ཤེས་པ་དང་ལྡན་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ནོ་ཞེས་རྗེས་སུ་དྲན་པ་དང་། དེ་བཞིན་གཤེགས་པ་རྣམས་རྟག་པའི་སྐུ་སྟེ་རྟག་ཏུ་དྲི་མ་མེད་པར་གྱུར་པ་དང་ལྡན་ནོ་ཞེས་རྗེས་སུ་དྲན་པ་དང་། དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་རྗེས་སུ་དྲན་པ་དང་། དེ་བཞིན་གཤེགས་པ་ནི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཡིན་ནོ་ཞེས་རྗེས་སུ་དྲན་པ་དང་། དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སོགས་ཟག་པ་མེད་པའི་ལོངས་སྤྱོད་ཆེན་པོའི་མངའ་དབང་དང་ལྡན་པའོ་ཞེས་རྗེས་སུ་དྲན་པ་དང་། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་ཆོས་བརྒྱད་ཀྱིས་སྐྱོན་གྱིས་མ་གོས་པའོ་ཞེས་གོས་པ་མེད་པར་རྗེས་སུ་དྲན་པ་དང་། མངོན་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་བསྟན་པའི་ཐབས་ཀྱིས་སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་མཛད་པས་དེ་བཞིན་གཤེགས་པ་རྣམས་དོན་ཆེན་པོ་ཡིན་པར་རྗེས་སུ་དྲན་པར་བྱའོ། ། ལྔ་པ་རབ་ཏུ་འདོད་པའི་ཡིད་ལ་བྱེད་པ་ནི་སྔ་མ་ལས་གཞན་འདུན་པ་དྲག་པོར་བྱེད་པ་དང་། ཞེས་པས་བསྟན་ཏེ། སངས་རྒྱས་རྗེས་སུ་དྲན་ནས་དེ་ལ་ཡིད་ཆེས་པའི་འདུན་པ་དྲག་པོ་བྱེད་པ་སྟེ། སངས་རྒྱས་ནི་སྐྱབས་ཀྱི་མཐར་ཐུག་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དོན་གཉིས་ལྷུན་གྱིས་གྲུབ་པ་སྐུ་གསུམ་དང་ལྡན་པར་ཡིད་ཆེས་པ་དང་། ཆོས་ནི་ལམ་དང་འགོག་པ་མངོན་དུ་བྱེད་པ་ལ་ཡང་དག་པའི་ཆོས་ཡིན་པར་ཡིད་ཆེས་པ་དང་། དགེ་འདུན་རྣམས་ལམ་ཡང་དག་ལ་ཞུགས་པ་འཁོར་བའི་འདམ་ལས་བརྒལ་ཞིང་ཡོན་གྱི་གནས་ཡང་དག་པ་ཡིན་པར་ཡིད་ཆེས་པའི་འདུན་པ་དྲག་པོར་བྱེད་པའོ། །དྲུག་པ་ཏིང་ངེ་འཛིན་ལ་གནས་པའི་ཡིད་ལ་བྱེད་པ་ནི། དམན་དང་རྫོགས་རྟེན་རྣམ་པ་གཉིས། རྗོད་དང་བཅས་དང་རྗོད་མེད་ཉིད་ཅེས་པས་བསྟན་ཏེ། བསམ་གཏན་དང་པོའི་ཉེར་བསྡོག་མི་ལྕོགས་མེད་ལ་བརྟེན་པ་ནི་དམན་པ་དང་། བསམ་གཏན་དང་པོ་ནས་བཞི་བའི་བར་གྱི་དངོས་གཞིའི་ཏིང་འཛིན་ལས་རྟེན་པ་ནི་རྫོགས་པའི་རྟེན་ནམ་གནས་ཞེས་བྱ་སྟེ་རྣམ་པ་གཉིས་སོ། །དངོས་གཞིའི་ཏིང་འཛིན་དེ་ལ་ཡང་ཉེར་བསྡོག་རྣམས་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ནི་རྟོག་དཔྱོད་གཉིས་བཅས་ཡིན་པས་བརྗོད་བཅས་ཞེས་བྱ་སྟེ། ངག་ཀུན་ནས་སློང་བའི་རྒྱུ་རྟོག་དཔྱོད་ཡིན་པས་རྗོད་བཅས་སོ། །བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་རྟོག་མེད་དཔྱོད་བཅས་ཀྱང་སྔ་མ་དེའི་ཁོངས་སུ་གཏོགས་སོ། ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་དངོས་གཞིའི་ཏིང་ངེ་འཛིན་ནི་རྟོག་དཔྱོད་གཉིས་དང་བྲལ་བས། བརྗོད་མེད་ཉིད་ཅེས་བྱའོ། །བློ་བརྟན་འགྲེལ་པར་ཉེར་བསྡོགས་དང་བསམ་གཏན་དང་པོ་རྟོག་དཔྱོད་དང་བཅས་པ། བསམ་གཏན་གཉིས་པ་དང་བར་གྱི་བསམ་གཏན་རྣམས་རྟོག་མེད་དཔྱོད་བཅས། གསུམ་པ་དང་བཞི་བ་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ཞེས་གསུངས། བདུན་པ་ཤེས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི། ཤེས་པ་དང་ནི་མཚུངས་ལྡན་པ། རྣལ་འབྱོར་རྒྱུ་དང་བདག་བཅས་དང་། ཞེས་པས་བསྟན་ཏེ། བློ་བརྟན་འགྲེལ་པར། ཡེ་ཤེས་དང་ནི་ཡང་དག་ལྡན། རྣལ་འབྱོར་རྒྱུ་ཡི་རང་བཞིན་ནོ། །ཞེས་འདུག དེ་ཡང་བསྒོམ་བྱུང་གི་ཡེ་ཤེས་སམ་ཤེས་པ་དང་ནི་མཚུངས་པར་ལྡན་པའམ་ཡང་དག་པར་ལྡན་པ་ནི་ཤེས་པ་ཡིད་བྱེད་ཅེས་བྱའོ། །ཤེས་པ་དེ་ཉིད་རྣལ་འབྱོར་རམ་ཞི་ལྷག་གི་རང་བཞིན་ཡིན་ལ་དེའི་རྒྱུ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་རང་བཞིན་ནམ་བདག་ཉིད་དང་བཅས་པའོ་ཞེས། མདོར་ན་ཐོས་བསམ་དྲི་མེད་ཀྱི་རྒྱུ་ལས་བྱུང་བའི་བསྒོམ་པ་ཞི་ལྷག་གི་རྣལ་འབྱོར་ནི་ཤེས་པ་དང་ལྡན་པའི་ཡིད་བྱེད་དོ། །བརྒྱད་པ་འདྲེས་པར་དམིགས་པ་ཡིད་ལ་བྱེད་པ་ནི། དེ་ནི་འདྲེས་ལ་དམིགས་པ་དང་། འོག་ཏུ་རྣམ་པར་ལྔ་དང་ཞེས་པས་བསྟན་ཏེ། འདྲེས་པར་དམིགས་པ་ལ་རྣམ་པ་ལྔ་ཡོད་དེ། མདོ་སྡེ་ལས་འདྲེས་པར་དམིགས་པ། ཆེད་བརྗོད་དམ་སྡོམ་གྱི་ཚིགས་བཅད་ལ་འདྲེས་པར་དམིགས་པ། གླེང་གཞི་ལ་འདྲེས་པར་དམིགས་པ། འཛིན་པ་ལ་འདྲེས་པར་དམིགས་པར་འཆད་པ་ལ་འདྲེས་པར་དམིགས་པ་ལྔ་ལས་དང་པོ། །མདོ་སྡེ་ས་བཅུ་པ་ལྟ་བུ་ལ་སོགས་པ་རྣམས་ཀྱི་བསྟན་དོན་མདོར་བསྡུས་ནས་སྤྱིར་ཡིད་ལ་བྱེད་པ་དང་། ལེའུ་རེ་རེའི་བསྟན་དོན་དོན་དེའི་ནང་དུ་འདུས་པར་བསྡོམས་ནས་དེ་ལྟར་ཡིད་ལ་བྱེད་པ་དང་། གླེང་གཞི་དང་གཞུང་དོན་མཇུག་སྡུད་ལྟ་བུའི་སྤྱི་ཆིངས་ཀྱི་ཚུལ་དུ་ཁོང་དོན་བསྡུས་ཏེ་དམིགས་པ་དང་། རང་གིས་ཇི་ལྟར་བཟུང་བ་བསྒོམ་བྱའི་དོན་མདོར་བསྡུས་ན་འདི་ཙམ་ཞིག་ཡིན་ནོ་ཞེས་དང་། གཞན་ལ་འཆད་པ་ལ་ཡང་དེ་དང་འདྲ་བར་སྡུད་པ་སྟེ། མདོར་ན་མདོ་སྡེ་དག་གི་དོན་དང་། དེའི་བར་བར་དུ་ཆེད་བརྗོད་དམ་དོན་བསྡུས་པའི་ཚིགས་བཅད་དང་། གླེང་གཞི་བསྡུས་ཏེ་ཡིད་ལ་བྱེད་པ་དང་། འཆད་ཉན་གྱི་དོན་རྣམས་ཀྱང་དེ་བཞིན་དུ་དོན་དྲིལ་ཏེ་ཡིད་ལ་བྱེད་པའོ། ། ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་བསྟན་དོན་བསྡུས་ན་ཟབ་པ་དང་རྒྱ་ཆེ་བ་གཉིས་ཡིན་ལ། ཟབ་པའི་དོན་བསྡུས་ན་གཟུང་བ་དང་འཛིན་པ་བདག་དང་གཞན་སོགས་གཉིས་ཆོས་ཀྱི་སྤྲོས་པ་མེད་པའི་དེ་བཞིན་ཉིད་དུ་བསྡུས་པ་ལྟ་བུ་དང་། རྣམ་པའི་སྒོ་ནས་རྒྱ་ཆེར་བཤད་ཀྱང་མཐའ་དེ་ལ་ཐུག་པར་ཤེས་པ་དང་། རྒྱ་ཆེ་བའི་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུ་བ་དང་། གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་སུ་འདུ་བ་ལྟ་བུར་བསྡུས་ཏེ་འདྲེས་པ་ལ་དམིགས་པའོ། །དགུ་པ་ཐ་དད་པའམ་མ་འདྲེས་པ་ལ་དམིགས་པ་ནི། མ་འདྲེས་པ་ལ་དམིགས་པ་སྟེ། ཞེས་དང་། རྗེས་སུ། རྣམ་བདུན་ཉིད། ཅེས་པས་བསྟན་ཏེ། མ་འདྲེས་པ་ལ་དམིགས་པ་ལ་རྣམ་པ་བདུན་ཡོད་དེ། མིང་ལ་དམིགས་པ་ནི། ཀ་བ་དང་བུམ་པ་ཞེས་པ་ལྟ་བུའོ། །ཚིག་ལ་དམིགས་པ་ཀ་བ་རིང་པོ་བུམ་པ་གསར་བ་ལྟ་བུ་མིང་དང་དེའི་ཁྱད་པར་སྦྱར་ནས་སྟོན་པའོ། ། ཡི་གེ་ལ་དམིགས་པ་ནི། མིང་ཐམས་ཅད་ཀྱི་རྩོམ་གཞི་ཨ་དང་ཀ་ལ་སོགས་པའི་ཡིག་འབྲུ་ལ་དམིགས་པ་སྟེ། འདི་གསུམ་རྗོད་བྱེད་ལ་རྣམ་པ་གསུམ་དུ་དབྱེ་ནས་མདོ་སྡེ་གང་དུ་ཚིག་དང་མིང་དང་ཡི་གེ་འདི་ཙམ་ཡོད་པ་དེའི་དོན་འདི་སྟོན་ནོ་ཞེས་དམིགས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་མིང་ཚིག་ཡི་གེའི་རང་བཞིན་ལས་མ་འདས་ལ། དེ་དག་གིས་དོན་སྟོན་མོད་སེམས་ཀྱིས་བརྡར་བྱས་པའི་དབང་གིས་ཡིན་པས་མིང་ཚིག་ཡི་གེ་ཐམས་ཅད་ཀྱང་སེམས་ལས་བྱུང་བ་སེམས་ཀྱིས་བཏགས་པ་ཙམ་དུ་ཤེས་ནས་བརྗོད་དུ་མེད་པར་འཇུག་གོ །བརྗོད་བྱའི་དབང་དུ་བྱས། ཡོངས་གྲུབ་ཀྱི་དབང་དུ་བྱས་ཏེ་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པ་ལ་དམིགས་པ་གཉིས་དང་། གཞན་དབང་གི་དབང་དུ་བྱས་ཏེ། གཟུང་ཆར་སྣང་བའི་གཞན་དབང་གཟུགས་ཅན་གྱི་ཆོས་རྣམས་དུ་མ་དང་མི་རྟག་པ་དག་ལུས་མི་གཙང་བ་དང་། སྡུག་བསྔལ་གྱི་རྟེན་ཡིན་པ་དམིགས་པ་དང་། འཛིན་ཆར་སྣང་བའི་གཞན་དབང་གཟུགས་ཅན་མིན་པ་སེམས་སེམས་བྱུང་རྣམས་སྡུག་བསྔལ་བ་དང་མི་རྟག་པར་དམིགས་པའོ། ། བཅུ་པ་ཡོངས་སུ་ཤེས་པའི་ངེས་པ་ཡིད་ལ་བྱེད་པ་ནི། འདི་ཡི་ཡོངས་སུ་ཤེས་པ་ལྔ་ཞེས་པས་བསྟན་ཏེ། ཏིང་ངེ་འཛིན་འདི་ཡི་དམིགས་པ་ཡོངས་སུ་ཤེས་པ་ནི་ལྔ་ཡོད་དེ། །ལྔ་པོ་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་གཞི་བདེན་པ་བཞི། ཡོངས་སུ་ཤེས་པར་བྱ་བའི་དོན་མི་རྟག་སོགས་རྣམ་པ་བཅུ་དྲུག ཡོངས་སུ་ཤེས་པར་བྱེད་པ་ལ་མཐོང་སྒོམ་གྱི་ལམ་གཉིས། ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་པ། རྣམ་གྲོལ་དེ་ཉིད་རབ་ཏུ་ཤེས་པ་རྣམ་གྲོལ་མཐོང་བའི་ཡེ་ཤེས་གཟིགས་པའོ། །དེ་ཡང་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས། དེ་སྡུག་བསྔལ་བ་དང་མི་རྟག་པ་དང་བདག་མེད་པ་དང་སྟོང་པའི་དོན་དུ་ཤེས་པའོ། །དེ་ལྟར་རབ་ཏུ་ཤེས་པར་བྱེད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་མཐོང་ལམ་སྒོམ་ལམ་དུ་འབྱུང་ངོ་། ། ལམ་དེས་འབྲས་བུ་ཉོན་མོངས་སྤངས་པས་སེམས་རྣམ་པར་གྲོལ་བ་དང་། རྣམ་གྲོལ་དེ་མཐོང་བའི་ཡེ་ཤེས་འབྱུང་སྟེ། དོན་ལ་བདེན་པ་བཞི་ཡོངས་སུ་ཤེས་པ་ཡིན་ནོ། ། བཅུ་གཅིག་པ་བསྒོམ་པའི་རྣམ་པ་ཡིན་ལ་བྱེད་པ་ནི། རྣམ་པ་སྒོམ་དང་ལྡན་པ་ནི། བཞི་དང་སུམ་ཅུ་རྩ་བདུན་ནོ་ཞེས་པས་བསྟན་ཏེ། རྣམ་པ་བསྒོམ་པ་དང་ལྡན་པའམ་བསྒོམ་པའི་རྣམ་པ་བཞི་ནི། གང་ཟག་ལ་བདག་མེད་པའི་རྣམ་པ་བསྒོམ་པ་དང་། ཆོས་ལ་བདག་མེད་པའི་རྣམ་པ་བསྒོམ་པ་དང་། མཐོང་བའི་རྣམ་པ་ལ་བསྒོམ་པ་དང་། ཤེས་པའི་རྣམ་པ་ལ་བསྒོམ་པ་བཞི་ལས། དང་པོ་ཕུང་ལྔ་མི་རྟག་སོགས་བཞིར་རྟོགས་པ་ཉན་ཐོས་རྣམས་ཀྱིས་ཀྱང་སྒོམ་མོ། །གཉིས་པ་ཆོས་ཐམས་ཅད་རང་བཞིན་མེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་མོ། །མཐོང་བ་ནི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ལས་བཟོད་པ་བརྒྱད་ནི་མཐོང་བ་དང་། ཤེས་པ་བརྒྱད་ཤེས་པའི་རྣམ་པའོ། །ཡང་ན་ཞི་གནས་ལ་མཐོང་བ་དང་། ལྷག་མཐོང་ལ་ཤེས་པ་ཞེས་བྱའོ། ། བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་ཏེ། ལུས་མི་གཙང་བ། ཚོར་བ་སྡུག་བསྔལ་བ་སེམས་མི་རྟག་པ། ཆོས་ཐམས་ཅད་བདག་མེད་པའི་རྣམ་པར་ཤེས་པའི་དྲན་པ་ཉེར་བར་བཞག་པ་བཞི། ལྷག་པའི་བསླབ་པ་གསུམ་མ་སྐྱེས་པ་བསྐྱེད་པར་རབ་དུ་ཐོབ་པའི་རྣམ་པ་ལ་བསྒོམ་པ་ཡང་དག་སྤོང་པ་དང་པོ་དང་། བརྟེན་པའི་རྣམ་པ་ལ་སྒོམ་པ་ཞེས་པ་བསླབ་པ་གསུམ་གྱི་ཆོས་སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་གཉིས་པ་དང་། གདོན་པའི་རྣམ་པ་ལ་བསྒོམ་པ་ལ་བསྒོམ་པ་ཞེས་པ་བསླབ་པ་གསུམ་གྱི་མི་མཐུན་ཕྱོགས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འབད་པ་གསུམ་པ་དང་། གཉེན་པོའི་རྣམ་པ་ལ་བསྒོམ་པ་ཞེས་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པའི་ཕྱིར་མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་གྱི་དོན་བསྒོམ་པ་བཞི་པའོ། །དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི། འདུན་པ་ནི་ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་དང་། བརྩོན་འགྲུས་ནི། གཡེང་བ་དང་ཐེ་ཚོམ་གྱི་གཉེན་པོ་ཡིད་ལ་བྱེད་པ་དང་སེམས་པ་ནི་སེམས་རབ་ཏུ་འཛིན་པའི་སྒོ་ནས་རྒོད་པའི་གཉེན་པོ་ཡིད་ལ་བྱེད་པའོ། །དཔྱོད་པ་ནི་རྨུགས་པ་དང་ཞུམས་པའི་གཉེན་པོ་ཡིད་ལ་བྱེད་པའོ། །དབང་པོ་ལྔའི་དད་པ་ནི་ཡིད་ཆེས་པའི་རྣམ་པ་ཡིད་བྱེད་དོ། །དེ་བཞིན་བརྩོན་པ་འབད་པའི་རྣམ་པ། དྲན་པ་མི་བརྗེད་པའི་རྣམ་པ། ཏིང་ངེ་འཛིན་སེམས་གནས་པའི་རྣམ་པ། ཤེས་རབ་རྣམ་པར་འབྱེད་པའི་རྣམ་པ་ལ་བསྒོམ་པའོ། ། དབང་པོ་ལྔ་དེ་དག་གི་མི་མཐུན་ཕྱོགས་ཆོམས་པ་ནི་སྟོབས་ལྔ་ཡིད་ལ་བྱེད་པའོ།། བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་གང་ཞེ་ན། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་བྱང་ཆུབ་ཡིན་ལ་དེའི་ཡན་ལག་ཏུ་གྱུར་པ་ནི་དྲན་པ་སོགས་བདུན་ནོ།། ཡང་ན་མཐོང་ལམ་ཐོབ་པའི་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ཡིན་ལ་དེའི་ཡན་ལག་ཏུ་གྱུར་པ་དྲན་པ་སོགས་བདུན་པའོ། །འདི་རྣམས་ལ་ཡང་དག་བྱང་ཆུབ་རབ་ཏུ་སྣང་བ་ལ། བསྒོམ་པ་ཞེས་གསུངས་ཏེ། མི་བརྗེད་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཕྱིན་ཅི་མ་ལོག་པར་ཤེས་པའི་ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། ཡིད་བདེ་བའི་རང་བཞིན་དགའ་བ། ལས་སུ་རུང་བ་ཤིན་ཏུ་སྦྱངས་པ། མཉམ་པར་གནས་པའི་བཏང་སྙོམས། སེམས་གནས་པ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །འཕགས་ལམ་བརྒྱད་ཀྱི་ནི་ཡང་དག་པའི་ལྟ་བ་ལ་གདོན་མི་ཟ་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། ས་དང་པོར་གདོན་མི་ཟ་བའམ་རྣམ་པར་ངེས་པ་ཉིད་དུ་ཆོས་ཀྱི་དབྱིངས་རྟོགས་ཟིན་པ་དེ་ཉིད་བསྒོམ་པའི་ལམ་རྣམས་སུ་ཡང་ནས་ཡང་དུ་ཁྱད་པར་དུ་སྒོམ་པར་བྱེད་པའོ། ། ཡང་དག་པའི་རྟོགས་པ་ནི་ཡོངས་སུ་སྦྱངས་པའི་ས་རྟོགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། མོས་སྤྱོད་ནས་ཐོས་བསམ་བསྒོམ་པ་རིམ་པར་འཕེལ་བས་ས་དང་པོར་ཆོས་ཀྱི་དབྱིངས་མངོན་སུམ་རྟོགས་པ་ནི་ཡོངས་སུ་སྦྱངས་པའི་ས་ཞེས་བྱའོ། ། དེ་མཉམ་བཞག་ལས་ལངས་ནས་བདག་གིས་ཡོངས་སུ་སྦྱངས་པས་ཆོས་ཀྱི་དབྱིངས་ཇི་ལྟ་བ་རྟོགས་སོ་ཞེས་ཤེས་པས་སོ། །ཡང་དག་པའི་ངག་ནི་ཕ་རོལ་པོ་ལ་ཡང་དག་པར་རིག་པ་བྱེད་པའི་རྣམ་པ་ལ་བསྒོམ་པ་ཞེས་དང་། ཡང་དག་པ་ལས་ཀྱི་མཐའ་ནི་འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན་པས་སོ། ། ཡང་དག་པའི་འཚོ་བ་ནི་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པའི་རྣམ་པ་ལ་བསྒོམ་པ་ཞེས་ཡོ་བྱད་བསྙུང་ཞིང་ལོག་འཚོ་སྤངས་པས་སོ། །ཡང་དག་པའི་རྩོལ་བ་ནི། སྔོན་ཡོངས་སུ་བསྒོམས་པས་ཐོབ་པའི་ལམ་ལ་གོམས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། མོས་སྤྱོད་ནས་ས་དང་པོའི་བར་དུ་བསྒོམས་པས་ས་དང་པོར་བརྩོན་འགྲུས་ཁྱད་འཕགས་ཐོབ་ནས། ས་བཅུ་པའི་བར་དུ་བརྩོན་འགྲུས་ཁྱད་ཞུགས་པ་ལ་གོམས་པར་བྱེད་པས་སོ། །ཡང་དག་པའི་དྲན་པ་ནི་ཆོས་གནས་པའི་མཚན་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། ཆོས་ནི་ཆོས་ཀྱི་དབྱིངས་ལ་བརྗོད་ཅིང་དེ་ལ་རྩེ་གཅིག་གནས་པའི་ཚེ་ཞུམ་རྒོད་བྱུང་ན་གཉེན་པོ་མཚན་མ་གསུམ་གྱིས་བསལ་ཏེ་མི་བརྗེད་པའི་རྣམ་པ་བསྒོམ་པ་ཡིན་ལ། མཚན་མ་གསུམ་ནི་ཞི་གནས་ཀྱི་མཚན་མ་དང་། རབ་ཏུ་འཛིན་པའམ་གཟེངས་བསྟོད་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་སྟེ། རྒོད་པ་ན་ཞི་གནས་ཀྱི་མཚན་མ་བསྒོམ་སྟེ་ཞི་བར་བྱ། ཞུམ་རྨུགས་བྱུང་ན་གཟེངས་བསྟོད་པའི་མཚན་མ་རབ་ཏུ་འཛིན་པས་ཞི་བར་བྱེད། ཞུམ་རྒོད་མེད་པར་ནམ་གྱུར་ན་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱ་ཞིང་སེམས་མི་བསྐྱོད་པར་རྣལ་དུ་བཞག་གོ ། ཡང་དག་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་སྒོམ་པ་ཉིད་གནས་འགྱུར་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། ཞུམ་རྒོད་དང་བྲལ་ཏེ་མཚན་མ་གསུམ་བརྟེན་མི་དགོས་པས་སྒོམ་པ་རྩོལ་མེད་དུ་གནས་གྱུར་པའི་སྙིང་རྗེ་ཐོབ་པའོ། །བཅུ་གཉིས་པ་ལམ་གཉིས་ཀྱི་རང་བཞིན་ཡིད་ལ་བྱེད་པ་ནི། དེ་ནི་ལམ་གཉིས་རང་བཞིན་ཏེ། ཞེས་པས་བསྟན་ཏེ། བསྒོམ་པ་དེ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ཀྱི་རང་བཞིན་ཏེ། མི་གཡེང་བ་ཞི་གནས་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་གི་དོན་རྣམས་ཀྱི་རང་བཞིན་ཇི་ལྟ་བཞིན་དུ་རྟོགས་པར་བྱེད་པའོ། །བཅུ་གསུམ་པ་ལེགས་པའམ་ཕན་ཡོན་ཡིད་ལ་བྱེད་པ་ནི། ཕན་ཡོན་གཉིས་དང་ཞེས་པས་བསྟན་ཏེ། ཡིད་ལ་བྱེད་པ་གང་གིས་གནས་ངན་ལེན་སེལ་བ་དང་། ལྟ་བ་སེལ་བའི་སྒོ་ནས་ལེགས་པའི་ཕན་ཡོན་རྣམ་པ་གཉིས་སུ་བཞག་གོ །གནས་ངན་ལེན་ལའང་གཉིས་ཏེ་ལུས་ཀྱི་གནས་ངན་ལེན་ནི་སྲོག་བཅོད་དང་། མ་བྱིན་ལེན་དང་། མི་ཚངས་པར་སྤྱོད་པ་དང་རྫུན་ལ་སོགས་པ་མི་དགེ་བ་བྱེད་པའོ། །སེམས་ཀྱི་གནས་ངན་ལེན་ནི་མི་དགེ་བ་སྤྱོད་པའི་རྒྱུ་ཆགས་སྡང་རྨོངས་གསུམ་ལ་སེམས་གཡོ་བར་བྱེད་པའོ། །ཡིད་ལ་བྱེད་པ་གང་གིས་གནས་ངན་ལེན་དེ་སེལ་ཞེ་ན་ཆོས་ལ་བདག་མེད་པར་ཡིད་ལ་བྱེད་ཅིང་ཁོང་དུ་ཆུད་པས་སེལ་ལོ། ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་འཇིག་ལྟ་མཐར་ལྟ་ལོག་ལྟ་མཆོག་འཛིན་གཉིས་བཅས་ལྟ་བ་ལྔ་པོ་སེལ་བར་བྱེད་དོ། །བཅུ་བཞི་པ་གདམས་ངག་རྗེས་བསྟན་ཡང་དག་པར་ནོད་པ་ཡིད་ལ་བྱེད་པ་ནི། ནོད་པ་དང་ཞེས་པས་བསྟན་ཏེ། ཐེག ་པ་ཆེན་པོའི་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་མོས་པའི་སྤྱོད་པའི་སར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་གྱུར་ནས། ས་དང་པོ་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་གྱི་གདམས་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ལེན་ཞིང་འཛིན་པ་ལ་ཡང་དག་པར་ནོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བཅོ་ལྔ་པ་སྦྱོར་བ་ཡིད་ལ་བྱེད་པ་ནི། སྦྱོར་བ་པ་དང་ཞེས་པས་བསྟན་ཏེ། གདམས་ངག་ནོད་པའི་འབྲས་བུ་ལམ་ལ་སྦྱོར་བའི་སྦྱོར་བ་པ་ལྔ་ཡོད་དེ། དང་པོ་གྲངས་ལ་ཉེ་བར་རྟོགས་པའི་སྦྱོར་པ་ནི། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གཞུང་གང་གི་གདམས་ངག་རང་གིས་ནོད་པ་དེའི་མིང་དང་ཚིག་དང་ཡི་གེའི་གྲངས་དང་ཤྭ་ལོ་ཀ་སོགས་ཀྱི་གྲངས་ཇི་ཙམ་ཡོད་པ་ལ་རྟོག་པའོ།། གཉིས་པ་གནས་པའམ་འཇུག་པ་རྣམ་པ་གཉིས་ལ་ཉེ་བར་རྟོགས་པའི་སྦྱོར་བ་ནི་རྗོད་བྱེད་དེ་དག་གི་གནས་ཚུལ་ནི། ཡི་གེ་ནི་མིང་ཚིག་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ཡིན་ལ་དེ་ནི་ཨཱ་ལི་ཀཱ་ལི་ལྔ་བཅུ་ཙམ་ཡིན་པས་ཡི་གེ་ལ་ཚད་ཡོད་པར་རྟོག་པ་དང་། མིང་དང་ཚིག་ནི་ཚད་མེད་དེ་ཤེར་ཕྱིན་འབུམ་པ་ལ་སོགས་པའི་གཞུང་ན་མིང་ཚིག་ཆེས་མང་པོ་ཡོད་པ་བཞིན་མདོ་སྡེ་འབུམ་ཕྲག་དུ་མ་ཡིན་པས་དེ་ལ་ཚད་མེད་པར་གནས་པའམ་འཇུག་པ་ལ་རྟོག་པའོ། །གསུམ་པ་ཀུན་ཏུ་རྟོག་པ་ཉེ་བར་རྟོགས་པའི་སྦྱོར་བ་ནི། གང་ཟག་གམ་ཡིད་བྱེད་གང་གིས་བུམ་པ་ཞེས་པ་ལྟ་བུའི་མིང་དང་། དེའི་དོན་ལྟོ་ལྡིར་བ་ཆུ་བླུགས་པའི་སྣོད་ལྟ་བུར། མིང་དེ་དང་དོན་དེ་འབྲེལ་ནས་འདིའི་མིང་ནི་འདི་ཞེས་བྱ་ལ། དོན་ནི་འདི་ཡིན་ནོ་ཞེས་གདམས་ངག་སོགས་ནོད་པའི་མིང་དང་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། མིང་གི་སྒྲ་སྤྱི་ལ་བརྟེན་ནས་དོན་རང་མཚན་གྱི་རྣམ་པ་བློ་ཡུལ་དུ་ཤར་བ་ལ་དོན་རང་མཚན་དུ་ཞེན་ནས་མིང་ལས་དོན་གོ་བ་དོན་ལ་ཀུན་ཏུ་རྟོགས་པ་དང་། དོན་རང་མཚན་མཐོང་པའི་ཚེ་དོན་སྤྱི་ལ་མིང་གིས་བཏགས་ཏེ་འདིའི་མིང་ནི་འདི་ཡིན་ནོ་ཞེས་རྟོགས་པ་མིང་ཀུན་ཏུ་རྟོགས་པའོ། །བཞི་པ་རིམ་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི། འཇིག་རྟེན་ན་བུམ་པ་སྣམ་བུ་མི་དང་རྟ་ལ་སོགས་པའི་མིང་སྣ་ཚོགས་བཏགས་པ་ལ་འདྲིས་ནས། མིང་གོ་རིམ་བཞིན་དུ་ཕྱིན་ཅི་མ་ལོག་པར་བརྗོད་པའི་ཚེ་དོན་གང་དང་གང་ལ་དེ་དང་དེར་ཞེན་པ་སྐྱེ ་བའི་སྔ་རོལ་དུ་དེའི་མིང་བློ་ལ་འཆར་ཞིང་དེ་ལས་དོན་རྟོགས་པའོ། །གྲངས་ལ་སོགས་པ་རྟོགས་པའི་སྦྱོར་བ་བཞི་པོ་དེ་ནི་ཚོགས་ལམ་དུ་ཆོས་ཉན་ནས་ཆོས་ཀྱི་དམིགས་པ་རྙེད་པའི་ཐབས་སོ། ། རབ་ཏུ་རྟོགས་པའི་སྦྱོར་བ་ནི་སྦྱོར་ལམ་སོགས་སུ་སྟེ། འདི་ལ་རྣམ་གྲངས་བཅུ་གཅིག་ཡོད་ཅིང་། དེ་དག་རྟོགས་པ་ལ་རབ་ཏུ་རྟོགས་པའི་སྦྱོར་བ་ཞེས་བྱའོ། །བཅུ་གཅིག་པོ་གང་ཞེ་ན། སྦྱོར་ལམ་དུ་བཞི། མཐོང་ལམ་དུ་གཅིག རྟོགས་བྱའི་སྒོ་ནས་གཉིས། མཆོག་དམན་གྱི་གཉིས། རྗེས་ཐོབ་ཀྱི་དབྱེ་བས་གཉིས་ཏེ་དྲུག་གོ །སྦྱོར་ལམ་གྱི་བཞི་ནི། དྲོད་ཀྱི་དུས་སུ་མིང་དང་དོན་ངོ་བོས་འབྲེལ་བ་མེད་པར་མིང་ལ་དོན་དུ་བཏགས་པ་དང་དོན་ལ་མིང་དུ་བཏགས་པ་འདི་དག་བློས་སྒྲོ་བཏགས་ནས་མིང་དང་དོན་ཞེས་བཀོད་པ་ཙམ་དུ་རྟོགས་པ་ནི་མིང་དང་དོན་གློ་བུར་བྱུང་བར་རབ་ཏུ་རྟོགས་པ་ཞེས་བྱའོ། །རྩེ་མོའི་དུས་ན་གཟུང་པ་དང་འཛིན་པ་གཉིས་སུ་སྣང་བའི་ཆོས་འདི་དག་གཟུང་བ་དང་འཛིན་པའི་ངོ་བོར་ཡོད་པ་མ་ཡིན་ཡང་སེམས་དང་སེམས་ལས་བྱུང་བ་གཞན་གྱི་དབང་གིས་དེ་ལྟར་ཡོད་ཡོད་གྲུབ་གྲུབ་ལྟར་མངོན་དུ་སྣང་བའམ་ཡང་དག་པར་སྣང་བའི་མཚན་མ་ཙམ་དུ་ཤེས་པ་ནི་མིག་བཙིར་བའི་དབང་གིས་ཟླ་བ་གཉིས་སྣང་བ་ལ་སོགས་པ་བཞིན་ནོ་ཞེས་རྟོགས་པ་ནི། ཡང་དག་པར་སྣང་བའི་མཚན་མ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། མཚན་མ་ཞེས་པ་སྣང་བའི་རྒྱུ་ལ་བྱ་སྟེ། དེ་ལྟར་སྣང་བའི་རྒྱུ་སེམས་ཡིན་པར་ཁོང་དུ་ཆུད་པའི་ཕྱིར་དེ་སྐད་བརྗོད་དོ། ། བཟོད་པའི་དུས་ན་གཟུགས་ནས་ཆོས་ཀྱི་བར་གྱི་ཡུལ་དྲུག་གམ་དོན་དྲུག་པོ་དེ་དག་ལ་མི་རྟོག་ཅིང་གཟུང་བ་མི་དམིགས་པར་རབ་ཏུ་རྟོགས་པ་ནི་དོན་མི་དམིགས་པར་རབ་ཏུ་རྟོགས་པ་ཞེས་བྱའོ། །ཆོས་མཆོག་གི་དུས་སུ་ཡུལ་དྲུག་ལ་དམིགས་ཤིང་འཛིན་པར་བྱེད་པའི་རྣམ་ཤེས་ཚོགས་དྲུག་པོ་རང་བཞིན་མེད་པར་ཁོང་དུ་ཆུད་པ་ནི། དམིགས་པ་མི་དམིགས་པར་རབ་ཏུ་རྟོགས་པ་ཞེས་བྱའོ། ། དེ་ལྟར་གཟུང་འཛིན་གཉིས་ཀ་མི་དམིགས་པར་རྟོགས་པའི་རྗེས་ཐོགས་སུ་མཐོང་པའི་ལམ་ས་དང་པོ་ཐོབ་པའི་དུས་སུ་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་ཉིད་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པ་ནི། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ཞེས་བྱའོ། །ཉན་ཐོས་ཀྱི་མཐོང་ལམ་དུ་གང་ཟག་ལ་བདག་མེད་པར་རྟོགས་པ་ཞེས་བྱ་སྟེ་ཕུང་པོ་ལྔ་ལ་གང་ཟག་གི་བདག་མེད་པ་ཙམ་མངོན་སུམ་རྟོགས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་དུ་གང་ཟག་གི་བདག་མེད་པར་མ་ཟད་ཕུང་པོ་ལྔ་ཡང་སྒྱུ་མ་ལྟ་བུ་སྣང་ཡང་རང་བཞིན་མེད་པས་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པ་ཞེས་བྱའོ། །བསམ་པ་ཆུང་ངུས་རབ་ཏུ་རྟོགས་པ་ནི་ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་འབྲས་བུ་བཞི་དང་རང་རྒྱལ་རྣམས་ཏེ་འདི་དག་བདག་གི་དོན་བྱ་བ་ཙམ་དང་ཆོས་བདག་མེད་མ་རྟོགས་པའི་ཕྱིར་རོ། ། རྒྱ་ཆེ་བ་བདག་ཉིད་ཆེན་པོའི་བསམ་པ་རབ་ཏུ་རྟོགས་པ་ནི་ས་བཅུ་པའི་བྱང་སེམས་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ། བདག་དང་གཞན་གྱི་དོན་བྱ་བ་དང་བདག་མེད་གཉིས་རྫོགས་པར་རྟོགས་པས་སོ། །ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམ་པར་བཞག་པ་རབ་ཏུ་རྟོགས་པ་ནི། མཐོང་ལམ་ས་དང་པོའི་དུས་ན་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཕྱིར། སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རྣམས་རྟོགས་པ་ནི་ཆོས་རྣམ་པར་གཞག་པ་རྟོགས་པའོ། །དེ་ཡང་ཡང་དག་པའི་ལྟ་བས་རྟོགས་པའོ། །རྣམ་པར་བཞག་པའི་ཆོས་རབ་ཏུ་རྟོགས་པ་ནི། ས་གཉིས་པ་ནས་བཅུ་པའི་བར་དུ་བསྒོམ་པར་བྱ་བའི་ཆོས་རྣམས་ཀྱང་རྟོགས་ལས་རང་རང་གི་ངོས་སྐལ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྟོང་ལ་སོགས་པར་གོང་ནས་གོང་དུ་འཕེལ་བའི་རྣམ་བཞག་རང་ཉིད་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་པའོ། །འདི་ནི་བསྒོམ་ལམ་པའི་ཡང་དག་པའི་རྟོགས་པས་སོ། །ཕྱི་མ་དྲུག་པོ་འདི་བསྒོམ་ལམ་འབའ་ཞིག་ལ་སྦྱར་བ་བོད་འགྲེལ་རྣམས་སུ་སྣང་ཡང་དབྱིག་གཉེན་དང་བློ་བརྟན་གྱི་དགོངས་པ་དང་བསྒྲིག་རྒྱུ་མེད་པར་མཐོང་ངོ་། །བཅུ་དྲུག་པ་དབང་བྱེད་པའི་ཡིད་ལ་བྱེད་པ་ན། དབང་སྒྱུར་དང་། ཞེས་པས་བསྟན་ཏེ། དབང་བྱེད་པའི་ཡིད་བྱེད་ལ་གསུམ་ཡོད་དེ། ཉོན་སྒྲིབ་དག་པ་ལ་དབང་བྱེད་པ་དང་། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀ་དག་པ་ལ་དབང་བྱེད་པ་དང་། ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དབང་བྱེད་པ་གསུམ་ལས། དང་པོ་ཆགས་སོགས་ཉོན་མོངས་པ་དེ་དག་གིས་ཐར་བ་མྱ་ངན་ལས་འདས་པ་ལ་གེགས་བྱེད་པས་དེ་རྣམས་གང་ཟག་གི་བདག་མེད་རྟོགས་པ་མཐོང་བསྒོམ་ལམ་གྱིས་སྤངས་ཏེ་ཕྱིས་མི་སྐྱེ་བར་བྱས་པའོ། ། འདི་ཙམ་ཉན་རང་དགྲ་བཅོམ་ལ་ཡང་ཡོད་དོ། །གཉིས་པ་གཟུང་འཛིན་གྱི་ཆོས་ལ་རང་བཞིན་ཡོད་པར་ཞེན་པའི་ཤེས་སྒྲིབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་གེགས་བྱེད་པ་ཡིན་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སྤངས་ནས་ཕྱིས་ནམ་ཡང་མི་སྐྱེ་བར་བྱས་པ་ནི་ཐེག་པ་ཆེན་པོའི་ལམ་གྱིས་སོ། །གསུམ་པ་ཡོན་ཏན་ཁྱད་པར་ཅན་མངོན་ཤེས་དྲུག་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དེ་དག་ཐོབ་པའི་གེགས་སུ་གྱུར་པ་རྣམས་སྤངས་ནས་ཡོན་ཏན་དེ་དག་མངོན་དུ་བྱས་པ་ལ་ཡོན་ཏན་མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ལ་དབང་བྱེད་པའོ། །བཅུ་བདུན་པ་ཐེག་པ་ཆུང་ངུ་ཉན་རང་གི་ལམ་ཡིད་ལ་བྱེད་པ་དང་། བཅོ་བརྒྱད་པ་རྒྱ་ཆེ་བའི་བདག་ཉིད་བྱང་ཆུབ་སེམས་དཔའི་ལམ་ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་སྟེ། རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་བཅོ་བརྒྱད་འདི་ནི། ཐེག་པ་ཆེ་ཆུང་ཀུན་གྱི་ཡིད་བྱེད་ཡིན་ནོ་ཅོག་ཐམས་ཅད་བསྡུས་པ་ཡིན་པར་འདོད་དོ། །གཉིས་པ། རྟོགས་བྱ་དོན་གྱི་ཆོས་བཙལ་བ་ལ། དེ་ཁོ་ན་ཉིད་ཡོངས་སུ་ཚོལ་བ་དང་། སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་དང་། དེ་བཞིན་དུ་ཤེས་བྱ་ཡོངས་ཚོལ་དང་། ཀུན་ཉོན་དང་རྣམ་བྱང་ཡོངས་ཚོལ། རྣམ་པར་རིག་པ་ཙམ་ཡོངས་ཚོལ། མཚན་ཉིད་ཡོངས་ཚོལ། རྣམ་པར་གྲོལ་བ་ཡོངས་ཚོལ། ངོ་བོ་ཉིད་མེད་པ་ཡོངས་ཚོལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་ཚོལ། ཐེག་པ་གཅིག་ཏུ་བསྟན་པའི་དགོངས་པ་ཡོངས་སུ་ཚོལ་བ། རིག་པའི་གནས་ལྔ་ཡོངས་སུ་ཚོལ་པ་སྟེ་རྣམ་གྲངས་བཅུ་གཅིག་ཡོད་པ་ལས། དང་པོ་ཆོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཚོལ་བ་རྟག་ཏུ་གཉིས་བྲལ་སོགས་ཚིགས་བཅད་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཚོལ་བ་ནི། ཀུན་བརྟགས་དང་གཞན་དབང་དང་ཡོངས་གྲུབ་སྟེ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཤེས་པར་བྱ་བ་ལ། དུས་རྟག་ཏུ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བ་ཡིན་ཡང་གཟུང་འཛིན་གཉིས་སུ་སྣང་བ་འདི་ནི་ཀུན་དུ་བརྟགས་པའི་མཚན་ཉིད་དོ། ། དེ་ལྟར་གཟུང་འཛིན་གཉིས་མེད་བཞིན་དེ་གཉིས་སུ་སྣང་བ་འཁྲུལ་བའི་གཞིའམ་རྟེན་གང་ཡིན་པ་གཞན་དབང་དང་། གང་ཞིག་རྣམ་པ་ཀུན་ཏུ་ངག་གིས་བརྗོད་པར་ནུས་པ་མ་ཡིན་ཞིང་། རྣམ་པར་རྟོག་པའི་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་གྲུབ་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཡིན་ནོ། ། དེ་ནི་གཟུང་འཛིན་གྱི་ཆོས་དང་བྲལ་བས་སྤྲོས་པ་མེད་པའི་རང་བཞིན་སོ་སོ་རང་གིས་རིག་པར་བྱ་བའོ། །དེ་ལྟར་ཀུན་བརྟགས་ཀྱི་མཚན་ཉིད་ནི་ཐག་པ་ལ་སྦྲུལ་བཞིན་དུ་ཡོད་པ་མ་ཡིན་པར་ཤེས་པར་བྱ་ཞིང་། མ་དག་པ་གཞན་དབང་གི་མཚན་ཉིད་ནི་སྤང་བར་བྱ་བ་སྟེ། གཞན་དབང་ལ་ཡོད་པའི་གཟུང་འཛིན་དུ་སྣང་བ་སྦྱང་བར་བྱ་བ་ཡིན་པས་སོ། །རང་བཞིན་གྱིས་དྲི་མ་མེད་པར་འདོད་པ་གང་ཡིན་པ་ཡོངས་གྲུབ་ལ་གློ་བུར་གྱི་དྲི་མ་རྣམས་རྣམ་པར་སྦྱང་བར་བྱ་བ་སྟེ། རང་བཞིན་གྱི་དྲི་མ་མེད་པ་དེ་ནི་རང་གི་ངོ་བོའི་དབང་དུ་བྱས་ན་ནམ་མཁའ་རང་བཞིན་གྱིས་དག་པ་དང་། གསེར་རང་བཞིན་གྱིས་དག་པ་དང་། ཆུ་རང་བཞིན་གྱིས་དྭངས་པ་ལྟར་རང་གི་ངོ་བོ་ལ་མ་དག་པ་ཡེ་ནས་མེད་ཀྱང་། ནམ་མཁའ་ལ་སྤྲིན་དང་། གསེར་ལ་འདམ་དང་། ཆུ་ལ་རྙོགས་པ་བཞིན། གློ་བུར་གྱི་ཉོན་མོངས་པས་བསྒྲིབས་ཏེ་མངོན་དུ་མ་གྱུར་པ་ཡིན་པས་ཉོན་མོངས་དེ་དང་བྲལ་ན་རྣམ་པར་དག་པ་ཉིད་མངོན་གྱུར་བར་འདོད་དོ། །དོན་དམ་པའི་གནས་ཚུལ་གྱིས་གཞལ་ན། ཆོས་ཅན་འགྲོ་བ་ཡི་ཁམས་དག་ན་ཆོས་ཉིད་ཡོངས་གྲུབ་དེ་ལས་གཞན་དུ་གྱུར་པ་གཟུང་བ་དང་འཛིན་པའི་ཆོས་རྡུལ་ཙམ་ཡང་ཡོད་པ་མིན་ལ། དེ་ལྟར་ཐམས་ཅད་ཆོས་ཉིད་དེ་ཡི་ངང་ཚུལ་དུ་གནས་མོད་ཀྱི་ཁམས་གསུམ་ཀྱི་འགྲོ་བ་མ་ལུས་པ་ཡང་ཆོས་ཉིད་དེ་མ་རྟོགས་པར་གནས་ལུགས་དེ་ལ་ཀུན་ཏུ་རྨོངས་པའི་བློ་གཟུང་བ་དང་འཛིན་པའི་ཆོས་སུ་ཞེན་པ་གྱུར་པས་ན། དངོས་པོ་ལ་རང་གི་གཤིས་ལུགས་སུ་ཡོད་པ་ཡོད་པ་ཡོངས་གྲུབ་འཛིན་པ་ཀུན་ནས་སྤངས་ཏེ། མེད་པ་ཀུན་བརྟགས་ལ་མངོན་པར་ཞེན་པ་གང་ཡིན་པ་འཇིག་རྟེན་རྨོངས་པའི་རྣམ་པ་ཤིན་ཏུ་ཕྱིན་ཅི་ལོག་ཚབས་ཆེན་པོ་ཅན་འདི་ཀོ་ཇི་ལྟ་བུ་ཞིག་གོ་ཞེས་སོ། །གཉིས་པ་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་ནི། ཇི་ལྟར་སྒྱུ་མ་དེ་བཞིན་དུ། ཞེས་སོགས་ཚིགས་བཅད་བཅོ་ལྔས་བསྟན་ཏེ། དེ་ཁོ་ན་ཉིད་དུ་མེད་ཀྱང་སྣང་བ་ཙམ་ཉམས་སུ་མྱོང་བ་ཡོད་པས་གཟུང་འཛིན་དུ་སྣང་བའི་ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་སྒྱུ་མའི་སྣང་བ་ལ་སོགས་པ་ལྟ་བུ་ཡིན་ཏེ། ཇི་ལྟར་སྒྱུ་མ་མཁན་གྱིས་རྡེའུ་སོགས་ལ་སྔགས་ཀྱིས་བཏབ་པའི་མཐུ་ལས་རྟ་དང་གླང་པོ་སོགས་ཀྱི་རྣམ་པ་དངོས་སུ་སྣང་བ་སྒྱུ་མ་ཡི་སྣང་བ་དེ་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བའི་རྒྱུ་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་གཟུང་བ་དང་འཛིན་པར་སྣང་པའི་སེམས་སེམས་བྱུང་གཞན་དབང་གི་རང་བཞིན་དེ་ཡིན་པར་བརྗོད་དོ། ། རྟ་གླང་སོགས་སྒྱུ་མའི་སྣང་པ་དེ་ཡི་རྣམ་པ་ལུས་དང་ཡན་ལག་ཁ་དོག་སོགས་རྟ་གླང་དངོས་ལྟ་བུར་སྣང་བ་ཇི་ལྟ་བར་དེ་བཞིན་གཟུང་འཛིན་གཉིས་སུ་འཁྲུལ་པ་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །མེད་བཞིན་དུ་གཟུང་བར་འཁྲུལ་པ་དང་འཛིན་པར་འཁྲུལ་པ་གཉིས་ཀྱི་བདག་ཉིད་དུ་ཀུན་བརྟགས་པ་ཐག་པ་ལ་སྤྲུལ་དུ་འཁྲུལ་པ་བཞིན་ནོ། །ཇི་ལྟར་སྒྱུ་མའི་སྔགས་ཀྱིས་བཏབ་པའི་རྡེའུ་དང་ཤིང་བུ་སོགས་དེ་ལ་རྟ་གླང་སོགས་དེ་མེད་པ། དེ་བཞིན་དུ་ནི་གཟུང་འཛིན་གཉིས་ཡེ་ནས་མེད་པའི་ཆོས་ཉིད་ནི་དོན་དམ་པའམ་གནས་ལུགས་ཏེ་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ་ཡིན་པས་ཡོངས་སུ་གྲུབ་པ་ཞེས་བྱ་བར་འདོད་དོ། །ཇི་ལྟར་སྒྱུ་མའི་རྫས་སྔགས་ཀྱི་མཐུས་རྟ་གླང་སོགས་དེ་ནི་དམིགས་པར་གྱུར་པ་དེ་བཞིན་དུ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་འདོད་དོ། །སྒྱུ་མའི་སྔགས་ཀྱིས་བསླད་པའི་འཁྲུལ་སྣང་རྟ་གླང་སོགས་ཀྱི་སྣང་བ་དེ་མེད་ན་ནི་དེ་དང་དེར་སྣང་བ་ཡི་རྒྱུ་རྡེའུ་དང་ཤིང་བུ་སོགས་དངོས་གསལ་བར་དམིགས་པ་ཇི་ལྟ་བ། དེ་བཞིན་དུ་ནམ་གཟུང་བ་དང་འཛིན་པའི་བག་ཆགས་སྤངས་ཏེ་ཀུན་གཞི་རྣམ་པར་ཤེས་པ་གནས་ནི་གཞན་དུ་གྱུར་ན་རྟ་གླང་གི་སྣང་བ་མེད་པ་བཞིན་དུ་གཟུང་འཛིན་གཉིས་མི་དམིགས་པ་ཡོངས་གྲུབ་དེ་ཁོ་ན་ཉིད་མཉམ་བཞག་གི་ཡེ་ཤེས་ཀྱིས་དམིགས་སོ། །དེ་ཡི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་རྡེའུ་དང་ཤིང་བུ་དངོས་མཐོང་བ་དང་འདྲ་བར། གཟུང་འཛིན་གཉིས་སུ་སྣང་པའི་རྒྱུ་ཡང་དག་མ་ཡིན་པའི་ཀུན་དུ་རྟོག་པ་གཞན་དབང་ཉིད་དམིགས་ཏེ་ཁམས་གསུམ་སེམས་ཙམ་དུ་རྟོགས་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་པ་སྒྱུ་མའི་རྫས་སྔགས་ཀྱིས་མིག་མ་བསླད་པ་རྣམས་ལ་སྒྱུ་མའི་རྟ་གླང་སོགས་མི་སྣང་གི་དེ་ཡི་རྒྱུ་རྡེའུ་ཤིང་བུ་ཙམ་ལ་ཤེས་པ་འདོད་དགུར་ཏེ་མ་འཁྲུལ་བར་སྤྱོད་པ་དེ་བཞིན་འཁྲུལ་པའི་གཉེན་པོའི་ལམ་ཐོབ་པའི་སྡོམ་བརྩོན་མ་འཁྲུལ་བ་རྣམས་གཉིས་འཛིན་གྱི་འཁྲུལ་སྣང་གནས་གཞན་དུ་གྱུར་པ་དག་པའི་གཞན་དབང་ལ་དགྱེས་དགུར་སྤྱོད་ཅེས་པ་སྒྱུ་མ་ལྟ་བུ་མཐོང་ནས་ཆགས་ཞེན་དང་འཇིགས་པ་སོགས་མེད་པར་རང་དབང་དུ་སྤྱོད་པའི་དོན་ཏོ། ། སྒྱུ་མའི་རྟ་གླང་སོགས་དེ་ཡི་རྣམ་པ་སྣང་བ་ཙམ་ནི་རྒྱུ་རྡེའུ་དང་ཤིང་བུ་ལྟ་བུ་དེ་ལ་ཡོད་ཀྱང་། རྟ་གླང་སོགས་དེ་ཡི་དངོས་པོ་རང་མཚན་པ་དེ་ལ་གཏན་ནས་ཡོད་པ་མ་ཡིན་པ། དེ་ལྟར་སྒྱུ་མ་རྨི་ལམ་ལ་སོགས་ལ། སྣང་ཙམ་ཡོད་པས་མེད་པར་མི་བརྗོད་ཅིང་། སྣང་བ་བཞིན་དུ་མེད་པ་ཉིད་དུ་བརྗོད་དེ་དེའི་ཕྱིར་ཡོད་པར་ཡང་མི་བརྗོད་དོ། །ཡོད་མེད་གཉིས་ཡིན་དང་གཉིས་མིན་གྱི་ཆོས་མི་སྲིད་པས་གང་རུང་དུ་ཅིས་ཀྱང་འདོད་དགོས་སྙམ་ན། སྒྱུ་མར་སྣང་བ་དེ་ལ་སྣང་བ་ཙམ་ཡོད་པ་ནི་མེད་པ་མ་ཡིན་པ་ཏེ། མེད་ན་རྟ་གླང་སོགས་སུ་མ་སྣང་བས་རྫུན་པར་བཞག་ཏུའང་མེད་དེ་གཞི་མེད་པས་སོ། །སྣང་བ་དེ་དང་དེའི་དངོས་པོར་མེད་པ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ་དེ་ཡོད་ན་རྫུན་པར་མི་འགྲུབ་སྟེ་རྟ་གླང་དངོས་བཞིན་ནོ། ། དེའི་ཕྱིར་སྒྱུ་མ་དག་གི་སྣང་བ་ལ་སོགས་པ་ལ་ཡོད་མེད་གཉིས་གཞི་གཅིག་གི་སྟེང་དུ་ཁྱད་པར་མེད་པའམ་འགལ་མེད་དུའང་བརྗོད་དེ་སྣང་སྟོང་གཉིས་ཚོགས་ཡིན་པ། དེ་བཞིན་གཉིས་སུ་སྣང་བ་ཙམ་ནི་གཞན་དབང་དེ་ལ་ཡོད་ཀྱང་། དེའི་དངོས་པོ་སྣང་བ་ལྟར་གཉིས་སུ་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཕྱི་རོལ་གྱི་གཟུགས་སྒྲ་ལ་སོགས་པ་ལ། སྣང་བ་ཙམ་ཡོད་པ་དང་། སྣང་བ་ལྟར་གྲུབ་པ་མེད་པ་ཉིད་དུ་བརྗོད་དེ། ཅིའི་ཕྱིར་ན་དེ་ལ་དེར་སྣང་བ་ཙམ་ཡོད་པ་ནི་མེད་པ་མ་ཡིན་ལ། སྣང་བ་ལྟར་གྱི་དོན་གཟུགས་སོགས་སུ་གྲུབ་པ་མེད་པ་དེ་ནི་ནམ་ཡང་ཡོད་པ་ཉིད་དུ་གྲུབ་པ་མ་ཡིན་ཏེ་ཟླ་བ་གཉིས་སྣང་བཞིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་དག་ལ་ནི། དེའི་སྟེང་དུ་བཤད་མ་ཐག་པ་དེ་ལྟ་བུའི་ཡོད་མེད་གཉིས། གང་རུང་རེའི་ཕྱོགས་སུ་མ་ལྷུང་བར་གཉིས་ཀ་ཚོགས་པར་ཁྱད་པར་མེད་པའང་སྒྱུ་མའི་དཔེ་ལ་བརྗོད་པ་བཞིན་དུ་བརྗོད་དོ། ། དེ་ལྟར་ཡོད་པ་དང་མེད་པ་ཁྱད་མེད་པར་སྣང་ཙམ་ཡོད་ཀྱང་སྣང་བ་ལྟར་མེད་པ་བསྟན་པ་ནི་དབུ་མའི་ལམ་སྟེ་ཀུན་བརྟགས་ཡོད་པར་སྒྲོ་འདོགས་པ་དང་། སྣང་བའི་གཞི་གཞན་དབང་མེད་པར་སྐུར་པ་ཡི་མཐའ་རྣམས་དགག་པར་བྱ་བའི་ཕྱིར་ཏེ། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་སོགས་དང་། དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྟོགས་ན་གཟུང་འཛིན་གྱི་ཆོས་རྣམས་སྣང་ཡང་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟར་ཤེས་ནས། འཁོར་བ་ལ་མི་འཇིགས་ཤིང་། མྱང་འདས་ལ་མི་ཞེན་པའི་ཕྱིར་ན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་མྱུར་དུ་ཞི་བར་མྱང་འདས་ཚོལ་བ་ཐེག་པ་དམན་པས་ཞི་བདེར་འགྲོ་བ་དག་ཞི་མཐའ་ལ་འཇུག་པ་དགག་པར་བྱ་ཕྱིར་མཐའ་གཉིས་བྲལ་བའི་ཚུལ་གྱིས་དེ་ལྟར་འདོད་པ་ཡིན་ནོ། །གཟུང་འཛིན་གཉིས་མེད་ཀྱང་གཉིས་སུ་འཁྲུལ་བའི་རྒྱུ་དང་། འཁྲུལ་བ་ནི་གཟུགས་ཀྱི་རྣམ་པར་རིག་པ་དང་གཟུགས་ཅན་མིན་པའི་རྣམ་པར་རིག་པར་འདོད་དེ། འཁྲུལ་བའི་རྒྱུ་ནི་སེམས་ལས་ཐ་དད་པ་ལྟ་བུར་སྣང་བའི་གཟུགས་དབང་པོ་ལྔ་དང་ཡུལ་ལྔའི་རྣམ་པར་ཤར་པའི་རྣམ་པར་རིག་པ་ཡིན་ཏེ། རྨི་ལམ་ན་རང་གི་དབང་པོའི་སྤྱོད་ཡུལ་དུ་རྟ་གླང་དང་བུད་མེད་སོགས་ཀྱི་གཟུགས་སྣང་བ་དེ་རྣམས་རང་གི་རྣམ་རིག་ཉིད་གཟུང་ཆར་སྣང་བ་ཡིན་ཡང་དེ་མི་ཤེས་པར་ཤེས་པ་ལས་གཞན་པའི་གཟུང་ཡུལ་དངོས་སུ་འདོད་པ་ལྟར་ཕྱི་རོལ་ཀྱི་དོན་དུ་སྣང་བ་དེ་ནི་འཁྲུལ་བའི་རྒྱུ་ཡིན་ན། འཁྲུལ་བའི་ངོ་བོ་ནི་གཟུགས་ཅན་མིན་པའི་རྣམ་པར་རིག་པར་འདོད་དེ་མིག་ཤེས་སོགས་རྣམ་ཤེས་ཚོགས་དྲུག་པོ་ཉིད་ཀྱིས་གཟུང་འཛིན་གཉིས་སུ་བཟུང་པས་སོ། །དེ་ལྟར་གཉིས་སུ་འཁྲུལ་ཀྱང་འཛིན་པ་ལས་ཐ་དད་དུ་གྱུར་པའི་གཟུང་བ་མེད་ཕྱིར་ཅིག་ཤོས་དེ་ལ་འཛིན་པའང་མེད་པར་འགྱུར་ཏེ་དེ་གཉིས་ཕན་ཚུན་ལྟོས་ནས་གྲུབ་ཀྱི་ཅིག་ཤོས་མེད་ན་ཅིག་ཤོས་ཀྱང་མེད་པས། དོན་ལ་གཟུང་འཛིན་གཉིས་ཀས་སྟོང་པར་གྲུབ་བོ། ། དེ་ལྟ་ན་མིག་སོགས་དབང་པོ་གཟུགས་ཅན་པ་མེད་ཅིང་། ཡུལ་གཟུགས་སོགས་མེད་ན་དབང་ཤེས་རྣམས་རྒྱུ་མེད་པས་སྐྱེ་བར་མི་རིགས་ན་ཡང་། གཟུང་བ་དང་འཛིན་པར་སྣང་བ་བསྙོན་དུ་མེད་པ་འདི་ཇི་ལྟར་འཐད་ཅེ་ན། གཟུང་འཛིན་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་འཐད་པ་འཇིག་རྟེན་ན་གྲགས་པའི་དཔེ་དང་། བསྟན་བཅོས་ལས་བྱུང་བའི་དཔེ་གཉིས་ཀྱི་བསྒྲུབས་པ་ལས། དང་པོ། སྒྱུ་མའི་གླང་པོའི་གཟུགས་མཐོང་ནས་དེའི་རྣམ་པ་ཤེས་པས་འཛིན་པ་ནི། དོན་མེད་པ་སྣང་བ་ཡིན་པས་འཁྲུལ་བའི་ཕྱིར། འཁྲུལ་དོན་གཟུང་བ་གླང་པོ་ཆེའི་གཟུགས་དང་། དེ་འཛིན་པའི་ཤེས་པ་གཉིས་སུ་བརྗོད་པ་སྟེ། དེ་ལ་གཟུང་བ་དང་འཛིན་པ་ཇི་བཞིན་དུ་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་། འཁྲུལ་བའི་བློས་གཟུང་འཛིན་གཉིས་པོ་དག་ཏུ་ཉེ་བར་དམིགས་པ་ཙམ་ནི་འཇིག་རྟེན་ན་ཡོད་དོ། །བསྟན་བཅོས་ལས་འབྱུང་བའི་དཔེ་ཡི་དབང་དུ་བྱས་ན། མི་སྡུག་པ་གོམས་པའི་རྣལ་འབྱོར་པ་རྣམས་ཀྱིས་གསལ་སྣང་གྲུབ་སྟེ་ཀེང་རུས་དངོས་སུ་སྣང་བ་ལ་ཀེང་རུས་དངོས་སུ་ཡོད་པ་མ་ཡིན་པས་འཁྲུལ་ཕྱིར་གཟུང་འཛིན་གཉིས་སུ་བརྗོད་པ་ཙམ་སྟེ། ཀེང་རུས་ཀྱི་སྣང་བ་འཛིན་པ་དེ་ལ་སྣང་བ་དེ་ཇི་བཞིན་པའི་གཟུང་འཛིན་གཉིས་མེད་ཀྱང་གཉིས་པོ་དག་ཏུ་ཉེ་བར་དམིགས་པའི་སེམས་འབྱུང་བ་ནི་ཡོད་པ་བཞིན་ནོ། ། དཔེ་དེ་བཞིན་དུ་གཞན་དབང་གི་རྣམ་ཤེས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་སྣང་བ་རྣམས་ཀྱང་གཟུང་འཛིན་གཉིས་སུ་གྲུབ་པ་མེད་ཀྱང་གཉིས་སུ་སྣང་བ་ཙམ་ཡོད་པར་བསྟན་པ་ལས་མི་མཐུན་ཕྱོགས་ཀུན་ནས་ཉོན་མོངས་པ་འཁྲུལ་པའི་མཚན་ཉིད་ཀྱི་ཆོས་གང་ཡིན་པ་ལས་དང་ཉོན་མོངས་རྣམ་སྨིན་གྱིས་བསྡུས་པ་ཐམས་ཅད་ཀྱང་། བཤད་མ་ཐག་པའི་དཔེ་དེ་བཞིན་དུ་འཁྲུལ་སྣང་ཙམ་དུ་ཡོད་པ་དང་། བྱིས་པས་ཀུན་ཏུ་བརྟགས་པ་དེ་བཞིན་དུ་མེད་པ་དང་། དེའི་ཕྱིར་ཡོད་མེད་གཉིས་ཀ་ཁྱད་པར་མེད་པར་རམ་འགལ་མེད་ཡིན་པའི་ཕྱིར། སྣང་ཙམ་ཡོད་པ་དང་དོན་ལ་མེད་པ་སྒྱུ་མ་དང་འདྲ་བ་ཡིན་ནོ། །བཤད་བྱ་མདོ་སོགས་ཀྱིས་ཆོས་དང་དྲན་པ་ཉེར་བཞག་དང་ཕར་ཕྱིན་ལ་སོགས་པ་ལམ་དང་སྟོབས་སོགས་འབྲས་ཆོས་ཏེ་གཉེན་པོའི་ཆོས་ནི་གང་ཡིན་པ་དེ་དག་ཀྱང་གཟུང་བ་འཛིན་པ་གཉིས་སུ་བྱིས་པས་ཀུན་བརྟགས་པ་དེ་བཞིན་དུ་མེད་པ་དང་། ཇི་ལྟར་སྣང་བ་ཙམ་དེ་བཞིན་དུ་ཡོད་པ་ཡིན་ལ། སྣང་ཡང་སྣང་བ་དེ་བཞིན་དུ་མེད་པའི་ཕྱིར་རང་གི་ངོ་བོའམ་མཚན་ཉིད་མེད་པས་སྒྱུ་མ་དང་ཡང་འདྲ་བར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །མྱ་ངན་ལས་འདས་པའང་སྒྱུ་མ་དང་རྨི་ལམ་ལྟ་བུའོ་ཞེས་གསུངས་སོ། ། གལ་ཏེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ཞིང་། རྣམ་པར་བྱང་བའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ན་རྣམ་བྱང་སྒྱུ་མ་ལྟ་བུའི་ཕྱོགས་ཀྱིས་ཀུན་ཉོན་སྒྱུ་མ་ལྟ་བུའི་ཕྱོགས་ཇི་ལྟར་སྤོང་བར་བྱེད་ཅེ་ན། ཇི་ལྟར་སྒྱུ་མ་ཤེས་པའི་སྒྱུ་མའི་རྒྱལ་པོ་མཐུ་ཆུང་བ་ཞིག་འཁོར་དང་བཅས་པ་དེ། སྒྱུ་མ་ཡི་རྒྱལ་པོ་མཐུ་དང་ལྡན་པ་འཁོར་དང་བཅས་པ་གཞན་གྱིས་ཕམ་པར་བྱས་ནས་གནས་ནས་བཏོན་པ་ལྟར་རྒྱལ་པོའི་གནས་ལྟ་བུ་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བདག་ལྟ་སོགས་ཉོན་མོངས་པའི་སེམས་ནི་སྒྱུ་མའི་རྒྱལ་པོ་མཐུ་ཆུང་བ་ལྟ་བུ། དེའི་འཁོར་གྱི་སེམས་བྱུང་རྒྱལ་པོ་དེའི་འཁོར་ལྟ་བུ། ཇི་སྲིད་གཉེན་པོ་མ་སྐྱེས་ཀྱི་བར་དུ་ཀུན་ཉོན་གྱི་ཆོས་ཀུན་སྐྱེས་པ་ལ་དབང་བས་རྒྱལ་པོ་ལྟ་བུ་དེ་ཉིད་དེ་ལས་མཐུ་ཆེ་བའི་སྒྱུ་མའི་རྒྱལ་པོ་བདག་མེད་རྟོགས་པའི་ཤེས་རབ་དང་དད་སོགས་དགེ་བའི་རང་བཞིན་རྣམ་བྱང་གི་སེམས་དང་དེའི་འཁོར་སེམས་བྱུང་དང་བཅས་པས་ཀུན་ཉོན་ཕྱོགས་རྩད་ནས་བཏོན་ཏེ་ཀུན་གཞི་གནས་གྱུར་པའི་གནས་སུ་ཟག་མེད་ཀྱི་ཆོས་ཀུན་དབང་བསྒྱུར་བའི་རྒྱལ་སྲིད་ཐོབ་པ་ཡིན་པས། དེ་ལྟར་གང་ཟག་གང་གིས་ནི་ཀུན་བྱང་གི་ཆོ༷ས་ཀུན་ཀྱང་གཟུང་འཛིན་གཉིས་ཀྱིས་སྟོང་བའི་སྣང་བ་སྒྱུ་མ་ལྟ་བུར་མཐོང་བའི་རྒྱལ་སྲས་དེ་དག་ཀུན་ཉོན་སྤངས་པ་དང་། རྣམ་བྱང་བསྐྱེད་པ་ལ་བདག་གིས་འདི་ལྟར་བྱས་སོ་ཞེས་མངོན་པར་རློམ་པའི་ང་རྒྱལ་མེད་དོ། ། ད་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་གསུངས་པའི་དོན་བཤད་པ། སངས་རྒྱས་གང་ཞིག་རྣམ་པར་སངས་རྒྱས་པའམ་ཡང་དག་པར་མཁྱེན་པའི་མཆོག་སྟེ་ཉན་རང་ལས་མཆོག་ཏུ་གྱུར་པ་རྣམས་ཀྱིས་ཞེས་བློ་བརྟན་འགྲེལ་བའི་འགྱུར་ན་མཁྱེན་མཆོག་སངས་རྒྱས་རྣམས་ཀྱིས་ཞེས་གསུངས་པ་ལྟར། རྣམ་པར་སངས་རྒྱས་ཞེས་པ་མ་རིག་གཉིད་ལས་སངས་ཕྱིར་དང་། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། ཞེས་གསུངས་པ་ལྟར་བུདྡྷའི་རྟོགས་པའི་དོན་ཡིན་པས་རྟོགས་པ་མཆོག་གི་དོན་དུ་གོ་ནས། སངས་རྒྱས་གོང་མ་ཁྱད་གཞི་དང་། འོག་མ་ཁྱད་ཆོས་ཀྱི་ཚུལ་དུ་གོ་ན་སྒྲ་ཟློས་པར་མི་འགྱུར་རོ། ། དེ་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མདོ་སྡེ་ལ་སོགས་པའི་གསུང་རབ་དེ་དང་དེ་ལས་འདུས་བྱས་ཐམས་ཅད་དག་གི་ཚུལ་གསུངས་པ་སྒྱུ་མ་དང་རྨི་ལམ་དང་སྨིག་རྒྱུ་དང་གཟུགས་བརྙན་འདྲ་བ་དང་། མིག་ཡོར་དང་བྲག་ཆ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་འདྲ་བ་དང་། སྤྲུལ་པ་དང་འདྲ་བར་ཤེས་པར་བྱའོ་ཞེས་བསྟན་པ་དེ་ནི་སྤྱིར་ཆོས་ཐམས་ཅད་ཀྱང་བདེན་མེད་ཀྱི་སྣང་བ་ཡིན་པའི་དཔེར་འདི་རྣམས་གང་ཡང་རུང་མོད་ཀྱང་། བྱེ་བྲག་ཏུ་ཕྱེ་ན། ནང་གི་སྐྱེ་མཆེད་དྲུག་ནི་སྒྱུ་མ་དང་འདྲ་སྟེ། ཅིའི་ཕྱིར་ན་སྒྱུ་མའི་མི་དང་རྟ་གླང་སོགས་སུ་སྣང་བ་དབང་པོ་དང་བདག་དང་སེམས་ཅན་དང་སྲོག་མེད་ཀྱང་། དབང་པོ་དང་སྲོག་དང་སེམས་ཡོད་པའི་སེམས་ཅན་ལྟ་བུར་སྣང་བ་དེ་བཞིན་དུ་ནང་གི་མིག་སོགས་སྐྱེ་མཆེད་དྲུག་ལྡན་དུ་སྣང་བའི་སེམས་ཅན་རྣམས་ལའང་སྲོག་དང་གང་ཟག་སོགས་མེད་པར་བསྟན་པ་དང་། ཕྱིའི་སྐྱེ་མཆེད་གཟུགས་སོགས་ཡུལ་དྲུག་ནི་རྨི་ལམ་གྱི་སྣང་བ་དང་འདྲ་སྟེ། རྨི་ལམ་ན་བུད་མེད་སྐྱེས་པ་སོགས་ཀྱི་གཟུགས་དང་སྒྲ་དྲི་རོ་རེག་ཆོས་རྣམས་ལོངས་སྤྱོད་པའི་ཉམས་སུ་མྱོང་བ་སྣང་ཡང་དེ་ན་ཡུལ་གཞན་མེད་པ་བཞིན་དུ་ཤེས་པར་བྱ་བ་དང་། གཉིས་དང་ཞེས་པ་སེམས་དང་སེམས་བྱུང་གཉིས་ནི་སྨིག་རྒྱུ་ལྟ་བུ་སྟེ་སྨིག་རྒྱུ་ལ་ཆུ་མེད་ཀྱང་སྔོ་བ་དང་གཡོ་བ་སོགས་ཀྱིས་རྒྱང་རིང་པོ་ན་གནས་པ་དག་ལ་ཆུའི་འདུ་ཤེས་བསྐྱེད་ཀྱང་དྲུང་དུ་བརྒྱུད་ན་ཅི་ཡང་མེད་པ་བཞིན་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཀ་བ་དང་བུམ་པ་སྐྱེས་པ་བུད་མེད་སྔོ་སེར་དཀར་དམར་གྱི་ཆོས་སྣ་ཚོགས་ལ་འདི་དང་འདིའོ་ཞེས་འདུ་ཤེས་ཀྱིས་མངོན་པར་ཞེན་པར་བྱེད་ཀྱང་ཆོས་དེ་དག་ལ་གཞིག་ན་དུ་མ་དང་མི་རྟག་པ་སོགས་ཀྱི་ཕྱིར་མངོན་པར་ཞེན་པའི་ཡུལ་རིལ་བོ་བ་གང་ཡང་མེད་པས་སོ། །དྲུག་མཚན་གཉིས་དང་། ཞེས་པ་གོང་གི་དཔེ་གཟུགས་བརྙན་དང་། མིག་ཡོར་གཉིས་ནི། ནང་དང་ཕྱིའི་སྐྱེ་མཆེད་དྲུག་ཚན་གཉིས་ལ་སྦྱར་བ་ཡིན་ཏེ། ནང་གི་སྐྱེ་མཆེད་དྲུག་ནི་གཟུགས་བརྙན་ལྟ་བུ་སྟེ། གཟུགས་བྱད་ཀྱི་དབང་གིས་མེ་ལོང་གི་ངོས་སུ་གཟུགས་བརྙན་འབྱུང་བ་ལྟར། ད་ལྟར་གྱི་སྐྱེ་མཆེད་དྲུག་སྣང་ཡང་མི་བདེན་པ་གཟུགས་བརྙན་ལྟ་བུ་འདི། ཚེ་རབས་སྔ་མའི་སྐྱེ་མཆེད་དྲུག་གིས་བསྒྲུབས་པའི་ལས་ཀྱི་བག་ཆགས་གཟུགས་བྱད་ལྟ་བུ་ལས་སྣང་བའི་ཕྱིར་རོ། ། ཕྱིའི་སྐྱེ་མཆེད་དྲུག་ནི་མིག་ཡོར་ལྟ་བུ་སྟེ། མིག་ཡོར་ཞེས་པ་རྐྱེན་ལས་མིག་འཁྲུལ་བའི་སྣང་བ་ཀུན་ལ་འཇུག་སྟེ། ཐོ་ཡོར་ལ་མི་སྣང་བ་དང་། མིག་བཙིར་བས་ཟླ་བ་གཉིས་སྣང་བ་དང་། རང་གི་གྲིབ་མ་ལ་སྲོག་ཆགས་གཞན་དུ་སྣང་བ་དང་། སྐྲ་ཤད་སོགས་ཀྱི་སྣང་བ་དང་། གྲུ་ལ་ཞུགས་ན་རི་འགུལ་བ་ལ་སོགས་པ་རྣམ་པ་མང་དུ་ཡོད་ཀྱང་། སྐབས་འདིར་གྲིབ་མ་ལ་གོ་བར་བྱ་གསུངས་ཏེ། གདུགས་དང་ལུས་ལ་སོགས་པའི་དབང་གིས་གྲིབ་མ་འབྱུང་བ་བཞིན་ཕྱིའི་སྐྱེ་མཆེད་དྲུག་ཀྱང་ནང་གི་སྐྱེ་མཆེད་དྲུག་གི་གྲིབ་མ་ལྟ་བུ་དེའི་དབང་གིས་བྱུང་བ་སྟེ། ཀུན་གཞི་རྣམ་ཤེས་ལས་མིག་སོགས་ནང་གི་སྐྱེ་མཆེད་དྲུག་འབྱུང་ལ། དེ་ལས་ཡུལ་གྱི་ཚུལ་དུ་ཕྱིའི་སྐྱེ་མཆེད་དྲུག་སྣང་བ་འབྱུང་བས་སོ། །གསུམ་པོ་རེ་རེར་འདོད་ཅེས་པ་གསུང་བཤད་པའི་ཆོས་དང་། སེམས་ཏིང་ངེ་འཛིན་ལ་གནས་པ་དང་། བསམ་བཞིན་སྲིད་པ་འཛིན་པའི་ལུས་གསུམ་ནི་བྲག་ཆ་དང་ཆུ་ཟླ་དང་སྤྲུལ་པའི་དཔེ་གསུམ་པོ་རེ་རེ་དང་སྦྱར་བར་བྱ་སྟེ། བཤད་པའི་ཆོས་ཐམས་ཅད་བྲག་ཆ་དང་འདྲ་སྟེ། བྲག་ཆ་སྒྲའི་རང་བཞིན་དུ་མེད་ཀྱང་རྣ་བའི་སྤྱོད་ཡུལ་དུ་མཉན་དུ་ཡོད་པ་ལྟར་བཤད་པའི་ཆོས་ཀུན་དེ་དང་འདྲ་བའམ། ཆུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་སྣང་དུ་ཟིན་ཀྱང་དངོས་པོར་མེད་པ་བཞིན། ཏིང་ངེ་འཛིན་རྩེ་གཅིག་ལ་གནས་པས་གཡེང་བའི་རྣམ་རྟོག་གཞན་གྱིས་མ་རྙོ གས་པས་ཆུ་དྭངས་པ་ལྟ་བུ་ལ་བདེན་བཞི་དང་རྗེས་དྲན་ཟད་པར་ཟིལ་གནོན་སོགས་གང་དང་གང་བསྒོམས་ཀྱང་བསྒོམ་བྱའི་དོན་གྱི་གཟུགས་བརྙན་མངོན་དུ་སྣང་བས་སོ། །བསམ་བཞིན་དུ་སྲིད་པ་འཛིན་པ་ནི་སྤྲུལ་པ་གནས་གཅིག་ནས་གཅིག་ཏུ་སྣང་ཡང་ཆགས་སྡང་མེད་པ་བཞིན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་བ་འཛིན་པ་ཡང་ཆགས་པ་དང་སྡང་བ་མེད་པས་སོ། །གསུམ་པ་ཤེས་བྱ་ཡོངས་སུ་ཚོལ་བ་ནི། ཡང་དག་མིན་རྟོགས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཤེས་བྱ་མདོར་བསྡུ་ན་ཆོས་གང་དག་འཇིག་རྟེན་པ་ཡིན་པ་དང་། ཆོས་གང་དག་འཇིག་རྟེན་འདས་པ་ཡིན་པ་དེ་གཉིས་བརྟགས་པ་ནི། ཡང་དག་པ་མིན་པའི་རྟོག་པ་ནི། ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྗེས་སུ་མཐུན་པ་མ་ཡིན་པ་ཁམས་གསུམ་གྱི་གཟུང་བ་དང་འཛིན་པར་ཀུན་ཏུ་རྟོག་པ་ཐམས་ཅད་དོ། ། ཡང་དག་པ་མིན་ལ་ཡང་དག་མ་ཡིན་པ་ཡང་མིན་པ་ནི། སོ་སོའི་སྐྱེ་བོའི་དུས་ན་དམ་པའི་ཆོས་ལེགས་པར་ཉན་པ་དང་སེམས་པ་ནས་བརྩམས་ཏེ་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་མོས་སྤྱོད་ཀྱི་སའི་ཆོས་ལ་ཚུལ་བཞིན་སེམས་པ་ཐམས་ཅད་དེ། དེའི་ཚེ་གཟུང་འཛིན་གྱི་ཀུན་རྟོག་ཡོད་པས་ཡང་དག་པ་མིན་ལ། ཆོས་ཀྱི་དབྱིངས་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོགས་པར་བྱ་བ་དང་རྗེས་སུ་མཐུན་པས་དེའི་རྒྱུ་ལྟ་བུར་གྱུར་པས་ན་ཡང་དག་མ་ཡིན་པ་ཡང་མིན་པ་ཞེས་བྱའོ། །མི་རྟོག་ཅེས་པ་ཡུལ་ཆོས་ཀྱི་དབྱིངས་དང་དེའི་ཡུལ་ཅན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་བྱ་སྟེ། དེ་གཉིས་ལ་གཟུང་བ་དང་འཛིན་པ་སོགས་ཀྱི་རྣམ་པ་རྟོག་པ་མེད་པའི་ཕྱིར་རོ། །རྟོག་མིན་མི་རྟོག་མ་ཡིན་བ། ཞེས་པ་མཉམ་བཞག་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་དམིགས་པས་ན་གཟུང་འཛིན་མེད་པའམ། དེའི་རྗེས་ལས་ཐོབ་པས་ན་དེའི་གཟུང་འཛིན་དུ་ཞེན་པ་མེད་པས། རྣམ་པར་རྟོག་པའང་མིན་ལ། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་རྟོག་པ་ཡོད་པའི་ཕྱིར་མི་རྟོག་པ་ཡང་མ་ཡིན་པའོ། །བཞི་བོ་འདི་ལ་ཤེས་བྱ་ཐམས་ཅད་འདུས་པ་ཡིན་པར་བརྗོད་དེ། སེམས་ཙམ་ལས་གཞན་པའི་ཆོས་མེད་ལ་སེམས་ཀྱི་གནས་སྐབས་བཞི་པོ་འདི་དང་ཆོས་ཀྱི་དབྱིངས་ཀྱིས་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་རོ། །བཞི་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡོངས་སུ་ཚོལ་བ་ནི། རང་གི་ཁམས་ལས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཉོན་མོངས་པ་དང་ལས་དང་སྐྱེ་བའམ་རྣམ་སྨིན་གསུམ་གྱིས་བསྡུས་པའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་འཕགས་པའི་ལམ་དང་མྱ་ངན་ལས་འདས་པས་བསྡུས་པའི་རྣམ་པར་བྱང་བའི་ཁམས་བ རྟགས་པ་སྟེ། དེ་ཡང་ཁམས་དང་ས་བོན་དང་རྒྱུ་ཞེས་པ་དོན་དུ་འདྲ་བ་ཡིན་ལ། ཀུན་གཞིའི་རྣམ་ཤེས་གཟུང་འཛིན་གྱི་བག་ཆགས་དང་བཅས་པ་ནི་རང་གི་ཁམས་ཞེས་བྱ་ལ། དེ་ལས་གཟུང་བ་དང་འཛིན་པ་གཉིས་སུ་སྣང་ཞིང་སྣང་བ་དེའི་ཚེ་དངོས་པོའི་རང་བཞིན་མ་ཤེས་པའི་མ་རིག་པ་དང་ཆགས་སོགས་ཉོན་མོངས་པ་གཞན་དང་ཡང་ལྷན་ཅིག་ཏུ། ཡུལ་གཟུགས་སོགས་ལ་གཟུང་བ་དང་དེ་ལ་འཛིན་པའི་རྣམ་ཤེས་ཀྱི་རྣམ་པར་རྟོག་པ་རབ་ཏུ་འབྱུང་སྟེ། འཁོར་བ་ཡང་ནས་ཡང་དུ་སྐྱེ་ཤིང་འཇུག་པ་ཡིན་ནོ། ། དེ་ལྟར་གཉིས་སྣང་དང་བཅས་པའི་དུས་ན་ཡང་གཟུང་བ་དང་འཛིན་པའི་རྫས་གཉིས་རྣམ་པར་སྤངས་པ་ཡིན་ཏེ་ཡེ་ནས་དེ་གཉིས་ཐ་དད་དུ་ཡོད་པ་མ་ཡིན་ཡང་བློ་འཁྲུལ་པའི་དབང་གིས་གཉིས་སུ་སྣང་ཞིང་གཉིས་སུ་ཞེན་པས་འཁོར་བ་འགྲུབ་པར་ཤེས་པ་ནི་ཀུན་ཉོན་གྱི་མཚན་ཉིད་བཙལ་བའོ། །རྣམ་བྱང་གི་མཚན་ཉིད་བཙལ་བ་ནི། མོས་སྤྱོད་དུ་ཆོས་ལ་དམིགས་པའི་ཁྱད་པར་གོང་དུ་བཤད་པ་བཞིན་ཐོབ་པ་ཡི་གང་ཟག་གིས། གཞན་དབང་སེམས་རང་གི་དབྱིངས་སམ་གནས་ལུགས་ཆོས་ཀྱི་དབྱིངས་ལ་གནས་པ་ས་དང་པོ་དང་ལྡན་པ་བསྒོམ་ལམ་གྱི་ས་རྣམས་སུ་རྟོགས་པ་དེ་དང་ལྡན་པའི་ཞི་ལྷག་གི་རྣལ་འབྱོར་བསྒོམ་པའི་ཕྱིར། དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་སྣང་བ་མེད་པར། གོང་དུ་གོང་དུ་འཇུག་པར་འགྱུར་ཏེ། སངས་རྒྱས་ཀྱི་སའི་བར་དུའོ། །དེ་ཡང་དཔེ་ཇི་ལྟར་ན། སེམས་ཅན་རྣམས་ཀྱི་སེམས་ནི་གཟུང་འཛིན་དུ་སྣང་ཞིང་ཞེན་པ་འཁྲུལ་པས་བསླད་པའི་ཕྱིར་སེམས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཤེས་རབ་མ་རིག་པ་ལས་རྣམ་པ་གྲོལ་བ་མངོན་དུ་བྱེད་མི་ནུས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གཟུང་འཛིན་མེད་པར་རྟོགས་ཤིང་དེའི་དོན་ལ་མཉམ་པར་བཞག་པའི་ཞི་གནས་དང་ལྷག་མཐོང་གི་སྟོབས་ཀྱིས་རྣམ་གྲོལ་དེ་གཉིས་མངོན་དུ་བྱེད་དེ། དཔེར་ན་ཆར་སོགས་ཀྱིས་སྐྱོན་ལྡན་ལྤགས་པ་གྱོང་ཁེངས་ཅན་ལྟ་བུའི་སེམས་དེ་ནི་ཞི་གནས་ཆུ་དང་སྣུམ་ལྟ་བུས་འཇམ་ཞིང་མཉེན་པར་བྱས་པ་དང་། བདག་ལྟ་དང་རྟག་ཆད་སོགས་ལྟ་ངན་རྣམས་ཀྱིས་སེམས་གནས་ལུགས་དང་མི་མཐུན་པར་འཁྱོགས་པོར་གྱུར་པའི་མདའ་ལྟ་བུ་སྟེ་ལྷག་མཐོང་མེ་ལྟ་བུས་བསྲོས་ནས་དྲང་པོར་བསྲང་བར་བྱས་པ་བཞིན། སེམས་ཕྱིན་ཅི་ལོག་ལམ་གྱིས་བཅོས་ནས་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་མཐར་ཐུག་སངས་རྒྱས་ཀྱི་སར་སེམས་རྣམ་པར་གྲོལ་པ་དང་ཤེས་རབ་རྣམ་པར་གྲོལ་པ་ནམ་ཡང་ཉམས་མི་སྲིད་པ་ཐོབ་པ་ཡིན་ནོ། །ལྔ་པ་རྣམ་པར་རིག་པ་ཙམ་ཡོངས་སུ་བཙལ་བ། སེམས་ནི་གཉིས་སུ་སྣང་བ་སྟེ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། སེམས་ཙམ་ཞེས་པ་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི་ཕྱི་དོན་ཡོད་པ་མ་ཡིན་ཞེས་འདོད་དེ་ཙམ་གྱི་སྒྲས་གཟུགས་འགོག་གི་སེམས་བྱུང་མི་འགོག་པ་དང་། སེམས་ཙམ་པ་ཁ་ཅིག་སེམས་ཙམ་མ་གཏོགས་སེམས་བྱུང་དང་གཟུགས་གཉིས་ཀ་འགོག་པའི་ལུགས་གཉིས་ཡོད་པས་འདིའི་སྐབས་སུ་དེ་གཉི་ག་ལ་བྱ་བར་འདོད་དེ། དང་པོ་ལྟར་ན་སེམས་ཞེས་པ་ཀུན་གཞི་སོགས་ཚོགས་བརྒྱད་ཀྱི་རྣམ་ཤེས་སེམས་ལས་བྱུང་པ་དང་བཅས་པ་ནི་གཟུང་འཛིན་གཉིས་སུ་སྣང་བ་སྟེ་སེམས་ལས་གཞན་པའི་གཟུང་བ་ཕྱི་དོན་མེད་ཅེས་སོ། །ཕྱི་མ་ལྟར་ན་སེམས་ཉིད་ནི་གཟུང་འཛིན་གཉིས་སུ་སྣང་བར་ཟད་ཀྱི། དེ་ལས་མ་གཏོགས་པའི་སེམས་ལས་བྱུང་བ་དང་གཟུང་འཛིན་མེད་དོ་ཞེས་བཤད་ཚུལ་གཉིས་བློ་བརྟན་འགྲེལ་བར་གསུངས་པ་འདི་དང་པོ་ལྟར་ན་སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པའི་ལུགས་དང་། གཉིས་པ་ལྟར་ན་རྫས་ཐ་དད་མིན་པའི་ལུགས་ཡིན་པར་གསལ་ལོ། ། དེ་བཞིན་སེམས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་ཆོས་སུ་སྣང་བའམ། དད་པ་དང་བརྩོན་འགྲུས་ལ་སོགས་པར་སྣང་བར་འདོད་ཀྱི་སེམས་ལས་མ་གཏོགས་པའི་ཉོན་མོངས་པའི་ཆོས་དང་དགེ་བའི་ཆོས་བྱ་བ་གཞན་དུ་ཡོད་པ་མ་ཡིན་ནོ། །དེ་ལྟར་སེམས་ཀུན་གཞི་ཉིད་གཟུང་བ་ཡི་ཆོས་སྣ་ཚོགས་སུ་སྣང་བ་དང་། འཛིན་པའི་རྣམ་པ་སྣ་ཚོགས་ཅན་དུ་འཇུག་པ་ཡིན་ལ། སེམས་དེ་ལ་དེ་ལྟར་གཟུང་འཛིན་དུ་སྣང་བ་དེ་སྣང་ཙམ་དུ་ཡོད་པ་དང་། སྣང་བ་ལྟར་དོན་དུ་གྲུབ་པ་མེད་པ་དེ་ཕྱིར་སེམས་ལས་ཐ་དད་པའི་ཆོས་སྣ་ཚོགས་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་སེམས་ལ་སྣང་བ་ཙམ་ཡིན་པས་སེམས་ཙམ་དུ་གྲུབ་པ་ཡིན་ནོ། །དྲུག་པ་མཚན་ཉིད་ཡོངས་སུ་ཚོལ་བ་ནི། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། ཞེས་སོགས་ཚིགས་བཅད་བརྒྱད་ཀྱིས་བསྟན་ཏེ། སངས་རྒྱས་རྣམས་ཀྱི་སེམས་ཅན་ལ། ཤེས་བྱའི་རང་བཞིན་ལ་མི་རྨོངས་པའི་ཤེས་རབ་བསྐྱེད་པས་ཕན་གདགས་ཕྱིར་ནི་མཚན་གཞི་དང་། མཚན་ཉིད་དང་། མཚོན་པ་དག རབ་ཏུ་དབྱེ་བས་ཡང་དག་པར་བཤད་དོ། །དེ་གང་ཞེ་ན་མཚན་ཉིད་གསུམ་པོ་དེས་རང་རང་གི་ངོ་བོ་ཉིད་དམ་རང་བཞིན་དུ་མཚོན་པར་བྱ་བའི་གཞི་ནི་ཤེས་བྱ་གཞི་ལྔ་པོ་འདི་ཙམ་དུ་ཟད་དེ། གཟུགས་ཀྱི་གཞི་དང་། གཙོ་བོ་སེམས་ཀྱི་གཞི་དང་། འཁོར་སེམས་བྱུང་གི་གཞི་དང་། ལྡན་མིན་འདུ་བྱེད་ཀྱི་གཞི་དང་། འདུས་མ་བྱས་པའི་གཞིའོ། །གཟུགས་ཀྱི་གཞི་ནི་དབང་པོ་ལྔ་དང་དོན་ལྔ་སྟེ་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་པོའོ། །སེམས་ཀྱི་གཞི་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །སེམས་བྱུང་གི་གཞི་ནི་སེམས་བྱུང་ལྔ་བཅུ་ང་གཅིག་གོ །ལྡན་མིན་འདུ་བྱེད་ནི་ཐོབ་པ་དང་མ་ཐོབ་པ་ལ་སོགས་ཉེར་གསུམ་བཤད་པ་ལྟ་བུའོ། །འདུས་མ་བྱས་ནི་སོ་སོར་བརྟག་འགོག་དང་། བརྟག་མིན་གྱི་འགོག་པ་དང་། ནམ་མཁའ་དང་། དེ་བཞིན་ཉིད་བཞིའོ། །དེ་ལ་སེམས་ནི་ཞེས་པས་སེམས་ཀྱི་གཞི་བསྟན་ནོ། །ལྟ་བཅས་ཞེས་པས་སེམས་དེ་ཡུལ་ལ་ལྟ་བ་ལ་ཡུལ་དབང་ཡིད་བྱེད་གསུམ་ཚང་དགོས་པས་སེམས་བྱུང་རྣམས་དང་། དབང་པོ་ལྔ་དང་ཡུལ་ལྔ་བསྟན་ཏེ། ཡུལ་གྱི་རྣམ་པ་ཡིད་ལ་བྱེད་པས་སེམས་བྱུང་གི་གཞི་བསྟན། དབང་ལྔ་དང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་སྟེ་བཅུ་པོས་གཟུགས་ཀྱི་གཞི་བསྟན། དེའི་གནས་སྐབས་ཞེས་པས་སེམས་སེམས་བྱུང་དང་གཟུགས་ཀྱི་གནས་སྐབས་ལ། ཐོབ་པ་དང་མ་ཐོབ་པ་སྐལ་མཉམ་དང་སྲོག་དང་གང་ཟག་སོགས་སུ་བཏགས་པ་བེམ་ཤེས་གང་རུང་མིན་པའི་འདུས་བྱས་ཀྱི་ཆར་གཏོགས་པ་ལྡན་མིན་འདུ་བྱེད་ཀྱི་གཞི་བསྟན། མི་འགྱུར་བ་ཞེས་པས་རྒྱུ་མཚན་གྱིས་འདུས་མ་བྱས་པས་སྐྱེ་གནས་འཇིག་པ་གསུམ་དང་བྲལ་བས་དེའི་ངོ་བོ་ནམ་ཡང་གཞན་དུ་མི་འགྱུར་བ་འདུས་མ་བྱས་ཀྱི་གཞི་བསྟན་ཏེ་གཞི་ལྔ་པོ་འདི་ནི་མདོར་བསྡུས་ན་མཚན་གཞི་སྟེ། འདི་ལ་མ་འདུས་པའི་ཤེས་བྱའི་ཆོས་མེད་པས་ན་མཚན་ཉིད་གསུམ། གང་ལ་སྒྲུབ་པའི་མཚན་གཞིར་འདོད་དོ། །བློ་བརྟན་འགྲེལ་པ་ལས་སེམས་ནི་ཞེས་པས་སེམས་གཟུང་བར་སྣང་བ་དབང་ལྔ་ཡུལ་ལྔ་དང་། འཛིན་པར་སྣང་བ་རྣམ་ཤེས་ཚོགས་དྲུག་པོ་བསྟན། ལྟ་བཅས་ཞེས་པས་སེམས་བྱུང་རྣམས་བསྟན་ཏེ་གསལ་ཞིང་འཕྱོ་བའི་རང་བཞིན་གྱིས་ཡུལ་ལ་འཇུག་པའི་དོན་དུ་བཤད་པར་སྣང་། འགྱུར་ལ་ལར་མཚན་གཞི་ལ་མཚོན་བྱའང་ཟེར་ཏེ་མཚན་ཉིད་གསུམ་དུ་མཚོན་པ་བྱ་བ་ཡིན་པས་དེ་གཉིས་གོ་ཐོབ་གཅིག་པར་རུང་ངོ་། །དེ་དག་གི་ནང་གསེས་ཀྱི་མཚན་གཞིའི་དབྱེ་བ་བྱས་ན་ཚད་མེད་པ་ཡོད་དེ་རེ་རེ་ལ་ཡང་བྱེ་བྲག་ཚད་མེད་པ་ནི་སེམས་དང་གཟུགས་སོགས་སེམས་ཅན་གྱི་རྒྱུད་དང་། དུས་དང་ཡུལ་སྣ་ཚོགས་ཀྱིས་ཕྱེ་བས་ཤེས་བྱའི་གྲངས་བཞིན་དུ་མཐའ་མེད་པར་འགྱུར་རོ། །མཚན་གཞི་ལྔ་པོ་དེ་དག་གི་མཚན་ཉིད་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ཀུན་བརྟགས་དང་། གཞན་དབང་དང་ཡོངས་གྲུབ་གསུམ་སྟེ། འདི་གསུམ་ནི་ཆོས་དེ་དག་ལ་གཉིས་སུ་སྣང་བའི་ཆ་དང་། སྣང་བའི་རྒྱུ་དང་། གཉིས་སུ་མ་གྲུབ་པའི་ཆ་ནས་མཚན་ཉིད་དམ་ངོ་བོ་ཉིད་གསུམ་དུ་གནས་སོ།། དེ་གང་ཞེ་ན་དང་བོ་ཀུན་བརྟགས་ཀྱི་མཚན་ཉིད་ནི། ཇི་ལྟར་ཕྱི་རོལ་གྱི་དོན་མེད་བཞིན་དུ་ཀ་བུམ་སོགས་ཀྱི་མིང་གིས་བརྗོད་པའི་རྟོག་སྣང་ཙམ་ལ་དོན་དེ་དང་དེར་འདུ་ཤེས་ནས། འདི་ནི་ཀ་བ་འདི་ནི་བུམ་པའོ་ཞེས་པ་ལ་སོགས་པར་དོན་དུ་གྲུབ་པར་འཛིན་པའི་འདུ་ཤེས་ཀྱི་རྒྱུ་མཚན་ལས་ཀུན་བརྟགས་པ་འབྱུང་སྟེ་མིང་དང་མཚན་མའི་འདུ་ཤེས་འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་ཀྱི་ཕྱོགས་གཅིག་གོ ། དེ་བཞིན་དུ་དེ་དག་གི་སྤྲོས་པས་བག་ཆགས་ཀྱང་ཀུན་བརྟགས་སུ་བསྡུ་སྟེ་ཡང་དག་མིན་རྟོག་གི་རྒྱུ་ཡིན་པས་སོ། །ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་དེ་སྨིན་པ་ལས་ཀ་བུམ་རྟ་གླང་སོགས་ཀྱི་དོན་དེ་དང་དེ་དངོས་སུ་སྣང་བ་འབྱུང་སྟེ་བརྡ་ལ་བྱང་བ་རྣམས་ཀྱིས་དེ་མིང་དང་བསྲེས་ཏེ་འཛིན་ལ་བརྡ་མི་ཤེས་པས་མིང་མ་ཐོགས་ཀྱང་དོན་དེ་མིང་དང་འདྲེས་རུང་དུ་སྣང་བ་དེ་ཡང་ཀུན་བརྟགས་སོ། །མདོར་ན་གཉིས་སུ་སྣང་བ་ཆོས་སྣ་ཚོགས་ཀྱི་སྤྲོས་པའི་བག་ཆགས་སད་པ་ལས་གཉིས་སུ་སྣང་བའི་ཆོས་སྣ་ཚོགས་ལ་མིང་དང་མཚན་མར་བཟུང་ནས་སྣང་བ་ལྟར་མངོན་པར་ཞེན་པ་ནི་ཀུན་བརྟགས་པའི་མཚན་ཉིད་དོ། །ཀུན་ཏུ་བརྟགས་པ་ཞེས་པའི་ངེས་ཚིག་ནི། མིང་དང་དོན་ནི་ཇི་ལྟ་བར། མིང་དང་དོན་དུ་སྣང་བ་གང་ཞེས་པ། བུམ་པ་སོགས་ཀྱི་མིང་ནི་ཇི་ལྟ་བར་དོན་ལྟོ་ལྡིར་བའི་དངོས་པོ་ཉིད་དུ་སྣང་བ་སྐྱེ་སྟེ། དོན་དངོས་སུ་མ་མཐོང་ཡང་བུམ་པ་ཞེས་པའི་མིང་ཙམ་བརྗོད་པ་ལས་དོན་ལྟོ་ལྡིར་བའི་དངོས་པོ་ཡོད་པར་འཛིན་པ་མེད་དེ་ཡང་དག་མིན་རྟོག་གི་རྒྱུ་ཡིན་ལ། ལྟོ་ལྡིར་བའི་དངོས་པོ་མཐོང་ཚེ་འདི་ནི་བུམ་པའོ་ཞེས་མིང་ཡོད་པར་འཛིན་པ་ནི་དོན་དེ་ཡང་དག་མིན་རྟོག་གི་རྒྱུ་མཚན་དུ་སོང་བ་ཡིན་ཏེ། ཡང་དག་པ་ན་མིང་དོན་ལ་ངོ་བོ་ཉིད་ཀྱི་འབྲེལ་བ་གང་ཡང་མེད་ཀྱང་། མཚན་མའི་རྣམ་པར་སྣང་བའི་དོན་དེ་ལ་མིང་གློ་བུར་དུ་རྟོག་པས་སྒྲོ་བཏགས་པ་ཡིན་པས། ནམ་མིང་དྲན་པ་ན་དོན་དེ་བློ་ཡུལ་འཆར་བའང་མིང་ལ་དོན་དུ་སྒྲོ་བཏགས་པ་ཡིན་པས། དེ་ལྟར་མིང་དང་དོན་གྱི་མཚན་མ་ཕན་ཚུན་བསྲེས་ནས་འཛིན་པ་དེ་ཆོས་སྣ་ཚོགས་སོ་སོ་རིས་ཆད་དུ་འཛིན་པ་ཡང་དག་མིན་རྟོག་གི་རྒྱུ་མཚན་དུ་གྱུར་པ་ནི། གཟུང་བ་དང་འཛིན་པ་སྣ་ཚོགས་ཐ་དད་པ་གཉིས་འཛིན་གྱི་བློས་ཀུན་ཏུ་བཏགས་པ་ཡི་མཚན་ཉིད་དུ་འདོད་དོ། ། གཞན་དབང་གི་མཚན་ཉིད་གང་ཞེ་ན། རྣམ་གསུམ་རྣམ་གསུམ་སྣང་བ་ཅན་ཞེས་པས། རྣམ་གསུམ་སྣང་བ་དང་པོ་ནི་གནས་དོན་ལུས་ཀྱི་སྣང་བ་གསུམ་སྟེ་གཟུང་བ་གཟུགས་ཀྱི་ཕྱོགས་སོ། །རྣམ་གསུམ་སྣང་བ་ཕྱི་མ་ནི། ཡིད་དང་། འཛིན་པ་དང་། རྣམ་པར་རྟོག་པར་སྣང་བ་གསུམ་སྟེ་འཛིན་པ་སེམས་སེམས་བྱུང་གི་ཕྱོགས་སོ། །དེ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའོ། །དོན་ནི་ཕྱི་རོལ་གྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དྲུག་གོ །ལུས་སུ་སྣང་བ་ནི་མིག་རྣ་སྣ་ལྕེ་ལུས་དང་ཡིད་དབང་སྟེ་དབང་པོ་དྲུག་གོ །ཡིད་དུ་སྣང་བ་ནི་ཉོན་མོངས་པའི་ཡིད་དེ་ཀུན་གཞི་ལ་དམིགས་ནས་བདག་ཏུ་ལྟ་བའོ། །འཛིན་པ་མིག་གི་རྣམ་ཤེས་ནས་ལུས་ཀྱི་རྣམ་ཤེས་ཀྱི་བར་གྱི་སྒོ་ལྔའི་རྣམ་ཤེས་སོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་ཡུལ་སྣ་ཚོགས་ཡོངས་སུ་གཅོད་ཅིང་དེ་དང་དེར་རྣམ་པར་རྟོག་པར་བྱེད་པའི་ཕྱིར་རོ། ། སྣང་བ་ཕྱི་མ་གསུམ་འཛིན་པ་དང་སྔ་མ་གསུམ་གཟུང་བའི་མཚན་ཉིད་ཅན་དུ་འདོད་དེ། སྣང་བ་དྲུག་པོ་དེ་ཐམས་ཅད་ཀུན་གཞི་རྣམ་ཤེས་ལ་བག་ཆགས་ཀྱི་ཁམས་ཡོད་པ་སད་པ་ལས་རྨི་ལམ་ལྟར་སྣང་བ་ཙམ་ལས་གཟུང་འཛིན་ཐ་དད་དུ་གྲུབ་པ་མེད་ཀྱང་ཡོད་པ་ལྟར་གཉིས་སུ་སྣང་བའི་ཕྱིར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁམས་གསུམ་གྱི་སེམས་སེམས་བྱུང་རྣམས་ནི་གཞན་གྱི་དབང་གི་མཚན་ཉིད་དོ། ། ལང་ཀར་གཤེགས་པ་ལས་ཀྱང་། ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། ། དེ་ལྟར་ན་ཕྱི་དང་ནང་གི་ཆོས་སུ་སྣང་བ་ཐམས་ཅད་ཀྱི་གཞིར་གྱུར་པ་ཀུན་གཞིའི་རྣམ་ཤེས་ཚོགས་བདུན་གྱི་འཁོར་དང་བཅས་པའི་སེམས་སེམས་བྱུང་རྣམས་ལ་གཞན་གྱི་དབང་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་གཞན་དབང་གི་རྟེན་འབྲེལ་ལས་གཟུང་འཛིན་གྱི་ཆོས་སུ་སྣང་བའི་ཕྱིར་གཞན་དབང་ཞེས་མིང་དེ་སྐད་བརྗོད་པའོ། །ཡོངས་སུ་གྲུབ་པ་གང་ཞེ་ན། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་ལ་གཟུང་བ་དང་འཛིན་པའི་དངོས་པོ་ཀུན་བརྟགས་པའི་མཚན་ཉིད་མེད་པ་དང་། གཉིས་སྟོང་གི་མཚན་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ཡོད་པ་ཉིད་གང་ཡིན་པ་དང་། གཟུང་འཛིན་མེད་པ་ཉིད་ཀྱིས་དེ་བཞིན་ཉིད་ཡོད་པ་དང་། དེ་བཞིན་ཉིད་ཡོད་པས་གཟུང་འཛིན་གཉིས་མེད་པ་ཡིན་པས། ཡོད་པ་དང་མེད་པ་གཉིས་པོ་གང་བརྗོད་ཀྱང་དོན་གཅིག་ཏུ་ཁྱད་མེད་པར་འདྲ་ཞིང་མཉམ་པ་ཉིད་ཡིན་པ་ནི། གཟུང་འཛིན་གཉིས་རྣམ་བཅད་དུ་ཁེགས་པས་དེ་བཞིན་ཉིད་ཡོངས་གཅོད་དུ་གྲུབ་པ་དང་། དེ་བཞིན་ཉིད་ཡོངས་གཅོད་དུ་གྲུབ་ན་གཟུང་འཛིན་གཉིས་རྣམ་བཅད་ཀྱི་ཚུལ་དུ་ཁེགས་པས་དེ་འདྲའི་ཡོད་མེད་དོན་གཅིག་ཏུ་ཁྱད་མེད་པ་དང་། གློ་བུར་བའི་དྲི་མ་དང་འདྲེས་པའི་ཆ་ནས་མ་ཞི་བ་དང་། རང་གི་ངོ་བོའི་ཆ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བས་ཞི་བ་ཡིན་པ་དང་། རྟོག་གེའི་ཡུལ་མ་ཡིན་པར་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བས་རྣམ་པར་མི་རྟོག་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་གསུམ་པོ་དེ་གཞི་ལྔ་པོའི་སྟེང་དུ་ཡོད་པ་ཤེས་པར་བྱེད་པའམ་མཚོན་པར་བྱེད་པ་ནི་མཚོན་པར་རྣལ་འབྱོར་གྱིས་ལྔ་སྟེ། གཞི་དང་སྐྱེད་པའམ་བཞག་པ་དང་། མེ་ལོང་ལྟ་བུ་དང་། སྣང་བ་དང་། གནས་སམ་རྟེན་ཏེ་དེ་ལྔ་ཡི་སྒོ་ནས་ཆོས་རྣམས་ལ་སྒྲོ་བཏགས་ཙམ་དུ་ཤེས་པར་བྱ་བ་ཀུན་བརྟགས་ཀྱི་ཆ་ཇི་ལྟར་ཡོད་པ་དང་། གཟུང་འཛིན་དུ་སྣང་བའི་ཡང་དག་མིན་རྟོག་སྤང་བར་བྱ་བ་གཞན་དབང་གི་རྣམ་པ་ཇི་ལྟར་ཡིན་པ་དང་། སྦྱང་བར་བྱ་བའི་གཞི་ཡོངས་སུ་གྲུབ་པའི་ཆོས་ཉིད་ཇི་ལྟར་གནས་པ་གསལ་བར་བློའི་ཡུལ་དུ་མཚོན་ཅིང་ཤེས་པར་བྱེད་པ་ཡིན་ནོ། །ལྔ་པོ་དེ་ཇི་ལྟ་བུ་ཞིག་ལ་འདོད་ཅེ་ན་སངས་རྒྱས་རྣམས་ཀྱིས་བདག་མེད་རྣམ་གཉིས་ཐུགས་སུ་ཆུད་ནས་དེའི་དོན་ཇི་ལྟར་བ་བསྟན་པས་ན་གསུང་རབ་ཡན་ལག་བཅུ་གཉིས་ནི་རྒྱུ་མཐུན་པའི་ཆོས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་རྟོགས་པའི་ཆོས་དེ་དང་མཐུན་པའམ། དེ་ཐོབ་བྱེད་ཀྱི་རྒྱུ་ཡིན་པས་རྒྱུ་མཐུན་ཞེས་བྱ་ལ། གང་ཟག་གང་ཞིག་དེ་ཁོ་ན་ཉིད་རྟོགས་པར་འདོད་པས་ཐོག་མར་ཚོགས་ལམ་དུ་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་ཆོས་གསུང་རབ་རྣམས་ལེགས་པར་ཉན་པ་དང་དེ་དག་གི་དོན་ལ་སེམས་པ་དང་སྒོམ་པར་བྱེད་པས་དམིགས་པར་བྱེད་པ་ནི་གཞི་ཞེས་བྱ་སྟེ། བསྟན་པ་ལ་འཇུག་པའི་ཐོག་མའི་རྒྱུའམ་མཚོན་པ་རྣལ་འབྱོར་གྱི་ས་ཕྱི་མ་དག་འབྱུང་བའི་གཞི་ནི་འདི་ཡིན་པས་དེ་ལྟར་གསུང་རབ་ཀྱི་དོན་ལ་དམིགས་ནས་ནི། ཚུལ་བཞིན་ཡིད་ལ་བྱེད་པ་དང་ཞེས་པས་གཞག་པའམ་སྐྱེད་པའི་གཞི་བསྟན་ཏེ། སྦྱོར་བའི་ལམ་དུ་ཚུལ་བཞིན་ཡིད་ལ་བྱེད་པའི་བསྒོམ་བྱུང་གི་ཉམས་མྱོང་གིས་དྲོད་ཀྱི་ཚེ་ན་ཆོས་རྣམས་མིང་གིས་བརྗོད་དུ་མེད་པ་དང་། རྩེ་མོའི་ཚེ་ན་དོན་རྣམས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པ་དང་། བཟོད་པའི་ཚེ་ན་གཟུང་བ་མེད་པ་དང་། ཆོས་མཆོག་གི་ཚེ་ན་འཛིན་པ་མེད་པར་རྟོགས་ཏེ་རིམ་པས་དེ་བཞིན་ཉིད་ལ་ངེས་པའི་ཤེས་པ་ཇེ་བཟང་ཇེ་གསལ་དུ་འཕེལ་པ་ནི་སྐྱེད་པའི་གཞི་ཞེས་བྱ་སྟེ་མཐོང་ལམ་སྐྱེད་པའི་ཕྱིར་རོ། ། ཡང་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བློ་བཞག་པའི་ཕྱིར་བཞག་པ་ཞེས་ཀྱང་བྱ་སྟེ། དེས་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་བག་ཆགས་སེམས་ལ་བཞག་པའི་ཕྱིར་རོ། །མེ་ལོང་ལྟ་བུ་ནི་སེམས་ཀྱི་དབྱིངས་ལ་གནས་པ་དང་། ཞེས་པས་བསྟན་ཏེ། གཞན་དབང་གི་སེམས་ཀྱི་དབྱིངས་ནི་གཉིས་སྟོང་གི་དེ་བཞིན་ཉིད་ཡིན་པས་དེ་ལ་མངོན་སུམ་དུ་གནས་པ་ནི་མཐོང་ལམ་ས་དང་པོའི་ཚེ་ན་ཡིན་ཏེ། ཇི་ལྟར་མེ་ལོང་གི་ནང་དུ་གཟུགས་བརྙན་གསལ་བར་སྣང་བ་དང་འདྲ་བར་ཡེ་ཤེས་དེས་ཤེས་བྱ་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མངོན་སུམ་གསལ་བར་མཐོང་བས་སོ། ། ཁ་ཅིག་མེ་ལོང་ལྟ་བུ་ནི་ཚོགས་ལམ་ཆེན་པོ་ནས་ཆོས་མཆོག་གི་བར་དུ་སྟོང་ཉིད་དོན་སྦྱིའི་རྣམ་པས་རྟོགས་པ་ལ་གནས་པར་འཆད་ཀྱང་བློ་བརྟན་འགྲེལ་བར་ས་དང་པོ་ལ་བཤད་པ་ཉིད་ལེགས་སོ། །སྣང་བ་ནི་དོན་ཡོད་པ་དང་མེད་པར་མཐོང་ཞེས་པས་བསྟན་ཏེ། ས་གཉིས་པ་ནས་བཅུ་བའི་བར་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དོན་ཡོད་པར་མཐོང་། མེད་པ་ལ་མེད་པར་མཐོང་བ་ནི་དངོས་པོའི་རང་བཞིན་ཕྱིན་ཅི་མ་ལོག་པར་སྣང་བ་ཡིན་པས་སྣང་བ་ཞེས་བྱ་སྟེ། དོན་ཡོད་པ་ནི་གཞན་དབང་ཀུན་རྫོབ་ཀྱི་མཚན་ཉིད་ཅན་དུ་ཡོད་པ་དང་། ཡོངས་གྲུབ་དོན་དམ་པའི་མཚན་ཉིད་ཅན་དུ་ཡོད་པ་ལ་དེ་གཉིས་དེ་ལྟར་ཡོད་པར་མཐོང་། ཀུན་བརྟགས་ནི་བློ་འཁྲུལ་བས་གཟུང་བ་ཡིན་པས་རི་བོང་གི་རྭ་ལྟར་མེད་པར་མཐོང་བའོ། ། གནས་སམ་རྟེན་ནི། དེ་ན་མཉམ་པ་ཉིད་དུ་འགྱུར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། མཐར་ཐུག་པ་སངས་རྒྱས་ཀྱི་ས་དེ་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འགྱུར་ཏེ། ཟག་མེད་ཀྱི་དབྱིངས་སུ་ཞུགས་པའི་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་མཉམ་པ་ཉིད་དུ་གྱུར་ཞིང་ཆོས་ཐམས་ཅད་ཀྱང་དེ་བཞིན་མཉམ་པ་ཆེན་པོའི་ངོ་བོར་རོ་གཅིག་ཏུ་ཐུགས་སུ་ཆུད་པའོ། ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་རང་བཞིན་རྣམ་དག་ལ་འཕགས་པའི་རིགས་ཞེས་བྱ་སྟེ་བདེ་གཤེགས་སྙིང་པོ་དང་ཡང་དག་མཐའ་ཞེས་ཀྱང་བྱའོ། །དབྱིངས་དེ་སྒྲིབ་གཉིས་ཀྱི་དྲི་མ་དང་བྲལ་བས་ཤིན་ཏུ་དྲི་མ་མེད་པར་གནས་གྱུར་ཅིང་ཉོན་སྒྲིབ་སྤང་བའི་རྣམ་གྲོལ་ཙམ་ཉན་རང་ལ་ཡོད་པས་དེ་ཙམ་གྱི་ཆ་ནས་མཉམ་པ་དང་། ཁྱད་པར་ལྔས་ཉན་རང་ལས་འཕགས་པ་དང་། ཀུན་ཉོན་འགག་པས་ཆོས་ཀྱི་དབྱིངས་འབྲི་བ་མེད་ཅིང་། རྣམ་བྱང་འཕེལ་བས་ཆོས་དབྱིངས་འཕེལ་པ་མེད་པས་རྟག་ཏུ་འཕེལ་འགྲིབ་བྲི་གང་མེད་པར་མཉམ་པར་ཉིད་ལས་མི་གཡོ་བ་ཞི་གནས་སམ་རྟེན་ཞེས་བྱའོ། །རྣམ་གྲོལ་ནི་རྟེན་ཀུན་ཏུ་འགྲོ་བ་ཅན་ཡིན་པས་ཉན་རང་རྣམས་ཀྱང་འཁོར་བ་ལས་གྲོལ་བ་ཡིན་པས་དེའི་རྣམ་གྲོལ་དེ་ལྟ་བུ་སངས་རྒྱས་ལ་ཡང་ཡོད་པས་མཉམ་ན་ཡང་། སངས་རྒྱས་ཀྱི་རྣམ་གྲོལ་ནི་ཁྱད་པར་དུ་འཕགས་པ་རྣམ་པ་ལྔ་སྟེ། རྣམ་པར་དག་པའི་ཁྱད་པར་དང་། ཞིང་ཡོངས་སུ་དག་པ་དང་། ཆོས་ཀྱི་སྐུ་ཐོབ་པ་དང་། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པ་དང་། ཕྲིན་ལས་རྒྱུན་མི་འཆད་པ་ལྔ་ལས། དང་པོ་ཉན་རང་རྣམས་ཤེས་བྱའི་སྒྲིབ་པ་མ་སྤངས་པས་སངས་རྒྱས་ལྟར་རྣམ་པར་དག་པ་མིན་ལ་དེར་མ་ཟད། དེ་དག་གིས་ཉོན་མོངས་པའི་ས་བོན་སྤངས་ཀྱང་བག་ཆགས་ཕྲ་མོ་མ་སྤངས་པས། དགྲ་བཅོམ་པ་ཐོབ་ཀྱང་སྔོན་སྤྲེའུར་གྱུར་པའི་བག་ཆགས་ཀྱིས་སྤྲེལ་ལྟར་མཆོངས་རྒྱུག་བྱེད་པ་དང་། སྔོན་སྨད་འཚོང་མར་གྱུར་པའི་བག་ཆགས་ཀྱི་རང་གི་བྱད་ལ་ལྟ་བའི་ཕྱིར་མེ་ལོང་དང་ལྷུང་བཟེད་ཀྱི་ངོས་ལ་ལྟ་བ་ལྟ་བུ་སོགས་ཉོན་མོངས་མེད་ཀྱང་དེའི་བག་ཆགས་ཀྱི་ཆ་ཡོད་ལ་སངས་རྒྱས་ལ་སྒྲིབ་གཉིས་ཀྱི་བག་ཆགས་ཕྲ་མོ་ཡང་མི་མངའ་བས་རྣམ་པར་དག་པ་ཁྱད་པར་འཕགས་པ་དང་། སངས་རྒྱས་ཀྱི་ཞིང་སྦྱང་བས་རིན་པོ་ཆེའི་ས་གཞི་དང་། དཔག་བསམ་གྱི་ཤིང་དང་། བདུད་རྩིའི་ཆུ་བོ་སོགས་ཞིང་ཡོངས་སུ་དག་པའི་བཀོད་པ་སྟོན་ནུས་ལ་ཉན་ཐོས་ཀྱིས་མི་ནུས་པས་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་། སངས་རྒྱས་རྣམས་བདག་མེད་གཉིས་རྟོགས་པས་དེ་བཞིན་ཉིད་མཉམ་པ་ཆེན་པོའི་ཆོས་ཀྱི་སྐུ་ཐོབ་ལ། ཉན་རང་རྣམས་ལ་གང་ཟག་གི་བདག་མེད་པ་རྟོགས་པའི་རྣམ་པར་གྲོལ་བའི་ལུས་ཙམ་ལས་མེད་དོ། །སངས་རྒྱས་རྣམས་ས་བཅུའི་བྱང་སེམས་ཀྱི་འཁོར་དང་ལྷན་ཅིག་སྲིད་པ་ཇི་སྲིད་དུ་རྒྱུན་མི་འཆད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པའི་སྐུ་བརྙེས་པ་དེ་ལྟ་བུ་ཉན་རང་ལ་མེད་པ་དང་། སངས་རྒྱས་རྣམས་མཆོག་གི་སྤྲུལ་སྐུ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་རྣམ་པར་རོལ་པས་སེམས་ཅན་ཐམས་ཅད་ལ་ཕྱི་མའི་མཐའི་བར་དུ་ཕན་བདེ་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པ་དེ་ལྟ་བུ་ཉན་རང་ལ་མེད་དོ། །མཚོན་པ་རྣལ་འབྱོར་གྱི་ས་ལྔ་པོ་དེའི་སྔ་མ་བཞི་རྒྱུ་ཡི་རྣལ་འབྱོར་ཡིན་ལ། ཕྱི་མ་གཅིག་ནི་འབྲས་བུའི་རྣལ་འབྱོར་གྱི་ས་ཡིན་ནོ། །རྣལ་འབྱོར་ཞེས་པ་ཞི་ལྷག་ཟུང་དུ་འབྲེལ་བའི་དོན་ཡིན་ལ། རྣལ་འབྱོར་གྱི་ས་ལྔ་པོ་དེས་མཚན་ཉིད་གསུམ་མཚན་གཞི་ལྔའི་སྟེང་དུ་མཚོན་པར་བྱེད་དེ། ཕུང་པོ་ལྔ་དང་འདུས་མ་བྱས་དེ་བཞིན་ཉིད་དང་བཅས་པའི་ཆོས་རྣམས་ལའང་། བྱིས་པ་རྣམས་ཀྱིས་གཟུང་འཛིན་གཉིས་སུ་བཏགས་པ་དང་། གཉིས་སུ་སྣང་བ་དང་། གཉིས་སུ་མེད་པའི་དོན་གསུམ་པོ་ཤེས་པར་བྱེད་པས་སོ། །ཁ་ཅིག་གཟུགས་དང་ལྡན་མིན་ཀུན་བཏགས། སེམས་སེམས་བྱུང་གཞན་དབང་། འདུས་མ་བྱས་ཡོངས་གྲུབ་ཅེས་གཞི་ལྔ་ལ་སོ་སོར་སྦྱར་བ་ཡོད་ཀྱང་ཅུང་མི་ལེགས་ལ། ལྔ་པོ་རེ་རེ་ལ་ཡང་གསུམ་ག་ཡོད་དེ། ཀུན་བཏགས་ཀྱི་གཟུགས་དང་། གཞན་དབང་གི་གཟུགས་དང་། ཆོས་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་གཟུགས་སམ་གཟུགས་ཀྱི་ཆོས་ཉིད་གསུམ་ཕྱེ་བ་ལྟར་ཀུན་ལ་ཤེས་པར་བྱའོ། །བདུན་པ་རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ནི། ས་བོ ན་གཞན་དུ་གྱུར་པའི་ཕྱིར་ཞེས་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། འཕགས་པའི་ལམ་གྱིས་ཉོན་མོངས་པ་དང་སྡུག་བསྔལ་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་སུམ་བྱས་པ་ནི་རྣམ་པར་གྲོལ་བ་ཡིན་ལ་ཐབས་གང་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེས་བརྟགས་པ་ནི་རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ཞེས་བྱའོ། ། དེ་ལ་ཉོན་ཤེས་ཀྱི་སྒྲིབ་པའི་བག་ཆགས་སམ། གཟུང་བ་འཛིན་པའི་བག་ཆགས་སྣ་ཚོགས་པ་ཀུན་གཞིའི་རྣམ་ཤེས་ལ་ཡོད་པས་དེ་ནི་ས་བོན་ཐམས་ཅད་པ་ཞེས་བྱ་སྟེ། དེ་ལྟ་བུའི་ས་བོན་དུ་གྱུར་པའི་ཀུན་གཞི་དེ་གཟུང་འཛིན་གྱི་དྲི་མ་དང་བྲལ་ཏེ་གནས་གཞན་དུ་གྱུར་པའི་ཕྱིར་ན་དེ་ལས་སྣང་པའི་ཆོས་རྣམ་པ་གསུམ་ཡང་གནས་འགྱུར་ཏེ། གནས་སྣོད་དུ་སྣང་བ་དང་། དོན་ཡུལ་དྲུག་ཏུ་སྣང་བ་དང་། ལུས་སུ་སྣང་བ་དབང་པོ་དྲུག་དག་གནས་གཞན་དུ་གྱུར་པ་ན་སྣོད་མ་དག་པ་ངམ་གྲོག་གཡང་ས་ཚེར་མ་ཅན་སོགས་མ་ཡིན་པར་རིན་པོ་ཆེའི་རང་བཞིན་གྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། ཡུལ་རྣམས་དཔག་བསམ་གྱི་ཤིང་དང་བདུད་རྩིའི་རྫིང་བུ་སོགས་ཡིད་དུ་འོང་བའི་ལོངས་སྤྱོད་ཟག་མེད་ཀྱི་འདོད་ཡོན་དྲུག་དང་། ལུས་སངས་རྒྱས་ཀྱི་སྐུ་ལྟ་བུ་དང་། དབང་པོ་རེ་རེས་ཀྱང་དབང་པོ་ཐམས་ཅད་ཀྱི་དོན་བྱེད་ནུས་པ་དང་། ཡོན་ཏན་བརྒྱ་རྩ་བཅུ་གཉིས་དང་ལྡན་པའི་ཡོངས་སུ་དག་པའི་ལུས་ཕུན་སུམ་ཚོགས་པ་རྡོ་རྗེ་ལྟ་བུ་སྟོབས་དཔག་ཏུ་མེད་པར་འགྱུར་རོ། །ཀུན་གཞི་གནས་འགྱུར་པ་ཟག་པ་མེད་པའི་དབྱིངས་དེ་ནི་རྣམ་པར་གྲོལ་བའི་གནས་སམ་རྟེན་ཡིན་པས་གནས་གྱུར་གྱི་ཡོན་ཏན་ཀུན་ལ་ཁྱབ་བྱེད་དུ་འགྲོ་བ་ཡིན་ནོ། ། ཡང་ན་རྣམ་པར་གྲོལ་བའི་དབྱིངས་དེར་ཉན་རང་བྱང་སེམས་ཐམས་ཅད་འཇུག་པས་རྟེན་ཀུན་ཏུ་འགྲོ་བ་ཡང་བཤད་དོ། །ཉོན་མོངས་པའི་ཡིད་དང་འཛིན་པ་སྒོ་ལྔའི་རྣམ་ཤེས་དང་། རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་གསུམ་གནས་གཞན་དུ་གྱུར་ཕྱིར་རིམ་པ་ལྟར་ཉོན་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་པར་འགྱུར་ཏེ། གནས་མ་གྱུར་བའི་དུས་ན་ཀུན་གཞི་ལ་བདག་ཏུ་དམིགས་ཀྱང་གནས་གྱུར་པའི་ཚེ་ཀུན་གཞི་གནས་གྱུར་པ་རྣམ་པར་མི་རྟོག་པ་ལ་དེས་དམིགས་པའི་ཕྱིར་མི་རྟོག་ལ་དབང་བ་ཐོབ་པ་དང་། འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་གྱུར་ན་ཐ་མལ་མ་དག་པའི་སྤྱོད་ཡུལ་མི་སྣང་བར་ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། རྣམ་པར་རྟོག་པ་ཡིད་ཀྱི་རྣམ་ཤེས་གནས་གྱུར་ན་ཡེ་ཤེས་དང་ལས་གཉིས་པོ་དག་ལ་དབང་བར་འགྱུར་ཏེ། སོ་སོར་ཡང་དག་པར་རིག་པ་བཞི་ཐོབ་པས། ཡེ་ཤེས་ལ་དབང་བ་དང་། མངོན་པར་ཤེས་པའི་མཐུས་འཕྲིན་ལས་ལ་དབང་ཐོབ་བོ། །གོང་དུ་གནས་གྱུར་གྱི་སྐབས་སུའང་འདི་དང་མཚུངས་པར་གསུངས་སོ། ། དེ་ལྟར་དབང་ནི་རྣམ་པ་བཞི་འཐོབ་པ་ཡིན་ནོ། །དབང་བཞི་པོ་དེ་ས་བརྒྱད་པ་མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་ནི་དབང་རྣམ་པ་བཞི་ཐོབ་སྟེ། གཅིག་སྟེ་ས་བརྒྱད་པ་ལ་དབང་དང་པོ་མི་རྟོག་པ་དང་ཞིང་ལ་དབང་བ་གཉིས་ཐོབ་ལ་དེ་ལས་གཞན་ས་དགུ་པར་ཡེ་ཤེས་ལ་དབང་བ་དང་། བཅུ་པ་ལས་ལ་དབང་བ་ཐོབ་པས། ས་དེ་གཉིས་དབང་རེ་རེར་འདོད་པ་ཡིན་ནོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་ཁམས་གསུམ་སྲིད་པར་གཏོགས་པའམ་ཡོད་པའི་ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉི་ག་ཡང་རོ་གཅིག་ཁོང་དུ་ཆུད་པར་གྱུར་ལ་ཞེས་པས་ཀུན་བརྟགས་པའི་བདག་གཉིས་མེད་པར་ཤེས་པས་སྒྲོ་འདོགས་ཀྱི་མཐའ་བསལ་བའོ། ། བདག་མེད་རྟོགས་པ་དེ་ཡང་རྣམ་པ་ཐམས་ཅད་དུ་མེད་པ་ཙམ་གྱི་སྟོང་རྐྱང་མ་ཡིན་པར། སྒྱུ་མ་ལྟ་བུའི་གཞན་དབང་ཉིད་བདག་གཉིས་ཀྱིས་སྟོང་པའི་ཡོངས་གྲུབ་དེ་བཞིན་ཉིད་དང་ཐ་དད་མེད་པར་མཉམ་པར་ཤེས་པ་ནི་སྐུར་འདེབས་ཆད་པའི་མཐའ་བསལ་བའོ། །དེ་ལྟར་དབུ་མའི་ལམ་ཤེས་ནས་བྱང་སེམས་དེ་ནི་ལམ་དེ་ལ་དེ་ལྟར་འཛིན་པའི་སེམས་ཙམ་གྱི་སྒོ་ནས་དེ་ཁོ་ན་ཉིད་ལ་འཇུག་ཅིང་དེ་ལྟར་བློས་ཡང་ཡང་གོམས་པར་བྱེད་པ་ཡིན་ནོ། །འདི་ནི་སེམས་ཙམ་གྱི་སྒོ་ནས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་འདི་དྲོད་ནས་བཟོད་པའི་བར་དུའོ། །དེ་ནས་སེམས་ཙམ་དུ་རིག་པ་དེ་ལ་ཡིད་གནས་པའི་ཕྱིར་ན་ཇི་ལྟར་གཟུང་བར་སྣང་ཡང་གཟུང་བའི་ངོ་བོ་མེད་པ་དེ་བཞིན་སེམས་ཙམ་གྱིས་འཛིན་པར་སྣང་ཡང་འཛིན་པ་ཉིད་ཀྱང་གཟུང་བ་བཞིན་དུ་མེད་པར་རྟོགས་ནས་ཆོས་མཆོག་གི་ཏིང་ངེ་འཛིན་ཐོབ་པ་དེ་ལ་འཛིན་པ་དེ་མི་སྣང་ངོ་། །གཟུང་བ་དང་འཛིན་པ་གཉིས་ཀ་མགོ་མཉམ་དུ་དེ་དང་དེར་ཡོངས་སུ་གྲུབ་པ་མེད་པར་མཐོང་ནས་གཟུང་འཛིན་གྱི་སྤྲོས་པ་དེ་རྣམ་པ་ཀུན་ཏུ་མི་སྣང་བ་ནི་རྣམ་པར་རྟོག་པ་མཐའ་དག་ལས་གྲོལ་ཏེ་འཕགས་པའི་ཡེ་ཤེས་མཆོག་ཏུ་དམིགས་པ་ཀུན་དང་བྲལ་བ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གང་ཡིན་པའོ། །ཡང་རྣམ་པར་གྲོལ་བའི་རྣམ་གྲངས་གཞན་བསྟན་པ། སྔོན་ཚོགས་གཉིས་བསྐལ་བ་གྲངས་མེད་གཅིག་ཏུ་བསགས་པ་དང་ལྡན་པའི་ཚེ་འདིར་ཐེག་ཆེན་གྱི་ཆོས་ཐོས་བསམ་བསྒོམ་གསུམ་བྱས་པའི་ཚོགས་ཀྱི་གཞི་དང་། མོས་སྤྱོད་དུ་མི་རྟག་པ་དང་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྐྱེད་པའི་ས་དེ་གཉིས་ཡོད་ན། རྒྱུ་དེ་ལས་སྦྱོར་ལམ་དྲོད་དང་རྩེ་མོ་ཐོབ་པའི་དུས་སུ། ཆོས་ཐམས་ཅད་སེམས་ཀྱིས་མིང་གིས་བཏགས་པ་ཙམ་ལས་དོན་རང་མཚན་པ་མེད་པར་རྣམ་པར་རྟོག་པ་ཙམ་དུ་ནི་མཐོང་བར་འགྱུར་རོ། ། དེ་ལྟར་བཏགས་བྱའི་ཆོས་མེད་པར་ཀུན་ཏུ་རྟོག་པས་མིང་བཏགས་པ་ཙམ་གྱི་མིང་གཟུགས་ཀྱི་ཟླས་ཕྱེ་བའི་མིང་གཞིའི་ཕུང་པོ་སེམས་སེམས་བྱུང་ཙམ་ལས་ཕྱི་རོལ་ཏུ་གྱུར་པའི་དོན་མེད་པར་ཤེས་པ་ནི་སྦྱོར་ལམ་བཟོད་པ་ཐོབ་པའི་ཚེ་ན། ཕྱི་རོལ་དོན་གྱིས་དབེན་པ་བཟོད་པ་དེར་མཐོང་ནས། མིང་ཙམ་མམ་སེམས་ཙམ་དུ་འཛིན་པ་ཕྱི་ནས་ཏེ་ཆོས་མཆོག་གི་དུས་སུ་མི་མཐོང་ངོ་། །དེ་ལྟར་གཟུང་འཛིན་གཉིས་མ་མཐོང་བས་མེ་ལོང་ལྟ་བུ་དང་སྣང་བ་འབྱུང་ཞིང་མཐར་སངས་རྒྱས་ཀྱིས་མཉམ་པར་ཉིད་ཐོབ་པས་རྣམ་པར་གྲོལ་བ་ཡིན་ནོ། །ཡང་རྣམ་པར་གྲོལ་བའི་རྣམ་གྲངས་གཞན་བསྟན་པ། སེམས་ནི་ཞེས་པ་ཀུན་གཞིའི་རྣམ་ཤེས་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སེམས་དེ་གནས་ངན་ལེན་དང་བཅས་པ་སྟེ། ལུས་ཀྱི་གནས་ངན་ལེན་སྲོག་གཅོད་པ་སོགས་མི་དགེ་བ་དང་། སེམས་ཀྱི་གནས་ངན་ལེན་ཆགས་སྡང་གཏི་མུག་གོ །ཡང་ན་ཉོན་ཤེས་ཀྱི་སྒྲིབ་པའི་བག་ཆགས་ཀྱི་གནས་ངན་ལེན་གཉིས་སོ། །གནས་ངན་ལེན་གྱི་རྒྱུ་ནི་གང་ཟག་ལ་བདག་ཏུ་ལྟ་བ་དང་། ཆོས་ལ་བདག་ཏུ་ལྟ་བའི། བདག་ལྟའི་ཞགས་པས་སེམས་རབ་ཏུ་ཟིན་པར་གྱུར་ནས་ནི། འཁོར་བར་རབ་ཏུ་འཇུག་པར་འགྱུར་ཏེ་ཞེས། མདོར་ན་བདག་འཛིན་གཉིས་པོས་ཉོན་ཤེས་ཀྱི་སྒྲིབ་པ་བསགས་པའི་གནས་ངན་ལེན་དང་འབྲེལ་བའི་སེམས་དེ་ཇི་སྲིད་བདག་འཛིན་གཉིས་པོ་མ་སྤངས་པ་དེ་སྲིད་དུ་སེམས་ལ་བག་ཆག་བསགས་ཤིང་འཁོར་བར་འཇུག་ཅེས་སོ། །སེམས་དེ་ནང་དུ་གནས་ཕྱིར་ལྡོག་པ་འདོད་ཅེས་པ། སེམས་དེ་ཇི་ལྟར་ནང་དུ་གནས་ན། གཟུང་བ་ལ་ཞེན་ཅིང་རྣམ་པར་གཡེང་བའི་སེམས་ནང་དུ་སེམས་ལ་བསྡུས་ཏེ་ནང་དུ་ཡང་དག་པར་བཞག་པའི་ཞི་གནས་དང་། གཟུང་བ་མེད་པར་འཛིན་པའི་སེམས་ཙམ་དུ་རྟོགས་པ་དང་སེམས་ཀྱང་མེད་པར་རྟོགས་ནས་གཟུང་འཛིན་གཉིས་དང་བྲལ་བས་ནི་གནས་ངན་ལེན་གྱི་བག་ཆག་མི་གསོག་ཅིང་སེམས་འཁོར་བར་འཇུག་པ་ལས་ལྡོག་ཏེ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་སོ། །རྣམ་པར་གྲོལ་པའི་རྣམ་གྲངས་བཞི་བཤད་པ་འདི་རྣམ་གྲངས་གཞན་དང་གཞན་གྱི་སྒོ་ནས་རྣམ་པར་གྲོལ་བ་བསྟན་པ་ཙམ་ལས་བློ་བརྟན་འགྲེལ་པར་དོན་གཞན་མ་གསུངས་ཀྱང་། རྣམ་གྲངས་དང་པོ་ནི་གནས་འགྱུར་བའི་སྒོ་ནས་རྣམ་གྲོལ་གྱི་ངོ་བོ་བཤད་པ་དང་། གཉིས་པ་རྣམ་པར་གྲོལ་བའི་ལམ་གྱི་ངོས་ནས་བཤད་པ་དང་། གསུམ་པ་རྣམ་པར་གྲོལ་བ་འབྱུང་བའི་གོ་རིམས་ཀྱི་སྒོ་ནས་དང་། བཞི་པ་རྣམ་པར་གྲོལ་མ་གྲོལ་སེམས་ལ་རག་ལས་ཏེ། འཆིང་ན་སེམས་འཆིང་། གྲོལ་ན་སེམས་གྲོལ་བ་ཡིན་གྱི། ཕྱི་རོལ་པས་འདོད་པ་ལྟར་དབང་ཕྱུག་གི་དབང་བསྒྱུར་བ་སོགས་ཀྱིས་གྲོལ་བ་དང་། གཅེར་བུ་པས་ཐར་བ་གཟུགས་ཅན་དུ་གྱུར་པས་གྲོལ་བ་སོགས་མི་འཐད་དེ། སེམས་ཀྱི་འཆིང་བ་མ་སྤངས་པར་རྣམ་པར་གྲོལ་བ་ནམ་ཡང་མི་སྲིད་ལ། བདག་འཛིན་གཉིས་ཀྱི་འཆིང་བ་སྤངས་ན་གྲོལ་བ་ཡིན་ཞེས་རྣམ་གྲངས་བཞིས་རྣམ་གྲོལ་ཡོངས་སུ་བཙལ་པ་ཡིན་ནོ། །བརྒྱད་པ་ངོ་བོ་ཉིད་མེད་པ་ཡོངས་སུ་ཚོལ་བ་ནི། རང་དང་རང་གི་བདག་ཉིད་དུ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། མདོ་སྡེ་རྣམས་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རང་བཞིན་གྱིས་མྱ་ངན་འདས་པ་ཞེས་གསུངས་ན། དེའི་དོན་ངོ་བོ་ཉིད་གསུམ་དང་སྦྱར་ན་ཇི་ལྟར་ཡིན་ཚུལ་གསུངས་པ། ཆོས་ཐམས་ཅད་ཅེས་བྱ་བ་མདོར་བསྡུ་ན་ཀུན་བརྟགས་དང་། གཞན་དབང་ཡོངས་གྲུབ་ཏེ་ངོ་བོ་ཉིད་དམ་མཚན་ཉིད་གསུམ་པོ་འདིར་འདུའོ། ། དེ་ཡང་གཞན་གྱི་དབང་ནི་སེམས་སེམས་བྱུང་གཟུང་འཛིན་དུ་སྣང་བ་སྐད་ཅིག་མའི་རྒྱུན་ཅན་འདི་ཡིན་ལ། འདི་ལ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འགག་པ་གསུམ་ཡོད་པས་དེ་ལ་འདས་པ་འགགས་ཟིན་པ་ནི་ད་ལྟར་ཆོས་དེའི་རང་གི་ངོ་བོ་མེད་པའི་ཕྱིར་དང་། མ་འོངས་པ་ནི་ད་ལྟའི་དུས་སུ་རང་གི་བདག་ཉིད་དུ་མ་སྐྱེས་པས་མེད་པའི་ཕྱིར་དང་། གནས་བཞིན་པའི་ད་ལྟ་བ་ནི་རང་གི་ངོ་བོ་གྲུབ་ཟིན་པ་ལ་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་དངོས་པོ་མེད་པའམ་ངོ་བོ་མེད་པར་འདོད་དོ། །སྐྱེ་འགག་གི་སྒོ་ནས་ངོ་བོ་མེད་པར་བརྟགས་པ་འདི་ནི་ཉན་ཐོས་པ་རྣམས་ཀྱིས་ཀྱང་སྟོང་པ་དང་ངོ་བོ་ཉིད་མེད་པའི་དོན་འཆད་ཚེ་འདི་ལྟ་བུར་འཆད་དོ། ། ཡང་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་དུ་བཤད་ན། རང་དང་ཞེས་པ་གཞན་དབང་རྟེན་འབྲེལ་གྱི་སྣང་བ་འདི་དག་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ་རྒྱུ་རྐྱེན་ཚོགས་པའི་གཞན་དབང་ལས་སྐྱེ་བས་ན་སྐྱེ་བ་ངོ་བོ་ཉིད་མེད་པས་ན་ངོ་བོ་ཉིད་མེད་པར་བཤད་དེ། དེ་ནི་གྲངས་ཅན་པ་དག་གཙོ་བོ་ཡོད་པ་ལས་གཞན་རྣམས་སྐྱེ་ཞེས་སམ། འབྲས་བུ་རྣམས་རྒྱུའི་དུས་ན་ཡོད་པ་ཉིད་སྐྱེད་ཀྱི་མེད་ན་སྐྱེ་མི་རིགས་སོ་ཞེས་འདོད་པ་འགོག་པའི་དོན་དུའོ། །རང་གི་བདག་ཉིད་དུ་མེད་ཕྱིར་ཞེས་པ་ནི། དངོས་པོ་འགགས་པ་རྣམས་སླར་ཡང་སྔོན་གྱི་རང་བཞིན་དུ་སྐྱེ་བ་མེད་ཅེས་པའི་དོན་ཏེ་འདིས་ཞིག་པ་ནི་དངོས་པོ་འགགས་པ་ཙམ་ལས་མེད་ཅེས་བསྟན་ཏེ། གྲངས་ཅན་པ་རྣམས་ཀྱིས་དངོས་པོ་ཞིག་པ་ཡང་རྣམ་པ་ཐམས་ཅད་དུ་མེད་པར་སོང་བ་མ་ཡིན་གྱི་གཙོ་བོའི་ཀློང་དུ་བག་ལ་ཉལ་ནས་གནས་སམ་ཞེས་པ་དེ་ལྟ་བུ་མ་ཡིན་ཞེས་བསྟན་པའོ། །རང་གི་ངོ་བོ་ལ་མི་གནས་ཕྱིར་དང་ཞེས་པ་ད་ལྟར་གྱི་ཆོས་སྐྱེས་པ་ཐམས་ཅད་ཀྱང་སྐད་གཅིག་གཉིས་པར་མི་གནས་པའི་ཕྱིར་འདིས་ནི་གནས་པ་མེད་པར་བསྟན་ཏེ། མུ་སྟེགས་རྣམས་ཀྱིས་སྐད་ཅིག་གིས་འཇིག་པ་མ་ཡིན་ཏེ་སྐྱེ་ནས་ཅི་སྲིད་གཅིག་ཏུ་གནས་ཏེ་གཟོད་འཇིག་གོ་ཞེས་སྨྲས་པ་ལྟ་བུ་མ་ཡིན་ནོ་ཞེས་བསྟན་པའོ། །གཟུང་འཛིན་དེ་མེད་ཕྱིར་ཞེས་པ་ཀུན་བརྟགས་གཉིས་སུ་སྣང་ཞིང་དེ་ལྟར་གཉིས་སུ་བཏགས་པ་དེ་ལ་གཟུང་འཛིན་དང་གཙང་བདེ་རྟག་བདག་སོགས་ཕྱིན་ཅི་ལོག་ཏུ་བརྟགས་པ་ནི། ཐག་པ་ལ་སྦྲུལ་དུ་བཟུང་བ་ལྟར་འཁྲུལ་པའི་བློའི་ཞེན་ཡུལ་ཙམ་ལས་བློ་དེས་བཟུང་བ་ལྟར་ཅུང་ཟད་ཀྱང་ཡོད་མ་མྱོང་བས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལྟར་གཞན་དབང་དང་ཀུན་བརྟགས་ལ་ངོ་བོ་ཉིད་མེད་པར་འདོད་དོ། །ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་པ་སོགས་སྔ་མ་སྔ་མ་གྲུབ་པ་དེ་ཕྱི་མ་ཕྱི་མ་འགྲུབ་པའི་རྟེན་ཡིན་པས། འདི་ལྟར་ངོ་བོ་ཉིད་མེད་པ་ཡིས། སྐྱེ་བ་མེད་པ་འགྲུབ་སྟེ་གང་ངོ་བོ་ཉིད་མེད་པ་དེ་སྐྱེ་བ་ཡོད་པ་མི་རིགས་པས་སྐྱེ་བ་མེད་པར་འགྲུབ་བོ། ། སྐྱེ་བ་མེད་པ་ལ་འགག་པ་མེད་པ་དང་། གང་སྐྱེ་འགག་མེད་པར་དེ་ནི་གསར་དུ་སུས་ཀྱང་མ་བྱས་པར་གཟོད་ནས་ཞི་བར་གྲུབ་བོ། །གཟོད་ནས་ཞི་བ་ལ་སྡུག་བསྔལ་ཀུན་འབྱུང་ཡོད་མི་སྲིད་པས་རང་བཞིན་གྱིས་མྱ་ངན་ལས་འདས་པར་གྲུབ་བོ། ། དེ་ལྟ་ན་གཞན་དབང་ངོ་བོ་མེད་པའི་ཚུལ་གསུམ་དང་། ཀུན་བརྟགས་ངོ་བོ་མེད་ཚུལ་གཅིག་གིས་བསྟན་ནས་གཟུང་འཛིན་དུ་སྣང་བའི་ཆོས་ཐམས་ཅད་ངོ་བོ་མེད་པ་དེའི་ཕྱིར་ཆོས་ཐམས་ཅད་སྐྱེ་མེད་འགག་མེད་བཟོད་ནས་ཞི་བ་རང་བཞིན་གྱིས་མྱ་ངན་པས་འདས་པར་གསུངས་པ་ནི་ཡོངས་གྲུབ་བོ། །དེའི་ཕྱིར་གཞན་དབང་སྐྱེ་འགག་ཏུ་སྣང་ཡང་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་སྐྱེ་བར་སྣང་ཡང་རང་གི་ངོ་བོས་སྐྱེ་བ་མེད་པ་དང་། ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་སྐྱེ་བའམ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་དོན་དམ་པའི་རང་བཞིན་གདོད་ནས་གནས་ཀྱི་སྐྱེ་འགག་གི་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པ་དང་། སྐྱེ་འགག་མེད་པ་སོགས་སུ་གསུངས་པ་ཤེས་པར་བྱའོ། །དགུ་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་ཚོལ་བ་ནི། ཐོག་མ་དང་ནི་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། མདོ་སྡེ་རྣམས་ཀྱི་ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་ན་དེའི་མཚན་ཇི་ལྟ་བུ་ཡིན་ཞེ་ན། སྐྱེ་བ་མེད་པའི་ཆོས་བརྒྱད་ལ་བློས་བཟོད་པ་ནི་མི་སྐྱེ་པའི་ཆོས་ལ་བཟོད་པ་ཞེས་གསུངས་ཏེ། གང་ཞེ་ན་ཐོག་མ་སྐྱེ་བ་མེད་པ་ལ་བཟོད་པ་ནི། འཁོར་བའི་ཐོག་མ་འདི་ཙམ་ན་སྐྱེས་ཞེས་འཁོར་བ་ལ་ཐོག་མ་ཡོད་པར་འཛིན་པ་མི་རིགས་ཏེ། དབང་ཕྱུག་དང་ཚངས་པ་སོགས་བྱེད་པོ་གང་གིས་ཀྱང་འཁོར་བ་གསར་དུ་བསྐྱེད་པ་མ་ཡིན་པར། ཐོག་མ་མེད་པའི་དུས་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེས་པའི་ཕྱིར་དེའི་ཐོག་མ་མི་རྙེད་པས་འཁོར་བ་ལ་ཐོག་མའི་སྐྱེ་བ་མེད་དོ་ཞེས་བཟོད་ན་དོན་དེ་ལ་བཟོད་པ་ཐོབ་པ་དང་ནི། འཁོར་བ་འདི་ན་གང་སྔར་སྐྱེས་ཟིན་པ་དེ་ཉིད་སླར་མི་སྐྱེ་སྟེ་སྐྱེས་ཟིན་པ་འགགས་པ་གྱུར་པ་ནི་མེད་པ་ཡིན་པས་མེད་པ་སླར་སྐྱེ་བར་མི་རིགས་པས། སྐྱེས་ཟིན་དེ་ཉིད་སླར་མི་སྐྱེ་བ་ལ་བཟོད་པའི་རྣམ་གྲངས་གཉིས་པ་དང་། གཞན་ཉིད་ཞེས་པ། འཁོར་བ་འདི་ན་སྔར་ཡོངས་སུ་གྲགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་དེ་འདྲ་བ་ཡང་ཡང་སྐྱེ་བར་འགྱུར་གྱི། སྔོན་མེད་པའི་ཆོས་གསར་བ་ཕུང་ཁམས་སྐྱེ་མཆེད་དུ་མ་གཏོགས་པ་ཞིག་དང་སྔོན་མེད་པའི་སེམས་ཅན་གསར་དུ་སྐྱེ་བ་མེད་པ་ནི་རྣམ་གྲངས་གསུམ་པ་དང་ཀུན་བརྟགས་ནི་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་པ་སྟེ། རི་བོང་གི་རྭ་སྐྱེ་བ་མེད་པ་བཞིན་དུ་དེ་ཡང་སྐྱེ་བ་མེད་པར་བཟོད་པ་ནི་རྣམ་གྲངས་བཞི་པའོ། །གཞན་དབང་གི་རང་ཉིད་མི་སྐྱེ་སྟེ་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་སྐྱེ་བ་ཡིན་པའི་ཕྱིར་དེ་མི་སྐྱེ་བ་ལ་བཟོད་པ་རྣམ་གྲངས་ལྔ་པ་དང་། ཡོངས་གྲུབ་ནི་གཞན་དུ་འགྱུར་པའི་སྐྱེ་བ་མེད་པ་སྟེ་དེ་ནི་ནམ་མཁའ་བཞིན་དུ་ནམ་ཡང་གཞན་དུ་འགྱུར་མི་སྲིད་པར་བཟོད་པ་ནི་རྣམ་གྲངས་དྲུག་པའོ། །འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཐོང་སྒོམ་གྱིས་སྤང་བྱའི་ཉོན་མོངས་པ་མཐའ་དག་སྤངས་ནས་ཟད་པའི་ཡེ་ཤེས་ཐོབ་པ་ལ། སླར་ཀུན་ནས་ཉོན་མོངས་པ་ནམ་ཡང་མི་སྐྱེ་བར་ཤེས་ནས་དོན་དེ་ལ་བཟོད་པ་རྣམ་གྲངས་བདུན་པ་དང་། ཟད་མི་སྐྱེ་ཤེས་པ་ཁྱད་པར་བའམ་བྱེ་བྲག་པ་སངས་རྒྱས་རྣམས་ཀྱི་ཆོས་སྐུ་ལ་སྒྲིབ་གཉིས་སླར་སྐྱེ་བ་མེད་པའམ། ཡང་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རང་བཞིན་གཅིག་ཡིན་གྱི་ཐ་དད་དུ་མེད་པ་ལ། སྔོན་གྱི་སངས་རྒྱས་ཁ་ཅིག་གི་ཆོས་སྐུ་ཅི་འདྲ་བར་སྐྱེས། དེ་ལས་གཞན་པ་ཕྱིས་ཀྱི་སངས་རྒྱས་ཁ་ཅིག་གི་ཆོས་སྐུ་ཅི་འདྲ་བར་སྐྱེ་ཞེས་ཆོས་ཀྱི་སྐུའི་སྐྱེ་བ་ཐ་དད་པར་མི་མཐུན་པར་སྐྱེ་བ་མེད་པའི་ཕྱིར། དེ་འདྲའི་མི་སྐྱེ་བའི་ཚུལ་ལ་བཟོད་པ་ནི་རྣམ་གྲངས་བརྒྱད་པ་སྟེ། མི་སྐྱེ་བའི་རྣམ་གྲངས་བརྒྱད་བཤད་པ་དེའི་དོན་ལ་བཟོད་པ་ན་སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད་པའི་རྣམ་གྲངས་ཡིན་ནོ། །སྤྱིར་སྐྱེ་བ་མེད་པའི་ཆོས་ལ་བཟོད་ཚུལ་གྱིས་བཟོད་པ་ཐོབ་པའི་རྣམ་གྲངས་ཆུང་འབྲིང་ཆེན་པོ་གསུམ་བྱུང་སྟེ། སྦྱོར་ལམ་བཟོད་བ་ཐོབ་པའི་ཚེ་སྐྱེ་མེད་ཀྱི་དོན་ལ་དོན་སྤྱིའི་ཚུལ་གྱིས་བཟོད་པའི་བཟོད་པ་ཆུང་ངུ་དང་། མཐོང་ལམ་ས་དང་པོར་སྐྱེ་མེད་མངོན་སུམ་རྟོགས་པའི་བཟོད་པ་འབྲིང་གི་གནས་སྐབས་དང་། ས་བ རྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་དོན་ལས་མཉམ་རྗེས་ཀུན་དུ་མི་གཡོ་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པའོ།། བཟོད་པ་ཐོབ་པ་ཕྱིར་མི་ལྡོག་པའི་བྱང་སེམས་རྣམས་ལ་སངས་རྒྱས་སུ་ལུང་སྟོན་ཅིང་། ཁྱད་པར་ས་བརྒྱད་པ་ལ་ལུང་བསྟན་པའི་ས་ཞེས་ཀྱང་གསུངས། འོན་ཀྱང་དགོས་པའི་དབང་གིས་རིགས་ལ་གནས་པ་དང་། སེམས་བསྐྱེད་མ་ཐག་པ་ལ་ཡང་སངས་རྒྱས་སུ་ལུང་སྟོན་པ་ཡང་ཡོད་དོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་པ་ཆོས་ཀྱི་དབྱིངས་ལས་གཞན་དུ་གྱུར་པའི་ཆོས་མེད་པས་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་དོན་ལ་བཟོད་པ་ལ་གཙོ་བོར་བཤད་དོ། །བཅུ་པ་ཐེག་པ་གཅིག་ཏུ་བསྟན་པའི་དགོངས་པ་ཡོངས་སུ་ཚོལ་བ། ཆོས་དང་བདག་མེད་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། མདོ་ཁ་ཅིག་ལས་ཐེག་པ་གསུམ་དང་། ཁ་ཅིག་ལས་ཐེག་པ་གཅིག་ཡིན་པར་གསུངས་བ་དེ་དག་གི་དགོས་པ་གང་ཞེ་ན། མདོ་སྡེ་རྣམས་ལ་དྲང་དོན་དང་ངེས་དོན་གཉིས་ཡོད་པས། སེམས་ཙམ་པའི་ལུགས་ལ་ཐེག་གསུམ་དུ་བཤད་པ་ངེས་དོན་དང་། ཐེག་གཅིག་བཤད་པ་དྲང་དོན་དགོངས་པ་ཅན་ཡིན་པར་འདོད་པས་དེའི་དབང་དུ་བྱས་ན། མཐར་ཐུག་ཐེག་པ་གཅིག་ལས་མེད་པར་གསུངས་པ་དེ་ཅི་ལ་དགོངས་ནས་དེ་སྐད་བསྟན་ཅེ་ན། དོན་བདུན་ལ་དགོངས་པ་སྟེ། ལམ་ཐེག་པ་གསུམ་དང་འབྲས་བུ་བྱང་ཆུབ་གསུམ་མེད་པ་མ་ཡིན་ཡང་། ཐེག་པ་གསུམ་ལ་འཇུག་པ་པོ་དང་། ལམ་དང་འབྲས་བུ་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་གཅིག་ལས་མེད་པར་ཆོས་མཚུངས་པ་ལ་དགོངས་པ་དང་། ཐེག་པ་གསུམ་ལ་འཇུག་པ་པོའི་གང་ཟག་ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པར་མཚུངས་པ་ལ་དགོངས་པ་དང་། ཐེག་པ་གསུམ་ཀའི་འབྲས་བུ་ལས་ཉོན་སྡུག་བསྔལ་ལས་རྣམ་པར་གྲོལ་བར་རྣམས་མཚུངས་པ་ལ་དགོངས་པའི་ཕྱིར་དང་། མ་ངེས་པའི་རིགས་ཅན་ཐེག་པ་ཐ་དད་པ་ཉན་རང་ལམ་ལ་ཞུགས་པ་དག་ཐེག་པ་ཆེན་པོ་ལ ་འཇུག་པ་ཡོད་པ་ལ་དགོངས་པའི་ཕྱིར་དང་། སངས་རྒྱས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་མཉམ་པར་དགོངས་པའི་བསམ་པ་དང་། ཉན་རང་རིགས་ངེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་བཏང་བར་འདོད་པ་ལ་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་བདག་ཀྱང་སངས་རྒྱས་སུ་འགྱུར་རོ་སྙམ་པའི་བསམ་པ་རེ་ཞིག་རྙེད་པ་སྟེ། དེ་ལྟར་བསམ་པ་གཉིས་ཐོབ་པའི་ཕྱིར་དེ་ལ་དགོངས་པ་དང་། སངས་རྒྱས་ཀྱིས་སེམས་ཅན་ཐབས་དེས་འདུལ་བ་ལ་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པར་བསྟན་པ་ལ་དགོངས་ནས་ང་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ལྟ་བུ་སངས་རྒྱས་ཀྱི་སྤྲུལ་པ་དང་ཉན་ཐོས་རང་རྒྱུད་པ་གཉིས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པར་སྣང་བ་ཐེག་པ་གཅིག་པ་ཙམ་ལ་དགོངས་པའི་ཕྱིར་དང་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་ཀྱི་ཚུལ་དུ་སྤྲུལ་པ་རྣམས་ཀྱང་ཉན་ཐོས་ཀྱི་མྱ་ངན་འདས་པ་མངོན་དུ་མི་བྱེད་ཀྱི་སངས་རྒྱས་སུ་འབྱུང་བ་ཡང་དེ་བཞིན་ནོ། །མཐར་ཐུག་པའི་ཐེག་པ་ནི་ཐེག་པ་ཆེན་པོ་ཉིད་གཅིག་པུ་ཡིན་གྱི་གཞན་མ་ཡིན་པ་ལ་དགོངས་ནས་ཐེག་པ་གཅིག་ཉིད་ཡིན་གྱི་གསུམ་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་འགྲེལ་ཆེན་དུ་རྒྱས་བཤད་མཛད་ཀྱང་། རྒྱས་ཆེན་གོ་ཇེ་དཀའ་ལྟ་བུར་འགྱུར་དོགས་པས་དོན་གྱི་གནད་མདོར་བསྡུས་གོ་བདེར་བརྗོད་པའོ། །ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་ནི། ཉན་ཐོས་ཀྱི་རིགས་མ་ངེས་པ་དང་། རང་སངས་རྒྱས་ཀྱི་རིགས་མ་ངེས་པ་ཁ་ཅིག་དག་ནི་ཐེག་པ་ཆེན་པོ་ལ་དྲང་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་གཞན་དག་ཐེག་ཆེན་ལ་ཞུགས་ཀྱང་འཁོར་བ་འདིར་ཕན་བཏགས་ཀྱང་གནོད་པ་བྱེད་པ། གནོད་པ་མ་བྱས་ཀྱང་གནོད་པ་བྱེད་པ། དགོས་པ་མེད་པ་ཡང་སེམས་ཅན་ལ་གནོད་པར་བྱེད་པ་སོགས་སེམས་ཅན་རྣམས་ཀྱི་ཉེས་པ་མཐོང་ནས་འཁོར་བ་ལ་སྐྱོ་སྟེ། ཉན་ཐོས་ཀྱི་མྱང་འདས་ལ་འཇུག་པར་འདོད་པ་དག་ཐེག་ཆེན་ལས་ཕྱིར་མི་ལྡོག་པར་ཡང་དག་པར་གཟུང་བའི་ཕྱིར། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་མ་ངེས་པའི་རིགས་ཅན་རྣམས་ལ་ཐེག་པ་གཅིག་ཡིན་པར་བཤད་དོ། ། དེ་ལྟར་བཤད་པས་ཉན་ཐོས་ཀྱི་ལམ་ལ་ཞུགས་ཀྱང་རང་འབྲས་ཐོབ་པའི་རྗེས་སུ་ཐེག་ཆེན་ལ་ཅིས་ཀྱང་འཇུག་དགོས་པས་དང་པོ་ནས་ཐེག་ཆེན་ལ་ཞུགས་པ་བཏང་བར་མི་བྱའོ་སྙམ་དུ་བྱང་ཆུབ་སེམས་དཔའི་ལམ་ལས་མི་ལྡོག་པར་བྱེད། ཉན་ཐོས་ཀྱི་རིགས་མ་ངེས་པ་ནི་སྔོན་ཉན་ཐོས་ཀྱི་སྤྱོད་པ་སྤྱད་པས་དབང་གི་ཉན་ཐོས་ཀྱི་རིགས་ཞེས་བྱ་སྟེ། གཞན་གཉིས་ཀྱང་དེ་དང་འདྲའོ། །ཉན་ཐོས་ཀྱི་རིགས་མ་ངེས་པ་ཐེག་ཆེན་ལ་ཞུགས་ནས་འཚང་རྒྱ་བར་འགྱུར་བ་དེ་ལས་རྣམ་པ་གཉིས་ཡོད་པ་ཡིན་ཏེ། རང་གི་ཐེག་པའི་དོན་བདེན་པ་མཐོང་བ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གསུམ་དང་། བདེན་པ་མ་མཐོང་བ་སོ་སྐྱེས་མོས་སྤྱོད་པའི་གང་ཟག་གང་ཡིན་པའོ།། བདེན་དོན་མཐོང་བ་ལ་ཡང་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་། འདོད་ཁམས་ལ་འདོད་ཆགས་བྲལ་བ་མིན་པར་རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་བ་རྣམས་སོ། ། དེ་ལྟར་བདེན་མཐོང་འདོད་ཆགས་བྲལ་མ་བྲལ་འདི་གཉིས་ནི་ཐེག་ཆེན་ལ་ཞུགས་ཀྱང་དབང་པོ་རྟུལ་བོ་དང་དུས་རིང་པོ་ཞིག་གིས་འབྲས་བུ་སངས་རྒྱས་ཐོབ་པས། སོ་སྐྱེ་ཐེག་ཆེན་ལ་ཞུགས་པ་ལས་དམན་པའོ། །ཉན་ཐོས་འཕགས་པ་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་ནས་སྲིད་པར་མི་སྐྱེ་བར་བྱེད་པ་འཕགས་པའི་ལམ་ཐོབ་པ་དེ་ཐེག་ཆེན་ལ་ཞུགས་ན་འཁོར་བ་སྐྱེས་ནས་རྫོགས་སྨིན་སྦྱངས་པ་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བསྒྲུབ་དགོས་ན་སྲིད་པ་ཟད་བྱེད་ཀྱི་ལམ་ཐོབ་པ་དེ་དག་འཁོར་བར་ཇི་ལྟར་སྐྱེ་ཞེ་ན་བདེན་པ་མཐོང་བ་ཆགས་བྲལ་དང་ཆགས་བྲལ་མིན་པ་དེ་གཉིས་ཀྱིས་ཁམས་གསུམ་གྱི་སྲིད་པའི་གཉེན་པོ་འཕགས་པའི་ལམ་ཐོབ་པ་ཟག་མེད་ཀྱི་ལས་དེ་ཉིད་ཀྱིས་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་མི་བྱེད་པར་སླར་སྲིད་པ་དག་ཏུ་སྐྱེ་བའི་རྒྱུར་སྨོན་ལམ་གྱིས་སྒྱུར་བའི་ཕྱིར། རྟོག་གེས་བསམ་གྱིས་མི་ཁྱབ་པར་སྒྱུར་བ་ཡི་སྐྱེ་བ་དང་ནི་ཡང་དག་པར་ལྡན་ཏེ། ཚུལ་དེས་འཁོར་བར་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེས་ནས་རྫོགས་སྨིན་སྦྱང་གསུམ་ལ་འཇུག འཕགས་པའི་ལམ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྲིད་པ་ཟད་བྱེད་ཀྱི་གཉེན་པོ་ཡིན་པས་དེ་འཁོར་བར་སྐྱེ་བའི་རྒྱུར་ཇི་ལྟར་རུང་སྙམ་ན་བདེན་ཏེ་འཕགས་ལམ་འབའ་ཞིག་གིས་འཁོར་བར་སྐྱེ་བ་མིན་ཡང་། ཕྱིར་མི་འོང་བ་རྣམས་ལ་ཁམས་གོང་མའི་ཉོན་མོངས་ལྡན་པ་དང་། རྒྱུན་ཞུགས་དང་ཕྱིར་འོང་ལ་འདོད་པའི་ཉོན་མོངས་སྒོམ་སྤང་མ་ཟད་པ་དང་། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཡོད་པ་དེ་འཕགས་པའི་ལམ་འཁོར་བར་སྐྱེ་བར་བསྔོས་པའི་མཐུས་བུལ་ནས་ཉོན་མོངས་པའི་རྒྱུ་བྱས་ཏེ་འཁོར་བར་སྐྱེ་བར་འགྱུར་ཏེ་ཞེས་འགྲེལ་བར་གསུངས། འདིར་འཕགས་ལམ་ཐོབ་པ་ཟག་མེད་ཀྱི་ལས་ནི་ཟག་བཅས་སུ་ནམ་ཡང་བསྒྱུར་བ་མ་ཡིན་ཏེ་ཟག་མེད་ཟག་བཅས་དང་། དགེ་བ་སྡིག་པར་འགྱུར་མི་སྲིད་མོད། སྔར་ཟག་མེད་ཀྱི་ལམ་འདིས་འཁོར་བ་སྤངས་ནས་རང་ཉིད་ཞི་བ་མྱང་འདས་སུ་གཞོལ་བའི་བསམ་པ་དེ་བཏང་ནས། ད་འཁོར་བར་སྐྱེ་བར་བྱེད་པའི་སྨོན་ལམ་ཡོངས་སུ་བཟུང་བའི་མཐུས་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་མི་བྱེད་པའི་བསམ་གྱིས་མི་ཁྱབ་པར་སྒྱུར་བའི་སྐྱེ་བ་དང་ལྡན་པ་ནི་དེའི་སེམས་ཀྱི་སྨོན་པའི་དབང་གིས་སྐྱེ་བ་ལེན་ལ་དེ་ཡང་ཟག་མེད་ཀྱི་ལས་ཀྱི་དབང་གིས་ཕལ་བའི་སྐྱེ་བ་ལྟ་བུ་མ་ཡིན་པས་བསམ་གྱིས་མི་ཁྱབ་པར་སྒྱུར་བའི་སྐྱེ་བ་ཐོབ་པ་ཡིན་པར་གོ་བར་བྱའོ། །སངས་རྒྱས་ཀྱིས་ཉན་ཐོས་རིགས་མ་ངེས་པར་འདོད་པའི་འདོད་ཆགས་དང་མ་བྲལ་བ་རྣམས་ལ་ལྷག་མཐོང་གི་ལམ་འཁོར་བ་སྡུག་བསྔལ་དང་མྱང་འདས་ཞི་བར་བསྒོམ་པ་མྱང་འདས་ཐོབ་པ་དང་རྗེས་སུ་མཐུན་པ་བཏང་སྙོམས་སུ་བྱེད་དུ་བཅུག་ནས་འཁོར་བ་ལ་མངོན་དུ་ལྟ་བའི་སྙིང་རྗེ་ཆེན་པོ་བསྒོམ་པའི་ལམ་ལ་སྦྱོར་བར་མཛད་པས་དེ་དག་སྙིང་རྗེས་འཁོར་བར་སྐྱེ་བ་འཛིན་པ་ནི་སྲིད་པར་ཡོངས་སུ་བསྔོས་པ་ཞེས་བྱ་ལ། དེ་དག་བདེན་དོན་མཐོང་བའི་འཕགས་པ་ཡིན་པས་ཕལ་པ་ལྟར་ལས་ཉོན་གྱི་དབང་གིས་རང་དབང་མེད་པར་འཁོར་བ་ཡང་ཡང་སྐྱེ་བ་མ་ཡིན་པར་བསམ་གྱིས་མི་ཁྱབ་པར་སྒྱུར་བའི་སྐྱེ་བ་འཛིན་ཞེས་སོ། །ཇི་ལྟར་སྐྱེ་ན་འདོད་པའི་འདོད་ཆགས་མ་བྲལ་བ་དང་། བྲལ་བ་གཉིས་ལས། གཅིག་འདོད་ཆགས་དང་མ་བྲལ་པ་ནི། རྒྱུན་ཞུགས་དང་ཕྱིར་འོང་གཉིས་ཡིན་ལ། དེ་དག་སེམས་ཅན་སྡུག་བསྔལ་བ་ལ་སྙིང་རྗེའི་དབང་གིས་གང་དང་གང་དུ་སེམས་ཅན་གྱི་དོན་བྱ་བ་འདོད་པ་དེ་དང་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་གྱི་དབང་གིས་ན། དེ་དང་དེར་སྐྱེ་བ་མཚན་ཉིད་པ་རབ་ཏུ་སྒྲུབ་པར་བྱེད་དེ་སྐྱེས ་ནས་སེམས་ཅན་ལ་ཕན་པ་དང་བདེ་བ་བྱས་ནས་ཚོགས་གཉིས་བསགས་ཤིང་མཐར་འཚང་རྒྱ་བར་བྱེད་དོ། །ཅིག་ཤོས་འདོད་པའི་འདོད་ཆགས་དང་བྲལ་པ་འདོད་ཁམས་སུ་ཕྱིར་མི་འོང་པ་དང་ལྡན་པའི་ཕྱིར་རང་ཉིད་འདོད་ཁམས་སུ་མི་སྐྱེ་ཡང་ཏིང་ངེ་འཛིན་གྱི་སྤྲུལ་པས་འཁོར་བར་སྐྱེ་བ་བསྟན་ནས་ཚོགས་བསགས་སྒྲུབ་པར་བྱེད་ཅིང་མཐར་འཚང་རྒྱའོ། །ཉན་ཐོས་པའི་ལམ་གྱིས་བདེན་མཐོང་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་དེ་གཉིས་ཡང་དང་ཡང་དུ་ནི་སྔར་གོམས་པའི་ཤུགས་ཀྱིས་རང་དོན་ལ་དགའ་བའི་སེམས་ཀུན་དུ་འབྱུང་བ་དང་ལྡན་པས། མྱ་ངན་འདས་པ་ལ་མངོན་པར་དགའ་བའི་ཕྱིར་ཐེག་ཆེན་གྱི་འབྲས་བུ་ལ་རྟོགས་པ་བུལ་བ་ཡིན་པ་འདོད་དོ། ། བདེན་པ་མཐོང་བའི་དོན་མ་བྱས་པའི་ཉན་ཐོས་ཀྱི་ཐེག་པ་པ། རིགས་མ་ངེས་པ་སོ་སྐྱེའམ་མོས་སྤྱོད་ཀྱི་ས་ལ་གནས་པ་སངས་རྒྱས་ཀྱི་ཉན་ཐོས་སུ་གྱུར་པ་དེ་ནི་ཐེག་ཆེན་ལ་ཞུགས་པ་དག འདོད་ཁམས་མིའི་རི ས་ལས་ཚེ་འཕོས་ནས་འདོད་ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེའོ། །དེ་ལྟར་ལྷ་ཚེ་རིང་པོའི་ནང་དུ་འདུག་འདུག་པ་ལས། ནམ་ཞིག་འཇིག་རྟེན་འདིར་སྟོན་པ་སངས་རྒྱས་མི་བཞུགས་ལ་དེའི་བསྟན་པ་ནུབ་སྟེ་མེད་པར་གྱུར་པ་དང་། སླར་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །འདོད་ཁམས་སུ་སྐྱེ་ནས་ཡུལ་ལ་སེམས་མངོན་པར་མི་དགའ་ཞིང་སྔོན་སངས་རྒྱས་ཀྱི་གསུང་ལ་གོམས་པའི་སྟོབས་ཀྱིས་སློབ་དཔོན་མེད་པར་འཕགས་པའི་ལམ་མངོན་དུ་བྱེད་དེ་རང་རྒྱལ་ལྟ་བུའོ། ། དེ་ནས་སྤྲུལ་པ་བྱེད་པར་འདོད་པ་དོན་དུ་གཉེར་བའི་བསམ་པས་གཟུགས་ཁམས་ཀྱི་བསམ་གཏན་ཐོབ་པའི་དོན་ལ་བརྩོན་པར་བྱེད་ཅིང་དེས་བསམ་གཏན་ཐོབ་པ་དེ་ལ་བརྟེན་ནས་སྤྲུལ་པ་སྤྲུལ་ཏེ་ཁམས་གསུམ་དུ་སེམས་ཅན་གྱི་དོན་བྱེད་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་ཏེ་མཐར་བྱང་ཆུབ་དམ་པ་ཐོབ་པར་འགྱུར་རོ། །དེ་དག་དཔལ་ཕྲེང་གི་མདོ་ལས། དང་པོར་མེ་ལྕི་བ་ལ་མཆེད་དོ། །དེ་ནས་ཡུལ་འཁོར་ལ་མཆེད་དོ་ཞེས་གསུངས་པའི་དཔེས་དང་པོ་ཉན་ཐོས་དང་། དེ་ནས་རང་སངས་རྒྱས་དང་། མཐར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་གནས་གསུམ་ལ་དགོངས་ནས་དེ་ལྟར་གསུངས་སོ། ། དེ་ལྟར་མཐར་ཐུག་ཐེག་གསུམ་འདོད་པའི་ལུགས་འདི་ལྟར་ན་རིགས་མ་ངེས་པ་རྣམས་ཐེག་ཆེན་ལ་ཞུགས་ནས་འཚང་རྒྱ་རུང་གི་ཉན་རང་དུ་རིགས་ངེས་པ་ནི་ནམ་ཡང་འཚང་མི་རྒྱ་ཞིང་། རིགས་ཆད་པ་དག་སངས་རྒྱ་བ་ཕར་ཞོག་ཉན་རང་གི་བྱང་ཆུབ་ཀྱང་ཐོབ་པའི་སྐལ་བ་གཏན་མེད་ལ་ཉན་རང་དགྲ་བཅོམ་རྣམས་ལྷག་མེད་མྱང་འདས་ཀྱི་ཚེ་ཕུང་པོ་ལྔ་གཏན་དུ་རྒྱུན་འཆད་པས་ཐེག་ཆེན་ལ་འཇུག་མི་སྲིད་པར་བཞེད་དོ། །དབུ་མ་པ་དག་གིས་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་ཡོད་པས་འཚང་རྒྱ་རུང་གི་རིགས་ཅན་མ་ཡིན་པ་མེད་དེ་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པ་དང་། དྲི་མ་གློ་བུར་པ་འབྲལ་རུང་ཡིན་པས་གནས་སྐབས་སུ་ཐེག་པ་གཉིས་ཀྱི་འབྲས་བུའི་བྱང་ཆུབ་ཐོབ་པའི་ཉན་རང་ལྷག་མེད་མྱང་འདས་སུ་ཞུགས་པ་དག་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་བས་འགོག་པའི་དབྱིངས་ལས་ལྡང་སྟེ་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་བཟུང་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པར་བྱས་ཏེ་འཚང་རྒྱ་བར་བཞེད་པ་ལྟར་མཐར་ཐུག་གི་དོན་ལ་དེ་ལྟར་འགྲུབ་པ་ཡིན་ཞིང་རྒྱུད་བླ་མ་ལས་ཀྱང་དེ་ལྟར་གསུངས་སོ། ། ལུགས་དེ་གཉིས་གང་ཟག་གི་ཁམས་དབང་བསམ་པ་དང་མཐུན་པར་མདོ་རྣམས་ལས་ཀྱང་ཚུལ་དེ་གཉིས་ཀ་གསུངས་ཤིང་། གནས་སྐབས་ཀྱི་དབང་དུ་བྱས་ན་ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་སོ་སོར་ཡོད་པ་ནམ་ཡང་འགོག་མི་ནུས་ལ། རིགས་ཆད་པ་ཡང་དེ་དང་འདྲ་བས་སྐབས་འདིར་དེ་ལྟར་བཤད་པར་བྱའོ། །བཅུ་གཅིག་པ་རིག་པའི་གནས་ལྔ་ཡོངས་སུ་ཚོལ་པ་ནི། རིག་པའི་གནས་ལྔ་དག་ལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཀུན་ལ་སྒྲོ་འདོགས་བཅད་ནས་མཁས་པར་བྱས་ཏེ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ཡིན་པས་ཤེས་བྱ་ཐམས་ཅད་ལེགས་པར་སྦྱང་དགོས་ཤིང་། ཉན་ཐོས་ཞི་བདེ་འདོད་པ་དག་སྲིད་རྩ་གཅོད་བྱེད་ཀྱི་ལམ་ཚིགས་སུ་བཅད་པ་གཅིག་གི་དོན་རྟོགས་པས་ཀྱང་རང་འབྲས་ཐོབ་ནུས་པས་ཤེས་བྱ་རྒྱ་ཆེན་པོ་ལ་འཇུག་པ་མ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་མཐའ་དག་གི་དོན་བསྡུས་ན་རིག་པའི་གནས་ལྔ་པོ་འདི་ཙམ་དུ་འདུ་སྟེ། ཐོག་མར་རིག་བྱེད་དང་གྲུབ་པའི་མཐའ་ལ་སོགས་པ་ཐམས་ཅད་ཀྱང་རྗོད་བྱེད་ཀྱི་ཚིག་ལ་བརྟེན་ནས་དོན་ཤེས་དགོས་པས། མིང་ཚིག་ཡི་གེའི་རང་བཞིན་གྱི་ངག་གང་ཞིག་མིང་དང་ཚིག་གི་ཕྲད་སོགས་སྦྱར་ཚུལ་ཕྱིན་ཅི་མ་ལོག་པའི་རྣམ་བཞག་སྟོན་པ་བརྡ་སྤྲོད་པའམ་སྒྲ་རིགས་པའི་བསྟན་བཅོས་དང་། བསྟན་བྱའི་དོན་ཡང་དག་པ་དང་ཕྱིན་ཅི་ལོག་མ་ནོར་བར་འབྱེད་པ་བྱེད་པ་གཏན་ཚིགས་ཀྱི་རིག་པའམ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་ཚུལ་མ་ནོར་བར་སྟོན་པའི་བསྟན་བཅོས་དང་། འཇིག་རྟེན་པའི་བཟོའི་གནས་ལུགས་ལ་བརྟེན་པ་ལུས་ཀྱི་སྒྱུ་རྩལ་དང་ཡི་གེ་འབྲི་བ་སོགས་ལག་བཟོའི་རིགས་རྣམས་དང་། ངག་ལ་བརྟེན་པ་དབྱངས་བདུན་དང་ཆོས་དང་སྲིད་ཀྱི་གཏམ་བྱེད་པ། ཡིད་ཀྱི་སྒོ་ནས་འཇིག་རྟེན་པའི་ལུགས་དང་ལུགས་མིན་ཤེས་པ་དང་། བརྟགས་པ་རྣམ་པ་བརྒྱད་ལ་སོགས་པ་ལྟ་བུས་མཚོན་ནས་འཇིག་རྟེན་པའི་བཟོ་ཡི་གནས་རྣམས་སྣ་ཚོགས་པའི་བསྟན་བཅོས་དང་། ནད་ཀྱི་རྒྱུ་དང་། ནད་ཀྱི་ངོ་བོ་དང་། ནད་ཞི་བར་བྱེད་པའི་གཉེན་པོ་དང་། ནད་ཕྱིས་མི་འབྱུང་བར་བྱེད་པའི་ཡན་ལག་བཞི་ལ་མཁས་པའི་སྒོ་ནས་སྐྱེ་དགུ་ཐམས་ཅད་ཀྱི་ལུས་ལ་རླུང་མཁྲིས་བད་ཀན་གྱི་ཁམས་རང་བཞིན་གྱིས་གནས་པ་ཟས་སྤྱོད་སོགས་རྐྱེན་ལ་བརྟེན་ཏེ་འཕེལ་ཟད་འཁྲུགས་པའི་ཉེས་པ་རྣམ་པ་སྣ་ཚོགས་སྙོམས་པར་བྱེད་པ་ལུས་གསོ་བ་ཞེས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་རྟེན་བྱིས་པ་དང་བུད་མེད་ལ་ཁྱད་པར་གྱི་ནད་དུ་གྱུར་པ་རྣམས་གསོ་བ་དང་། དུག་མཚོན་གདོན་སོགས་ཕྱི་རོལ་གྱི་རྐྱེན་གློ་བུར་བའི་དབང་གིས་ན་བ་རྣམས་བཅོས་པར་བྱེད་པ་དང་། ཁུ་བཅུད་འཕེལ་ཞིང་འདོད་པའི་དགའ་བ་ཉམས་སུ་མྱང་བར་བྱེད་པ་རོ་ཙ་བ་གསོ་བ་དང་། ལུས་ནད་མེད་པའི་བདེ་བ་རེག་པའི་སྒོ་ནས་བཅུད་ལེན་སོགས་ཐབས་ཀྱི་ཆོ་གས་རྒས་པ་གསོ་ཞིང་ཚེ་ཡུན་རིང་པོར་འཚོ་བར་བྱེད་པ་སྟེ་གསོ་བའི་རིག་པའམ་ཚེ་འཚོ་བའི་རིག་པ་ཡན་ལག་བརྒྱད་པ་དག་གི་བསྟན་བཅོས་དང་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཤེས་ཤིང་གཏན་བདེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ནང་རིག་པའམ་ཡང་དག་པ་དམ་པའི་ཆོས་ཀྱི་བསྟན་བཅོས་ཏེ་འདི་ལྔའི་ནང་དུ་རིག་གནས་ཆུང་བ་ལྔ་ལ་སོགས་པའི་གཞུང་མཐའ་དག་འདུས་པ་ཡིན་པས། འདི་ལྟ་བུ་རིག་པའི་གནས་ལྔ་དག་ལ་བརྩོན་ཞིང་མཁས་པར་མ་བྱས་པ་ཞིག་ན། ཐེག་དམན་འཕགས་པ་ལས་མཆོག་ཏུ་གྱུར་པ་ཐེག་ཆེན་པའི་གང་ཟག་འཕགས་པ་མཆོག་དག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ནམ་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ན་ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་མཁྱེན་པ་ཡིན་ལ། ཤེས་བྱ་ཐམས་ཅད་ནི་རིག་པའི་གནས་ལྔས་བསྡུས་པའི་ཕྱིར། ལྔ་པོ་དེ་མ་ཤེས་པའི་ཐམས་ཅད་མཁྱེན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཐེག་ཆེན་གྱི་རིགས་ཅན་རྣམས་རང་བཞིན་གྱིས་དབང་པོ་རྣོ་བ་དང་། བསམ་པ་དང་ཤེས་རབ་རྒྱ་ཆེ་བས་མོས་སྤྱོད་དུ་ཡང་རིག་པའི་གནས་ལྔས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་བརྩོན་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་རྒྱུར་བསྔོ་བ་ཡང་བྱེད་ལ་རྒྱུ་མཐུན་པའི་དབང་གིས་སྐྱེ་བ་ཆེས་མང་པོར་གོམས་པར་བྱེད་དོ། །ས་ཐོབ་ཕན་ཆད་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་ཇི་སྙེད་པའི་ཤེས་བྱ་རྣམས་ཀྱང་ཚེགས་མེད་པར་མཁྱེན་ཅིང་སྐྱེ་བ་དཔག་ཏུ་མེད་པར་ངང་གིས་གོམས་པའི་ཕྱིར། ཐེག་ཆེན་འཕགས་པ་རྣམས་རིག་པའི་གནས་ལྔ་ལ་ལྷག་པར་བརྩོན་པར་བྱས་ཤིང་མཁས་པར་ཡིན་གྱི་མི་མཁས་པ་མི་སྲིད་དེ་ཞེས་གོ་དགོས་ཀྱི་འཕགས་པ་མཆོག་ཏུ་གྱུར་ནས་ད་གདོད་རིག་གནས་སློབ་པའི་མགོ་གསར་དུ་འཛིན་དགོས་པ་ལྟ་བུའི་གོ་བ་ཐ་ཆད་སྐྱེད་པར་མི་བྱའོ། ། སློབ་པའི་སྐབས་སུ་རིག་པའི་གནས་ལྔ་ལ་མ་རྨོངས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ། སྨན་ཅི་ཙམ་ཚོགས་དགོས་པ་ཚང་བ་ལ་སྨན་ཀུན་ཚོགས་པ་དང་། དེ་བཞིན་མི་ཀུན་ཚོགས་ཞེས་བརྗོད་འདོད་ཀྱིས་དབང་གིས་རིག་གནས་ཐམས་ཅད་མཁྱེན་པར་གདགས་རུང་ལ་རྒྱུ་དེ་ཕུལ་དུ་ཕྱིན་པར་གྱུར་པ་སངས་རྒྱས་ཀྱི་ས་ན་རིག་པའི་གནས་ལྔས་བསྡུས་པའི་དོན་མཐའ་དག་མངོན་སུམ་མཁྱེན་པ་ལ་ཐམས་ཅད་མཁྱེན་པའི་མཚན་ཡོངས་སུ་རྫོགས་པར་ཐོབ་བོ། །བྱང་ཆུབ་སེམས་དཔའི་གཞན་དོན་ལ་བརྩོན་པས་རིག་པའི་གནས་ལྔར་མཁས་ན་གཞན་དོན་སྒྲུབ་ནུས་ཤིང་། ཐམས་ཅད་མཁྱེན་པར་འགྱུར་བ་དེ་ལྟ་བས་ན་ཕྱིན་ཅི་ལོག་ཏུ་སྟོན་པ་མུ་སྟེགས་ཅན་སོགས་གཞན་དག་ཚིག་དང་དོན་གྱི་སྒོ་ནས་ཚར་བཅད་པའི་ཕྱིར་སྒྲ་དང་ཚད་མའི་རིག་པ་དང་། སེམས་ཅན་སྤྱི་དང་བྱེ་བྲག་རྗེས་སུ་གཟུང་བའི་ཕྱིར་བཟོ་དང་གསོ་བ་རིག་པ་བསླབས་པ་དང་། བདག་ཉིད་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་ནང་རིག་པའམ་དམ་པའི་ཆོས་བསླབ་པར་བྱ་སྟེ། དེ་ལྟར་བསླབ་པར་བྱ་བ་རིག་པའི་གནས་ལྔ་དེ་ལ་བྱང་ཆུབ་སེམས་དཔའ་དེ་རབ་ཏུ་བརྩོན་པར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང་དྲིན་ལན་བསབ་པའི་མདོ་ལས། དམ་པའི་ཆོས་མདོ་སྡེ་བཅུ་གཉིས་དང་། རྒྱུའམ་གཏན་ཚིགས་རིག་པ་དང་སྒྲ་རིག་པ་དང་། སྨན་དཔྱད་ཀྱི་རིག་པ་དང་། འཇིག་རྟེན་པའི་བཟོའི་རིག་པ་བསླབ་དགོས་ཚུལ་སོ་སོར་གསུངས་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབ་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རོ། ། དེ་བས་ན་བླ་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ཡིད་ལ་བྱེད་པ་ཅི་ལྟ་བུས་ཚོལ་བ་བཤད་པ་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་བ་ཡིད་ལ་བྱེད་པ་ནི་རྒྱུ་དམིགས་ནས་ནི་དགའ་བ་དང་སོགས། ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏེ། དང་པོ་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་ནས། རྟེན་ལ་དེའི་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་དང་འབྲས་བུ་ཐུན་མོང་འདོད་པ་ཡིད་བྱེད་དང་ཇི་ལྟར་བྱང་ཆུབ་མོས་པ་ཡིད་བྱེད་དང་མཐར་ཐུག་གི་དགའ་བ་ཡིད་བྱེད། མི་སྐྱོ་བ་ཡིད་བྱེད་མི་མཐུན་ཕྱོགས་སྤངས་དང་གཉེན་པོ་སྒྲུབ་པ་ཡིད་བྱེད་བདུན་དང་རབ་ཏུ་དྭང་བ་ཡིད་བྱེད་སོགས་ནས་བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་འདི་དག་ཡིད་ལ་བྱས་ནས་རང་རྒྱུད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་ཏེ། དང་པོ་རྒྱུ་དམིགས་ནས་ནི་དགའ་བ་དང་ཞེས་པ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཐོག་མར་བདག་ལ་སངས་རྒྱས་ཀྱི་རིགས་ཕར་ཕྱིན་དྲུག་སྒྲུབ་ནུས་པའི་རིགས་སམ་ས་བོན་ཡོད་མེད་བརྟགས་ནས། སངས་རྒྱས་ཐོབ་འདོད་དང་ཕར་ཕྱིན་ལ་འཇུག་པར་འདོད་པའི་རྒྱུ་ཡོད་པར་དམིགས་ནས་བདག་ལ་འཚང་རྒྱ་བའི་སྐལ་པ་ཡོད་དོ་སྙམ་དུ་ཡང་དང་ཡང་དུ་དགའ་བ་ཡིད་ལ་བྱེད་པས་ཕར་ཕྱིན་གྱི་ས་བོན་ཀུན་གཞི་ལ་ཡོད་པ་རྒྱས་པར་འགྱུར་བ་དང་། དེ་བཞིན་དུ་རྟེན་ལ་དེ་རྗེས་དྲན་པ་དང་ཞེས་པ་རིགས་ལ་གནས་པ་དེས་དེའི་འོག་ཏུ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གནས་སམ་རྟེན་ཡིན་པས་བདག་གིས་སེམས་བསྐྱེད་པས་ཕར་ཕྱིན་རྣམས་རྫོགས་པར་འགྱུར་རོ་སྙམ་དུ་དགའ་ཞིང་རྟེན་སེམས་བསྐྱེད་དེ་ལ་མི་བརྗེད་པའི་དྲན་པ་དང་ཤེས་རབ་ཀྱིས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དེས་ཀྱང་ཕར་ཕྱིན་གྱི་ཁམས་རྒྱས་པར་འགྱུར་རོ། ། དེའི་འོག་ཏུ་འབྲས་བུ་ཐུན་མོང་འདོད་པ་དང་ཞེས་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཕར་ཕྱིན་གྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་བདག་འབའ་ཞིག་གི་ཆེད་དུ་མ་ཡིན་པར་གཞན་དང་ཐུན་མོང་དུ་འདོད་དེ། དེ་ལྟར་བསྔོ་བར་བྱས་པའི་ཡིད་ལ་བྱེད་པས་ཀྱང་ཕར་ཕྱིན་གྱི་ཁམས་རྒྱས་པར་འགྱུར་རོ། །དེའི་རྗེས་སུ་ཇི་ལྟར་བྱང་ཆུབ་བཞིན་མོས་པའོ་ཞེས་པ་ཇི་ལྟར་འདས་པ་དང་ད་ལྟར་དང་མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕར་ཕྱིན་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་པ་བཞིན་བདག་གིས་ཀྱང་ཕར་ཕྱིན་དྲུག་སྤྱོད་པས་མངོན་པར་སངས་རྒྱས་པར་གྱུར་ཅིག་ཅེས་མོས་པས་ཀྱང་ཕར་ཕྱིན་གྱི་ཁམས་རྒྱས་པར་འགྱུར་བའོ། ། དེ་ལྟར་རྒྱུ་དམིགས་པའི་དགའ་བ་དང་། སེམས་བསྐྱེད་རྗེས་སུ་དྲན་པ་དང་ཕར་ཕྱིན་ལ་སྤྱོད་ཅིང་འབྲས་བུ་སེམས་ཅན་རྣམས་དང་ཐུན་མོང་དུ་འདོད་པ་དང་། བླ་མེད་འཐོབ་པའི་ཡིད་བྱེད་བཞི་པོ་དེས་རང་གི་ཀུན་གཞི་རྣམ་ཤེས་ཀྱི་ཁམས་ལ་ཡོད་པའི་ཕར་ཕྱིན་དྲུག་གི་ས་བོན་གོང་ནས་གོང་དུ་རྒྱས་པར་བྱེད་པ་བཞིན་ཡིད་བྱེད་འོག་མ་ཐམས་ཅད་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཁམས་རྒྱས་པར་བྱེད་པ་དང་། གོང་འོག་གི་གོ་རིམས་ཀྱང་རིམ་པར་ལྟར་འབྱུང་བ་ཤེས་པར་བྱ་དགོས་ཤིང་། འདིར་ནི་གཞུང་ཚིག་མདོར་བསྡུས་སུ་འཆད་དོ། །མཐུ་ནི་རྣམ་པ་བཞི་དག་གིས། དགའ་དང་ཞེས་པ་འོག་ནས་འཆད་འགྱུར་ལྟར་རང་ལ་མཐུ་ནི་རྣམ་པ་བཞི་ཡོད་པར་མཐོང་ནས་དེ་དག་གིས་དགའ་བ་ཡིད་ལ་བྱེད་པ་དང་། ངེས་པར་མི་སྐྱོ་དང་ཞེས་པ་མཐུ་དང་ལྡན་ན་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང་སེམས་ཅན་སྨིན་པར་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་དང་། མི་མཐུན་ཕྱོགས་དང་གཉེན་པོ་ལ། ། མི་སྐྱོ་བའི་སྒོ་ནས་བླ་མེད་བྱང་ཆུབ་བསྒྲུབ་པའི་ཆེད་དུ་ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་སེར་སྣ་སོགས་སྤང་བ་དང་། གཉེན་པོ་སྦྱིན་སོགས་སྒྲུབ་པ་ཡིན་ལ་བྱེད་པ་རྣམ་པ་བཞི་འབྱུང་བ་ཡིན་ནོ། །མཐུ་རྣམ་པ་བཞི་ནི་ཕར་ཕྱིན་གྱི་མི་མཐུན་པའི་ཕྱོགས་སྤང་བའི་མཐུའམ་ནུས་པ་ཡོད་པ་དང་། གཉེན་པོ་ཕར་ཕྱིན་གྱི་ཆོ་གས་སྨིན་པའི་མཐུ་དང་། བདག་དང་ཕ་རོལ་ལ་ཕན་འདོགས་པའི་མཐུ་དང་། མ་འོངས་པའི་དུས་ན་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུས་ཕར་ཕྱིན་སྒྲུབ་པ་ལ་ནུས་པ་ཐོབ་པའོ།། མི་མཐུན་ཕྱོགས་སྤོང་བའི་མཐུ་ཇི་ལྟ་བུ་ཡིན་ཞེ་ན་སྦྱིན་པས་སེར་སྣ་སེལ་ནུས་པར་མཐོང་བ་སོགས་ཕར་ཕྱིན་གཞན་རང་རང་གི་མི་མཐུན་ཕྱོགས་འཆལ་ཚུལ་ཁོང་ཁྲོ་ལེ་ལོ་རྣམ་གཡེང་ཤེས་འཆལ་སྤང་ནུས་པའོ། ། ཚོགས་སྨིན་པ་ནི་ཕར་ཕྱིན་དྲུག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་སྨིན་པར་མཐོང་སྟེ། སྦྱིན་ཚུལ་བཟོད་གསུམ་བསོད་ནམས་ཀྱི་ཚོགས་དང་། ཤེར་ཏིང་གཉིས་ཡེ་ཤེས་ཀྱི་ཚོགས་དང་བརྩོན་འགྲུས་ནི་གཉིས་ཀའི་ཆར་གཏོགས་པའོ།། བདག་དང་གཞན་ལ་ཕན་པ་ཇི་ལྟར་འདོགས་ན། སྦྱིན་པ་བཏང་བ་ལ་དགའ་ཞིང་མི་འགྱོད་པས་ད་ལྟ་དང་ཕྱི་མར་བདག་ལ་ཕན་བཏགས་པ་དང་སྦྱིན་པ་བྱིན་པས་གཞན་ལ་ཕན་འདོགས་པ་དེ་བཞིན། ཚུལ་བཟོད་ཀྱིས་གཞན་ལ་གནོད་པ་མེད་པ་དང་། བརྩོན་འགྲུས་ཀྱིས་གཞན་དོན་བསྒྲུབ་པ་དང་། བསམ་གཏན་གྱི་མཐུས་གཞན་གྱི་ནད་དང་ལོ་ཉེས་སོགས་སེལ་པ་དང་། ཤེས་རབ་ཀྱིས་ཆོས་བསྟན་པས་གཞན་ལ་ཕན་འདོགས་ཤིང་རང་ལ་ཕན་པ་ནི་སྨྲོས་མ་དགོས་སོ། །མ་འོངས་ན་རྣམ་སྨིན་དང་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། སྦྱིན་པས་ལོངས་སྤྱོད་ཆེན་པོ་དང་། ཚུལ ་ཁྲིམས་ཀྱིས་ལྷ་མིའི་ལུས་ཐོབ་པ་དང་། བཟོད་པས་མཛེས་ཤིང་འཁོར་གཡོག་ཕུན་སུམ་ཚོགས་པ་དང་། བརྩོན་འགྲུས་ཀྱིས་ལས་ཀྱི་མཐའ་ཐམས་ཅད་འགྲུབ་པར་འགྱུར་བ་དང་། བསམ་གཏན་གྱིས་ལུས་ནད་མེད་པ་དང་སེམས་ལས་སུ་རུང་བར་འགྱུར་བ་དང་། ཤེས་རབ་ཀྱིས་རིག་པའི་གནས་ཐམས་ཅད་ལ་མཁས་པར་འགྱུར་བ་ནི་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཚེ་རབས་གང་དང་གང་དུ་སྐྱེས་ཀྱང་སྦྱིན་སོགས་དེ་དང་དེ་འགྲུབ་པ་ལ་དགའ་ཞིང་བསྒྲུབ་པ་དང་། དེས་རང་དོན་དང་གཞན་སྨིན་པར་བྱེད་པར་འགྱུར་བའོ། །འདི་ནི་མཐུ་རྣམ་པ་བཞིའོ། །མི་སྐྱོ་བ་ཡིད་ལ་བྱེད་པ་ནི། བསྡུ་པའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བ་དང་། དགེ་བའི་བཤེས་གཉེན་བསྟེན་ནས་དམ་པའི་ཆོས་མཉན་པ་ལ་སོགས་པའི་སྒོ་ནས་རང་གི་སངས་རྒྱས་ཆོས་ཡོངས་སུ་སྨིན་པའམ་རྫོགས་པར་བྱེད་པ་ལ་མི་སྐྱོ་བ་སྟེ་རང་ཕར་ཕྱིན་ལ་གནས་ནས་གཞན་དེ་ལ་འགོད་པ་ལ་དེའི་དུས་སུ་སེམས་ཅན་རྣམས་ཀྱི་ལོག་སྒྲུབ་དང་། ཚ་གྲང་བཀྲེས་སྐོམ་ངལ་དུབ་སོགས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་ཡིད་མི་སྐྱོ་བར་ཆོས་སྤྱོད་པས་ངོམས་མེད་པའོ། ། མི་མཐུན་ཕྱོགས་སྤོང་བ་དང་གཉེན་པོ་སྒྲུབ་པ་ཡིད་བྱེད་ལ་རྣམ་གྲངས་བཞི་སྟེ། ཕར་ཕྱིན་གྱི་མི་མཐུན་ཕྱོགས་སེར་སྣ་ནས་ཤེས་རབ་འཆལ་བའི་བར་རྣམས་སྡིག་པ་མི་དགེ་བའི་ཕྱོགས་ཡིན་ལ་དེ་དག་བྱུང་ན་སོ་སོར་བཤགས་པ་བྱ་བ་དང་། གཉེན་པོ་སྦྱིན་པ་སོགས་དྲུག་པོ་རང་དང་གཞན་གྱིས་བསྒྲུབས་པ་ལ་རྗེས་སུ་ཡི་རངས་པ་དང་། ཕར་ཕྱིན་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པ་དང་། བཤགས་པ་ཡི་རང་གསོལ་གདབ་དེ་གསུམ་གྱིས་མཚོན་པའི་རང་གཞན་གྱི་དགེ་རྩ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་བཞིའོ། །དེ་ལྟར་ཡང་མདོ་ལས། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གཞན་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་བཞིན་ནོ། ། ཡང་རབ་ཏུ་དྭང་བ་ཡིད་བྱེད། ཡང་དག་པར་ནོད་པ་ཡིད་བྱེད་སོགས་ཡིད་བྱེད་ཀྱི་རྣམ་གྲངས་ཇི་སྐད་བསྟན་པ་འདི་དག་ཡིད་ལ་བྱས་པས་ཕར་ཕྱིན་གྱི་ཁམས་རྒྱས་པར་བྱེད་པ་ཡིན་པས། རབ་དྭང་ཞེས་པས་ཕར་ཕྱིན་དྲུག་གི་ཆོས་དང་དོན་ལ་ཡིད་རབ་ཏུ་དྭང་བ་སྐྱེད་པར་བྱེད་པ་ནི་རབ་ཏུ་དྭངས་པ་ཡིད་བྱེད་དེ། ཆོས་དང་དོན་ཞེས་པ་ཕར་ཕྱིན་རྗོད་བྱེད་ཀྱི་ཆོས་དང་དོན་ཕར་ཕྱིན་ཉིད་དམ། ཡང་རྒྱུ་ཕར་ཕྱིན་ཆོས་དང་། དོན་དེའི་འབྲས་བུ་ལ་བྱ་སྟེ། མདོར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རྫོགས་སྨིན་སྦྱང་བ་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། འབྲས་བུའི་ཡོན་ཏན་ཚད་མེད་པར་ཡིད་ཆེས་པ་ཡིད་ལ་བྱེད་པའོ། ། ཡང་དག་ནོད་པ་དང་ཞེས་པ་དེ་ལྟར་དད་ནས་ཕར་ཕྱིན་སྟོན་པའི་ཆོས་ཚོལ་ཞིང་ཡང་དག་པར་ནོད་པ་ནི་ཡང་དག་ནོད་པ་ཡིད་བྱེད་དང་། གཞན་ལ་སྦྱིན་པར་འདུན་པ་དང་ཞེས་པ་ཆོས་དེ་གཞན་ལ་སྦྱིན་པར་དགའ་བའམ་འདུན་པ་ཡིད་ལ་བྱེད་པ་དང་གསུམ་ནི་བཤད་པའི་སྐབས་སོ། །གོ་ཆ་དང་ནི་ཞེས་པ་ཕར་ཕྱིན་ཚད་དཔག་ཏུ་མེད་པར་སྒྲུབ་པ་ལ་གོ་ཆ་བགོ་བ་གོ་ཆ་ཡིད་བྱེད་དང་ནི། སྨོན་ལམ་དང་ཞེས་པ་ཚེ་རབས་ཐམས་ཅད་དུ་ཕར་ཕྱིན་དྲུག་རྫོགས་པར་བྱེད་པའི་རྐྱེན་དགེ་བའི་བཤེས་གཉེན་དང་། ཉེ་དུ་དང་ལུས་དང་ལོངས་སྤྱོད་ལ་སོགས་ཚང་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་འཆད་པ་རླབས་པོ་ཆེ་བསྒྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་ཡིད་ལ་བྱེད་པ་དང་། མངོན་པ་དགའ་དང་ཞེས་པ་སྐྱེ་བ་ཚེ་རབས་ཐམས་ཅད་དུ་བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་ཕར་ཕྱིན་རྣམས་བསྒྲུབ་པ་ལ་སྙིང་ཐག་པ་ནས་མངོན་པར་དགའ་བ་ཡིད་ལ་བྱེད་པ་དང་གསུམ་ནི་ཕར་ཕྱིན་གྱི་གདམས་པ་རྗེས་བསྟན་བཞིན་འཇུག་པའི་དོན་ཏོ། །དེའི་རྗེས་སུ་ཐབས་དང་ལྡན་པའི་ཡིད་ལ་བྱེད་པ་ནི། བྱ་བའི་ཡིད་ཅེས་པས་བསྟན་ཏེ་ཕར་ཕྱིན་རྣམས་རང་གིས་དངོས་སུ་སྦྱང་བ་འབའ་ཞིག་ཏུ་མ་ཟད། གཞན་གྱིས་བྱས་པ་ལ། རྗེས་སུ་ཡི་རང་བ་དང་མངོན་པར་དགའ་བ་དང་རོ་མྱང་བའི་ཚུལ་གྱིས་ཕར་ཕྱིན་རྣམས་རྫོགས་པར་བྱ་བའི་ཡིད་ལ་བྱེད་པའོ། །སྤྲོ་བ་ཡིད་ལ་བྱེད་པ་རྣམ་པ་བཞི་སྦྱིན་སོགས་རྣམ་པ་དྲུག་ལ་ནི། ཞེས་པ་ནས། ཡང་དག་སྤྲོ་བ་མཆོག་དང་ཞེས་པའི་བར་གྱིས་བསྟན་ཏེ། བཞི་གང་ཞེ་ན་ཕར་ཕྱིན་དྲུག་གི་མཐུ་ཐོབ་པ་ལ་སྤྲོ་བ་ཡིད་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྤྲོ་བ་ཡིད་བྱེད། དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་བ་ཡིད་བྱེད། དགེ་བའི་གཤེས་གཉེན་བསྟེན་པ་ལ་སྤྲོ་བ་ཡིད་བྱེད་བཞིའོ། །དེ་ལས་དང་པོ་སྦྱིན་པ་སོགས་རེ་རེ་ལ་ཡང་སྦྱིན་པའི་སྦྱིན་པ་ནས་སྦྱིན་པའི་ཤེས་རབ་ཀྱི་བར་དྲུག་རེ་དྲུག་རེ་ཡོད་པ་སུམ་ཅུ་རྩ་དྲུག་ཏུ་གྱུར་པའི་ཚུལ་གྱིས་ཕར་ཕྱིན་དེ་ལྟ་བུ་ལ་འཇུག་ནུས་པའི་མཐུ་ཐོབ་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་དང་པོའོ། །སྦྱིན་སོགས་ཕྱིན་དྲུག་རེ་རེ་ཡང་དྲུག་ཏུ་འགྱུར་ཚུལ་རང་རང་གི་དངོས་པོ་སྦྱིན་པའི་སྦྱིན་པ་སོགས་རང་རང་དང་། དེའི་ཚེ་གཞན་ལ་ཕན་གདགས་པའི་ཆ་ནས་སྦྱིན་པ་ཉེས་སྤྱོད་སྡོམ་པ་དང་དགེ་བ་དེ་བྱེད་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཆ་ནས་ཚུལ་ཁྲིམས། གནོད་པ་བཟོད་པའི་ཆ་ནས་བཟོད་པ། དེ་དང་དེ་ལ་བརྩོན་པའི་ཆ་བརྩོན་འགྲུས། མི་མཐུན་ཕྱོགས་ཀྱི་མ་ཕྲོགས་པར་སེམས་རྩེ་གཅིག་ཏུ་བྱས་པའི་ཆ་ནས་བསམ་གཏན། ཕར་ཕྱིན་དེ་དང་དེའི་རྒྱུ་དང་འབྲས་བུ་ཐ་སྙད་དུ་མ་ནོར་བར་ཤེས་པ་དང་དོན་དམ་པར་འཁོར་གསུམ་མི་དམིགས་པས་ཟིན་པའི་ཆ་ནས་ཤེས་རབ་བོ། །ཡོངས་སྨིན་དང་ཞེས་པ་ཕར་ཕྱིན་དྲུག་ཉིད་བསྡུ་བའི་དངོས་པོ་བཞིའི་ཚུལ་དུ་བྱས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་གཉིས་པ་དང་། མཆོད་པ་དང་ནི་ཞེས་པས་ཕར་ཕྱིན་དྲུག་གི་ནང་ནས་སྦྱིན་པའི་ཕར་ཕྱིན་རྙེད་པ་དང་བཀུར་སྟིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། ཕར་ཕྱིན་ལྷག་མ་ལྔས་སྒྲུབ་པའི་སྒོ་ནས་དེ་བཞིན་གཤེགས་པ་མཆོད་པར་བྱེད་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་གསུམ་པའོ། །བསྟེན་པ་ལ། ཡང་དག་སྤྲོ་བ་མཆོག་དང་ཞེས་པས་ཕར་ཕྱིན་གྱི་ཆོས་ཕྱིན་ཅི་མ་ལོག་པ་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ནི་སྤྲོ་བ་ཡིད་བྱེད་བཞི་པ་སྟེ། དེ་ལྟར་ཕར་ཕྱིན་དང་བསྡུ་དངོས་དང་མཆོད་པ་དང་བསྟེན་པ་བཞི་ལ་ཡང་དག་སྤྲོ་བ་མཆོག་གི་ཡིད་ལ་བྱེད་པས་ཕར་ཕྱིན་གྱི་ཁམས་རྒྱས་པར་བྱེད་པ་དང་། དེའི་རྗེས་སུ་སྙིང་བརྩེ་བ་ཡིད་ལ་བྱེད་པ་ནི་བརྩེ་ཞེས་པས་བསྟན་ཏེ་དེ་ལ་ཡང་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་ཡོད་པ་འོག་ཏུ་ཚད་མེད་ཀྱི་སྐབས་སུ་འཆད་པ་བཞིན་ནོ། ། དེ་ཡང་སྙིང་རྗེའི་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ལ་གནས་པའམ་དེའི་རྒྱུས་སྡུག་བསྔལ་ཅན་ལ་སྙིང་རྗེ་སྐྱེ་སྟེ་སྙིང་རྗེ་བ་ཙམ་དུ་མ་ཟད་དེའི་སྡུག་བསྔལ་ཅི་ནུས་སུ་སེལ་བ་དང་སྡུག་བསྔལ་མི་མྱང་བའི་རྒྱུ་སེར་སྣ་སོགས་འདོར་ཏེ་ཕར་ཕྱིན་ལ་འཇོག་པར་བྱེད་པ་ཡིན་ནོ། །བྱམས་པ་ནི་སེམས་ཅན་རྣམས་བདེ་བར་འདོད་པ་ཡིན་ལ་དེ་ཡང་བྱམས་པ་ཙམ་དུ་མ་ཟད་བདེ་བའི་རྒྱུ་ཕར་ཕྱིན་རྣམས་ལ་འཇོག་པ་ཡིན་ནོ། །དགའ་བ་ནི་སྦྱིན་སོགས་བདེ་བའི་རྒྱུའམ་དེའི་འབྲས་བུ་བདེ་བ་ལྡན་པའི་སེམས་ཅན་ལ་དེ་བདེ་བ་དང་ལྡན་པ་ལ་སྙིང་ཐག་པ་ནས་དགའ་ཞིང་དེ་བདེ་བ་མི་འབྲལ་བའི་རྒྱུ་དགེ་བ་ཕར་ཕྱིན་ལ་འཇོག་གོ །བཏང་སྙོམས་ནི་ཆགས་སྡང་མེད་པ་ཡིན་པས་བདེ་བ་ལྡན་པ་རྣམས་ལ་འདོད་ཆགས་སྐྱེ་བར་མ་གྱུར་ཅིག་ཅེས་དང་། ལོངས་སྤྱོད་རྣམས་གཞན་གྱིས་འཕྲོགས་པ་ལྟ་བུའི་སྡུག་བསྔལ་ཅན་རྣམས་ལ་དེ་དག་ཞེ་སྡང་སྐྱེ་བར་མ་གྱུར་ཅིག་སྙམ་དུ་སེམས་པ་དང་། ཆགས་སྡང་དང་བྲལ་པའི་ཕྱིར་ཕར་ཕྱིན་གྱི་ཆོས་སྟོན་པའོ། །ངོ་ཚ་བ་ཡིད་ལ་བྱེད་པ་ནི་མ་བྱས་ངན་པར་བྱས་པ་ལ། ངོ་ཚ་འགྱོད་དང་ཞེས་པས་བསྟན་སྟེ། ཕར་ཕྱིན་རྣམས་ཡེ་མ་བྱས་པ་དང་། རྫོགས་པར་མ་བྱས་པ་དང་སེར་སྣ་དང་དམན་ལམ་ཡིད་བྱེད་ཀྱིས་བྱས་པ་ནི་སྨད་པའམ་ངན་པར་བྱས་པ་ཞེས་བྱ་སྟེ་དེ་ལྟ་བུ་ངོ་ཚ་ཞིང་འགྱོད་པའོ། ། ཡུལ་ལ་དགའ་ཞེས་པ་ཕར་ཕྱིན་རྣམས་རྒྱུན་དུ་སྤྱོད་པའི་ཚེ་རྣམ་པར་གཡེང་བ་མེད་པར་རྩེ་གཅིག་ཏུ་ཡུལ་དེ་ལ་དགའ་བ་ནི། དགའ་བ་ཡིད་བྱེད་དེ་འདི་ལ་བརྟན་པ་ཡིད་བྱེད་ཞེས་ཀྱང་བྱའོ། །སྐྱོ་ལ་དགྲ་བོའི་འདུ་ཤེས་དང་ཞེས་པ་སྦྱིན་སོགས་ཕར་ཕྱིན་ལ་འཇུག་པའི་ཚེ་སྤྱོད་པར་མི་འདོད་པའི་སེམས་སྐྱོ་བ་སྐྱེས་པ་ལ་འདི་ནི་བླ་མེད་བྱང་ཆུབ་ཐོབ་པའི་བར་དུ་གཅོད་པ་ཡིན་པས་དགྲ་ཡིན་ནོ་སྙམ་དུ་དགྲ་བོའི་འདུ་ཤེས་འཇོག་པ་ནི་མི་སྐྱོ་བ་ཡིད་ལ་བྱེད་པའོ། །འགོད་དང་ཞེས་པ་སེམས་ཅན་རྣམས་ཕར་ཕྱིན་དྲུག་དང་འབྲེལ་བའི་ཆོས་བསྟན་པས་སྐྱོབ་པར་བྱའོ་སྙམ་དུ་དེ་དང་འབྲེལ་བའི་གཙུག་ལག་གི་གཞུང་སྟོན་པའི་བསྟན་བཅོས་ལ་གདུལ་བྱ་རྣམས་འགོད་པ་ནི་འགོད་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ་བྱང་ཕྱོགས་ཀྱི་ལེའུ་ལས་བསྟན་པ་ལྟར་ཤེས་པར་བྱའོ། །བརྗོད་པའི་བློ་གྲོས་སོ་ཞེས་པ་སེམས་ཅན་སོ་སོའི་སྣོད་ཀྱི་ཁྱད་པར་དང་འཚམས་པར་འཆད་པ་བརྗོད་པའི་བློ་གྲོས་ཏེ་བརྗོད་པ་ཡིད་ལ་བྱེད་པའོ། །འདི་ནི་འཇིག་རྟེན་པའི་རྒྱུད་ཚོད་ཤེས་པ་ལའོ། །འོག་ཏུ་བྱང་ཕྱོགས་ཀྱི་ལེའུར་འཇིག་རྟེན་འབྱུང་བ་དང་འགལ་པའི་བདེན་པ་ཤེས་པ་ནི་དོན་དམ་ཤེས་པ་ཡིན་ནོ། །སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཀྱི། རྟེན་ཡིན་དབང་ཕྱུག་ལ་སོགས་མིན་ཞེས་པས་སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་ནི་རྫོགས་པའི་བྱང་ཆུབ་ཀྱི་རྟེན་ཡིན་ཏེ་དབང་ཕྱུག་ཚངས་པ་ལ་སོགས་ནི་བྱང་ཆུབ་ཐོབ་པའི་རྟེན་མིན་པར་ཤེས་པ་ནི། རྟེན་པ་ཡིད་ལ་བྱེད་པ་སྟེ་འདི་ནི་རྟོན་པ་བཞི་དང་ལྡན་པའི་ཤེས་རབ་ཀྱིས་འབྱུང་ངོ་། ། གཉིས་པོ་དག་ལ་སྐྱོན་དང་ནི། ཡོན་ཏན་སོ་སོ་ཡང་དག་རིག་ཅེས་པས་མི་མཐུན་ཕྱོགས་སེར་སྣ་སོགས་ལ་དབུལ་བར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པ་དང་། སྦྱིན་སོགས་ལ་དེ་ལས་ལྡོག་པའི་ཡོན་ཏན་ཡོད་པ་ཡི་མི་མཐུན་ཕྱོགས་དང་གཉེན་པོ་གཉིས་པོ་དག་ལ་སྐྱོན་དང་ནི་ཡོན་ཏན་ཡོད་པ་དོན་སོ་སོར་ཡང་དག་པ་རིག་པས་ཤེས་ནས་ཡིད་ལ་བྱེད་པ་ནི་རྟོག་པ་ཡིད་ལ་བྱེད་པའོ། ། ཚོགས་གཉིས་པོ་བསགས་པ་རྗེས་སུ་དྲན་པས་དགའ་བ་ནི་བསགས་པ་རྗེས་སུ་དྲན་པ་ཡིས། དགའ་བ་དང་ཞེས་པས་བསྟན་ཏེ། སྦྱིན་ཚུལ་བཟོད་གསུམ་བསོད་ནམས་ཀྱི་ཚོགས་དང་ཤེར་ཏིང་ཡེ་ཤེས་ཀྱི་ཚོགས་དང་། དེ་དང་དེའི་བརྩོན་པ་དེ་དང་གཏོང་པ་སྟེ་དེ་ལྟར་ཚོགས་བསགས་པ་རྗེས་སུ་དྲན་པ་ནི། བསགས་པ་དྲན་ནས་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ནི་དོན་ཆེན་མཐོང་པ་དང་ཞེས་པས་བསྟན་ཏེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་རྣམས་བྱང་ཆུབ་ཕྱོགས་ཀྱི་དངོས་པོའི་དོན་ཡིན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐར་ཕྱིན་པ་བྱང་ཆུབ་ཆེན་པོ་ཡིན་ལ། སྦྱིན་སོགས་ཕར་ཕྱིན་རྣམས་བྱང་ཆུབ་ཆེན་པོ་དེའི་རྒྱུ་ཡིན་པས་དེ་ཡོངས་སུ་རྫོགས་པས་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་དེ་དག་དོན་ཆེན་པོ་ཡིན་པར་མཐོང་བའོ། །རྣལ་འབྱོར་ཞེས་པས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་བསྒོམ་པ་ནི། རྣལ་འབྱོར་ཡིད་ལ་བྱེད་པ་ཞེས་བྱའོ། །རྣམ་པར་མི་རྟོག་པ་ཞེས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཕར་ཕྱིན་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བྱེད་པ་ནི། མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། ། ཡང་ན་སྦྱོར་པའི་དུས་སུ་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ལས་དེ་ལྟར་འགྲུབ་པ་འབྱུང་བས་མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ཞེས་སོ་ཚོགས་གཉིས་ནས་རྣམ་པར་མི་རྟོག་པའི་བར་བྱང་ཕྱོགས་ལེའུ་དང་གོ་རིམས་བཞིན་སྦྱར་དུ་ཡོད་དོ། །དེ་འཛིན་བྱེད་དང་ཞེས་པས་ཕ་རོལ་ཏུ་ཕྱིན་པ་རྗོད་བྱེད་ཀྱི་ཆོས་དང་དོན་དེ་གཉིས་མི་བརྗེད་པར་འཛིན་པར་བྱེད་པ་ནི་འཛིན་པ་ཡིད་ལ་བྱེད་པའོ། །འདི་ནི་གཟུངས་ཀྱི་སྟོབས་ལས་འབྱུང་ངོ་། །ཕྲད་འདོད་པ་ཞེས་པས་གང་དུ་སྐྱེས་ཀྱང་ཕར་ཕྱིན་རྣམས་ཡོངས་སུ་རྫོགས་པའི་རྐྱེན་བཤེས་གཉེན་སོགས་དང་ཕྲད་པར་འདོད་ཅིང་སྨོན་ལམ་འདེབས་པ་ནི་རྐྱེན་ཐོབ་པ་ཡིད་ལ་བྱེད་པ་སྟེ་འདི་ནི་སྨོན་ལམ་མོ། །ལོག་པར་འཛིན་པ་རྣམ་པ་བདུན། སྤོང་བའི་མཐུ་ནི་ཐོབ་པ་དང་ཞེས་པས་ཕར་ཕྱིན་བསྒོམ་པ་ལ་ཕྱིན་ཅི་ལོག་པར་འཛིན་པ་རྣམ་པ་བདུན་སྤོང་པའི་མཐུ་ནི་ཐོབ་པར་ཡིད་ལ་བྱེད་པ་ནི། ཏིང་ངེ་འཛིན་གསུམ་དང་ཆོས་ཀྱི་སྡོམ་བཞིས་ཕྱིན་ཅི་ལོག་བདུན་སྤོང་བར་བྱེད་པ་སྟེ་ཕྱིན་ཅི་ལོག་གམ་ལོག་པར་འཛིན་པ་བདུན་ནི། ཀུན་བརྟགས་ཀྱི་ཆོས་མེད་པ་ལ་ཡོད་པར་འཛིན་པ་དང་། འཁོར་བའི་ཆོས་ཉེས་པ་ཅན་ལ་རྟག་པ་སོགས་ཡོན་ཏན་དུ་འཛིན་པ་དང་། ཡོན་ཏན་ཅན་མྱ་ངན་འདས་པ་ལ་བྱིས་པ་རྣམས་ཀྱིས་བདག་ཆད་དུ་དོགས་པས་ཡོན་ཏན་ཅན་མ་ཡིན་པར་གཡང་ས་ལྟ་བུར་ལྟ་བའི་ཕྱིན་ཅི་ལོག་པར་འཛིན་པ་གསུམ་གྱི་གཉེན་པོའི་རིམ་པ་ལྟར་སྟོང་པ་ཉིད་སྨོན་པ་མེད་པ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ཡིན་ཏེ་དེས་དེ་དག་སྤོང་བར་བྱེད་དོ། །འདུས་བྱས་ལ་རྟག་པར་འཛིན་པ་དང་། ཟག་བཅས་ལ་བདེ་བར་འཛིན་པ་དང་། ཆོས་རྣམས་ལ་བདག་ཏུ་འཛིན་པ་དང་། མྱ་ངན་ལས་འདས་པ་ལ་མ་ཞི་བར་འཛིན་པའི་ལོག་པར་འཛིན་པ་བཞིའི་གཉེན་པོར་རིམ་པ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བ་ཞེས་བྱའི་ཆོས་ཀྱི་མདོ་བཞི་བསྟན་པ་དེས་སྤོང་བར་བྱེད་དོ། ། དེ་ལྟར་ཡིད་བྱེད་དེ་ཐམས་ཅད་ཀྱིས་ཕར་ཕྱིན་གྱི་ཁམས་རྒྱས་པར་བྱེད་དོ། །དེ་ལྟར་རབ་དྭང་ནས་མངོན་དགའི་བར་དྲུག་གི་རྒྱས་བཤད་ནི་མོས་པ་དང་། ཆོས་ཚོལ་དང་། ཆོས་བཤད་པ་དང་། སྒྲུབ་པའི་ལེའུ་གསུམ་དང་། གདམས་ངག་དང་། རྗེས་བསྟན་དྲུག་དང་སྦྱར་བ་ཡིན་ལ། བྱ་བའི་ཡིད་ཅེས་པ་ཐབས་ལྡན་གྱི་ལེའུ་དང་། སྦྱིན་སོགས་དྲུག་ལ་མཐུ་ཐོབ་པ་ཕར་ཕྱིན་གྱི་ལེའུའི་ཕར་ཕྱིན་དྲུག་དང་། སེམས་ཅན་ཡོངས་སྨིན་བསྡུ་དངོས་དང་སྦྱར་རོ། །མཆོད་བསྟན་བརྩེ་གསུམ། མཆོད་བསྟན་ཚད་མེད་ཀྱི་ལེའུ་ལས་བྱུང་བ་བཞིན་ནོ། །ངོ་ཚ་ནས་ལོག་པར་འཛིན་པ་བདུན་སྤོང་པའི་བར་ནི་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་ལས་རིམ་པར་འབྱུང་བ་བཞིན་ནོ། ། ཡང་ངོ་མཚར་དང་ངོ་མཚར་མེད་པའི་ཡིད་བྱེད་གཉིས་བཤད་པ། ངོ་མཚར་ངོ་མཚར་མེད་པ་ལ། འདུ་ཤེས་རྣམ་པ་བཞི་ཡིན་ནོ་ཞེས་པས་བསྟན་ཏེ། ངོ་མཚར་གྱི་འདུ་ཤེས་ཡིད་ལ་བྱེད་པ་བཞི་དང་། ངོ་མཚར་མེད་པ་ལ་འདུ་ཤེས་ཡིད་ལ་བྱེད་པ་ཡང་རྣམ་པ་བཞི་ཉིད་དེ། འདི་དག་ཡིད་ལ་བྱས་ཀྱང་ཕྱིན་དྲུག་གི་ཁམས་རྒྱས་པར་བྱེད་དོ།། དེ་བཞིན་ཡིད་བྱེད་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུའི་ཁམས་རྒྱས་པར་བྱེད་པ་ནི་མཇུག་ཏུ། ཕ་རོལ་ཕྱིན་བཅུའི་རྒྱུས་བྱུང་བ་སོགས་ཚིགས་བཅད་གཅིག་གིས་བསྟན་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་རེ་རེ་ནས་དེ་སྨོས་མ་དགོས་སོ། །ངོ་མཚར་བའི་འདུ་ཤེས་བཞི་གང་ཞེ་ན་ཡོན་ཏན་གྱི་ལེའུ་ལས་རང་གི་ལུས་དང་སྡོམ་པའི་ཕྱིར། ཞེས་སོགས་ཀྱིས་བསྟན་པ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤང་དཀའ་བ་སྤང་བའི་འདུ་ཤེས་འཇུག་པ་ཡང་ངོ་མཚར་ཡིན་ཏེ། རང་གི་སྦྱིན་པའི་ཆེད་དུ་ལུས་གཏོང་བའམ་སྤང་པ། དེ་བཞིན་ཚུལ་ཁྲིམས་ཀྱི་ཆེད་དུ་ལུས་དང་ཉེ་དུ་སོགས་ཕུན་སུམ་ཚོགས་པ་གཏོང་བ་ནས་ཤེས་རབ་རྣམས་པར་མི་རྟོག་པའི་བར་རོ། །ཡུན་རིང་བའི་ངོ་མཚར་བ་ནི་ཕར་ཕྱིན་གྱི་སྤྱོད་པ་རྒྱ་ཆེན་པོ་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་སྤྱོད་པའི་འདུ་ཤེས་འཇུག་པ་ཡང་ངོ་མཚར་རོ། །ཕར་ཕྱིན་དྲུག་ལ་སྤྱད་ཀྱང་རང་དོན་དུ་ཚེ་འདིར་ལན་ལ་མི་རེ་བའང་ངོ་མཚར། དེ་བཞིན་དུ་ཕྱི་མར་རྣམ་པར་སྨིན་པ་ལ་མི་རེ་བ་ཡང་ངོ་མཚར་བ་བཞིའོ། །རྣམ་གྲངས་གཞན་ཡང་རིགས་སུ་སྐྱེ་དང་སོགས་བཞི་གཞུང་ལྟར་རོ། །ངོ་མཚར་མེད་པ་བཞི་ནི། འབྲས་བཏབ་པ་ལས་འབྲས་སྐྱེ་བ་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ངོ་མཚར་མི་ཆེ་བ་ལྟར། རྒྱུ་ཕར་ཕྱིན་ཚད་མེད་པ་སྤྱད་པའི་འབྲས་བུ་བྱང་ཆུབ་ཡོན་ཏན་ཚད་མེད་པ་ཐོབ་པའང་ངོ་མཚར་མི་ཆེ་ལ། བདག་དང་གཞན་མི་མཉམ་པར་འཛིན་པས་བདག་བཞིན་དུ་གཞན་ལ་ཕན་འདོགས་པར་བྱེད་ན་ངོ་མཚར་གྱི། བདག་གི་འདུ་ཤེས་ཡུན་རིང་པོར་གཉེན་པོ་བསྒོམ་པས་སྤངས་ཏེ་བདག་དང་གཞན་མཉམ་པ་ཉིད་དུ་མཐོང་བ་དེས་བདག་ལ་ཇི་ལྟ་བར་སེམས་ཅན་ལ་ཕན་འདོགས་པ་ངོ་མཚར་མི་ཆེ་བ་དང་། སེམས་ཅན་ཕལ་པ་རྣམས་ལས་མཆོག་ཚངས་པ་དང་བརྒྱ་སྦྱིན་སོགས་ལ་བྱང་ཆུབ་སེམས་དཔས་ཕན་བཏགས་པའི་ལན་དུ་ཚངས་པ་སོགས་ཀྱིས་མཆོད་པར་བཀུར་སྟིར་བྱས་པ་ཡང་དང་དུ་མི་ལེན་ཏེ་འདོད་ཆགས་དང་བྲལ་བ་དེས་མཆིལ་མའི་རྡོག་གུ་བཞིན་དུ་སེམས་ན་ཕལ་པས་ཕན་ལན་བྱེད་པར་རེ་བ་ག་ལ་ཡོད་དེ་དེས་སེམས་ཅན་ལ་སྙིང་བརྩེ་བས་ཕན་གདགས་པ་ཡིན་པས་ལན་ལ་མི་རེ་བ་ཙམ་ལ་ངོ་མཚར་མེད་དོ། ། རྣམ་པར་སྨིན་པ་ལ་མི་རེ་བའང་ངོ་མཚར་མི་ཆེ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་པའི་རྣམ་སྨིན་མི་འདོད་དེ་འཇིག་རྟེན་ལས་འདས་པ་སྐུ་གསུམ་དང་ཟག་མེད་ཀྱི་བདེ་བ་ཐོབ་པར་ངེས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་སྙོམས་པ་དང་ཞེས་པས་སེམས་ཅན་རྣམས་ལ་ཉེ་རིང་མེད་པར་སེམས་སྙོམས་པར་བྱས་ཏེ་ཕར་ཕྱིན་ལ་འགོད་པ་ནི་སྒོམ་པ་ཡིད་ལ་བྱེད་པ་སྟེ་འདི་ནི་དོན་གཉེར་བ་ལ་ཕྱོགས་མེད་དང་སོགས་ཀྱིས་བསྟན་ཏོ། །བདག་ཉིད་ཆེན་པོ་མཐོང་བ་དང་ཞེས་པས ་ཕར་ཕྱིན་དྲུག་ལ་སྤྱད་ན་བདེ་བ་དང་ཕན་པ་འབའ་ཞིག་ལས་གནོད་པའི་དངོས་པོར་ཅུང་ཟད་མི་འགྱུར་བས་བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པ་དྲུག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབའ་ཞིག་གིས་ཕན་འདོགས་པར་བྱེད་པའི་བདག་ཉིད་ཆེན་པོར་མཐོང་བ་ནི་བདག་ཉིད་ཆེན་པོར་དམིགས་པ་ཡིད་ལ་བྱེད་པའོ། །འདི་ནི་ཡོན་ཏན་ལེའུར་སྣོད་ཉིད་དུ་ནི་བྱེད་པ་སོགས་ཕན་འདོགས་ཀྱི་ཚིགས་བཅད་དང་། ཕན་འདོགས་ཚུལ་གྱི་དཔེ་མ་དང་ཕ་དང་རྩ་ལག་སོགས་བདུན་བསྟན་པ་བཞིན་ནོ། ། གཞན་གྱི་ཡོན་ཏན་ལན་རེ་དང་ཞེས་པས་གཞན་ཕར་ཕྱིན་ལ་བཀོད་ནས་གཞན་ཕར་ཕྱིན་དྲུག་གི་ཡོན་ཏན་དང་ལྡན་པར་གྱུར་ན་བྱང་ཆུབ་སེམས་དཔའ་འདི་དག་རང་གི་འདོད་པ་གྲུབ་པས་སེམས་ཅན་འདི་དག་གིས་བདག་ལ་ཕན་བཏགས་སོ་སྙམ་དུ་སེམས་ཤིང་། གཞན་གྱི་ཡོན་ཏན་དེ་ཙམ་ཞིག་ཕན་པའི་ལན་དུ་རེ་བ་ཡིན་ཏེ། ལན་གཞན་མི་འདོད་དེ་སེམས་ཅན་ཕར་ཕྱིན་ཀྱི་ཡོན་ཏན་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་དེ་ལྟར་སྨིན་པར་བྱེད་པ་ཡིན་ལ་སེམས་ཅན་དེ་སྨིན་པར་གྱུར་ན་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔས་རེ་བ་རྫོགས་པར་བྱས་པས་སོ། །འདི་ནི་ལན་འདོད་པ་ཡིད་ལ་བྱེད་པ ་ཞེས་བྱ་སྟེ་སེམས་ཅན་རྣམས་ཕར་ཕྱིན་ལ་བཀོད་པ་དེ་ཕར་ཕྱིན་གྱི་ཡོན་ཏན་དང་ལྡན་ན་བྱང་ཆུབ་སེམས་དཔའ་ལ་དྲིན་ལན་བླན་པ་ཡིན་གྱིས་ལན་གཞན་གང་གིས་ཀྱང་དྲིན་ལན་མི་ལོན་ལ། ལན་དུ་རེ་བ་གཞན་བྱང་ཆུབ་སེམས་དཔའ་ལ་མེད་པའི་ཕྱིར་རོ། །འདི་ནི་ལོངས་སྤྱོད་རྣམས་ལ་མ་ཆགས་དང་སོགས་ནས། དེ་བཞིན་ལན་དུ་ཕན་འདོགས་ཡིན་ཞེས་པས་བསྟན་ཏོ། །གསུམ་དུ་སྨོན་དང་ཞེས་པ་རེ་བ་ཡིད་བྱེད་དམ་འདོད་པ་ཡིད་ལ་བྱེད་པ་ཡིན་ཏེ། ཅི་ཞིག་འདོད་ཅེ་ན་འདི་གསུམ་དུ་རེ་ཞིང་འདོད་དེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སའི་མཐར་ཐུག་པར་རེ་བའམ་འདོད་པ་དང་། སངས་རྒྱས་ཀྱི་སའི་མཐར་ཐུག་པར་རེ་བ་དང་། སེམས་ཅན་གྱི་དོན་བྱེད་པར་རེ་བའོ། །དེའི་དང་པོ་ས་དང་པོར་སྦྱིན་པའི་ཕར་ཕྱིན་རྫོགས་པའི་སྦྱིན་པའི་ས་མཐར་ཐུག་པ་ནས། ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་རྫོགས་ནས་བྱང་ཆུབ་སེམས་དཔའི་ས་བཅུ་མཐར་ཕྱིན་པར་འདོད་པ་དང་། གཉིས་པ་ས་བཅུ་འདས་ནས་སངས་རྒྱས་ཀྱིས་མཐར་ཐུག་གི་འབྲས་བུ་ཐོབ་པར་འདོད་པ་དང་། གསུམ་པ་བྱང་ཆུབ་སེམས་དཔའི་དུས་དང་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱེད་པར་འདོད་པའོ། ། འདི་ནི་གཞུང་དུ། རྟག་ཏུ་འཕེལ་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། ། རྒྱུན་དུའོ། །ཞེས་པ་ཕར་ཕྱིན་བར་འགའ་སྤྱོད་པར་འགའ་མི་སྤྱོད་པ་ལྟ་བུ་མ་ཡིན་པར་ཆུ་བོའི་རྒྱུན་བཞིན་རྒྱུན་མི་འཆད་པར་སྤྱོད་པ་ནི་རྒྱུན་དུ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། འདི་ནི་གདམས་ངག་དང་རྗེས་སུ་བསྟན་པའི་དོན་ཆུད་མི་ཟ་བར་ཉམས་སུ་ལེན་པ་ཡིན་ཏེ། འཇིགས་སྤང་ཡང་དག་བསྐྱེད་སོགས་རྒྱལ་སྲས་རྟག་ཏུ་ཆུད་མི་ཟ། ཞེས་པའི་ཚིགས་བཅད་གཅིག་གིས་སོ། །སངས་རྒྱས་བསྟན་པ་བསྒྲུབ་པའི་ཕྱིར་ཚུ་རོལ་མི་གནས་སེམས་དཔའ་དང་ཞེས་པ། སངས་རྒྱས་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་ཕར་ཕྱིན་རྣམ་པར་དག་པ་ཉིད་བསྒྲུབ་པ་སྟེ། དང་པོར་སེམས་བསྐྱེད་ནས་ཐོས་བསམ་བྱེད་པ་ནས་མཐར་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཕར་ཕྱིན་རྣམས་བསྒྲུབ་པ་བར་མ་དོར་མི་འདོར་བར་བརྩོན་འགྲུས་བརྩམས་པ་ནི་ཡང་དག་སྦྱོར་བ་ཡིད་ལ་བྱེད་པ་སྟེ། གཞུང་དུ་རེ་བ་མེད་པའི་སྦྱིན་པ་དང་སོགས་ནས། བརྟན་པ་རྣམས་ཀྱི་ཡང་དག་སྦྱོར་ཞེས་པའི་བར་གྱིས་བསྟན་ཏོ། ། དེའི་ཕྱིར་ཚུལ་རོལ་མི་གནས་སེམས་དཔའ་དང་ཞེས་སྦྱིན་སོགས་ལ་སྤྱད་ཀྱང་དེའི་འབྲས་བུ་འཁོར་བའི་ལོངས་སྤྱོད་འདོད་པ་སོགས། ཚུ་རོལ་འཇིག་རྟེན་པའི་སྤྱོད་ཡུལ་ལ་མི་གནས་པར་སེམས་པའོ། །ཚིག་རྐང་གཅིག་པོ་འདི་ནི་བཤད་པ་འགྲེལ་བར་མི་སྣང་ལ་གང་ལ་སྦྱར་མེད་པའི་གོང་དུ་ཡར་སྦྱར་དགོས་སོ་སྙམ་སྟེ་དཔྱད་པར་བྱོས་ཤིག དེས་དམན་དར་པའི་སེམས་ཅན་ལ། མི་དགའ་བ་དང་རང་དགའ་བའོ། །ཞེས་པ། ཕར་ཕྱིན་དེས་དམན་པ་ནི་ཕར་ཕྱིན་ཀྱི་སྤྱོད་པ་ཉམས་པར་གྱུར་པར་མཐོང་ན་དེ་མི་མོས་པ་ནི་མི་དགའ་བ་ཡིད་ལ་བྱེད་པའོ། །སྦྱིན་སོགས་སྤྱོད་པ་འཕེལ་ཞིང་དར་བའི་སེམས་ཅན་མཐོང་ན་དེ་ལ་མོས་པ་ནི་དགའ་བ་ཡིད་ལ་བྱེད་པ་སྟེ། གཞུང་དུ་འདི་གཉིས་ལོངས་སྤྱོད་ཆགས་དང་སོགས་ཚིགས་བཅད་གཉིས་ཀྱིས་སོ། །དེ་བཞིན་དུ་བསྒོམ་པ་བཅོས་དང་ཡང་དག་ལ། མ་དད་པ་དང་དད་པ་དང་། ཞེས་པ་ཕ་རོལ་ཕྱིན་པ་དྲུག་ནི་གཟུགས་བརྙན་ནམ་བཅོས་མ་བསྒོམ་པ་ལ་མ་དད་པ་ནི་མི་མོས་པ་ཡིད་ལ་བྱེད་པའོ། །བཅོས་མ་ནི་སྦྱིན་པ་མ་དག་པའམ། སྦྱིན་མདོག་བྱེད་པ་སོགས་ནས། ཤེས་རབ་རྣམ་པར་མ་དག་པའི་བར་རོ། །ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པ་ལ་དད་པ་ན་མོས་པ་ཡིད་ལ་བྱེད་པའོ། །འདི་གཉིས། སྤྲུལ་པ་དང་ནི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་པ་བཞིན་ནོ། །དང་དུ་མི་ལེན་ཡིད་བྱེད་དང་ཞེས་པ། རང་གཞན་གྱི་རྒྱུད་ལ་སེར་སྣ་སོགས་ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་བྱུང་ན་ཤེས་རབ་དང་ལྡན་པའི་གཉེན་པོས་འདུལ་བར་བྱེད་ཅིང་དང་དུ་མི་ལེན་པ་ནི། དང་དུ་མི་ལེན་པ་ཡིད་ལ་བྱེད་པའོ། །འདི་ནི། བློ་ལྡན་དེ་དག་ས་ཀུན་དུ། ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པ་བཞིན་ནོ། ། ལུང་བསྟན་ཞེས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་ཇི་སྲིད་ཅིག་ན་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ་པ་ལ་དགའ་བའམ་འདོད་པ་ནི། ལུང་བསྟན་པར་འདོད་པའོ། །ཡང་ན་ས་བརྒྱད་པའི་དུས་སུ་ལུང་སྟོན་པས་ན་ས་བརྒྱད་པ་ཐོབ་པར་འདོད་པ་འདི་ནི། ལུང་བསྟན་པ་ཇི་ལྟ་བུ་ཞེ་ན་གང་ཟག་དུས་ཀྱི་བྱེ་བྲག་གིས་སོགས་ཚིགས་བཅད་གསུམ་གྱིས་བསྟན་པ་བཞིན་ནོ། །ངེས་པར་དགའ་བའོ་ཞེས་པ་ངེས་པའི་ས་ལ་གནས་པ་ཐོབ་པར་འདོད་པ་ཡིད་ལ་བྱེད་པ་སྟེ། དེ་ལ་ལོངས་སྤྱོད་ངེས་པར་འདོད་པ་དང་། སྐྱེ་བ་ངེས་པར་འདོད་པ་གཉིས་ཀྱི་དང་པོ། །སྦྱིན་པའི་ཕར་ཕྱིན་རྫོགས་པ་ས་དང་པོ་ཐོབ་པ་ན་སྐད་གཅིག་ལ་སངས་རྒྱས་བརྒྱ་མཐོང་པ་དང་། ཞིང་བརྒྱ ་གཡོ་བ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་ས་ནས་སར་གོང་དུ་འཕེལ་ཏེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ས་བཅུ་པའི་དུས་སུ་ངག་ཡིད་ཀྱིས་སྤྱོད་ཡུལ་མ་ཡིན་པའི་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ཐོབ་པའི་བར་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་འབྱོར་བ་དང་རིག་པའི་གནས་ལྔ་ལ་མཁས་པའི་འབྱོར་པ་འདོད་པའོ། ། སྐྱེ་བ་ངེས་པར་འདོད་པ་ནི་ས་བཅུ་པ་ཐོབ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐོབ་པར་འདོད་པའོ། །སྐབས་འདི། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་ཚོགས་སྐྱེ་དང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏོ། །ཕྱི་མའི་ཚེ་ལ་མཐོང་པའི་ཕྱིར། འཇུག་སེམས་ཞེས་པ་མ་འོངས་པ་ཕྱི་མའི་དུས་ན་མཐོང་བས་འཇུག་པ་ཡིད་ལ་བྱེད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་མེད་བྱང་ཆུབ་འདོད་ན་དེའི་རྒྱུ་ཕར་ཕྱིན་རྣམས་ཚེ་རབས་གང་དུ་སྐྱེས་ཀྱང་སྤྱད་དགོས་པ་མཐོང་ནས། ཚེ་འདིར་ཕར་ཕྱིན་དྲུག་ལ་རྒྱུན་དུ་འཇུག་པའི་སེམས་སམ་ཡིད་བྱེད་ཀྱིས་ཕར་ཕྱིན་དྲུག་གི་སྤྱོད་པ་སྤྱད་ན། དེའི་རྒྱུ་མཐུན་ཕྱི་མའི་ཚེ་རབས་རྣམས་ལ་ཡང་ཕར་ཕྱིན་ལ་འཇུག་པ་མཐོང་བའི་ཕྱིར་དེ་ལྟར་བསམས་ནས་ཕར་ཕྱིན་ལ་འཇུག་པའོ། །མཉམ་པར་བལྟ་བའི་ཕྱིར་ཞེས་པ། བདག་གིས་ཀྱང་ཕར་ཕྱིན་རྣམས་ལ་རྒྱུན་དུ་སྦྱང་པས་ན་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་ལུས་ངག་ཡིད་གསུམ་མཉམ་མོ་སྙམ་དུ་རྟོག་པ་ནི་མཉམ་པར་རྟོག་པ་ཡིད་ལ་བྱེད་པའོ། །མཆོག་ཆོས་རྣམས་ལ་ཞུགས་པ་ཡིས། བདག་ཉིད་མཆོག་ཏུ་ངེས་འཛིན་ཕྱིར། ཞེས་པ་བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པ་སྟེ། ལམ་མཆོག་ཏུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་འབྲས་བུ་བྱང་ཆུབ་སེམས་དཔའི་ས་དང་སངས་རྒྱས་ཀྱི་ས་ཐོབ་པས། ལམ་དང་འབྲས་བུ་མཆོག་གི་ཆོས་རྣམས་ལ་ཞུགས་པ་ཡིས་བདག་ནི་ཉན་རང་དང་བཅས་པའི་སེམས་ཅན་རྣམས་ཀྱི་མཆོག་ལས་མཆོག་ཏུ་འཕགས་པར་ངེས་པར་འཛིན་པའི་ཕྱིར་རོ། ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དམིགས་པའམ་དེ་དག་གིས་བསྡུས་པའི་ཆོས་ཀྱི་རྒྱུ་ལས་བྱུང་བ་ཡི་དགེ་བ་ཡིད་ལ་བྱེད་པ་འདི་དག་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་ཡི་རྒྱུད་ལ་ཕར་ཕྱིན་བཅུ་ཡི་ཁམས་ནི་རྒྱས་པར་བྱེད་པ་ཡིན་ནོ། ། ཕྱི་མ་འདི་གསུམ་གདོན་མི་ཟ་བར་བྱ་བ་དང་། རྟག་ཏུ་བྱ་བ་དང་། ཕར་ཕྱིན་གྱི་མཆོག་གམ་གཙོ་བོ་བསྟན་པའི་ཚིགས་བཅད་ལྔ་དང་སྦྱོར་རོ། །འདི་མན་ཆད་ལ་ཡིད་བྱེད་མ་གསུངས་བ་ནི་ཡོན་ཏན་ལེའུའི་ཆོས་དང་བདེན་པ་རིགས་པ་ཐེག་པ་རྣམ་པར་བཞག་པ་བཞི་ཆོས་ཚོལ་སོགས་སུ་འདུས་ཟིན་པ་དང་། དེ་མན་ཆད་བྱང་ཆུབ་སེམས་དཔའི་བསྔགས་པ་ཡིན་པ་དང་། སྤྱོད་པའི་ལེའུའི་རྟགས་ནས་སའི་བར་ལམ་གྱི་གནས་སྐབས་ཙམ་ཡིན་ལ་འབྲས་ཆོས་ཀྱི་ཚིགས་བཅད་རྣམས་བྱང་ཆུབ་ཀྱི་ཡོན་ཏན་ཡིན་པས་འདི་རྣམས་ལ་ཡིད་བྱེད་སྒེར་དུ་སྦྱར་མི་དགོས་ཏེ་གོང་དུ་འདུས་པའི་ཕྱིར་རོ། །རྒྱུ་དམིགས་ནས་དགའ་བ་ཡིད་བྱེད་ནས་བདག་མཆོག་ཏུ་འཛིན་པའི་ཡིད་བྱེད་ཀྱི་བར་ནང་གི་བྱེ་བྲག་འགའ་ཞིག་སོ་སོར་མ་བརྩིས་པར་སྤྱིར་རྣམ་གྲངས་ལྔ་བཅུ་ང་གཅིག་ཙམ་འདུག་ལ། ཡིད་བྱེད་འདི་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་བྱེད་དུ་གསུངས་པ་འདིར། གཞུང་འདིའི་ལེའུ་གོང་འོག་གི་མདོ་ཆིངས་ལྟ་བུར་ཡང་མཐོང་སྟེ། རྒྱུ་དམིགས་སོགས་བདུན་པོ་འདིས། སྐྱབས་འགྲོ་ནས་བྱང་ཆུབ་བར་གྱི་ལེའུ་བཅུའི་དོན་ཀྱང་སྤྱིར་བསྡུས་ཏེ། རྒྱུ་དམིགས་ཞེས་པས་རིགས་དང་། རྟེན་ལ་དེ་རྗེས་དྲན་ཞེས་པས་ལམ་གྱི་གཞི་རྟེན་སེམས་བསྐྱེད་པ་ནང་གི་རྟེན་དང་། སེམས་སྐྱེད་ལེན་པའི་ཡུལ་ལམ་ཕྱིའི་རྟེན་མཆོག་གསུམ་ཡང་བཟུང་ནས་སྐྱབས་འགྲོ་ཡང་བསྡུས་ལ། ཇི་ལྟར་བྱང་ཆུབ་ཀྱིས་དེ་ཁོ་ན་ཉིད་དང་བྱང་ཆུབ། ལྷག་མ་བཞིས་མཐུ་དང་ཡོངས་སྨིན་སྒྲུབ་པ་རྣམས་ཤུགས་ཀྱིས་བཟུང་བས་ལེའུའི་གོ་རིམས་ལྟར་སྦྱར་དུ་མེད་ཀྱང་དོ༷ན་ཚང་བར་སྣང་ལ། དེ་མན་ཆད་ནས་མོས་པ་སོགས་དང་གོ་རིམས་མཚུངས་པར་འདུག་པ་གོང་དུ་བཤད་ཟིན་ཏོ། །གསུམ་པ་ཡོངས་སུ་ཚོལ་བའི་བྱེ་བྲག་བཤད་པ། རྒྱས་དང་ལྷག་པའི་བསམ་དང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། བཤད་པར་བྱ་བ་ལུང་གི་ཆོས་དང་ཁོང་དུ་ཆུད་པར་བྱ་བ་རྟོགས་པའི་ཆོས་ཇི་ལྟར་བཙལ་བ་དེ་ཡང་བྱེ་བྲག་ཏུ་ཕྱེས་ནས་རྣམ་གྲངས་བཅུ་གསུམ་གྱིས་བསྟན་པ་ནི། དེ་ཡང་སོ་སོའི་སྐྱེ་བོའི་དུས་ན་དམ་པའི་ཆོས་ཉན་པ་དང་སེམས་པ་ནས་བརྩམས་ཏེ་མོས་པ་སྤྱོད་པའི་ས་འཇིག་རྟེན་ཆོས་མཆོག་མན་ཆད་དུ་ཆོས་བཙལ་བ་ནི། ཐར་བའི་ས་བོན་རྒྱས་པར་བྱེད་པས་རྒྱས་པ་ཞེས་བྱ་བ་དང་། མོས་སྤྱོད་པ་འཇིག་རྟེན་ཆོས་མཆོག་གི་ཚེ་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་རྙེད་པ་ནས་བརྩམས་ཏེ་ས་དང་པོ་ནས་བདུན་པའི་བར་གྱི་ཚེ་ན་ནི་ལྷག་པའི་བསམ་པ་དང་ལྡན་པ་ཞེས་བྱ་སྟེ། བདག་མེད་གཉིས་རྟོགས་པ་དང་བདག་གཞན་མཉམ་པའི་སེམས་རྙེད་པའི་ཕྱིར་རོ།། ས་བརྒྱད་པ་ནས་བཅུ་པའི་བར་གྱི་ཆོས་རྟོགས་པ་ནི་ཆེན་པོ་ཞེས་བྱ་སྟེ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། ། དེ་ལྟར་རྟོགས་པས་ཕྱེ་བའི་རྣམ་གྲངས་གསུམ་ནི། བརྟན་པ་བྱང་སེམས་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་ཡིན་པར་འདོད་དོ། །ཡང་བྱང་སེམས་དེ་དག་གི་ནི་འཇིག་རྟེན་ཆོས་མཆོག་མན་ཆད་མོས་སྤྱོད་ཀྱི་ས་ན་སྤང་བྱ་བར་ཆད་དང་བཅས་པ་སྟེ། བསམ་པ་མི་བརྟན་པ་དང། དགེ་སྡིག་གི་གྲོགས་ཀྱིས་འགྱུར་པ་དང་། སྒྲིབ་གཉིས་མ་སྤངས་པ་དང་། ས་དང་པོ་ནས་བདུན་བའི་བར་སྤང་བྱ་བར་ཆད་ཀྱི་ཆོས་དེ་དག་མེད་པས་བར་ཆད་མེད་པ་དང་། དེ་བཞིན་དུ་ས་བརྒྱད་པ་ནས་བཅུ་པའི་བར་གྱི་ཆོས་རྟོགས་པ་ནི་དབང་འབྱོར་བ་ཞེས་བྱ་སྟེ་རྣམ་པར་མི་རྟོག་པ་དང་། མངོན་ཤེས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་ལྷུན་གྱིས་གྲུབ་པར་དབང་འབྱོར་བའི་ཕྱིར་རོ། ། དེ་ལྟར་སྤང་བྱའི་སྒོ་ནས་དབྱེ་བ་གསུམ་དང་། ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཚོལ་བ་ནི། ཐོབ་པའི་སྒོ་ནས་ཕྱེ་ན་བཞི་སྟེ། སོ་སོའི་སྐྱེ་བོ་ཚོགས་ལམ་དང་སྦྱོར་ལམ་བཟོད་པའི་བར་དུ། ཆོས་སྐུའི་རིགས་འདྲའི་རྒྱུ་རྣམ་པར་མི་རྟོག་མ་ཐོབ་པས་ཆོས་ཀྱི་སྐུ་མེད་པ་དང་། འཇིག་རྟེན་ཆོས་མཆོག་གི་དུས་ན་གཟུང་འཛིན་སྤངས་པས་ཆོས་སྐུའི་ཆ་ཤས་རྙེད་པས་སྐུ་དང་བཅས་པ་ཞེས་འགྲེལ་ཆེན་དུ་གསུངས། ཁ་ཅིག་མོས་སྤྱོད་ཚོགས་ལམ་འབྲིང་གི་བར་སྐུ་མེད་དང་། ཚོགས་ལམ་ཆེན་པོ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ནས་སྦྱོར་ལམ་བཞིར་ཆོས་སྐུའི་རྒྱུ་མི་རྟོག་ཡེ་ཤེས་རྗེས་མཐུན་རིམ་གྱིས་རྙེད་པ་སྐུ་བཅས་ཞེས་ཀྱང་གསུངས། ས་དང་པོ་ནས་བདུན་པའི་བར་བདེན་དོན་མངོན་སུམ་མཐོང་བའི་མི་རྟོག་ཡེ་ཤེས་རྩོལ་བ་བཅས་པ་ཐོབ་པའི་སྐུ་རྙེད་པའམ་ཐོབ་པ་དང་། ས་བརྒྱད་པ་ནས་བཅུ་པའི་བར་གྱིས་མི་རྟོག་ཡེ་ཤེས་རྩོལ་མེད་ལྷུན་གྱིས་གྲུབ་པས་སྐུ་ཡོངས་སུ་རྫོགས་པ་དང་བཞིའོ། །ཡང་ང་རྒྱལ་ཡོད་མེད་ཀྱི་ཕྱེ་བ་གསུམ་ནི། ཆོས་མཆོག་མན་ཆད་སོ་སོའི་སྐྱེ་བོའི་དུས་ན་ང་རྒྱལ་གྱི་ཤས་མང་བ་དང་། ས་དང་པོ་ནས་བདུན་པའི་བར་དུ་ང་རྒྱལ་ཕྲ་བ་དང་ཞེས་ཀུན་བརྟགས་སྤངས་པ་དང་གཉིས་པ་ནས་ལྷན་སྐྱེས་ཀྱང་ཅི་རིགས་སུ་སྤངས་པས་སོ། ། ས་བརྒྱད་པ་ནས་བཅུ་པའི་བར་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་ང་རྒྱལ་མེད་པར་འདོད་དོ། །བཞི་པ་ཆོས་ཡོངས་སུ་བཙལ་བའི་འབྲས་བུ་ལ་ཡོན་ཏན་འགྲུབ་པ་དང། སྤང་བྱ་སྤང་པ་གཉིས་ལས་དང་པོ་བརྟན་ཆོས་གཟུགས་དང་སོགས་ཚིགས་བཅད་གཅིག་སྟེ། བརྟན་པ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བའི་འབྲས་བུ་གཟུགས་ཅན་ལུས་དང་། གཟུགས་ཅན་མིན་པ་སེམས་ལ་རིམ་པ་བཞིན་གཟུགས་ཀྱི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དེའི་ཆ་ཤས་དཔེ་བྱད་བརྒྱད་ཅུ་འགྲུབ་པར་འགྱུར་ཏེ་ཆོས་ཐོས་བསམ་བསྒོམ་པའི་སྒོ་ནས་དེ་དག་འགྲུབ་པའི་ཕྱིར་རོ།། དེ་བཞིན་དུ་གཟུགས་མིན་པ་ཚོར་འདུ་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་བཞི་ལ་འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་པའི་ནད་མེད་པར་བྱེད་པའི་རྒྱུ་ཡང་ཆོས་ཡིན་ཏེ་ཆོས་ཤེས་ནས་ཉམས་སུ་བླངས་པས་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་པ་ཐམས་ཅད་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །མངོན་པར་ཤེས་པ་རྣམས་ཀྱི་དབང་ཕྱུག་ཐོབ་པ་ཡང་ཆོས་ལ་བརྟེན་ནས་འབྱུང་བ་དང་། ལྷག་མེད་མྱང་འདས་ན་ཡང་སྟོབས་སོགས་ཡོན་ཏན་མི་ཟད་པ་ཡང་ཆོས་ལ་བརྩོན་བ་ལས་འབྱུང་བས་ན་དེ་ལྟར་ཆོས་བཙལ་ཞིང་ཉམས་སུ་བླངས་པས་གཟུགས་ཅན་གྱི་ཡོན་ཏན་དང་གཟུགས་མིན་གྱི་ཡོན་ཏན་ཉོན་མོངས་པའི་ནད་ཞི་བ་དང་། དབང་ཕྱུག་དང་། མི་ཟད་པ་བཞི་ཐོབ་པའི་ཕྱིར། ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་ཆོས་ཚོལ་བར་འགྱུར་རོ། །བཞི་ནི་དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ། ནད་མེད་པའི་རྒྱུའི་ཕྱིར་སྨན་དུ་འདུ་ཤེས་པ། མངོན་པར་ཤེས་པས་ཕྱུག་པའི་ཕྱིར་ནོར་དུ་འདུ་ཤེས་པ། མི་ཟད་པའི་རྒྱུའི་ཕྱིར་མྱ་ངན་འདས་པར་འདུ་ཤེས་པའོ། ། ཞེས་གསུངས་པའང་། ཆོས་ནི་དུས་རེས་འགར་ལས་ཕྲད་དཀའ་ཞིང་། ཕྲད་ན་དོན་ཆེ་བས་རིན་པོ་ཆེ་ལྟར་འདོད་པ་འཇོ་བ་ཡིན་ལ་སྐབས་འདིར་རིན་པོ་ཆེ་མཛེས་ཤིང་དག་པ་ལྟ་བུའི་མཚན་དཔེའང་འཇིག་རྟེན་ན་དཀོན་པས་ཆོས་ལ་རིན་པོ་ཆེ་འདུ་ཤེས་སུ་བྱ་བ་དང་། སྨན་གྱིས་ནད་སེལ་པ་ལྟར་ཆོས་ཀྱི་བདུད་རྩིས་སྨན་གཞན་གྱིས་གསོ་མི་ནུས་པ་ཉོན་མོངས་པའི་ནད་ཞི་བའི་སྨན་ཆེན་པོར་འདུ་ཤེས་པ་དང་། འཇིག་རྟེན་གྱི་ནོར་ནི་ཉུང་ཞིང་རྒྱ་ཆུང་ལ་འཛད་པས་འཇིག་པ་དང་བཅས་ཤིང་དམ་པའི་ཆོས་ཀྱིས་མངོན་པར་ཤེས་པ་སོགས་ཀྱི་མཐུ་ཕུན་སུམ་ཚོགས་པ་འཛད་པ་མེད་པའི་དབང་ཕྱུག་ཆེན་པོ་ཐོབ་པས་ནོར་དུ་འདུ་ཤེས་པ་དང་། དམ་པའི་ཆོས་ནི་སྐྱེ་བ་དང་རྒ་བ་སོགས་ཀྱི་སྡུག་བསྔལ་ཐམས་ཅད་གཏན་དུ་ཟད་པར་བྱེད་པའི་གཉེན་པོ་ཡིན་པས་གཏན་དུ་བདེ་བའམ་གང་ཐོབ་ནས་གཏན་དུ་མི་ཟད་པ་ཞི་བ་བསིལ་བ་བདེ་བ་གྱ་ནོམས་པའི་བདག་ཉིད་མྱ་ངན་ལས་འདས་པ་ལྟ་བུའི་འདུ་ཤེས་སུ་བྱ་བའོ། ། གཉིས་པ་ཆོས་ཡོངས་སུ་བཙལ་བས་སྤང་བྱ་བཅུ་སྤོང་སྟེ་གང་ཞེ་ན་དེ་ཁོ་ན་ཉིད་རྟོགས་པའི་མི་མཐུན་ཕྱོགས་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གསུངས་པ་འདི་ལྟ་སྟེ། རྒྱལ་པའི་སྲས་པོ་ཆོས་ཚོལ་པ་རྣམས་ཀྱིས་ནི་ཡོད་པ་དང་། མེད་པ་དང་། སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་རྣམ་པར་རྟོག་པ་བཞི་དང་། །དེ་བཞིན་དུ་གཅིག་པར་རྣམ་པར་རྟོག་པ་དང་། དུ་མ་ཉིད་དམ་ཐ་དད་དུ་རྣམ་པར་རྟོག་པ་དང་། ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང་། དེའི་ཁྱད་པར་དུ་རྣམ་པར་རྟོག་པ་དང་། མིང་ཇི་ལྟ་བ་བཞིན་དུ་དོན་ལ་རྣམ་པར་རྟོག་པ་དང་། དོན་ཇི་ལྟ་བ་བཞིན་དུ་མིང་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་བཅུ་པོ་ཆོས་ཀྱི་དོན་ཤེས་པའི་སྒོ་ནས་ཡང་དག་པར་སྤོང་བར་བྱའོ། ། ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་པ། སྟོང་པ་ཉིད་ཅེས་པའི་དོན་ཆོས་རྣམས་ཐ་སྙད་དུ་མེད་པར་འཛིན་པ་ནི་ཆད་པའི་སྟོང་པ་ཡིན་པས་བསལ་བྱ་ཡིན་ཏེ། གཞན་དབང་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་ཡོད་པ་དང་། དོན་དམ་པ་ཡོངས་གྲུབ་ཆོས་ཉིད་དུ་ཡོད་པ་ནི་ཡོད་པ་ལ་ཡོད་པར་ཡང་དག་ཡང་དག་པར་རྟོག་པས་མཐའ་མིན་ནོ། །མེད་པའི་མཐའ་བསལ་བ་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་པས་ཐ་སྙད་རྟེན་འབྲེལ་གྱི་སྣང་བ་འདི་གང་ཟག་ཡོད་པར་བསྟན་ཏོ། ། དེ་ལྟ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བརྟགས་པ་ལྟར་གང་ཟག་གི་བདག་ཡོད་པར་བཟུང་ན་ཡོད་པའི་མཐའ་ཡིན་པས་དེ་སེལ་བྱེད་ཀྱི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་ཏེ་གང་ཟག་ཏུ་སྣང་ཡང་དེ་ལ་བདག་ཅེས་བྱ་བའི་དངོས་པོ་མེད་དེ་བདག་ཕུང་པོ་དང་གཅིག་མ་ཡིན་ལ་ཐ་དད་དུ་ཡང་མི་དམིགས་པའི་ཕྱིར་རོ། །དེས་གང་ཟག་ལ་བདག་མེད་པར་བསྟན་ནས་འདི་མན་ཆད་ཀྱིས་ཆོས་ལ་བདག་མེད་པ་སྟོན་ཏེ། སྒྲོ་འདོགས་དང་སྐུར་པའི་མཐའ་བསལ་བའི་གཉེན་པོར། གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ཀྱང་མ་ཡིན་ནོ་ཞེས། གཟུགས་ལ་སོགས་པའི་ཆོས་རྣམས་སྣང་ཡང་དེ་དང་དེའི་ངོ་བོར་གྲུབ་པ་མེད་པས་ངོ་བོ་ཉིད་ཀྱིས་སྟོང་ཞེས་པས་གཟུགས་ཀུན་བརྟགས་པ་ཙམ་དུ་བསྟན་པས་དོན་དམ་པར་ཡོད་པའི་སྒྲོ་འདོགས་པ་བསལ་ནས། སྟོང་པ་ཉིད་ཀྱིས་ཀྱང་མ་ཡིན་ཞེས་པ་སྟོང་པ་ཡོངས་གྲུབ་མེད་པར་སྐུར་བ་འདེབས་པ་བསལ་ཏེ་ཡོད་མེད་ཀྱི་ཤན་ལེགས་པར་མ་ཕྱེས་པར་ཐམས་ཅད་དུ་མེད་པར་འཛིན་པ་ནི་སྐུར་འདེབས་ཀྱི་ལྟ་བའོ། །ཚུལ་དེ་གཉིས་ལ་དགོངས་ནས་ཡོད་པའང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་གཉིས་ཀ་འགོག་པར་མཛད་ཀྱི་ཁས་ལེན་གང་ཡང་མེད་པའི་ཐམས་ཅད་བྱུང་རྒྱལ་དུ་འགོག་པ་ལུགས་འདིས་ཆེད་དུ་འགོག་རྒྱུའི་ཕྱོགས་སྔར་འདོད་པ་ཡིན་ནོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། གཟུགས་གང་ཡིན་པ་དེ་སྟོང་པ་ཉིད་མ་ཡིན་ཞེས་གསུངས་ཏེ། ཆོས་ཅན་གཟུགས་ལ་སོགས་པ་དང་ཆོས་ཉིད་སྟོང་པ་ཉིད་དོ། ། ཀུན་བརྟགས་པ་དང་ཡོངས་གྲུབ་གཉིས་གཅིག་མ་ཡིན་ཏེ། སྔ་མ་དཔྱད་མི་བཟོད་པ་འཁྲུལ་པའི་བློའི་ཡུལ་དང་ཕྱི་མ་དཔྱད་བཟོད་པ་མ་འཁྲུལ་པའི་བློའི་ཡུལ་ཡིན་པས་སོ། །ཐ་དད་པར་རྣམ་པར་རྟོག་པའི་གཉེན་པོར། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་ཏེ། ཆོས་ཅན་ནམ་གཟུང་འཛིན་གཉིས་སུ་སྣང་བ་དེ་ཉིད་སྟོང་པར་གནས་ཀྱི་དེ་ལས་ལོགས་ཤིག་ན་སྟོང་པ་ཉིད་ཅེས་བྱ་བ་མེད་དེ་མེའི་ཚ་བ་བཞིན་དུ་ཆོས་དེ་དག་གི་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། དེ་སྐད་དུ་ཡང་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། ། ཞེས་གཅིག་དང་ཐ་དད་དུ་འདོད་པ་རེ་རེ་ལ་ཡང་སྐྱོན་བཞི་རེ་བཞི་རེ་གསུངས་པ་བཞིན་ནོ། །བུམ་པ་ལྟ་བུར་རང་གི་ངོ་བོ་ཉིད་དུ་རྟོག་པ་དང་། བུམ་པ་མི་རྟག་པ་ལྟ་བུ་དེའི་ཁྱད་པར་གྱི་ཆོས་སུ་རྟོག་པ་དེ་གཉིས་ཀྱི་གཉེན་པོར་གཟུགས་གང་ཡིན་པ་དེ་ནི་མིང་ཙམ་མོ་ཞེས་སོགས་གསུངས་པ་མིང་དང་བརྡས་བཞག་པ་ཙམ་མ་གཏོགས་དོན་རང་གི་ངོ་བོ་གཟུགས་སུ་རུང་བ་དང་མྱོང་བ་སོགས་དང་ས་སྲ་བ་ཆུ་གཤེར་བ་སོགས་ཀྱི་མཚན་ཉིད་དམ་ངོ་བོ་ཉིད་དམ་རང་བཞིན་གང་ཡང་མེད་ཅེས་སོ། །ཁྱད་པར་དུ་རྟོག་པའི་གཉེན་པོ་གཟུགས་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་སོགས་ཆོས་ཐམས་ཅད་ལ་དེ་ལྟར་སྦྱར་ཏེ་གསུངས་པ་བཞིན། དོན་དམ་པར་ཆོས་གང་ཡང་ངོ་བོ་མེད་པ་དེ་ལ་སྐྱེ་བ་ལ་སོགས་པའི་ཁྱད་པར་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ནོ། ། བུམ་པ་སོགས་ཀྱི་མིང་བརྗོད་པ་ན་མིང་དོན་འདྲེས་ནས་མིང་ཇི་ལྟ་བ་བཞིན་དོན་དུ་རྟོག་པ་དང་། དོན་བུམ་པ་སོགས་ཀྱི་དངོས་པོ་ལ་ཇི་ལྟ་བ་བཞིན་མིང་དུ་རྟོགས་པའི་གཉེན་པོར། མིང་ནི་བཅོས་མ་རྫུན་པ་ཞེས་སོགས་གསུངས་ཏེ། མིང་དོན་གཉིས་ངོ་བོས་འབྲེལ་བ་མེད་ཀྱང་སྐྱེས་བུས་དོན་དེ་གོ་བར་བྱ་ཕྱིར་གློ་བུར་བརྡ་བྱས་པ་ཙམ་ལ་བྱིས་པ་རྣམས་ཀྱིས་མིང་བཞིན་དུ་དོན་དེར་འཛིན་པ་དང་། དོན་མཐོང་བ་ན་དོན་དེ་ཇི་ལྟ་བ་བཞིན་འདི་ནི་མིང་འདི་ཞེས་བྱའོ་ཞེས་འཛིན་པ་ནི་བྱིས་པའི་བློས་མིང་དང་དོན་དུ་སྒྲོ་བཏགས་པ་སྟེ་ཡང་དག་པར་ན་བརྗོད་བྱའི་དོན་གང་ཡང་མ་གྲུབ་པས་རྗོད་བྱེད་ཀྱི་མིང་ཡང་མི་འགྲུབ་སྟེ། ཆོས་ཐམས་ཅད་ནི་མིང་གིས་བརྗོད་དུ་མེད་པ་མིང་དང་བྲལ་བ་ཡིན་པས་མིང་ཙམ་ཡང་དམིགས་སུ་མེད་དོ་ཞེས་སོ། །ལྔ་པ་ཆོས་ཡོངས་སུ་བཙལ་བའི་ཆེ་བརྗོད་པའི་སྒོ་ནས་དོན་བསྡུ་བ་ནི། ལེའུ་འདིར་ཇི་སྐད་བཤད་པ་དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀུན་ལ་དམིགས་པའི་བློ་གྲོས་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཐབས་ཀྱི་དགེ་བ་རྒྱ་ཆེན་པོ་དང་ལྡན་ལ། ཆོས་ཚོལ་བ་ལ་ལེ་ལོ་དང་ཞུམས་དང་འཁྲུལ་བ་མེད་པའི་བརྩོན་འགྲུས་དྲག་པོ་ལ་བརྟེན་ནས། ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་ངེས་པའམ་ཡང་དག་པར་རྟོགས་པ་དང་བཅས་པའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པས་བསྡུས་པ་བདེན་པ་གཉིས་ཀྱི་ཆོས་ཉིད་ཡོངས་སུ་བཙལ་བ་ཞེས་སོ། ། འདི་ལ་བློ་བརྟན་འགྲེལ་པའི་འགྱུར་ལྟར་ན། བདེན་པ་གཉིས་ལྡན་ཆོས་ཉིད་དམིགས་པས་ན། །ཞེས་འདུག་གོ །དེ་ལྟར་ཆོས་བཙལ་བ་དེ་ཕྱིར་དུས་རྟག་ཏུ་སྐྱེ་དགུ་རྣམས་ཀྱི་སྟོན་པར་འགྱུར་ཏེ། གཞན་ལ་ལེགས་པར་བཤད་པའི་ཆོས་ཕྱིན་ཅི་མ་ལོག་པར་འཆད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་རྒྱ་མཚོ་ཆེན་པོ་ཆུ་དང་རིན་པོ་ཆེའི་ཚོགས་ཀྱིས་གང་པ་བཞིན་དུ་ལམ་དང་འབྲས་བུའི་ཆོས་ཀྱི་ཡོན་ཏན་རྣམས་ཀྱིས་རྒྱུད་གང་བར་འགྱུར་རོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཆོས་ཡོངས་སུ་ཚོལ་བའི་ལེའུ་སྟེ་བཅུ་གཉིས་པ་རྣམ་པར་བཤད་པའོ།། །། གཞན་ལ་ཆོས་བཤད་པའི་ལེའུ་འདི་ལ། ཆོས་ལ་སེར་སྣ་མེད་པར་གཞན་ལ་བསྟན་འོས་པའི་འཐད་པ་བསྟན་པ། ཆོས་བསྟན་པའི་དགོས་པ། ཇི་ལྟར་སྟོན་པའི་ཚུལ། བསྟན་བྱ་ཆོས་ཀྱི་རང་བཞིན། དེ་ལྟར་བསྟན་པའི་དོན་བསྡུ་བ་ལྔ་ལས། དང་པོ། བརྟན་པ་རྣམས་ནི་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་བ་རྣམས་ཀྱིས་ཆོས་རྙེད་པ་གྱུར་ཏེ་ཕྱིན་ཅི་མ་ལོག་པར་རྟོགས་པར་གྱུར་བ་ན་ཆོས་ལ་སེར་སྣ་མེད་པར་སེམས་ཅན་རྣམས་ལ་བཤད་པར་བྱས་ནས་རང་གི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པ་དང་སེམས་ཅན་གཞན་སྨིན་པར་བྱེད་པ་ལ་འདི་བས་ལྷག་པའི་ཐབས་གཞན་མེད་པས་ཅི་ནས་འཆད་དགོས་ཏེ། བ༵རྟན་པ༵་བྱང་ཆུབ་སེམས་དཔའ་རྣ༵མས་ནི༵་ལུས་སམ་སྲོག་སྔོན་གྱི་དགེ་བ་བསགས་པའི་ཚོ༵གས་ཆེན་པོས་རྙེད་པ་ད༵ང་། ལོ༵ངས་སྤྱོད༵་ཚོ༵གས་ཆེ༵ས་ཞེས་རྒྱ་མཚོར་བགྲོད་པ་སོགས་དཀའ་ཚེགས་ཆེན་པོས་རྙེད༵་ཅིང༵་རང་གིར་གྱུར་པའང་མཐར་འཛད་པ་དང་། ཡིད་བརྟན་དུ་རུང་བའི་སྙིང༵་པོ་མེ༵ད་པ༵་ད༵ག་ཏུ་ཤེས་ནས་སྦྱིན་པ་ལ་ར༵བ་ཏུ་དག༵འ་བའི་ཡི༵ད་ཀྱི༵ས་ཡུལ་སེ༵མས་ཅ༵ན་སྡུག༵་བསྔ༵ལ་བ་རྣམ༵ས་ལ༵་ཟང་ཟིང་གི་སྦྱིན༵་པ་རྣམ༵ས། ཚུལ་ཇི་ལྟར་ན་ཕ་རོལ་གྱི་བསམ་པ་ཡོངས་སུ་རྫོགས་པར་ནུས་པ་རྒྱལ་སྲིད་དམ་ལོངས་སྤྱོད་རྒྱ༷་ཆེ༵ན་པོ་དུས་རྟག་ཏུ་གཏོང༵་བར་བྱེད་ན༵། དམ་པའི་ཆོ༵ས་ནི་ཡང༵ས་ཤིང་རྒྱ་ཆེ་བ་ནམ་ཡང་ཟད་པར་མི་འགྱུར་བ་གང་ཞིག དེ་སྐྱེ༷་ད༵གུ་རྣམ༵ས་ལ༵་འདི་དང་ཚེ་རབས་གཞན་དུ་ཡང་རྣམ༷་པ༷་ཀུ༷ན་ཏུ་ཕ༷ན་པར་བྱེ༷ད་པས་ཟང་ཟིང་གི་སྦྱིན་པ་དང་མི་འདྲ་བར་གཏན་དུ་ཡིད་བརྟན་རུང་བའི་སྙིང་པོ་ཡོད་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། བསྟན་པ་གནས་པའི་དུས་ན་ཆོས་འཚོལ་བ་པོ་རང་གིས་ཀྱང་རྒྱ་མཚོར་འཇུག་པ་སོགས་ཟང་ཟིང་འགྲུབ་པ་ལྟར་ཚེ༷གས་ཆེ༷ས་རྙེ༷ད་པ་མི༷ན་ཞིང་བསྒྲུབ་སླ་ལ། ཆོས་ཀྱི་སྦྱིན་པ་དེ་ཤི༷ན་ཏུ༷་བཏང༷་ཡང༷་རང་རྒྱུད་ཀྱི་ཆོས་ཟད་པ་མེད་པར་མ་ཟད་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དེ་དག་གཞན་ལས་གཞན་དུ་ཡང་འཕེ༷ལ་བ༵ར་འགྱུར༷་བ༷་ལྟ༷་ལ༷ན་གཅི༷ག་མ༷་ཡི༷ན་པར་གཏོང་བ་ནི་སྨོས༷་ཅི་དགོས༷། ལྟ་ཞེས་པ་ཚིགས་བཅད་ཁ་བསྐང་བའི་ཆེད་དེ་དོན་གཞན་མེད་དོ། ། དེ་ལྟར་བྱང་ཆུབ་སེམས་དཔས་ཆོས་བཙལ་ནས་གཞན་ལ་སྟོན་པར་ངེས་པ་ཡིན་ནོ།། གཉིས་པ་ཆོས་བསྟན་པའི་དགོས་པ་ནི། རྟོགས་པའི་ཆོས་མཐར་ཐུག་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ནི་ཚིག་དང་ཡི་གེའི་ཡུལ་ལས་འདས་པ་ཡིན་ཀྱང་། དེ་ལྟ་བུ་ཐོབ་པར་བྱེད་པ་ལ་ཚིག་དང་ཡི་གེས་བསྟན་པའི་ལུང་གི་ཆོས་ལ་ཐོས་བསམ་མ་བྱས་པར་ནམ་ཡང་ཐོབ་མི་ནུས་པས་ལུང་གི་ཆོས་ཐོས་བསམ་གྱི་ཡུལ་དུ་གྱུར་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སོ་སོ་རང་རིག་རྟོགས་པའི་ཐབས་སུ་བསྟན་པ་ཡིན་ཏེ། ག༷ང་གི་ཕྱིར༵་ན་འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཆོས་སོ་སོ་རང་གིས་རིག་པར་བྱ་བ་ནི་སོ་སོ་རང་རིག་མེད་པ་ལ་ཐད་ཀར་བསྟན་པར་མི་ནུས་པས། དེ་འདྲའི་རྟོགས་པའི་ཆོས་ནི་མངོན་སུམ་དུ་སོ༷་སོ༷་ར༷ང་རིག༷་པར་བྱ༷་བའི་ཕྱིར་སངས་རྒྱས་བཅོ༷མ་ལྡ༷ན་འད༷ས་རྣམས་ཀྱིས་ཚིག་དང་ཡི་གེའི་རྣམ་པ་ཅན་གྱི་ཆོ༷ས་མ་བསྟ༷ན་པའམ་བསྟན་པ་མེད་དེ། སོ་སོ་རང་གིས་རིག་པར་བྱ་བའི་དོན་འདི་ཡིན་ནོ་ཞེས་ཚིག་དང་ཡི་གེས་ཇི་བཞིན་མཚོན་མི་ནུས་ཏེ། འཇིག་རྟེན་པའི་བརྗོད་པ་དང་རྟོག་པ་དང་དཔེ་དང་གཏན་ཚིགས་ལས་འདས་པ་ཡིན་པས་སོ་སོ་རང་རིག་པ་ཞེས་བྱ་སྟེ། འཇིག་རྟེན་ན་ཀ་བུམ་སོགས་འདུས་བྱས་ཀྱི་ཆོས་དང་། ནམ་མཁའ་སོགས་འདུས་མ་བྱས་ཀྱི་ཆོས་ཤེས་པ་ལྟ་བུ་མ་ཡིན་པས་དེ་བཞིན་ཉིད་ནི་འཕགས་པའི་ཡེ་ཤེས་དང་ལྡན་པས་སོ་སོ་རང་གིས་རིགས་པར་བྱ་བ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་བསམ་གཏན་མ་ཐོབ་པ་རྣམས་ཀྱིས་བསམ་པར་མི་ནུས་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འཇིག་རྟེན་པའི་ཐོས་པ་སོགས་ཀྱིས་བསམ་པའི་ཡུལ་མ་ཡིན་པ་སྨོས༷་ཅི་དགོས་སོ།། འོ་ན་ཟབ་མོའི་མདོ་སྡེ་རྣམས་ཀྱིས་ངེས་པའི་དོན་སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་སོ་སོ་རང་རིག་པར་བྱ་བའི་དོན་བཤད་དོ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སེམས་ཅན་རྣམས་ལ་ཐུ༷གས་རྗེ༷འི་བད༷ག་ཉི༷ད་སངས་རྒྱས་བཅོམ་ལྡན་འདས་སྦྲུ༷ལ་ཆེ༷ན་པོ་ལྟ༷་བུས། ཞེས་པ་དཔེ་བསྟན་པ་སྟེ། སྦྲུལ་ཆེན་པོ་ཨ་ཛ་གར་ཞེས་པ། རྒྱབ་ཏུ་ཞིང་རྨོ་ཞིང་ཆུ་བོ་ཡང་འབབ་པའི་ཁྱོན་ཡོད་པ་དེའི་ཁ་ནས་ཆུ་བྱུང་བ་རྒྱང་རིང་པོར་ཆུ་ཀླུང་ཆེན་པོ་བཞིན་དུ་བབ་པ་དེ་ལ་རི་དྭགས་རྣམས་ཀྱིས་ཆུ་ཀླུང་ཡིན་པར་བསམས་ནས་འཐུང་པ་ན་ཁ་ཆུ་གདུག་པས་ཤི་བར་གྱུར་བ་རྣམས་སྦྲུལ་དེའི་ཁའི་དབུགས་རྔུབས་པས་དྲངས་ནས་ཁར་འཛུད་པར་བྱེད་དོ། །དེའི་ཕྱིར་སངས་རྒྱས་སྦྲུ༷ལ་ཆེ༷ན་ལྟ༷་བུ༷ས། རིག་པ་བཞི་དང་ལྡན་པས་ཤིན་ཏུ་རི༷གས་ཤིང་འཐད་པ་སྟེ་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་བཤ༷ད་པ་ནི་གསུང་རབ་གང་ཞིག་སྦྲུལ་གྱི་དབུ༷གས་དང་འདྲ་བར་ཕ་རོལ་འདྲེན་ནས་པ་ཆོ༷ས་གསུང་རབ་ཡན་ལག་བཅུ་གཉིས་རྣ༷མས་ཀྱི༷ས། རི་དྭགས་ཀྱི་ཚོགས་ལྟ་བུའི་གདུལ་བྱའི་སྐྱེ༷་བོ༷་རྣམས། སངས་རྒྱས་ཉི༷ད་ཀྱི་ཡང་དག་པའི་ལམ་གྱི་ཆོ༷ས་ལ༷་ཀུ༷ན་ན༷ས་དྲ༷ངས་ཏེ༷། མཐར་སྡུག་ཀུན་ཉེ༷་བར་ཞི༷་བ་མྱང་འདས་ཆོས་ཀྱི་སྐུ་སངས་རྒྱས་ཉིད་ཀྱི་ཞ༷ལ་གྱི༷་སྒོ༷་ལྟ་བུ། སྒྲིབ་གཉིས་རྣ༷མ་པར༷་དག༷་པ༷་གཙང་བ་དམ་པ་དང་། སྟོབས་སོགས་ཀྱི་ཡོན་ཏན་རྒྱ་ཆེ༷ན་པོ་དང་ལྡན་པ་བདེ་བ་དམ་པ། སངས་རྒྱས་ཐམས་ཅད་དང་ཐུ༷ན་མོ༷ང་དུ་གྱུར་པས་བདག་ཉིད་ཆེན་པོའི་བདག་དམ་པ། གཏན་དུ་ཟ༷ད་མི༷་ཤེ༷ས་པས་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ལ༷་ཡང༷་དག༷་པ་བཀོ༷ད་དོ་ཞེས་སོ་སོ་རང་རིག་པར་བྱ་བའི་མཐར་ཐུག་པ་སངས་རྒྱས་ཆོས་ཀྱི་སྐུ་དེ་དངོས་སུ་ཚིག་གིས་བསྟན་ནས་དེ་དེ་བཞིན་དུ་རྟོགས་པར་གྱུར་ནས་སངས་རྒྱས་པའི་སེམས་ཅན་སུ་ཡང་མེད་ཀྱང་། མཐར་ཐུག་གི་ཆོས་སྐུ་དེ་ཉིད་ཐོབ་བྱེད་ཀྱི་རྒྱུ་ཟབ་མོ་དེ་ཁོ་ན་ཉིད་དང་། ཐབས་ཀྱི་ཕྱོགས་རྣམས་མ་ནོར་བ་བསྟན་པའི་ལུང་གི་ཆོས་ལ་ཐོས་བསམ་བསྒོམ་པ་ཕྱིན་ཅི་མ་ལོག་པར་བྱས་པའི་ལམ་དེས་འཕགས་པའི་ཡེ་ཤེས་སོ་སོ་རང་རིག་པ་ཐོབ་པ་ལ་བསླུ་བ་མེད་ཅིང་། ཡེ་ཤེས་དེས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་གིས་རིག་པར་བྱ་བའི་ཡུལ་དེ་ཁོ་ན་ཉིད་མ་ནོར་བར་ཐུགས་སུ་ཆུད་ནས། མཐར་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པ་ཡིན་པས་དེ་ལྟར་སོ་སོ་རང་རིག་པར་བྱ་བའི་ཡུལ་ནི་དངོས་སུ་ཚིག་གིས་བསྟན་དུ་མེད་ཅིང་ལུང་གི་ཆོས་ལ་བརྟེན་ཏེ་བརྒྱུད་ནས་བསྟ༷ན་པར་འགྱུར་བ་དེ༷་ལྟ༷་བས་ན་ཞི་ལྷག་དང་ལྡན་པའི་རྣལ༷་འབྱོ༷ར་ཅ༷ན་གྱི༷་སྒོ༷མ་པ ་ག༷ང་ཡི༷ན་པ་དེ༷་ནི༷་དོ༷ན་མེ༷ད་པ་མ༷་ཡི༷ན་ཏེ། བསྒོམ་པ་དེ་ལ་བརྟེན་ནས་སོ་སོ་རང་རིག་པའི་ཡེ་ཤེས་འབྱུང་བས་སོ། །སྒོམ་པ་དོན་ཡོད་པ་དེ༷་ལྟ༷ར་ན་སྒོམ་པ་ཕྱིན་ཅི་མ་ལོག་པར་བྱེད་པའི་ཆེད་དུ་བདེ༷་བར་གཤེ༷གས་པ་རྣམས་ཀྱི༷་ཆོས་མདོ་སྡེ་ལ་སོགས་པ་བསྟ༷ན་པ༷་གང༷་ཡིན་པ་དེ༷་ཡང༷་དོ༷ན་མེད་པ་མིན༷་ཏེ། དེ་ཁོ་ན་ཉིད་བསྒོམ་པའི་ལམ་དང་བྲལ་བ་ཕྱི་རོལ་པས་བདག་བསྒོམ་པ་སོགས་ནི་ཐར་ལམ་མིན་ལ་བདག་མེད་བསྒོམ་པ་སོགས་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་ཆོས་དེ་ཐོས་པ་དང་དེའི་དོན་བསམས་ནས་ངེས་པ་རྙེད་པ་བཞིན་བསྒོམ་པ་ལས་དེ་ཁོ་ན་ཉིད་མཐོང་བའི་སོ་སོ་རང་རིག་པ་འབྱུང་བའི་ཕྱིར་རོ། ། དེ་ལྟར་མ་ཡིན་པར་གལ༷་ཏེ༷་བདག་མེད་ལ་སོགས་པ་ཐོ༷ས་པ༷་ཙམ༷་གྱིས་དོ༷ན་དེ་ཉིད་མངོན་སུམ་མཐོ༷ང་བར༷་འགྱུ༷ར་ན༷་དེ་ཉིད་དུ་གྲོལ་བར་རིགས་ཀྱི་དེའི་དོན་བསྒོ༷མ་པ༷་དོན་མེ༷ད་པར་གྱུ༷ར་ལ། གལ༷་ཏེ༷་བདག་མེད་ལ་སོགས་བར་བསྟན་པའི་ཆོས་མ༷་ཐོ༷ས་པ༷ར་ཡང་དེའི་དོན་བསྒོ༷མ་པ་ལ་སྐྱེ་བོ་རང་ཉིད་འཇུ༷ག་པར་འགྱུ༷ར་ན༷་གསུང་རབ་རྣམས་བསྟ༷ན་པ་དོ༷ན་མེ༷ད་པར་འགྱུ༷ར་ཏེ་བསྟན་མི་དགོས་ན་ཡང་དེ་ལྟ་བུ་མི་སྲིད་པའི་ཕྱིར། འཕགས་པ་རྣམས་ཀྱི་ཡེ་ཤེས་གང་ཞིག་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་སོ་སོ་རང་རིག་ཐོབ་པ་ལ་དང་པོར་དམ་པའི་ཆོས་མཉན་པ་དང་། དེ་ནས་དེའི་དོན་ལ་བསམ་པས་ངེས་པ་རྙེད་པ་དང་། དེ་ནས་དོན་དེ་རྩེ་གཅིག་པར་བསྒོམ་དགོས་པས་ཀུན་གྱི་ཐོག་མར་ཐོས་པའི་ཤེས་རབ་བསྐྱེད་དགོས་པའི་ཕྱིར་ཆོས་ཉན་པ་དང་བཤད་པའི་ལུང་གི་བསྟན་པ་ནི་དེ་ལྟར་དོན་ཆེ་ཞིང་དགོས་པ་ཆེ་བ་ཡིན་པར་བསྟན་པའོ། ། གསུམ་པ་ཆོས་ཇི་ལྟར་སྟོན་པའི་ཚུལ་ལ། བྱང་ཆུབ་སེམས་དཔས་ཆོས་སྟོན་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་སྟོན་པའི་ཚུལ་གཉིས། དང་པོ་བྱང་ཆུབ་སེམས་དཔས་ཆོས་འཆད་པ་ལ་འཆད་ཚུལ་གྱི་རྣམ་གྲངས་དང་། དོན་བཟང་པོ་དང་། ཚིག་བཟང་པོ་གསུམ་ལས། དང་པོ། སེམས་དཔའ་མཆོག་གི་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། མོས་པའི་སྤྱོད་པའི་ས་ན་དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་སེམས་གཞན་ལས་ཇི་ལྟར་ཐོས་པ་བཞིན་འཆད་པ་ནི་ལུང་ལ་བརྟེན་ནས་འཆད་པ་དང་། ས་དང་པོ་ནས་བདུན་པའི་བར་ཆོས་ཀྱི་དབྱིངས་རྟོགས་པ་ཉིད་ཀྱི་མཐུས་འཆད་པ་དང་། དག་པའི་ས་གསུམ་དུ་མི་རྟོག་ཡེ་ཤེས་དང་མངོན་པར་ཤེས་པ་ལྷུན་གྱིས་གྲུབ་པས་དབང་འབྱོར་བས་ཆོས་འཆད་པ་ཞེས་བྱ་སྟེ་རྣམ་གྲང་གསུམ་མོ། །ཡང་ས་བརྒྱད་པ་སོགས་དབང་འབྱོར་བདག་གི་བྱིན་རླབས་ལས་རང་གི་ཁ་དང་གཞན་གྱི་ཁ་ཡི་གླུ་དབྱངས་དང་རོལ་མོ་སོགས་ཀྱི་སྒྲ་ལས་ཆོས་འཆད་པའི་སྒྲ་འབྱུང་བ་དང་། རྩིག་པ་དང་རོལ་མོའི་ཆ་བྱད་སོགས་གཟུགས་ནི་ཐམས་ཅད་གང་ཡང་རུང་བ་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་བ་དང་། ནམ་མཁའ་ལས་ཀྱང་ཆོས་བསྟན་པའི་སྒྲ་འབྱུང་བ་ཡིན་ནོ། །གཉིས་པ། རྒྱ་ཆེ་ཐེ་ཚོམ་སྤོང་སོགས་ཚིགས་བཅད་གཉིས་ཏེ། མང་དུ་ཐོས་པས་ཆོས་དང་དོན་དུ་འབྲེལ་པ་རྒྱ་ཆེ་བ་སྟོན་པའམ་གསལ་བ་དང་། བདག་ཉིད་ཆོས་ལ་ཐེ་ཚོམ་མེད་པས་གཞན་གྱི་ཐེ་ཚོམ་སྤོང་བར་བྱེད་པ་དང་། བདག་ཆོས་ལ་གནས་པས་གཞན་གྱིས་དེའི་ཚིག་གཟུང་བར་འོས་པར་གྱུར་ཏེ་ངག་ལ་ཉན་དུ་བཏུབ་པ་ནི་འཇེབ་པ་ཞེས་ཀྱང་བྱའོ། ། ཀུན་ཉོན་དང་རྣམ་བྱང་གི་དེ་ཉིད་གཉིས་སྟོན་པ་འདི་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཡི། ཆོས་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཞེས་བྱའོ། །འདི་ནི་ཚངས་པས་ཞུས་པའི་མདོ་ལས་གསུངས་པ་ལྟར། མང་དུ་ཐོས་ནས་འཇིག་རྟེན་དུ་དམ་པའི་ཆོས་ཡུན་དུ་གནས་པའི་ཕྱིར་ཆོས་རྒྱ་ཆེན་པོ་བཤད་པ་དང་། བདག་གི་ཤེས་རབ་ཆོས་བཤད་ཅིང་སྦྱང་བས་གོང་ནས་གོང་དུ་རྣོ་བར་བྱེད་ཅིང་གཞན་གྱི་ཐེ་ཚོམ་གཅོད་པ་དང་། བདག་ཉིད་ཆོས་ལ་གནས་པས་སྐྱེས་བུ་དམ་པའི་ལས་བྱེད་པས་གཞན་གྱི་དེའི་ཚིག་རྩི་བ་དང་། བདེན་བཞིའི་རང་བཞིན་གྱི་ཀུན་རྫོབ་དོན་དམ་གཉིས་བསྟན་པས་དོན་ཆེ་བའོ། །ཡང་ཆོས་སྟོན་པ་ཕུན་སུམ་ཚོགས་པའི་རྣམ་གྲངས་དགུ་ནི། སེམས་དཔའ་མཆོག་གི་ཆོས་སྟོན་པ་ནི་གཞན་གྱིས་བརྒལ་ཀྱང་ཚིག་རྩུབ་པོ་མི་འབྱིན་པས་འཇམ་ཞིང་། བསྟོད་པ་བཀུར་སྟི་སོགས་འབྱོར་ཀྱང་རྒྱགས་པ་དང་བྲལ་བ་དང་། ཆོས་སྟོན་པ་ལ་ངལ་དུབ་ཀྱིས་མི་སྐྱོ་བ་དང་དཔེ་མཁྱུད་མེད་པར་འཆད་པ་དང་དོན་ཚང་བར་འཆད་པས་གསལ་ཞིང་། དོན་སྣ་ཚོགས་པ་ཡང་ཡང་ཟློས་པ་མེད་པར་འཆད་པ་དང་། ཚད་མ་དང་མི་འགལ་བར་རིགས་པ་དང་ལྡན་པར་འཆད་པ་དང་། ཚིག་དང་ཡི་གེ་འཇིག་རྟེན་ན་ཡོངས་སུ་གྲགས་པར་བརྗོད་པས་གཞན་གྱི་ལེགས་པར་གོ་ཞིང་རྙེད་པ་དང་བཀུར་སྟི་འདོད་པ་སྤངས་པས་ཟང་ཟིང་མེད་པ་དང་། ཐེག་པ་ཀུན་ལ་མཁས་པས་ཐེག་པ་གསུམ་ཆར་གྱི་དོན་སྟོན་པས་ཀུན་ཏུ་འགྲོ་བ་སྟེ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་དོན་བཟང་པོ་སྟོན་པས་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཚིག་བཟང་པོ་ནི། རྒྱལ་སྲས་ཚིག་ནི་སོགས་ནས་ཡི་གེ་ཕུན་ཚོགས་ཡིན་ཞེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་སྲས་པོ་རྣམས་ཀྱི་ཆོས་འཆད་པའི་ཚིག་ནི་མི་དམའ་བའམ་མི་ཞན་པ་ནི་སྐད་གདངས་ཆུང་བས་ཁ་ཅིག་གིས་ཐོས་ཁ་ཅིག་གིས་མི་ཐོས་པ་ལྟ་བུ་མིན་པ་འཁོར་ཀུན་ལ་ཁྱབ་པར་ཐོས་པ་དང་། སྙན་པ་ནི་ཚིག་འཇམ་ཞིང་རྣ་བར་སྙན་པ་དང་ཡིད་ལ་འཐད་པ་བཟང་པོ་དང་། ལེགས་པར་བཤད་པའམ་མཛེས་པར་བཤད་པ་ནི་དོན་གོ་ནུས་པའི་ཚིག་གསལ་བ་ཡིན་ནོ། ། འཇིག་རྟེན་དུ་མ་གྲགས་པའི་ཚིག་བརྗོད་ན་གཞན་གྱིས་གོ་བར་མི་འགྱུར་ཀྱང་འཇིག་རྟེན་ན་གྲགས་པའི་ཚིག་དང་སྐད་ཀྱིས་བརྗོད་པས་དོན་ཤེས་པར་བྱེད་པས་གྲགས་པ་ཞེས་བྱ་བ་དང་། གདུལ་བྱའི་རྒྱུད་དང་འཚམས་པར་བསྟན་པ་ནི་ཇི་ལྟར་རིགས་པའམ་ཅི་རིགས་པ་ཞེས་བྱ་སྟེ་དེ་ལྟར་བསྟན་ན་དེའི་རྣ་པར་འོང་པ་འགྱུར་རོ།། རྙེད་བཀུར་ལ་མི་ལྟ་བས་ཟང་ཟིང་མེད་པའམ་ཟང་ཟིང་ལ་མི་བརྟེན་པའོ། །ཧ་ཅང་མང་ན་སྐྱོ་བས་ཚིག་མང་ཉུང་རན་ཅིང་འཛིན་བདེ་བ་ནི་མཐུན་པའོ། །དེ་བཞིན་དུ་ཡངས་པ་ནི་རྒྱས་པར་བཤད་ན་ཟད་པ་མེད་པར་འཆད་ནུས་པ་ཡིན་ནོ། །མདོ་ལས་ཚིག་གི་ཡོན་ཏན་བརྒྱད་བཤད་པ་ཁྱབ་པ་བཟང་བ་གསལ་བ་ཤེས་པར་བྱེད་པ་རྣར་འོང་བ་མི་བརྟེན་པ་མཐུན་པ་མི་ཟད་པ་ཞེས་གསུངས་པ་གོང་ལྟར་འདི་དང་སྦྱར་ཏེ་ཤེས་པར་བྱའོ། །རྙེད་བཀུར་ལ་མི་བརྟེན་པ་སེམས་ཀྱི་ཡོན་ཏན་ཡིན་ཡང་རྙེད་བཀུར་བྱེད་པ་ལ་བཤད་ཅིང་བསྟོད་པ་དང་རྙེད་བཀུར་མེད་ན་མི་འཆད་ཅིང་སྨད་པ་ལྟ་བུ་མིན་པས་ཚིག་འདི་དག་ལ་རྒྱུ་དེས་སྐྱོན་མ་ཞུགས་པའི་ཆ་ནས་བཤད་དགོས་སམ་སྙམ། ཚིག་འཆད་ཚུལ་གྱི་ཡོན་ཏན་ཀྱང་བརྒྱད་དེ། དོན་མདོར་བསྡུས་ཏེ་བསྟན་པས་ཁོག་དོན་འཛིན་བདེ་བ་དང་། དེ་བཞིན་དུ་དོན་དེ་དག་ཞིབ་ཏུ་རྒྱས་པར་བཤད་པ་བྱས་པས་དོན་ལ་ངེས་པ་རྙེད་པ་དང་། གདུལ་བྱ་རིགས་ཅན་གསུམ་སོ་སོ་ལ་དེ་དང་དེའི་ཐེག་པ་བསྟན་པ་ནི་ཐེག་པ་དང་མཐུན་པར་བཤད་པ་དང་། ཚིག་དང་ཡི་གེ་དང་དོན་གོ་རིམ ས་མ་འཁྲུགས་པར་བསྟན་པས་ཉན་བདེ་བ་དང་། ཚིག་དང་ཡི་གེ་ཡོངས་སུ་གྲགས་པ་དག་གིས་སྟོན་པ་དང་། གདུལ་བྱའི་རྒྱུད་དང་འཚམས་པར་ཇི་ལྟར་རིགས་པའམ་ཅི་རིགས་པ་སྟོན་པ་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་འཕགས་པའི་ལམ་གྱི་ཆོས་སྟོན་པ་དང་། འཕགས་ལམ་བརྒྱད་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་ཕྱིར། དེ་ལྟ་བུ་ནི་མདོར་ན་སེམས་དཔའ་མཆོག་རྣམས་ཀྱི། ཡི་གེ་ཕུན་ཚོགས་ཡིན་ཞེས་བྱ་ཞེས་སོ། །མདོ་ལས་ཡི་གེའི་ཡོན་ཏན་ནི་རིགས་པའི་ཚིག་དང་ཡི་གེ་དང་ལྡན་པ་དང་། རྗེས་སུ་འབྲང་བ་དང་། རྗེས་སུ་མཐུན་པ་དང་། ཁས་ལེན་པ་དང་། མཐུན་པ་དང་། རྗེས་སུ་མཐུན་པ་དང་། མཁས་པར་སྦྱོར་བའི་ཚོགས་རྫོགས་པ་ཞེས་བརྒྱད་གསུངས་པ་དེ་དག་སྔ་མ་དང་སྦྱར་བར་བྱ་སྟེ། ཚད་མ་གསུམ་གྱི་རིགས་པ་ལྡན་པའི་ཚིག་དང་ཡི་གེས་མདོར་བསྟན་པ་དང་། མདོར་བསྟན་བཞིན་དུ་རྒྱས་བཤད་ལྡན་པ་དང་། ཐེག་པ་དང་མཐུན་པར་རྗེས་སུ་འབྲང་བ་དང་། བདེན་པ་ནི་ཚིག་དང་ཡི་གེ་སྟོན་ཚུལ་འཁྲུགས་པས་རྣ་བར་མི་འོང་བ་མེད་པས་འཇམ་པ་ནི་ཡིད་དང་རྗེས་སུ་མཐུན་པའོ། །གྲགས་པ་ནི་ཁས་ལེན་པ་སྟེ་དེ་དེ་བཞིན་དུ་གོ་བས་སོ། །ཅི་རིགས་པ་ནི་དེའི་སྣོད་དང་མཐུན་པའོ། །འཕགས་ལམ་སྟོན་པས་མྱང་འདས་ཀྱི་རྗེས་སུ་མཐུན་པའོ། །མཐུན་པའི་ཕྱིར་དང་མཁས་པ་སྦྱོར་བའི་ཚོགས་རྫོགས་ལ་གཉིས་སྦྱར་ཏེ། མཁས་པ་ནི་རྒྱུན་ཞུགས་ནས་དགྲ་བཅོམ་ལ་ཞུགས་པའི་བར་གྱི་གང་ཟག་བདུན་ལ་བྱ་སྟེ། དེ་དག་གི་མཐོང་སྒོམ་གྱི་ལམ་ལ་ཚོགས་རྫོགས་པ་ཞེས་བྱ་ལ། དེ་གང་དུ་མཐུན་ན་འཕགས་ལམ་བརྒྱད་དང་མཐུན་པའི་ཕྱིར་རོ་ཞེས་འགྲེལ་ཆེན་དུ་བཤད་དོ། །གཉིས་པ་སངས་རྒྱས་ཀྱིས་ཆོས་འཆད་ཚུལ། བདེ་གཤེགས་གསུངས་ནི་སོགས་ནས། བཤད་པ་བླ་ན་མེད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། བདེ་བར་གཤེགས་པས་ཆོས་སྟོན་པའི་གསུང་ནི་དབྱངས་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། འོན་ཀྱང་མདོར་བསྡུ་ན་གསུང་གི་དབྱངས་ཡན་ལག་དྲུག་ཅུ་གསང་བ་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་ལས་བསྟན་པ་བཞིན་དུ་ཤེས་པར་བྱ་ལ། དེའི་ཡན་ལག་རེ་རེ་ལ་ཡང་གསུངས་དབྱངས་མཐའ་ཡས་པ་འབྱུང་བས་བསམ་གྱིས་མི་ཁྱབ་བོ། ། དྲུག་ཅུ་གང་ཞེ་ན། དཔེར་ན་ཆུས་རྩ་ཤིང་སོགས་སྐྱེ་ཞིང་འཕེལ་བར་བྱེད་པ་བཞིན་དུ་སངས་རྒྱས་ཀྱི་གསུང་གིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྐྱེད་ཅིང་འཕེལ་བར་བྱེད་པས་མཉེན་པའམ་སྣུམ་པ་ཞེས་བྱའོ། །ལྷའི་གོས་འཇམ་པས་ལུས་ལ་རེག་ན་བདེ་བ་ལྟར་སངས་རྒྱས་ཀྱི་གསུང་ཐོས་པ་ཙམ་ནས་ཚེ་འདིར་ཡིད་བདེ་བར་བྱེད་པས་འཇམ་པ་དང་། དེ་བཞིན་དུ་བདེན་པ་གཉིས་དང་རྟེན་འབྱུང་དང་བྱང་ཕྱོགས་སོགས་ཀྱི་དོན་སྟོན་པས་ཡིད་དུ་འོང་བ། ཐ་མལ་པ་བ་ལང་རྫི་སོགས་ཀྱི་ཚིགས་དང་ཡི་གེ་ལྟ་བུ་མི་གསུང་གི་ལྷ་དང་འཕགས་པའི་ཚིག་དང་ཡི་གེ་གསུང་བས་ཡིད་དུ་འཐད་པ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཆེན་པོ་སྒྲིབ་གཉིས་སྤངས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པས་རྣམ་པར་དག་པ། ཉོན་མོངས་པའི་བག་ཉལ་དང་བྲལ་བས་དྲི་མ་མེད་པ། འཇིག་རྟེན་ན་གྲགས་པའི་ཚིག་དང་ཡི་གེ་གསལ་བས་རབ་ཏུ་གསལ་བ། མུ་སྟེགས་སོགས་ཀྱི་ལྟ་བ་ངན་པ་སེལ་བའི་སྟོབས་དང་ལྡན་པས་སྙན་ལ་འཇེབ་པའམ་སྟོབས་དང་ལྡན་པ། གསུང་བཞིན་བསྒྲུབས་ན་ཁམ་གསུམ་ལས་ངེས་པར་འབྱུང་བས་མཉན་པར་འོས་པ། ཕ་རོལ་གྱི་རྒོལ་པས་གསུང་དེ་སུན་དབྱུང་མི་ནུས་པས་མི་ཚུགས་པ། ཉན་པ་པོའི་ཡིད་ལ་དགའ་བ་སྐྱེད་པས་སྙན་པ། ཆགས་སོགས་ཉོན་མོངས་པ་ཐམས་ཅད་ཀུན་ནས་འདུལ་བར་བྱེད་པས་འདུལ་བ། བསླབ་པ་བཅས་པ་ཡང་མུ་སྟེགས་པའི་མེ་ལྔ་བསྟེན་པ་སོགས་བགྱིད་དཀའ་བ་རྩུབ་པོ་ལྟ་བུ་མ་ཡིན་པར་འཇུག་སླ་བ་ནི་མི་རྩུབ་པ། ལྟུང་བ་ལས་ཡང་དག་པར་འབྱུང་བའི་ཐབས་བཤགས་པ་དང་བསྡམ་པ་སོགས་སྟོན་པས་བགྱིར་མེད་པ་མ་ཡིན་པས་མི་བརླང་བ། ཐེག་པ་གསུམ་སྟོན་པས་རིགས་ཅན་རྣམས་རབ་ཏུ་དུལ་བ། གསུང་སྙན་ཅིང་འཇམ་པས་བཏང་མི་བྲ་བར་རྣ་བླགས་ཏེ་ཉན་འདོད་པས་གཡེང་བ་མི་འབྱུང་ཕྱིར་རྣ་བར་སྙན་པ། གསུང་དེ་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་པས་ཤིན་སྦྱང་གིས་ལུས་སིམ་པར་བྱེད་པ་དང་། དེ་བཞིན་ལྷག་མཐོང་གིས་སེམས་ཚིམ་པར་བྱེད་པ། ཐེ་ཚོམ་གྱི་ཟུག་རྔུ་ཐམས་ཅད་གཅོད་པར་བྱེད་པས་སྙིང་དགའ་བ། མི་ཤེས་པ་དང་ལོག་པར་འཛིན་པ་སྤངས་བས་རིམ་པ་བཞིན་དགའ་བ་དང་བདེ་བ་སྐྱེད་པ། གསུང་བཞིན་དུ་བསྒྲུབས་ན་འབྲས་བུ་མི་བསླུ་བར་ཐོབ་པས་གསུང་དེ་མཉན་པ་དོན་མེད་དོ་སྙམ་པའི་འགྱོད་པ་མི་འབྱུང་བས། གདུང་བ་མེད་པ། ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པའི་གནས་ཀྱི་ཕྱིར་ཀུན་ཤེས་པ། བསམ་པའི་ཤེས་རབ་ཕུན་སུམ་ཚོགས་པ་འབྱུང་བར་བྱེད་པའི་གནས་སུ་གྱུར་པའི་ཕྱིར་རྣམ་པར་རིག་པར་བྱ་བ། དཔེ་མཁྱུད་མེད་པར་སྟོན་པས་རྣམ་པར་གསལ་བ་བདག་གི་དོན་རྗེས་སུ་ཐོབ་པ་ནི་རྒྱུན་དུ་ཞུགས་པ་སོགས་གང་ཟག་བརྒྱད་དང་། ས་བཅུ་པའི་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཡིན་ལ། ཉན་ཐོས་དང་བྱང་སེམས་འཕགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་སྒོ་ནས་བདག་གི་དོན་རྗེས་སུ་ཐོབ་པར་མཐོང་ནས་གསུང་ལ་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བ། བདག་གི་དོན་མ་ཐོབ་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདག་གི་དོན་རྗེས་སུ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་གསུང་ལ་འཇུག་པར་འདོད་པས་མངོན་པར་དགའ་བ། ཟབ་མོ་སོ་སོ་རང་གིས་རིག་པར་བྱ་བ་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བྱང་ཆུབ་ཀྱི་ཕྱོགས་རྣམས་བསམ་ཀྱིས་མི་ཁྱབ་པ་ཡིན་ལ། ཆོས་དེ་དག་ཡང་དག་པར་སྟོན་པར་བྱེད་པས་ཀུན་ཤེས་པར་བྱེད་པ། ཡང་ན་ཕྱིའི་དངོས་པོ་སྣ་ཚོགས་འགྲུབ་པའི་ལས། རྣམ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ། དེ་བཞིན་གཤེགས་པའི་སྤྱོད་ཡུལ། སྨན་དང་སྔགས་ཀྱི་མཐུ་བཞི་ཕལ་པས་བསམ་གྱིས་མི་ཁྱབ་པས་དེ་དག་བསམ་པར་མི་བྱ་བར་བསྟན་པ་ལ་ཡང་འཆད་པ་ཡོད། ཕུང་ཁམས་སྐྱེ་མཆེད་ས་དང་ཕར་ཕྱིན་སོགས་བསམ་པར་བྱ་བ་རྒྱ་ཆེ་བའི་ཆོས་སྟོན་པས་རྣམ་པར་རིག་པར་བྱེད་པ། ཚད་མ་གསུམ་དང་ལྡན་པར་བརྗོད་པས་རིགས་པ། གདུལ་བྱའི་སྣོད་དང་འཚམས་པར་སྟོན་པས་དེའི་རྒྱུད་དང་མཐུན་པ་འབྲེལ་པ། རྣམ་གྲངས་དུ་མས་དོན་གཅིག་བསྟན་ཀྱང་མིང་སོ་སོའི་ཆ་ནས་གོ་རྒྱུའི་དགོས་པ་ཡོད་པ་མདོ་རྣམས་ལས་རྣམ་གྲངས་ཀྱིས་བསྟན་པ་ལྟ་བུ་མ་ཟློས་པ། རྒོལ་པ་དང་མུ་སྟེགས་ཅན་སྐྲག་པར་བྱེད་པས་སེང་གེའི་སྒྲའི་ཤུགས་ལྟ་བུ་ཞེས་སེང་གེའི་སྒྲས་རི་དྭགས་རྣམས་སྐྲག་པར་བྱེད་པ་བཞིན་བདག་མེད་སོགས་བསྟན་པའི་ཤུགས་མི་བཟོད་པའོ། ། འཁོར་ལ་ཁྱབ་པ་གླང་པོ་ཆེའི་སྒྲ་དབྱངས་ནི། མི་ཡུལ་གྱི་གླང་པོ་ཆེ་ལ་མི་བྱ་སྟེ། ལྷའི་གླང་པོ་ཆེ་ཨེ་བ་ར་ན་ལ་སོགས་པ་ལ་བྱ་སྟེ། དེ་དག་གི་སྒྲ་སུབ་སུབ་པོ་དང་འཛེར་འཛེར་པོ་མ་ཡིན་པ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གི་སྒྲ་ལ་ཡང་དེ་གཉིས་སྤངས་པའོ་ཞེས་བཤད། ཟབ་པ་འབྲུག་གི་སྒྲ་དབྱངས་ནི་གདངས་ལྡིར་ལ། དྲུང་ནས་ཉན་ན་ལྷག་པར་མི་ཆེ་ཡང་རྒྱང་ནས་ཉན་ན་ལྷག་པར་ཆུང་བ་མིན་པར་ཉེ་རིང་འདྲ་བར་སྙོམས་པས་སྤྲིན་གྱི་དབྱངས་ཏེ་འབྲུག་གི་དབྱངས་ལྟ་བུ་ཞེས་འགྲེལ་བར་བཤད། ཀླུའི་གནས་ན་ཀླུའི་དབང་པོའི་ཚིག་ནི། འཇེབས་ཤིང་ཚིག་བཙུན་ལ་ཀླུ་ཀུན་ཉན་དུ་བཏུབ་པ་བཞིན་སངས་རྒྱས་ཀྱི་གསུང་ནི་ལྷ་དང་ལྷ་མིན་མི་ལ་སོགས་པ་ཐམས་ཅད་བཀའ་ཉན་པས་ཀླུའི་དབང་པོའི་དབྱངས་ལྟ་བུའོ། །སེམས་ཅན་གྱི་སྒྲ་སྐད་ཀྱི་ནང་ན་དྲི་ཟའི་སྐད་ནི་མཆོག་ཏུ་མཉེན་པ་ཡིན་པས་མིའམ་ཅིའམ་དྲི་ཟའི་དབྱངས་ལྟ་བུ་སྙན་པ་དང་། བྱ་ཀ་ལ་པིང་ཀའི་སྒྲ་ནི་གདང་སྙན་པ་སྔ་མ་དང་མི་འདྲ་བའི་སྙན་པ་གཞན་དང་གཞན་འབྱུང་ལ་རྒྱུན་འཆད་པ་མེད་པ་ལྟར་སངས་རྒྱས་ཀྱི་གསུང་རྒྱུན་མི་གཅོད་ལ་སྙན་པ་གཞན་དང་གཞན་འབྱུང་བའོ། ། ཁ་ཅིག་ཀ་ལ་པིང་ཀའི་སྒྲ་སྙན་པས་སེམས་ཅན་རྣམས་ཀྱི་སེམས་སུ་ཞུགས་ནས་རྒྱུན་ཅི་ཙམ་པ་ཉན་ཏེ་ནམ་སྒྲ་དེ་རྒྱུན་ཆད་པའི་ཚེ་ན་དེ་སྙན་པས་སླར་ཡང་ཉན་འདོད་པ་དང་འདྲ་བར་སངས་རྒྱས་ཀྱི་གསུང་ལན་ཅིག་ཐོས་ན་སླར་ཡང་ཉན་པར་འདོད་པའོ་ཞེས་ཟེར། ཚངས་པའི་དབྱངས་ནི་མཉེན་པས་རིང་དུ་སོང་བ་སྟེ་དུམ་དུམ་པོ་མ་ཡིན་པར་ལྟར་སངས་རྒྱས་ཀྱི་གསུང་དབུགས་རྔུབ་པའི་ཐུང་སྐྱོན་མེད་པས་རིང་བའམ། རྒྱང་རིང་དུ་གྲགས་པའོ། །འདབ་ཆགས་ཛི་བ་ཛི་པཀ་ཞེས་པ་ཤང་ཤང་ཏེའུའི་སྐད་ནི་བཀྲ་ཤིས་པ་སྟེ། དོན་གཉེར་དུ་འགྲོ་བས་ཐོས་ན་དོན་ཐམས་ཅད་ངེས་པར་འགྲུབ་པའི་ལྟས་ཡིན་པ་ལྟར། སངས་རྒྱས་ཀྱི་གསུང་ཐོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པའི་བཀྲ་ཤིས་པའི་སྔ་ལྟས་སུ་གྱུར་པ་སྟེ་གསུང་ཐོས་པ་ལས་ཕྱིས་དོན་ཀུན་འགྲུབ་པར་འགྱུར་བས་སོ། ། ཚིག་བཙུན་པས་ཐམས་ཅད་ཀྱིས་དེ་བཞིན་སྙན་ཅིང་མི་འདའ་བས་ལྷའི་དབང་པོའི་དབྱངས་དང་འདྲ་བས་སངས་རྒྱས་ཀྱིས་གསུང་གི་བཀའ་གཞན་གྱིས་མི་གཅོག་པའོ།། ལྷའི་རྔ་བོ་ཆེས་ལྷ་མིན་ཕམ་ཞིང་ལྷ་རྒྱལ་བའི་སྒྲ་བྱུང་བ་ནས་ལྷ་མིན་རང་འབྱེར་བ་ལྟར་སངས་རྒྱས་ཀྱང་བདུད་དང་ཕྱིར་རྒོལ་བ་ཀུན་ནས་རྒྱལ་ཏེ་དང་པོར་ཆོས་ཀྱི་འཁོར་ལོར་བསྐོར་བ་དང་གང་ཐོས་བ་རྣམས་བདུད་སོགས་ལས་རྒྱལ་བར་བྱེད་པས་སོ། ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སངས་རྒྱས་ལ་བསྟོད་ཀྱང་ང་རྒྱལ་མེད་པས་མི་བགྱིང་པའམ་མ་ཁེངས་པ། བདུད་དང་མུ་སྟེགས་སོགས་ཀྱིས་ཆོས་བསྟན་པ་འདི་མ་ལེགས་པ་ཡིན་ཞེས་སྨད་ཀྱང་ཞུམས་པ་མེད་པས་སྐུ་མི་དམའ་བ། བྱ་ཀ་ར་ཎ་ཞེས་པ་བརྡ་སྤྲོད་པའམ་ལུང་སྟོན་པ་སྟེ་སྐབས་འདིར་སངས་རྒྱས་ཀྱིས་འདས་མ་འོངས་ད་ལྟའི་དོན་ལུང་བསྟན་པ་ཐམས་ཅད་དེ་ཁོ་ན་ལྟར་ངེས་པར་འགྱུར་བའམ། ཡང་ན་ཤེས་བྱ་རིག་པའི་གནས་ཐམས་ཅད་ཇི་ལྟ་བརྡ་སྤྲོད་པ་ལྟར་ངེས་པའམ་ཡང་ན་བརྡ་སྤྲོད་པའི་སྒྲའི་མཚན་ཉིད་ལ་ཡང་ཞུགས་པ་སྟེ་བརྡ་སྤྲོད་པའི་ལུགས་དང་ལྡན་པས་སྒྲ་ཀུན་གྱི་རྗེས་སུ་ཞུགས་པའང་ངོ་། །དྲན་པ་ཉམས་པ་མེད་པས་བརྗོད་བྱ་འགའ་ཞིག་ལུས་ནས་ཚིག་གི་རྣམ་པ་མ་ཚང་བའམ། བསྟན་བྱའི་དོན་ཐམས་ཅད་ལ་བསྙེལ་བ་མེད་པས་ཚིག་གི་ཟུར་ཆག་པ་མེད་པ་དང་གདུལ་བྱའི་དོན་གྱི་བྱ་བ་དགེ་རྩ་བསྐྱེད་པ་དང་། འཕེལ་བ་དང་མཐར་ཕྱིན་པའི་བྱ་བ་ཐམས་ཅད་མ་ལུས་པར་སྟོན་པས་མ་ཚང་བ་མེད་པ། རྙེད་བཀུར་སོགས་ཀྱིས་སྲེད་པ་དང་བྲལ་བས་མ་ཆགས་པའོ། ། དཔེ་ལ་ལར་འདི་ལ་མ་ཞུམས་པ་ཞེས་སུ་སྣང་། འཁོར་དུ་ཆོས་འཆད་པ་ལ་བདུད་སོགས་ཀྱིས་རྒོལ་བའི་འཇིགས་པ་མེད་པས་མི་ཞན་པའམ། དཔེ་ལ་ལར་འདི་ལ་མ་ཞུམས་པ་ཟེར། ཆོས་སྟོན་པ་ལ་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བས་དུབ་པ་མེད་པས་རབ་ཏུ་དགའ་བ། རིག་པའི་གནས་ཐམས་ཅད་ལྷག་མ་མེད་པར་ཐུགས་སུ་ཆུད་པའི་སྒོ་ནས་ཤེས་བྱ་གང་དང་ཅི་དྲིས་པ་ཐོགས་མེད་དུ་འཆད་པས་དོན་མཐའ་དག་རྒྱས་པར་སྟོན་པའམ། ཁྱབ་པ་ཉིད་དུ་སྟོན་པའི་ཕྱིར་རྒྱས་པའམ་ཁྱབ་པ་ཞེས་བྱའོ།། སེམས་ཅན་དགེ་རྩ་མ་སྐྱེད་པ་ཐབ་བཅས་པའི་དོན་མཛད་ཅིང་ཐབ་མེད་པའི་སེམས་ཅན་ཐམས་ཅད་ཀྱིས་དོན་ཁོང་དུ་ཆུད་པར་མཛད་པས་ཐབ་མེད་པ། རྟག་ཏུ་ཆོས་རྒྱུན་མི་འཆད་པར་གསུངས་པས་རྗེས་སུ་ཞུགས་པའམ་རྒྱུན་ཆགས་པ། མིང་དང་ཚིག་དང་ཡི་གེ་སྣ་ཚོག་མང་པོའི་སྒོ་ནས་འབེལ་བའམ་རོལ་བར་མཛད་པས་བརྗིད་པའམ་རོལ་པའམ་འབེལ་བ་ཞེས་བྱའོ། །གསུང་གཅིག་ལ་ཡང་ལྷ་ཀླུ་མི་དང་བྱོལ་སོང་ཡི་དྭགས་ལ་སོགས་པའི་སེམས་ཅན་སོ་སོའི་སྒྲ་སྐད་དུ་ཐོས་པའི་སྒྲ་ཀུན་རྫོགས་པར་བྱེད་པའོ། །གསུང་གཅིག་གིས་སོ་སོ་རང་རང་གིས་དོན་གང་ཤེས་པར་འདོད་པ་དེ་ཁོང་དུ་ཆུད་པར་བྱེད་པས་སེམས་ཅན་དེ་དག་གི་དབང་པོ་ཐམས་ཅད་མགུ་བར་བྱེད་པའམ་ཚིམ་པར་བྱེད་པའོ། །དང་པོར་ཇི་སྐད་ཞལ་གྱིས་བཞེས་པའི་དམ་བཅའ་དེ་མཐར་ཕྱིན་པར་མཛད་ཀྱི་ནམ་ཡང་བར་མ་དོར་འདོར་བའམ་ཆུད་ཟ་བ་མེད་པས་མི་སྨད་པའམ་མ་སྨད་པའོ། །ཡང་ལམ་འདི་ལ་ཞུགས་པར་བྱས་ན་འབྲས་བུ་འདི་ཐོབ་བོ་ཞེས་གསུངས་པ་ལྟར་དོན་དེ་ངེས་པར་ཐོབ་པས་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཡིན་ཞེས་སྨད་དུ་མེད་པ་ཡང་གོ་བར་བྱའོ། །གདུལ་བྱ་གང་ཞིག་ནམ་འདུལ་བའི་དུས་ལ་བབ་པར་འདོམས་པས་དེའི་དོན་དུ་བསྙེལ་བ་མེད་པ་དང་གཞན་དོན་འབྱུང་བ་ལས་མི་གཡོ་བའམ་མི་འགྱུར་བའོ། །མི་རིགས་པའམ་མི་ལེགས་པ་ཧ་ཅང་མྱུར་ཆེས་པ་དང་རྟབ་རྟབ་པོར་མི་གསུངས་པས་བརྟན་པའམ་མ་རྟབ་པའོ། ། ཇི་ལྟར་དྲུང་ན་གནས་པ་རྣམས་ཀྱིས་སྒྲ་ཧ་ཅང་མི་ཆེ་མི་ཆུང་བ་གསལ་ཞིང་ལེགས་པར་ཐོས་པ་བཞིན་དུ། རྒྱང་ན་གནས་པ་དང་གདུལ་བྱར་གྱུར་པ་གཞན་འཇིག་རྟེན་གྱི་ཁམས་ཤིན་ཏུ་མང་པོའི་ཕ་རོལ་ན་གནས་པས་ཀྱང་། དྲུང་ན་གནས་པ་རྣམས་ཀྱིས་ཇི་ལྟར་ཐོས་པ་དང་མཚུངས་པར་ཐོས་པས་འཁོར་ཐམས་ཅད་ལ་གསུངས་པའམ་འཁོར་ཀུན་དུ་གྲགས་པའོ། །ཆོས་འཆད་པ་ལ་ཐོགས་པ་མེད་པས་དངོས་པོ་ཐམས་ཅད་དཔེར་བྱས་ཏེ་དོན་ཐམས་ཅད་རྫོགས་པར་སྟོན་པ་བྱེད་པས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་དེ་ལྟར་དྲུག་ཅུ་ཐམ་པའོ། ། སངས་རྒྱས་ཀྱི་གསུང་གིས་ཆོས་སྟོན་པའི་ཚུལ་ནི་རྣམ་པ་བརྒྱད་དེ། དོན་གྱི་ངོ་བོ་སྟོན་པ་ཀ་བ་ལྟ་བུའི་མིང་ངམ་ངག་དང་དོན་གྱི་ཁྱད་པར་ཀ་བ་མི་རྟག་ལྟ་བུའི་ཚིག་གི་སྒོ་ནས་འཆད་པ་དང་། ཚད་མ་དང་ལྡན་པར་སྟོན་པས་ཤིན་ཏུ་རིགས་པ་ནི། དོན་ནམ་རྩ་བ་དང་རབ་ཏུ་ལྡན་པར་འཆད་པ་དང་། མདོར་བསྟན་པས་འཆད་པ་དང་། དེའི་དོན་རྒྱས་པར་བཤད་པའམ་རྣམ་པར་འབྱེད་པས་འཆད་པ་དང་། རིགས་པའི་སྒོ་ནས་ཐེ་ཚོམ་གཅོད་པ་དང་། སྒྲུབ་བྱེད་ཀྱི་རྣམ་པར་ཡང་ནས་ཡང་དུ་ལན་མང་པོར་བྱེད་པ་དང་ལྡན་པ་དང་ནི། མགོ་སྨྲོས་པས་གོ་བ་ལ་འཆད་པ་དང་། རྣམ་པར་སྤྲོས་པས་གོ་བ་རྣམས་ལ་འཆད་པ་དང་བརྒྱད་དོ། །འདི་དག་གི་དོན་མདོ་ལས་བརྗོད་དོ། །འདོགས་སོ་རབ་ཏུ་འཇོག་གོ །རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ།། གསལ་བར་བྱེད་དོ། །སྟོན་ཏོ། །ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་གསུངས་ཏེ། མིང་གི་ངོ་བོ་བརྗོད་ཅིང་ཚིག་གི་དེའི་ཁྱད་པར་བསྟན་པའི་སྒོ་ནས། དད་པའི་རྗེས་སུ་འབྲང་བའི་གང་ཟག་ལ་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་ཚིག་གིས་འཆད་པ་དང་། རིགས་པའི་རྗེས་འབྲངས་ལ་མི་རྟག་པ་ཉིད་དུ་རིགས་པས་སྒྲུབ་པར་བྱེད་པ་ནི་རྩ་བའམ་དོན་དང་བཅས་པར་བྱེད་པའམ་ཚད་མས་འདོགས་སོ་ཞེས་དང་། མདོར་བསྟན་པ་ཙམ་གྱིས་ལུས་རྣམ་པར་འཇོག་གོ །དེའི་དོན་ཞིབ་ཅིང་རྒྱས་པར་རྣམ་པར་འབྱེད་དོ། །དེ་ནས་ཐེ་ཚོམ་བཅད་པ་ནི་རྣམ་པ་འགྲེལ་བར་བྱེད་དོ། ། དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱ་བའི་ཕྱིར་འཆད་པའི་རྣམ་གྲངས་དུ་མར་སྤྲོས་ཏེ་ལན་མང་དུ་ཡང་ཡང་སྟོན་པ་ནི་དོན་ཤིན་ཏུ་གསལ་བར་བྱེད་དོ་ཞེས་སོ། །མགོ་སྨྲོས་པ་ཙམ་གྱིས་གོ་བ་ལ་དོན་གྱི་གནད་མདོ་ཙམ་སྟོན་ཏེ། རྣམ་པར་སྤྲོས་པས་གོ་བ་རྣམས་ལ་ཞིབ་ཏུ་སྤྲོས་ཏེ་རྒྱས་པར་བཤད་པ་ནི། ཡང་དག་པར་རབ་ཏུ་སྟོན་པའམ། རབ་ཏུ་བསྒྲགས་སོ། །ཞེས་གསུངས་སོ། ། དེའི་དང་པོ་གཉིས་གང་གིས་བཤད་པ་དང་། དེའི་རྗེས་ཀྱིས་བསྟན་སོགས་བཞི་ཇི་ལྟར་བཤད་པ་དང་། ཕྱི་མ་གཉིས་གང་ལ་བཤད་པ་ཡིན་ལ་དེ་ལྟར་སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ་རྣམ་པ་བརྒྱད་པོ་འདི་ནི་གང་གིས་སྟོན་པ་དང་། ཇི་ལྟར་སྟོན་པ་དང་། གང་ལ་སྟོན་པ་ཞེས་བྱ་བའི་འཁོར་གསུམ་གྱིས་ནི་རྣམ་པར་དག་པ་སྟེ། སངས་རྒྱས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐར་ཕྱིན་པས་ཆོས་སྟོན་ཀྱང་དེའི་འཁོར་གསུམ་དུ་དམིགས་པ་མེད་པས་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེར་མ་ཟད་སངས་རྒྱས་ཀྱིས་ཆོས་སྟོན་པ་འདི་ནི་གཏམ་གྱི་ཉེས་པ་བརྒྱད་དང་། ཡང་བྲལ་པ་ཉིད་དུ་ཤེས་པར་བྱའོ། །བརྒྱད་གང་ཞེ་ན། ཉལ་པ་དང་འཁྲེས་པ་སོགས་ལ་ཞེན་ནས་ཆོས་འཆད་པར་མི་སྤྲོ་བའི་ལེ་ལོ་དང་ནི། ཆོས་བཤད་ཀྱང་རང་གི་ཇི་བཞིན་མ་རྟོགས་པའམ་ཚིག་གམ་དོན་གསལ་བར་མ་བསྟན་པས་རྟོགས་བྱའི་ཆོས་མི་གོ་བ་དང་། ཆོས་བསྟན་པར་མི་འདོད་པས་ཆོས་བསྟན་པའི་སྐབས་མི་འབྱེད་པ་དང་། མ་ངེས་པའམ་ངེས་དོན་མིན་པ་ནི་ངེས་དོན་གྱི་ཆོས་མི་འཆད་པར་དྲང་དོན་འཆད་པའམ། ཡང་ན་རྒྱས་པར་མ་བཤད་པས་གཞན་གྱིས་དེའི་དོན་མ་ངེས་དང་། བསྟན་ཀྱང་འདུལ་བྱ་རྣམས་གང་ལ་སོམ་ཉི་ཟ་བའི་ཐེ་ཚོམ་དག་ནི་མི་གཅོད་པ་དང་། ཐེ་ཚོམ་དེ་དང་བྲལ་བར་ཡང་ཡང་རྣམ་གྲངས་སྣ་ཚོགས་ཀྱིས་གཏན་ལ་དབབ་སྟེ་བསྟན་པར་མི་བྱེད་པ་དང་། ཆོས་འཆད་པ་ལ་དཀའ་ཚེགས་ཀྱི་འདུ་ཤེས་ཀྱིས་སྐྱོ་བ་དང་། ཆོས་ལ་སེར་སྣ་བྱས་ཏེ་འཆབ་པ་ཉིད་དེ་འདི་དག་གཏམ་གྱི་སྐབས་སུ་ཉེས་པར་འདོད་དེ་རྣམ་པ་བརྒྱད་པོ་དེ་དག་གཏན་ནས་མེད་ཕྱིར་སངས་རྒྱས་ཀྱི་ཆོས་བཤད་པ་ནི་བླ་ན་མེད་པ་ཡིན་པར་བརྗོད་དོ། ། ཕྱི་མ་འདི་བརྒྱད་ཀྱང་སྔ་མ་བརྒྱད་པོའི་མི་མཐུན་ཕྱོགས་སྤངས་པའི་ཆ་ནས་ལེ་ལོ་མེད་པར་སྟོན། རིགས་པ་དང་འབྲེལ་པས་དོན་གོ་བར་བྱེད། སྐབས་འབྱེད་དེ་མདོར་བསྡུས་ཏེ་སྟོན། རྒྱས་པར་བཤད་པས་མ་ངེས་པ་སྤངས། ཐེ་ཚོམ་གཅོད་པ་དངོས། བསྟན་པར་བྱེད་པ་ལན་མང་སྟོན། རྣམ་པར་སྤྲོས་པས་གོ་བ་ལ་སྐྱོ་བ་མེད་པར་སྟོན། མགོ་སྨྲོས་པས་གོ་བ་ལ་སེར་སྣ་མེད་པར་སྟོན་ཞེས་སྦྱར་བ་ཡོད་དེ་དོན་ལ་འབྱོར་བར་འདུག བློ་བརྟན་འགྲེལ་ཆེན་དུ་དེ་ལྟར་སྦྱར་བ་མི་སྣང་ངོ་། །བཞི་པ་བཤད་བྱ་དམ་པའི་ཆོས་ལ་ཆོས་སྤྱི་ཡི་མཚན་ཉིད་དང་། དགོངས་ལྡེམ་དགོངས་བྱེ་བྲག་ཏུ་བཤད་པའོ། ། དང་པོ། དད་དང་དགའ་དང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དམ་པའི་ཆོས་ཞེས་པ་ཇི་ལྟ་ཞིག་ལ་འདོད་ཅེ་ན། དགེ་བ་གསུམ་དང་། བཟང་པོ་གཉིས་དང་། ཡོན་ཏན་བཞི་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་གསུང་རབ་དམ་པའི་ཆོས་ཞེས་བྱ་བ་ཡིན་ནོ། །དེ་གང་ཞེ་ན། དམ་པའི་ཆོས་ཉན་པའི་དུས་སུ་ཡིད་ཆེས་ཀྱི་དང་བ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ཆོས་ནི་ཐོག་མར་དགེ་བའོ། །བསམ་པའི་དུས་ན་ངེས་པ་རྙེད་དེ་ཡིད་དགའ་བ་སྐྱེ་བའི་རྒྱུའི་ཕྱིར་བར་དུ་དགེ་བའོ། །བསྒོམ་པའི་དུས་ན་ཡང་དག་པའི་བློ་གྲོས་རྣམས་ཀྱི་རྒྱུ་བྱེད་པའི་ཕྱིར་ཐ་མར་དགེ་བ་སྟེ། དེ་ལྟར་དམ་པའི་ཆོས་འདི་ནི་དུས་ཐོག་མཐའ་བར་གསུམ་དུ་དགེ་བ་དང་ལེགས་པ་ཁོ་ན་ཡིན་ནོ། ། བཟང་པོ་གཉིས་ནི་ཤེས་པར་བྱ་བ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཡི་དོན་རྣམ་པ་གཉིས་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྟོན་པ་དང་ལྡན་པ་ནི་དོན་བཟང་པོ་དང་། འཇིག་རྟེན་ན་ཡོངས་སུ་གྲགས་པའི་སྐད་ཀྱི་ངེས་ཚིག་དང་མཐུན་པར་ཚིག་དང་ཡི་གེ་ཕུན་སུམ་ཚོགས་པས་བསྟན་པས་གོ་སླ་བའམ་གཟུང་སླ་བ་ནི་ཚིག་འབྲུ་བཟང་པོའོ། །ཡོན་ཏན་བཞི་ཅན་གྱི་ཚངས་པར་སྤྱོད་པ་འཕགས་པའི་ལམ་ཉིད་ལུང་གི་ཆོས་ཀྱིས་སྟོན་པ་ཡིན་ནོ། ། ཚངས་པ་ཞེས་པ་ནི་སྐབས་འདིར་མྱ་ངན་ལས་འདས་པ་ལ་བྱ་སྟེ། མདོ་ལས་ཚངས་པར་འགྱུར། བསིལ་བར་འགྱུར། མྱ་ངན་ལས་འདས་པར་གྱུར་ཅེས་གསུངས་པ་བཞིན་ནོ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་འཕགས་པའི་ལམ་ལ་ཚངས་པར་སྤྱོད་པ་ཞེས་བྱའོ། །འཕགས་ལམ་དེ་ཡོན་ཏན་བཞི་དང་ལྡན་པ་སྟེ། འཕགས་པའི་ལམ་དེ་ཉིད་ཆོས་འདི་འབའ་ཞིག་ལ་ཡོད་ཀྱི། འདི་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་སོགས་གཞན་དང་ཐུན་མོང་མ་ཡིན་པ་ལྡན་པ་མ་འདྲེས་པ་དང་། འཕགས་པའི་ལམ་ནི་ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་སྤོང་བ་ཡོངས་སུ་རྫོགས་པར་བྱེད་པས་ཡོངས་སུ་རྫོགས་པ་དང་། འཇིག་རྟེན་པའི་ལམ་དེ་སྲིད་རྩེ་བར་དུ་སོང་ཡང་སླར་ལྡོག་པས་ཁམས་གསུམ་གྱི་ཉོན་མོངས་མཐའ་དག་གཏན་དུ་སྤོང་བའི་ལམ་ཡོངས་སུ་རྫོགས་པའོ། ། འཕགས་པའི་ལམ་དེ་ནམ་མཁའ་དང་ཤེལ་ལྟར་རང་བཞིན་གྱིས་རྣམ་པར་དག་པ་ཟག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཡོངས་སུ་དག་པ་དང་། ལམ་དེས་གློ་བུར་གྱི་དྲི་མ་བསལ་ནས་སླར་མི་སྐྱེ་བར་སེམས་ཟག་པ་མེད་པའི་རང་བཞིན་དུ་བྱེད་པས་ཡོངས་སུ་བྱང་བ་སྟེ། ཚངས་པར་སྤྱོད་པའི་ཡོན་ཏན་བཞི་དང་ལྡན་པ་ཡིན་པར་འདོད་དོ། ། དེ་བཞིན་གཤེགས་པ་རྣམས་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་ཆོས་སྟོན་པར་མཛད་པས་དགོངས་པ་དང་ལྡེམ་དགོངས་ཀྱི་ཚུལ་དུ་དགོངས་པའི་དབང་གིས་བསྟན་པ་ཡང་དུ་མ་ཡོད་པས་དེ་དག་གི་དགོངས་པ་ཚུལ་བཞིན་ཏུ་མ་ཤེས་ནས། སྒྲ་བཞིན་དུ་གཟུང་ན་ཡང་དག་པ་ངེས་པའི་དོན་མི་རྟོགས་ཤིང་། དགོངས་པ་ཅན་དྲང་པའི་དོན་དང་ཚིག་གི་དོན་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པར་འགྱུར་བས་དེ་ཤན་འབྱེད་པ་ཤིན་ཏུ་གལ་ཆེ་བས་གཉིས་པ་ལྡེམ་དགོངས་བཞི་བཤད་པ་དང་། དགོངས་པ་བཞི་བཤད་པ་དང་། གཉེན་པོར་དགོངས་པ་བརྒྱད་གསུངས་པའི་ཕན་ཡོན་བཅས་བསྟན་པ་གསུམ་ལས། དང་པོ་ནི། གང་ཟག་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། ཆོས་ཀྱི་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གདུལ་བྱའི་རྒྱུད་ཀྱི་ཉེས་པ་འདུལ་པའི་གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། ཚིག་དང་ཡི་གེས་བསྟན་དོན་འཇིག་རྟེན་གྲགས་ཚོད་ལས་དོན་གཞན་དུ་བསྒྱུར་པ་ལ་ལྡེམ་པོར་དགོངས་པ་བཞི་སྟེ། དེ་དག་གི་དོན་ནི་རིམ་པ་བཞིན་དུ་བརྗོད་ན། ཆོས་བདག་མེད་ལ་འཇུག་མི་ནུས་པའི་ཉན་ཐོས་རྣམས་ཐར་པའི་ལམ་ལ་གཞུག་པ་ལ་དགོངས་ནས། གང་ཟག་གི་བདག་མེད་ཀྱི་ཕུང་སོགས་ཀྱི་ཆོས་ཡོད་པར་བསྟན་པ་ནི་ཀུན་བརྟགས་པའི་གང་ཟག་མེད་པ་དང་གཞན་དབང་རྟེན་འབྲེལ་གྱི་ཆོས་ཐ་སྙད་དུ་ཡོད་པ་ཙམ་ལ་དགོངས་ཏེ་དེ་ལྟར་གསུངས་པ་དང་ནི། ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་པ་ལ་སོགས་པར་གསུངས་པ་ནི་ཐ་སྙད་དུ་ཡོད་པའི་ཆོས་རྣམས་གཏན་མེད་པ་དང་སྐྱེ་འགག་ལྟར་སྣང་བ་མེད་ཅེས་གསུངས་པ་མ་ཡིན་གྱི་དོན་དམ་པའི་མཚན་ཉིད་དམ་ངོ་བོ་ཉིད་ལ་ལྡེམ་པོར་དགོངས་པ་སྟེ་དཔེར་ན་ངོ་བོ་ཉིད་གསུམ་ཀུན་བརྟགས་དང་། གཞན་དབང་། ཡོངས་གྲུབ་གསུམ་བསྟན་པའི་ནང་ནས། ཀུན་བརྟགས་པའི་ངོ་བོའམ་མཚན་ཉིད་ནི་གཏན་མེད་པས་མཚན་ཉིད་མེད་པ་དང་། གཞན་དབང་སེམས་སེམས་བྱུང་ལས་གནས་དོན་ལུས་སུ་སྣང་བ་རྣམས་ལ་སྐྱེ་འགག་ཏུ་སྣང་བ་ཡོད་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་དབང་གིས་དེ་ལྟར་སྣང་བ་ལས་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་འགག་མེད་པས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞི་བ་སྟོང་པ་དོན་དམ་པ་ངོ་བོ་ཉིད་མེད་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། སྔ་མ་དེ་བཞིན་དུ་གང་ཟག་གི་རྒྱུད་ཀྱི་ཉེས་པ་འདུལ་པའི་ཕྱིར། སྔོན་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཅེས་སོགས་འོག་ཏུ་འཆད་འགྱུར་བརྒྱད་བཞིན་ནོ། །བསྒྱུར་བ་ལྡེམ་དགོངས་ནི་སྒྲ་ཇི་བཞིན་དུ་མ་ཡིན་པའི་བརྗོད་པ་ཟབ་པ་ཉིད་ལ་དགོངས་པ་ཅན་ཏེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་རབ་ཏུ་གནས།། ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལ་སོགས་པ་ལྟ་བུ་སྟེ། ཚིག་འདི་སྒྲ་ཇི་བཞིན་དུ་གཟུང་ན་བྱང་ཆུབ་མི་ཐོབ་པའི་རྒྱུ་བསྟན་པ་ལྟར་གནས་ཀྱང་། དོན་ས་ར་ཞེས་པ་རྣམ་གཡེང་དང་སྙིང་པོ་གཉིས་ཀ་ལ་འཇུག་པས་དེའི་སྔོན་དུ་དགག་པའི་ཨ་ཐུང་སྦྱར་བས་ཨ་ས་ར་རྣམ་གཡེང་མེད་པ་ལྷག་པ་སེམས་ཀྱི་བསླབ་པ་ལ་སྙིང་པོར་རྟོགས་པའམ་ཤེས་པ་དང་། གཙང་བདེ་རྟག་བདག་ཏུ་རྟོག་པ་བཞི་ནི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་བ་ནི། མི་རྟག་སྡུག་བསྔལ་མི་གཙང་བདག་མེད་པ་ཤེས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་རབ་ཏུ་གནས་པ་དང་། སེམས་ཅན་གྱི་དོན་དུ་ཡུན་རིང་པོར་དཀའ་སྤྱད་ཀྱི་ཉོན་མོངས་པས་ནི་རབ་ཏུ་ཉོན་མོངས་པར་བྱས་ན་བྱང་ཆུབ་དམ་པ་ཐོབ་ཅེས་སོ། །འགྲེལ་ཆེན་དུ་ཚིག་རྐང་སྔ་མ་གསུམ་མོས་སྤྱོད་དང་མཐོང་ལམ་དང་སྒོམ་ལམ་སྦྱར་བར་མཛད་འདུག་ཀྱང་རུང་ལ་སོ་སོར་མ་སྦྱར་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་བརྩོན་འགྲུས་གསུམ་ལ་སྦྱར་བས་ཆོག་གོ ། དེ་ལྟར་ལྡེམ་པོར་དགོངས་པ་འདི་ནི་རྣམ་པ་བཞིའོ། །གཉིས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས་སྟོན་པ་ཤཱཀྱའི་རྒྱལ་པོ་ང་ཉིད་དེ་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་དང་། དོན་དམ་པའི་དོན་གཞན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་མ་འགག་གཟོད་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པར་གསུངས་པ་དང་། དེ་བཞིན་དུ་ནི་དུས་གཞན་ལ་དགོངས་པ། ལེ་ལོ་ཅན་དགེ་རྩ་ཅུང་ཟད་བྱེད་དུ་མི་བཏུབ་པ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྨོན་ལམ་བཏབ་པ་ཙམ་གྱིས་སྐྱེ་བར་གསུངས་པ་ཚེ་རབས་གཞན་ནམ་ཞིག་ལ་སྐྱེ་བ་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་སྦྱིན་སོགས་རྒྱ་ཆེར་བྱེད་ནུས་པ་ལ་སྦྱིན་པ་བསྔགས་པ་དང་། ཁ་ཅིག་སྦྱིན་སོགས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་སྦྱིན་སོགས་སྨད་པའམ་ཆེས་ངོ་མཚར་མེད་ཚུལ་བསྟན་པ་དང་། སྦྱིན་པ་ལྟ་བུ་གཅིག་གིས་ཆོག་པ་དང་། དེ་གཅིག་པུ་མཆོག་ཏུ་འཛིན་པ་ལ། ཚུལ་ཁྲིམས་ལ་ལྟོས་ན་སྦྱིན་པ་དམན་ཤིང་ཚུལ་ཁྲིམས་འཕགས་པར་བསྔགས་པ་ལྟ་བུའོ། ། དེ་ལྟར་དགོངས་པ་རྣམ་པ་བཞིར་ཤེས་པར་བྱའོ། །དགོངས་པ་ཅན་གྱི་གསུངས་འདི་དག་ནི་ཤིན་ཏུ་མང་པོ་འབྱུང་སྟེ་ཅི་རིགས་ཤིག་ཐེག་བསྡུས་སུ་བསྟན་པ་བཞིན་ནོ། ། གསུམ་པ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་གི་ཆོས་བསྟན་པ་ནི། ཇི་ལྟར་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་པའི་ཤཱཀྱའི་རྒྱལ་པོ་ནི་སྐུ་ཚད་ཆུང་ཞིང་སྐུ་ཚེ་ཡང་བརྒྱད་ཅུ་ལས་མ་བཞེས་པ་དང་། སྣོད་ཀྱི་ཞིང་ཡང་མ་དག་ལ་གདུལ་བྱ་སེམས་ཅན་རྣམས་ཀྱང་སྙིགས་མ་ལྔ་དང་ལྡན་པའོ། །སངས་རྒྱས་རྣམ་གཟིགས་སོགས་དུས་བཟང་བསྐལ་བ་རྫོགས་ལྡན་ཀྱི་དུས་སུ་བྱོན་པས་དེ་དག་ནི་མཆོག་ལ། བདག་ཅག་གི་སྟོན་པ་ནི་དེ་ལས་དམན་ནོ་སྙམ་དུ་སངས་རྒྱས་ལ་བརྙས་པའི་གཉེན་པོར་ང་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུར་མཉམ་པས་བཟང་ངན་མེད་པར་དགོངས་པ་ཡིན་གྱི་གདུལ་བྱ་རྣམས་ཀྱིས་རྣམ་གཟིགས་ཀྱང་སྟོན་པ་ཉིད་ཡིན་ནོ་སྙམ་དུ་མཆོག་དམན་མེད་པར་འཛིན་ནོ། ། ཆོས་ལ་བརྙས་ཏེ་བྲམ་ཟེ་རྣམས་ཀྱི་ཆོ་རིགས་འབྱེད་པའི་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་རིགས་བཟང་བས་གདོལ་བ་སོགས་ཀྱིས་སྤྱད་བྱ་མིན་ལ་སངས་རྒྱས་ཀྱི་ཆོས་ནི་རིགས་ངན་གདོལ་བ་ཚུན་ཆད་ཀྱིས་སྤྱོད་དུ་རུང་བས་རྙེད་སླའོ་སྙམ་དུ་བརྙས་པའི་གཉེན་པོར། གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བསྙེན་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོའི་ཆོས་ཁོང་དུ་ཆུད་པར་འགྱུར་ཞེས་ཚོགས་བསགས་པ་དེ་ལྟ་བུ་དང་མི་ལྡན་ན་རྟོགས་དཀའ་བར་བསྟན་པས་ཆོས་རྙེད་སླའོ་སྙམ་དུ་བརྙས་པ་སྤོང་བར་བྱེད་དོ། ། གང་ཟག་ལེ་ལོ་ཅན་དགེ་བ་ཅུང་ཟད་ཀྱང་སྐྱེད་མི་ནུས་པ་ལ་བདེ་བ་ཅན་དུ་སྨོན་ལམ་བཏབ་ན། དེར་སྐྱེ་བར་འགྱུར་ཞེས་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་བའི་མཚན་བཟུང་བ་ཙམ་གྱིས་བླ་མེད་བྱང་ཆུབ་ཐོབ་པར་འགྱུར་རོ། ། ཞེས་སོགས་དང་གཟུངས་གང་ཞིག་བཀླགས་པ་ཙམ་གྱིས་མཚམས་མེད་པ་ལྔའི་ལས་སོགས་དག་པར་གསུངས་པ་ལྟར་ལེ་ལོ་ཅན་དག་ཀྱང་། སྨོན་ལམ་དེ་ལྟ་བུ་འདེབས་པ་དང་། མཚན་འཛིན་པ་དང་། གཟུངས་བཀླགས་པའི་སྒོ་ནས་དགེ་རྩ་བསགས་པའི་རྒྱུ་དེས་ནམ་ཞིག་ཇི་སྐད་གསུངས་པ་ལྟར་བདེ་བ་ཅན་དུ་སྐྱེ་བ་དང་འཚང་རྒྱ་བ་སོགས་སུ་ངེས་པར་འགྱུར་བ་དང་། རྒྱུ་དེ་ཙམ་ལ་བརྟེན་ནས་གོང་ནས་གོང་དུ་བརྩོན་པར་ཡང་འགྱུར་བས་ལེ་ལོ་སྤོང་བར་བྱེད་དོ། །དགེ་རྩ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་དཔེར་ན་སྦྱིན་པ་ཁོ་ནས་ཆོག་འཛིན་ཅན་ལ། ཚུལ་ཁྲིམས་བསྔགས་ཞིང་སྦྱིན་པ་དེ་ལས་དམན་པའི་དོན་གྱིས་སྨད་པའི་རྣམ་པར་བསྟན་པ་དང་། འཇིག་རྟེན་པའི་དགེ་བ་ཟག་བཅས་ལས་ཟག་མེད་ཀྱི་དགེ་བ་ཁྱད་པར་དུ་བསྔགས་པ་ལྟ་བུ་དང་། སེམས་ཅན་ཁ་ཅིག་རང་གི་ལུས་དང་ལོངས་སྤྱོད་ཀྱིས་རྒྱགས་པའི་དབང་གིས་ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་དང་ལོངས་སྤྱོད་རྒྱ་ཆེན་པོ་བསྔགས་པ་བརྗོད་པ་ཐོས་ནས་འཇིག་རྟེན་པའི་ལུས་དང་ལོངས་སྤྱོད་ནི་ཇི་ལྟར་བཟང་ཡང་ཆེན་པོ་ཅི་ཡང་མ་ཡིན་སྙམ་དུ་སེམས་པར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་གྱི་ལོངས་སྤྱོད་དམན་པ་འདོད་ཡོན་ལྔ་ལ་འདོད་ཆགས་ལ་སྤྱོད་པའི་གཉེན་པོར། སངས་རྒྱས་ཀྱིས་ཞིང་ཡོངས་སུ་དག་པ་རྣམས་ཀྱི་བདེ་བའི་ལོངས་སྤྱོད་ཚད་མེད་པ་འདི་དང་འདི་ལྟ་བུ་ཡོད་ཅེས་བསྔགས་པས་ཟག་བཅས་སྡུག་བསྔལ་གྱི་རང་བཞིན་འཁོར་བའི་འདོད་ཡོན་ལ་ངན་སྐྱུགས་ལྟར་མཐོང་ནས་ཡིད་ངེས་པར་འབྱུང་བར་བྱེད་པ་དང་། སེམས་ཅན་ལ་ལས་མི་ཤེས་པའི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ནས། ཕྱིས་དེ་དྲན་པས་བདག་གིས་ཤིན་ཏུ་མི་རིགས་པ་ཞིག་བྱས་ཏེ་བདག་ངན་སོང་དུ་འགྲོ་བར་འགྱུར་རོ་སྙམ་དུ་འགྱོད་པས་སེམས་དཀྲུགས་ནས་དགེ་བ་ལ་ཚུལ་བཞིན་འཇུག་པའི་གེགས་སུ་གྱུར་པ་ལ། དེའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན་ཡང་མཐོ་རིས་སུ་འགྲོ་ཞེས་གསུངས་པས་འགྱོད་པ་གཏོང་བར་བྱེད་དེ། དེ་དག་ལ་གནོད་པ་བྱས་ན་ཡང་མཐོ་རིས་སུ་སྐྱེ་ན་ཕན་པ་བྱས་ན་ལྟ་ཅི་སྨོས་སྙམ་དུ་དད་ཅིང་དགེ་རྩ་རིམ་པར་འཕེལ་བ་བྱེད་དེ། སངས་རྒྱས་བྱང་སེམས་ལ་གནོད་པ་བྱས་པའི་འབྲས་བུ་སྡུག་བསྔལ་མྱོང་བ་ཡོད་མོད་ཀྱི། སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་མཐུས་ནམ་ཞིག་མཐོ་རིས་སོགས་ཀྱི་བདེ་བར་འབྲེལ་བ་ལ་དགོངས་ནས་གཉེན་པོའི་ཕྱིར་དེ་སྐད་གསུངས་པའོ། ། བྱང་སེམས་མ་ངེས་པའི་རིགས་ཅན་རྣམས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལས། ཕྱིས་ཉན་ཐོས་ལ་སོགས་པའི་བཤེས་གཉེན་གྱིས་ཉན་ཐོས་ཀྱི་ཐེག་པ་སྤྱོད་དུ་བཅུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་ན་ཐེག་པ་ཆེན་པོ་ལས་ལྡོག་པ་ཉིད་འདོད་པའི་གཉེན་པོར་ཉན་ཐོས་རྣམས་ཀྱང་མཐར་སངས་རྒྱས་འཐོབ་ཅེས་ཐེག་པ་གཅིག་ཏུ་བསྟན་པས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བར་བྱེད་དོ། །དེ་ལྟར་སངས་རྒྱས་དང་ཆོས་ལ་བརྙས་པ་སོགས་བརྒྱད་པོ་དེ་གང་ཡིན་ཡང་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། སྒྲིབ་པ་དེ་ཡི་གཉེན་པོར་ཐེག་པ་ཆེན་པོ་མཆོག་གསུངས་པ་ཡིན་ལ། ཐེག་པ་མཆོག་དེ་ལས་བཤད་མ་ཐག་པ་གཉེན་པོ་བརྒྱད་པོ་དེས། གང་ཟག་དེའི་སྒྲིབ་པའམ་ཐེག་ཆེན་ལ་འཇུག་པའི་བར་དུ་གཅོད་པ་ཡི་ཉེས་པ་དེ་ཐམས་ཅད་སྤོང་བར་འགྱུར་རོ། ། གང་ཞིག་སྒྲིབ་པ་བརྒྱད་སྤོང་བའི་གཉེན་པོ་བརྒྱད་སྟོན་པའི་ཚིག་གམ་དོན་གྱི་སྒོ་ནས་ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལས། སངས་རྒྱས་དང་ནི་ཆོས་ལ་བརྙེས་པ་དང་སོགས་ཚིགས་བཅད་གཉིས་གསུངས་པ་དེ་ལྟ་བུ་ཡིན་ལ། དེ་ཉིད་ཀྱི་ཚིག་བློ་ལ་འཛིན་པ་དང་། དོན་འདི་དང་འདི་ཞེས་རབ་ཏུ་དབྱེ་བ་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་སེམས་ཅན་བློ་ལྡན་མཆོག་དེ་ཡིས། ཡོན་ཏན་རྣམ་པ་བཅུ་ཐོབ་པར་འགྱུར་ཏེ། གང་ཞེ་ན་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ལ་མོས་ཤིང་དད་པས་ཐེག་ཆེན་གྱི་རིགས་སམ་ཁམས་ནི་ཟད་པར་ཏེ་མཐའ་དག་བརྟས་པར་འགྱུར་བ་དང་། འཆི་བའི་ཚེ་ན་ཡིད་རབ་ཏུ་དགའ་བ་མཆོག་ཐོབ་པར་འགྱུར་བ་དང་གཉིས་མཐོང་ཆོས་ཚེ་འདིར་འབྱུང་བའི་ཡོན་ཏན་ནོ། །ཕྱི་མར་འབྱུང་བ་བརྒྱད་ནི། ཤི་ནས་རང་གིས་གང་ཇི་ལྟར་འདོད་པར་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་ཀུན་ཏུ་ཚེ་རབས་དྲན་པ་དང་། སྟོན་པ་སངས་རྒྱས་རྣམས་དང་ཕྲད་པ་དང་། སངས་རྒྱས་དེ་ལས་ཐེག་པ་མཆོག་གི་ཆོས་ཐོས་པ་དང་། ཐེག་པ་ཆེན་པོ་ལ་མོས་པ་དང་དོན་ངེས་པའི་བློ་གྲོས་དང་བཅས་པར་འགྱུར་བ་དང་། དཔའ་བར་འགྲོ་བ་སོགས་ཏིང་འཛིན་གྱི་སྒོ་དང་། མི་ཟད་པའི་ཟ་མ་ཏོག་སོགས་གཟུངས་ཀྱི་སྒོ་གཉིས་ཐོབ་པ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པའོ། །ལྔ་པ་ཆོས་བཤད་པའི་ཡོན་ཏན་བསྔགས་པའི་སྒོ་ནས་དོན་བསྡུ་བ་ནི། དེ་ལྟར་ཆོས་རྣམས་ཕྱིན་ཅི་མ་ལོག་པར་འཆད་ནུས་པའི་བློ་གྲོས་བཟང་པོ། རྒྱུན་དུ་ཆོས་འཆད་པ་ལ་སྐྱོ་བ་མེད་པ་དང་ལྡན་པ་དང་རྙེད་བཀུར་གྱི་ཆེད་མ་ཡིན་པར་སེམས་ཅན་ལ་སྙིང་བརྩེ་བ་ཅན། ཕར་ཕྱིན་དྲུག་དང་ལྡན་ཞིང་འཇིག་རྟེན་ན་དམ་པ་དང་མཁས་པའི་སྙན་པ་རབ་ཏུ་གྲགས་པ། སེམས་ཅན་གང་ལ་ཆོས་གང་བསྟན་པར་འོས་པ་དེ་སྟོན་པ་སོགས་ཆོས་འཆད་ཚུལ་གྱི་ཐབས་སམ་ཆོ་ག་བཟང་པོ་ཤེས་པ་དང་ལྡན་པ་ཡི། བྱང་ཆུབ་སེམས་དཔའ་དེ་ནི་དམ་པའི་ཆོས་ལེགས་པར་སྨྲ་བ་ཡིན་པ་སྟེ། དེས་དམ་པའི་ཆོས་བཤད་པས་སྐྱེ་བོའི་ཚོགས་ཀྱི་ནང་ན་དཔེར་ན་ཉི་མ་བཞིན་དུ་ལྷམ་མེར་སྣང་ཞིང་ཉི་མས་དྲོ་བ་དང་ལོ་ཏོག་སོགས་སྨིན་པས་ཕན་པར་བྱེད་པ་བཞིན་དུ་སེམས་ཅན་ལ་ཕན་པར་བྱེད་དོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་བཤད་པའི་ལེའུ་སྟེ་བཅུ་གསུམ་པ་རྣམ་པར་བཤད་པའོ།། །། དེ་ལྟར་ཆོས་ཚོལ་བས་མང་དུ་ཐོས་པ་དང་ལྡན་པ་དེས་ཆོས་བསྒྲུབ་པར་བྱ་དགོས་པས་སྒྲུབ་པའི་ལེའུ་ལ་སྤྱིར་བསྟན། བྱེ་བྲག་ཏུ་བཤད། དོན་བསྡུ་བ་གསུམ་ལས། དང་པོ་བློ་ལྡན་གཉིས་ལ་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། མདོ་ལས་སྒྲུབ་པ་རྣམ་པར་དབྱེ་བ་བསྟན་པ་ལ། དོན་ཀུན་ཤེས་དང་། ཆོས་ཀུན་ཤེས་པ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པར་འགྱུར་པ་དང་། མཐུན་པར་ཞུགས་པ་དང་། མཐུན་པའི་ཆོས་ལ་སྤྱོད་པ་ཡིན། ཞེས་ཚིག་ལྔས་བསྟན་པ་ལྟར། དང་པོ་དོན་ཀུན་ཤེས་པ་ནི། བློ་ལྡན་མོས་སྤྱོད་དུ་བྱང་ཆུབ་སེམས་དཔའ་དེས་བདེན་པ་གཉིས་སམ། ཡང་ན་ཀུན་བརྟགས་མེད་པ་དང་གཞན་དབང་དང་ཡོངས་གྲུབ་ཡོད་པ་གཉིས་ལ། ལོག་པ་ཉིད་དང་ཡང་དག་པ་རྣམ་སྤངས་ཞེས་པ། མོ་སྤྱོད་པས་བདག་མེད་གཉིས་རྟོགས་པ་དེ་དེ་ཁོ་ན་ཉིད་དང་མཐུན་པས་འཇིག་རྟེན་པའི་བློ་གཞན་ལ་ལྟོས་ན་ཕྱིན་ཅི་མ་ལོག་པ་ཡིན་པས་ལོ༷ག་པ་ཉི༷ད་ཀྱང་མ་ཡིན་པ་ད༷ང་། འཇིག་རྟེན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་བློ་ལ་ལྟོས་ན་ཡང་ད༷ག་པ་ཉི༷ད་ཀྱང་མ་ཡིན་པས་དེ་གཉིས་རྣ༷མ་པར་སྤ༷ངས་པའི་རང་བཞིན་ཡིན་ལ། དེ་ལྟར་མོས་སྤྱོད་པའི་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུ༷མ་གྱི༷ས། གང་ཟག་དང་ནི་ཆོས་དག་ལ་བདག་མེད་པ་རྣམ་པ་གཉིས་ཀུན་ཤེས་ནས་ཞེས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གང་ཟག་དང་ཆོས་སུ་མིང་དང་མཚན་མ་དང་བརྡ་དང་ཐ་སྙད་ཀྱིས་བརྟགས་པ་ཙམ་ཡིན་པར་ཁོང་དུ་ཆུད་ནས་ཀུན་བརྟགས་པའི་ངོ་བོ་མེད་པར་སྟོང་པ་ཉིད་དུ་ཤེས་ནས། གང་ཟག་གི་བདག་ཀྱང་གཟུང་བའི་ངོ་བོར་མེད་འཛིན་པའི་ངོ་བོར་མེད་པ་དང་། གཟུགས་སྒྲ་སོགས་ཆོས་རྣམས་ཀྱི་བདག་ཀྱང་གཟུང་བའི་ངོ་བོར་མེད། འཛིན་པའི་ངོ་བོར་མེད་པས་བདག་གཉིས་པོ་དེ་རི་བོང་གི་རྭ་ལྟར་དོན་ལ་ཡེ་ནས་ཡོད་མ་མྱོང་བར་ཀུན་ནས་ཤེས་སོ། ། གཟུང་འཛིན་གཉིས་སུ་སྣང་བའི་གཞི་གཞན་དབང་གི་སེམས་སེམས་བྱུང་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཐ་སྙད་དུ་ཡོད་དེ་ཀུན་ནས་ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་བསྙོན་མེད་བསླུ་མེད་དུ་གྲུབ་པ་འདི་ལ་སུས་ཀྱང་མེད་ཅེས་བརྗོད་མི་རིགས་ཏེ་འདི་མེད་ན་ཀུན་ཉོན་དང་རྣམ་བྱང་དུ་རྣམ་པར་བཞག་པའང་ཡེ་ནས་མི་སྲིད་ན་ཡང་འཁོར་འདས་གཉིས་ཡོད་པ་ལ་སུ་ཡང་རྩོད་པ་མེད་པའི་ཕྱིར་རོ། ། དེ་ལྟར་གཞན་དབང་ཡོད་ཀྱང་ཡང་དག་མིན་རྟོག་སྡུག་བསྔལ་གྱི་གནས་དང་ཆགས་སོགས་ཉོན་མོངས་པས་སྐྱོན་ཅན་དུ་བྱས་པས་རེ་སྨོན་གྱི་གནས་མ་ཡིན་པར་རྟོགས་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་སོ། ། ཡོངས་སུ་གྲུབ་པ་ནི་བདག་གཉིས་དང་གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་བཞིན་ཡིན་པས་དེ་ནི་ཆོས་ཀུན་ལ་མེའི་ཚ་བ་དང་ཆུའི་གཤེར་བ་ལྟར་ཆོས་ཉིད་དུ་ཡེ་ནས་ཡོད་པ་ཡིན་ཏེ། དེ་མེད་ན་བདག་གཉིས་དང་གཟུང་འཛིན་ཡོད་པར་འགྱུར་རོ། ། དེ་ལྟར་ཆོས་ཉིད་ཡོངས་གྲུབ་དེ་ནི་ཡོད་ཀྱང་གཟུང་འཛིན་གྱི་སྤྲོས་པ་གང་གི་ཡང་མཚན་མ་མེད་པས་སྨྲ་བ་དང་བསམ་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བ་དེ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཤེས་པར་བྱེད་པས་དེ་ལྟར་ཡོད་པ་མེད་པའི་དོན་ཀུན་ཤེས་པའམ། ཀུན་བརྟགས་དང་གཞན་དབང་ཀུན་རྫོབ་ཀྱི་བདེན་པ་དང་། ཡོངས་གྲུབ་དོན་དམ་པའི་བདེན་པ་གཉིས་ལ་དེ་ལྟར་མེད་པ་དང་ཡོད་པའི་དོན་ཀུན་ཤེས་ནས་ཞེས་སོ། །གཉིས་པ་ཆོས་ཤེས་པ་གང་ཞེ་ན། དེ་ལྟར་མདོ་སྡེ་སོགས་ཀྱི་བསྟན་དོན་ཤེས་པ་ནི། མདོ་ལ་སོགས་པའི་མིང་ཚིག་ཡི་གེ་ཚོགས་པའི་རྣམ་པ་ཅན་གྱི་རྗོད་བྱེད་ཆོས་རྣམས་ཀུན། དཔེར་ན་ཆུ་བརྒལ་བ་ལ་གཟིངས་མེད་དུ་མི་རུང་ཡང་ཆུ་ལ་བརྒལ་ཟིན་ནས་གཟིངས་ཀྱི་དོན་བྱས་ཟིན་པས་གཟིངས་ཁོ་ན་ལ་བརྟེན་མི་དགོས་པ་ལྟར་བརྗོད་བྱ་གོ་ཞིང་ཤེས་པའི་ཆེད་དུ་བརྡ་སྦྱར་བའི་མིང་ཚིག་ཡི་གེའི་རྣམ་པའི་ཆོས་རྣམས་ཀྱང་གཟིངས་དེ་དང་འདྲ་བ་ཉིད་དུ་རིག་ནས་ཚིག་ཙམ་ཐོས་པས་ཆོག་པར་འཛིན་པ་སྤང་བ་ཉིད་དུ་བྱས་ནས་ཚིག་དོན་ལ་བསམ་བྱུང་གི་ཤེས་རབ་བསྐྱེད་པ་གཙོ་བོར་བྱ་བ་ནི་ཆོས་ཤེས་པ་ཞེས་བྱའོ། །གསུམ་པ་ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་སྒྲུབ་པ་ནི། མོས་སྤྱོད་དུ་སོ་སོའི་སྐྱེ་བོའི་དུས་ཀྱི་ཆོས་ཉན་པ་དང་བསམ་པའི་ཤེས་རབ་ལ་བརྟེན་ནས་དོན་དང་ཆོས་ཤེས་པ་ཡིས། ཡང་དག་དང་ལོག་པ་གཉིས་གཉིས་སྤངས་པ་སྔར་བཤད་པ་དེ་བཞིན་དུ་ནི་བདག་མེད་གཉིས་གཟུགས་བརྙན་ནམ་དོན་སྤྱིའི་ཚུལ་དུ་རྟོགས་ནས་ནི། ཤེས་པ་དེ་ཉིད་ཡོངས་སུ་རྫོགས་ཤིང་དག་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཚན་ཉིད་དུ་འགྱུར་པར་བྱ་བའི་ཕྱིར། དྲོད་ནས་ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་བསྒོམ་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནི་རབ་ཏུ་བསྒྲུབ་པའོ། །བཞི་བ་མཐུན་པར་ཞུགས་པ་ནི། དེ་ནས་བྱང་སེམས་དེས་ནི་ས་དང་པོར་ཏེ་རབ་ཏུ་དགའ་བ་ལ། བྱང་ཆུབ་སེམས་དཔའ་མཐོང་ལམ་དེ་ཡི་བདག་ཉིད་ཐོབ་པ་ཀུན་དང་མཉམ་པར་གྱུར་ཏེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཉན་རང་ལས་འཕགས་པའི་བླ་ན་མེད་པ་འཐོབ་པ་ནི། ཆོས་ཉིད་ཀྱི་དོན་མངོན་དུ་རྟོགས་པས་བྱང་ཆུབ་སེམས་དཔའི་ས་སྐྱོན་མེད་པར་རབ་ཏུ་ཞུགས་པ་ཀུན་དང་མཐུན་པར་ཞུགས་པས་སྒྲུབ་པ་ཞེས་བྱའོ། །ལྔ་པ་མཐུན་པའི་ཆོས་ལ་སྤྱོད་པ་ནི། བསྒོམ་ལམ་པའི་སྒྲུབ་པ་ལ་བྱ་སྟེ། སྔར་མཐོང་ལམ་ཐོབ་པས་མཐོང་བས་སྤང་བྱའི་ཉོན་མོངས་རྣམས་ཐམས་ཅད་ཡང་དག་པར་ཟད་པར་བྱས་ནས། ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། ས་གཉིས་པ་ནས་བཅུ་པའི་བར་དུ་བསྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། །གང་གིས་སྒྲིབ་པ་སྤོང་པར་བྱེད་པའི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། རྗེས་ཐོབ་ཤེས་བྱ་རྣམ་པར་འཇོག་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པ་ཤེས་པར་བྱེད་པ་དང་། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་ནམ་མཁའ་ལྟ་བུ་ཇི་ལྟ་བ་བཞིན་ཤེས་པ་དེ་གཉིས་གཅིག་གི་རྗེས་ཐོགས་སུ་གཅིག་འབྱུང་བའི་ཚུལ་གྱིས་ལྷན་ཅིག་སྤེལ་མར་སྤྱོད་པ་ཡིན། རིམ་པ་རྒྱུན་གྱིས་འབྱུང་བ་དེ་བཞིན་ས་ནི་གཉིས་པ་སོགས་ལྷག་མ་རྣམས་ལ། མཐོང་ཟིན་དང་རྗེས་སུ་མཐུན་པ་ཡི་ཆོས་སྤྱོད་པར་བྱེད་དོ། །དེ་ལྟར་མདོ་ལས་སྒྲུབ་པའི་རྣམ་གྲངས་ལྔ་གསུངས་པ་དང་མཐུན་པར་མོས་སྤྱོད་ནས་བསྒོམ་ལམ་ས་བཅུ་པའི་བར་གྱིས་སྒྲུབ་པ་བྱེད་ཚུལ་སྤྱིར་བསྟན་ནས། བྱེ་བྲག་ཏུ་བཤད་པ་ལ། སྒྲུབ་པའི་རྐྱེན་བསྒྲུབ་པའི་ངོ་བོ། ཇི་ལྟར་སྒྲུབ་ཚུལ་དཔེས་བསྟན་པ་གསུམ། དང་པོ་བསྒྲུབ་པའི་མཐུན་རྐྱེན་ནི་འཁོར་ལོ་ཆེན་པོ་བཞི་སྟེ་མཐུན་པའི་ཡུལ་ན་གནས་པ། སྐྱེས་བུ་དམ་པ་ལ་བརྟེན་པ། བདག་ཉིད་ལེགས་པར་སྨོན་པ། སྔོན་བསོད་ནམས་བགྱིས་པའི་ལས་འཕྲོ་ཡོད་པ་བཞི་དང་ལྡན་ན་བསྒྲུབ་པ་ཕུན་སུམ་ཚོགས་པར་འགྱུར་བས་དེ་བཤད་པ་ལ་གནས་ནི་བློ་ལྡན་དེས་གང་དུ་སྒྲུབ་པའི་ཡུལ་འཚོ་བའི་ཡོ་བྱད་ཚེགས་ཆུང་ངུས་ལེགས་པར་རྙེད་པ་དང་། སྐྱེ་བོ་མི་སྲུན་པ་དང་གཅན་གཟན་གདུག་པ་སོགས་མེད་པས་གནས་བཟང་བ་དང་། ས་ཆུ་འཕྲོད་ཅིང་ནད་མི་སྐྱེད་པ་དང་ཤུ་བ་དང་མཛེ་སོགས་མེད་པའི་ས་བཟང་བ་ཡིད་དང་འཐད་པ་དང་། ཚུལ་ཁྲིམས་དང་ལྟ་བ་མཚུངས་པའི་དགེ་བའི་གྲོགས་བཟང་པོ་ཡོད་པ་དང་། བསམ་གཏན་གྱི་རྣལ་འབྱོར་བྱེད་པ་ལ་གེགས་སུ་གྱུར་པ་ཉིན་པར་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲ་ཡི་གླག་ཅོལ་ཆེ་བ་སོགས་བསམ་གཏན་གྱི་ཚེར་མ་མེད་པས་ཉམས་བདེ་བའི་ཡོན་ཏན་དང་ལྡན་པ་དེ་ལྟ་བུར་གནས་ན་རྣལ་འབྱོར་འཕེལ་བར་འགྱུར་གྱི་ལྡོག་ཕྱོགས་རྣམས་ཀྱིས་སྒྲུབ་པ་ལ་བར་ཆད་དུ་འགྱུར་བས་ཐོག་མར་གནས་ལ་བརྟགས་ཏེ་བག་ཡོད་པར་བྱ་དགོས་ཀྱི་གང་བྱུང་དུ་བསྒྲུབ་པ་རྩམ་པར་མི་བྱའོ། ། གྲོགས་སྐྱེས་བུ་དམ་པ་ལ་བརྟེན་པ་ནི་ཡོན་ཏན་ཀུན་གྱི་རྐྱེན་མཆོག་ཡིན་པས་དམ་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཐེག་ཆེན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ལུང་གི་ཆོས་ཐོས་པ་ཤིན་ཏུ་མང་བ་དང་། རྟོགས་པའི་ཆོས་བདེན་པ་རྣམས་ཁོང་དུ་ཆུད་པས་དེ་ཡི་དོན་མཐོང་བ་དང་། གཞན་ལ་ཆོས་སྨྲ་བའམ་འཆད་པ་ལ་མཁས་པ་དང་། གཞན་དོན་དུ་བརྩེ་བ་ཅན་གཞན་དོན་བྱེད་པ་ལ་སྐྱོ་བ་མེད་པའི་སྐྱེས་བུ་དམ་པ་ནི། བརྟེན་པར་བྱ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པར་ཤེས་བར་བྱའོ། །རང་ཉིད་ལེགས་པར་སྨོན་པ་ཇི་ལྟ་བུ་ཞེ་ན་སྒྲུབ་པ་བྱེད་པའི་གང་ཟག་རང་ཉིད་ཐེག་ཆེན་གྱི་ཆོས་ལ་དོན་དུ་གཉེར་ཞིང་ཤེས་རབ་གསུམ་གྱིས་དམིགས་པས་དམིགས་པ་བཟང་བ་དང་། དགེ་རྩ་ཆུང་ངུས་ཆོག་པར་མི་འཛིན་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་རིགས་པར་བསགས་པས་རྟོན་པ་བཟང་པ་དང་། ནམ་སེམས་རྒོད་ཅིང་གཡེངས་པར་གྱུར་ན་དེ་ལ་སྐྱོན་དུ་བསམས་ཏེ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་སྤོང་བ་དང་། ནམ་སེམས་ཞུམས་པ་དང་རྨུག་པར་གྱུར་ན་སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་དང་ཏིང་འཛིན་གྱི་ཕན་ཡོན་དང་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བསམ་སྟེ་སེམས་གཟེང་བསྟོད་པ་ནི་ལྷག་མཐོང་གི་མཚན་མ་བསྒོམ་པས་ཞུམས་པ་སྤོང་བར་བྱེད་པ་དང་། ནམ་ཞུམ་རྒོད་མེད་པར་གྱུར་ན་དེའི་ངང་དུ་བཏང་སྙོམས་ཀྱི་མཚན་མ་བསྒོམས་ཏེ་མི་གཡོ་བར་དེ་གའི་ངང་དུ་གནས་པར་བྱ་སྟེ། དེ་ལྟར་ཞི་ལྷག་བཏང་སྙོམས་ཀྱི་མཚན་མ་གསུམ་རྣལ་འབྱོར་བསྒོམ་པ་རྣམས་ཀྱི་ཐབས་བཟང་པོ་ཡིན་པས་དེ་དང་ལྡན་པ་དང་། རང་སའི་གནས་སྐབས་ཙམ་གྱིས་ཆོག་པར་མི་འཛིན་པར་ས་དང་ལམ་གོང་ནས་གོང་དུ་ངེས་པར་འབྱུང་པའམ་རབ་ཏུ་འཇུག་པར་བྱེད་པར་བཟང་པོ་དང་། ལམ་དེ་ཞི་གནས་དང་ལྷག་མཐོང་གི་སྒོ་ནས་རྟག་ཏུ་འཇུག་པ་ནི་སྦྱོར་བ་བཟང་པོའི་རང་བཞིན་ནོ། ། དེ་ལྟར་བཟང་པོ་ལྔ་དང་ལྡན་པའི་བདག་ཉིད་ཀྱི་དོན་ལ་ཡང་དག་པར་བློ་རྩེ་གཅིག་ཏུ་གཏོད་པའམ་སྨོན་ལམ་གྱི་གོ་ཆ་དང་ལྡན་པ་ནི་རང་ཉིད་ལེགས་པར་སྨོན་པའོ། ། སྔོན་བསོད་ནམས་བགྱིས་པའི་དབང་གིས་འདི་ལྟར་མཐུན་པའི་ཡུལ་ན་གནས་ཤིང་བཤེས་གཉེན་དང་ཆོས་དང་ཕྲད་པ་སོགས་ཀྱིས་སེམས་དགའ་བ་རྙེད་པ་དང་། མི་ཁོམས་པ་བརྒྱད་སྤངས་པའི་དལ་བར་སྐྱེས་པ་དང་། ལུས་ལ་ནད་མེད་པས་ཆོས་ལ་སྦྱོར་རུང་བ་དང་། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དང་། བདེན་པ་གཉིས་ཀྱི་དོན་ལ་རྣམ་པར་འབྱེད་པའི་ཤེས་རབ་དང་ལྡན་པ་འདི་ལྔའི་བྱེད་བའི་རྒྱུ་ནི། སྔོན་ཆད་ཀྱི་ཚེ་རབས་དག་ཏུ་བསོད་ནམས་བྱས་པ་ཉིད་ཡིན་ཏེ་ད་ལྟར་དེའི་འབྲས་བུ་སྣང་བས་ན་དུ་བས་མེ་བཞིན་སྔོན་གྱི་བསོད་ནམས་ངེས་པར་འགྱུར་རོ། །གཉིས་པ་ཐེག་པ་ཆེན་པོའི་སྒྲུབ་པའི་ངོ་བོ་ནི་དམིགས་མེད་ཀྱི་ཤེས་རབ་དང་། སེམས་ཅན་ཡོངས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོ་གཉིས་ཡིན་པས་དེ་བཤད་པ་ལ་མདོར་བསྡུས་ཙམ་བསྟན་པ་དང་། སླར་ཡང་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ཆོས་ཀྱི་དབྱིངས་ནི་སོགས་ཚིགས་བཅད་གསུམ་གྱིས་འཁོར་བ་སྐྱོན་དུ་བལྟས་ནས་ཉོན་མོངས་ཆེད་དུ་མི་སྤོང་བའི་ཤེས་རབ་དམིགས་པ་མེད་པ་བསྟན། སེམས་ཅན་ཆེད་དུ་སོགས་ཚིགས་བཅད་གཉིས་ཀྱིས་སེམས་ཅན་དོར་ནས་རང་གཅིག་པུ་ཞི་བར་འཇུག་པ་ཐེག་ཆེན་གྱི་སྒྲུབ་པ་དང་འགལ་བར་བསྟན་པ་ཡིན་པས། དེ་དག་དཀྱུས་གཅིག་ཏུ་བཤད་ན། དམན་ལམ་པ ་དག་གིས་ཉོན་མོངས་རང་བཞིན་གྱིས་ཡོད་པ་ཉིད་ལམ་གྱིས་སྤངས་ཏེ་ཟད་ནས་མྱང་འདས་ཐོབ་པར་བཟུང་ནས་འཁོར་འདས་ལ་སྐྱོན་ཡོན་དུ་ཞེན་པའི་བསམ་པ་དྲག་པོས་འཁོར་བ་སྤངས་ནས་ཞི་བར་འཇུག་ལ། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཉིད་ལ་རང་བཞིན་མེད་པས་ཉོན་མོངས་ཉིད་ཀྱིས་གྲོལ་བ་སྟེར་བའི་ཐབས་མཁས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་དབང་གིས་འཁོར་བ་ཡོངས་སུ་མི་འདོར་ཀྱང་འཁོར་བའི་ཉེས་པས་མི་གོས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། མཐར་སྲིད་ཞིར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་པས་དམིགས་པ་མེད་པའི་ཤེས་རབ་རྣམ་པར་མི་རྟོག་པས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་ཚུལ་གསུངས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས། འདོད་ཆགས་མ་གཏོགས་པར་འདོད་ཆགས་ལས་ངེས་པར་འབྱུང་བ་གཞན་ང་མི་སྨྲའོ་ཞེས་དང་ཞེ་སྡང་དང་གཏི་མུག་ཀྱང་དེ་བཞིན་དུ་གསུངས་པ་ནི། འདོད་ཆགས་ཉིད་ཀྱིས་འདོད་ཆགས་ལས་ངེས་པར་འབྱིན་གྱི་ངེས་འབྱུང་གཞན་གྱིས་མ་ཡིན་པར་གསུངས་པའི་དགོངས་དོན་ཅན་ཡིན་ཏེ་ཆོས་ཀྱི་དབྱིངས་ཉིད་ནི་མ་གཏོགས་པ། གང་ཕྱིར་ཆོས་གཞན་མེད་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ངོ་བོ་ཉིད་དམ་རང་བཞིན་ནི་ཆོས་དབྱིངས་དེ་བཞིན་ཉིད་ཁོ་ནར་ངེས་ཀྱི་དེ་ལས་གཞན་དུ་གྱུར་བའི་ཆོས་རྡུལ་ཙམ་ཡོད་པ་མ་ཡིན་པ་དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་འདོད་ཆགས་ལ་སོགས་པ་དེ་དག་ལས་ངེས་པར་འབྱུང་པ་འདོད་ཆགས་ལ་སོགས་པ་དེ་དག་ཡིན་པར་དགོངས་པ་ཐུགས་ལ་བཞག་ནས་དེ་ལྟར་གསུངས་ཏེ། དེ་ལྟར་ཉོན་མོངས་པའི་རང་བཞིན་ཡེ་ནས་རྣམ་པར་དག་པ་ཉིད་དུ་ཤེས་ནས་ཉོན་མོངས་ཉིད་ཀྱིས་ཉོན་མོངས་རང་གྲོལ་བར་ཤེས་ན་གཉེན་པོ་གཞན་དུ་འཚོལ་མི་དགོས་ལ། རང་གི་ངོ་བོ་ཉིད་ཀྱིས་མ་གྲོལ་པའི་ཉོན་མོངས་ཞིག་གལ་ཏེ་ཡོད་པ་ལྟ་ན། དེ་སུས་ཀྱང་བཀྲོལ་མི་ནུས་ཏེ་སྤང་དུའང་མེད་དོ། །དེའི་ཕྱིར་མཚན་ཉིད་ཐེག་པའི་ངེས་དོན་གྱི་མདོ་རྣམས་སུ་ཆོས་ཐམས་ཅད་ཡེ་ནས་བཅིང་གྲོལ་མེད་པར་བསྟན་པ་བཞིན། འབྲས་བུ་སྔགས་ཀྱི་ཐེག་པར་ཡང་། ཀྱེ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པའི་རྣལ་འབྱོར་དག་པའི་ལེའུ་ལས། ངེས་པར་དངོས་པོ་ཐམས་ཅན་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད་ཅེས་སོགས་དང་། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་སོགས་གསུངས་པ་འདི་དག་དགོངས་གནད་གཅིག་ཡིན་གྱི་ཐ་དད་མེད་དོ། །དེ་བཞིན་དུ་མ་རིག་པ་དང་བྱང་ཆུབ་གཅིག་པར་གསུངས་པ་ཡང་ཆོས་ཀྱི་དབྱིངས་ནི་མ་གཏོགས་པར་གང་གི་ཕྱིར་ན་དེ་ལས་གཞན་དུ་གྱུར་པའི་ཆོས་ནི་མེད་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་རྣམས་རང་བཞིན་གྱིས་བྱང་ཆུབ་ཀྱི་ངོ་བོར་བསྟན་པ་ལ། བློ་ལྡན་བྱང་སེམས་རྣམས་ཀྱིས་སངས་རྒྱས་ཀྱི་དགོངས་པ་དེ་ལྟ་བུ་ཡིན་པར་ཤེས་ནས་དེ་ལྟར་འདོད་དོ། ། ཞེས་མདོ་རྣམས་ལས་ཉོན་མོངས་པ་རྣམས་ནི་བྱང་ཆུབ་རྡོ་རྗེའི་གཞི་ལགས་སོ་ཞེས་སོགས་གསུངས་པ་བཞིན་ནོ། །འོ་ན་ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་ལས་ངེས་པར་འབྱུང་ན་ཉོན་མོངས་སྤྱོད་པའི་སེམས་ཅན་ཐམས་ཅད་ངེས་པར་འབྱུང་བར་ཅིས་མ་གྱུར་སྙམ་ན། དེ་ནི་དགོངས་དོན་ཚུལ་བཞིན་མ་ཤེས་པ་ཡིན་ཏེ། དེ་དག་གིས་ཆགས་སོགས་ཉིད་ཀྱི་དེ་ཁོ་ན་ཉིད་མི་ཤེས་པར་དེ་དང་དེའི་མཚན་མར་ཞེན་པས་འཆིང་བ་ཡིན་ལ། གང་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆགས་སོགས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ། དེ་ལྟར་རྟོགས་ནས་ཚུལ་བཞིན་དུ་འཇུག་པ་དེ་ཡི་ཕྱིར། ཆགས་སོགས་ཐ་མལ་རང་མཚན་པ་དེ་ལས་རྣམ་པར་གྲོལ་བར་འགྱུར་བ་དེས་ན། ཆགས་སོགས་དེ་ཡིས་ཆགས་སོགས་དེ་དག་ལས་ངེས་པར་འབྱུང་བ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་དངོས་པོ་དང་། མཚན་མར་མི་དམིགས་པས་ཆགས་པ་དང་སྡང་བ་གང་ཡང་མི་འབྱུང་ངོ་། ། དེས་ན་ཆགས་སོགས་ཀྱི་རང་བཞིན་རྟོགས་ནས་གདོད་ནས་ཟད་པ་དང་གདོད་ནས་མི་སྐྱེ་བའི་དོན་མངོན་དུ་གྱུར་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བའི་ཆགས་སོགས་ཀྱི་ངོ་བོ་ཡོད་བཞིན་དུ་ནམ་ཞིག་དེ་ཟད་ནས་སླར་རང་རྒྱུད་ལ་མི་སྐྱེ་བར་ཤེས་པའི་ཉན་ཐོས་ཀྱི་བྱང་ཆུབ་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་སྟེ། མངོན་རྟོགས་རྒྱན་ལས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚན་དུ་བརྩིས། ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་འཕགས་པ་ཐོགས་མེད་ཀྱིས། ཐེག་པ་ཆེན་པོ་བསྡུས་པར་ཡང་། །ཆོས་སྐུ་ཟབ་པའི་ཚིགས་བཅད་དུ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་ཆོས་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས་ཞེས་འཁོར་བ་ཉིད་མྱང་འདས་དང་། ཉོན་མོངས་རྣམས་བྱང་ཆུབ་ཀྱི་ཡན་ལག་གམ་ལམ་དུ་འགྱུར་བར་གསུངས་པ་འདི་ལྟ་བུ་མཚན་ཉིད་ཐེག་པ་ལས་ཀྱང་གསལ་བར་བསྟན་ཏེ་ཤེས་རབ་ཀྱིས་དེ་ལྟར་མ་རྟོགས་པར་སྲིད་ཞིའི་མཐའ་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་འཐོབ་མི་ནུས་པའི་ཕྱིར་རོ། །འབྲས་བུའི་ཐེག་པ་ལས་ནི་རྟོགས་པ་དེ་དང་མཐུན་པའི་ཐབས་ཁྱད་པར་ཅན་གྱི་ལམ་རྣམས་ཀྱང་མ་སྦས་པར་མངོན་དུ་བསྟན་པས་འཚང་རྒྱ་བ་ལ་མྱུར་ལམ་དུ་གྲུབ་པ་ཡིན་ནོ། །གཉིས་པ་སེམས་ཅན་ཡོངས་སུ་མི་འདོར་བའི་ཐབས་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཡིན་པར་བསྟན་པ་ནི། སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡི་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་ནི་ཅིས་ཀྱང་རྒྱལ་བའི་སྲས་རྣམས་ལ་ལུས་དང་སེམས་ལ་གནོད་པ་དང་ཐེག་པ་ཆེན་པོའི་ལམ་ལ་བར་དུ་གཅོད་པའི་གནོད་པ་བྱེད་པ་མིན་ཏེ་རྒྱུ་དེས་སྒྱུ་མ་ལྟ་བུའི་བློ་དང་སེམས་ཅན་རྣམས་ལ་ཤིན་ཏུ་སྙིང་རྗེའི་གོ་ཆ་བགོ་བར་འགྱུར་རོ། །ཞི་བ་མྱང་འདས་ལ་ཡོན་ཏན་དང་སྲིད་པ་འཁོར་བ་ལ་སྐྱོན་དུ་འཛིན་པ་ཉིད་ཀྱིས་ཐེག་པ་དམན་པའི་ལམ་ལ་ཞུགས་པའི་རྣམ་པར་རྟོག་པ་དགེ་བ་ལྟར་སྣང་བ་སྣ་ཚོགས་ནི་བློ་ལྡན་བྱང་ཆུབ་སེམས་དཔའི་ལམ་ལ་བར་དུ་གཅོད་པའི་གནོད་བྱེད་ཡིན་ཏེ། ཅིའི་ཕྱིར་ན་བློ་ལྡན་དམྱལ་བར་གནས་པ་དེ་ནི་དེ་ཉིད་ཀྱི་ཚེ་དེ་ལྟར་སྡུག་བསྔལ་བར་གྱུར་བ་ཙམ་ལས་དུས་ཀུན་ཏུའམ་གཏན་དུ་བྱང་ཆུབ་ཆེན་པོ་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་སྟོབས་སོགས་ཀྱི་ཡོན་ཏན་རྒྱ་ཆེ་ཞིང་ཡངས་བའི་བར་དུ་གཅོད་བྱེད་མིན་ཏེ་འཛའ་བོའི་བུ་མོ་དང་གྱད་པགྴི་ཏའི་རྣམ་ཐར་བཞིན་ནོ། ། ཐེག་པ་གཞན་ཉན་རང་གི་ལམ་འབྲས་ལ་རང་དོན་དུ་ཉོན་མོངས་དང་སྡུག་བསྔལ་རབ་ཏུ་བསིལ་བར་རྣམ་པར་རྟོག་ཅིང་བདག་ལ་ཕན་པ་འབའ་ཞིག་དོན་དུ་གཉེར་བ་ནི་སྐབས་དེར་རབ་ཏུ་བདེ་བར་གནས་ཀྱང་བྱང་ཆུབ་ཆེན་པོ་ལ་བར་ཏུ་གཅོད་པར་བྱེད་དེ། ཐེག་ཆེན་ལམ་ལ་ཞུགས་པ་དག་ཀྱང་གཞན་གྱིས་ལོག་སྒྲུབ་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཏང་སྟེ། ཉན་རང་གི་མྱང་འདས་མངོན་དུ་བྱེད་པ་བཞིན་ནོ། །སླར་ཡང་དམིགས་མེད་ཀྱི་ཤེས་རབ་དང་། བྱམས་པ་ཆེན་པོ་གཉིས་བཤད་པའི་དང་པོར། ཆོས་ཐམས་ཅད་དོན་དམ་པར་མེད་པ་དང་སྣང་ཙམ་དུ་དམིགས་པ་འགལ་བར་བཟུང་ནས་བྱིས་པ་རྣམས་དོན་དེ་ཁོང་དུ་མ་ཆུད་པས་སྐྲག་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་ཀྱང་གློ་བུར་གྱི་དྲི་མ་རྣམ་པར་དག་པའང་འགལ་ལོ་སྙམ་དུ་སྐྲག་ཅིང་ཐེག་ཆེན་ལ་མི་མོས་པ་ཡང་དགོངས་དོན་ཟབ་མོ་མ་ཤེས་པའི་དབང་གིས་ཡིན་གྱི་ཤེས་ན་དོན་དེ་དག་འགལ་བ་མེད་དེ། ཅིའི་ཕྱིར་ན་སྣང་བ་ཙམ་དུ་ཆོས་འདི་དག་ཡོད་ཀྱང་སྣང་བ་ལྟར་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལ་སོགས་འདྲ་བ་ཡིན་པས་ཐ་སྙད་དུ་དམིགས་པ་ཡོད་ལ། དེ་བཞིན་དུ་དོན་དམ་པར་མཚན་མར་དམིགས་སུ་མེད་པས་ནམ་མཁའ་དང་འདྲ་བར་ཤེས་པར་བྱ་བ་ཡིན་པས་དམིགས་པ་དང་དམིགས་མེད་མི་འགལ་ལོ། །དཔེ་ཇི་ལྟར་ན་རས་ལ་རི་མོ་མཁན་མཁས་པས་བཟོ་སྦྱང་གི་ཐབས་གོམས་པའམ་ཆོ་ག་བཞིན་དུ་ཚོན་སྣ་ཚོགས་པས་ཚུལ་བཞིན་ལེགས་པར་བྲིས་པའི་གཟུགས་རྣམ་པ་སྣ་ཚོགས་དག་ལ། རི་མོ་ལ་དངོས་སུ་མཐོ་དམན་དང་འབར་འབུར་མེད་ཀྱང་མིག་ལམ་དུ་རྐང་ལག་དང་གདོང་ལ་སོགས་པ་མཐོ་དམན་དང་འབར་འབུར་དུ་སྣང་བ་དེ་བཞིན་དུ། དངོས་པོའི་དོན་ཚུལ་བཞིན་མ་རྟོགས་པ་ཡང་དག་མ་ཡིན་པའི་རྟོག་པ་ལ་གཟུང་བ་འཛིན་པ་གཉིས་པོ་རྣམ་པ་ཐ་དད་དུ་མེད་ཀྱང་ཡོད་པ་ལྟར་སྣང་བར་འགྱུར་ཏེ། གནས་ཚུལ་དང་སྣང་ཚུལ་མི་མཐུན་པར་སྣང་བ་ཡོད་པས་དོན་ལ་མེད་བཞིན་དེ་ལྟར་ཡོད་པར་སྣང་བའང་མི་འགལ་ལོ། ། རང་བཞིན་གྱིས་དག་ཀྱང་ཕྱིས་སུ་དྲི་མ་དང་བྲལ་ཚེ་དག་པར་སྣང་བ་ཡང་མི་འགལ་བ་ནི། ཇི་ལྟར་ཆུ་རང་བཞིན་གྱིས་ས་རྡུལ་དང་མ་འདྲེས་པ་དྭང་བ་ཡིན་ཡང་། ས་འདམ་དང་འདྲེས་ནས་རྙོགས་པ་ན་ཆུ་ཡི་རང་བཞིན་ནི་ས་རྡུལ་དང་འདྲེས་ནས་དབྱེ་མི་རུང་བ་མ་ཡིན་པར་ཆུ་ཉིད་དུ་གནས་མོད་ཀྱི་རྙོགས་པ་དང་བཅས་པར་ཡང་སྣང་བ་ལས། ཕྱིས་དྭང་བ་ཉིད་དུ་གྱུར་པ་ནི་སྔར་གྱི་ཆུའི་རང་བཞིན་ཉིད་མངོན་དུ་གྱུར་པའི་དྭང་བ་ཉིད་དེ་སྔ་མ་མེད་པར་རྙོག་པ་དེ་ལས་གསར་དུ་སྐྱེས་པ་མིན་གྱི། དྭང་བ་དེ་ནི་ཆུ་དེ་ལ་གློ་བུར་པ་འདམ་གྱིས་བསླད་པའི་དྲི་མ་དང་བྲལ་བར་ཟད་དོ། ། དེ་བཞིན་ནམ་མཁར་རང་བཞིན་གྱིས་རྣམ་པར་དག་པ་སྤྲིན་དང་བཅས་པ་དང་སྤྲིན་དང་བྲལ་བ་དང་། གསེར་འདམ་ལས་གྲོལ་བ་ཡང་སྔ་ནས་དྲི་མ་མེད་ཀྱང་། དྲི་མ་དང་བཅས་པའི་གནས་སྐབས་དང་། དྲི་མ་དང་བྲལ་བའི་གནས་སྐབས་གཉིས་སུ་སྣང་བ་ཡོད་པ་བཞིན་ནོ། །དཔེ་དེ་བཞིན་དུ་རང་སེམས་དག་ལ་དག་མ་དག་ཏུ་སྣང་བའང་ཚུལ་དེ་ཉིད་དང་འདྲའོ། །དེ་ཡང་སེམས་ཀྱི་གཤིས་སམ་གནས་ལུགས་ནི་དུས་རྟག་ཏུ་རང་བཞིན་གྱིས་དྲི་མ་མེད་པ་འོད་གསལ་བར་འདོད་དོ། །སེམས་དེ་ནི་རང་གི་གཤིས་ལ་འབྲལ་མི་རུང་དུ་མ་གྲུབ་པ་གློ་བུར་གྱི་ཉེས་པ་འདོད་ཆགས་ལ་སོགས་པ་ཚུལ་མིན་ཡིད་བྱེད་ཀྱི་ཉོན་མོངས་པས་མ་རུངས་པ་དྲི་མ་དང་བཅས་པར་བྱས་པ་ཡིན་པས། དྲི་མས་གོས་པར་བྱར་མེད་པའི་ཆོས་ཉིད་འོད་གསལ་བའི་སེམས་ལས་གཞན་པའི་སེམས་གཞན་རྣམ་རྟོག་གམ་ཡང་དག་མིན་པའི་རྟོག་པ་ནི་འོད་གསལ་མ་ཡིན་ལ། དྲི་མ་མེད་པ་ཆོས་ཉིད་ཀྱི་སེམས་སམ་འོད་གསལ་བའི་ཡེ་ཤེས་ནི་སེམས་ཀྱི་རང་བཞིན་ནམ་གཤིས་གསལ་སྟོང་ཟུང་འཇུག་ལ་བརྗོད་དོ། ། གཉིས་པ་སེམས་ཅན་ཡོངས་སུ་མི་གཏོང་པའི་བྱམས་སྙིང་རྗེ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ། མ་ཡིས་རང་གི་བུ་གཅིག་པུ་ཡིད་དུ་སྡུག་པ་ལ་བྱ་བ་བཞིན་དུ། བཅོས་མ་མ་ཡིན་པར་རྐང་གི་ཁོང་ནས་བྱམས་པ་ཆེ་བ་ཡིན་པས་བསམ་པ་དེ་ལྟ་བུས་རྟག་ཏུ་སེམས་ཅན་ལ་ཕན་པར་བྱེད་པར་འདོད་པས་སེམས་ཅན་ནམ་ཡང་མི་འདོར་རོ། ། སེམས་ཅན་རྣམས་ལ་ཕན་པར་བྱེད་པའི་ཕྱིར་བྱང་སེམས་དེ་ལ་ཡུལ་སེམས་ཅན་ལ་ཆགས་པ་སྐྱེས་པ་དེ་ལྟ་བུས་ལྟུང་བའམ་ཉེས་པར་མི་འགྱུར་ཏེ་ཆགས་པ་དེས་སེམས་ཅན་བདག་གིར་འཛིན་པ་ལས་འདོར་བ་མིན་ན་ཡང་། དེ་ལྟ་བུའི་བྱམས་པ་ལ་གནས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡི་སེམས་ཅན་ལ་ཞེ་སྡང་པ་ནི་རྣམ་པ་ཀུན་དུ་བདག་གིར་གཟུང་བར་བྱ་བའི་སེམས་ཅན་ཀུན་དང་འགལ་བར་འགྱུར་ཏེ། ཞེ་སྡང་སྐྱེས་ན་དེ་དག་འདོར་ཞིང་གནོད་པར་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་ཀྱི་ཉེས་པ་བསྐལ་བ་དུ་མར་བྱུང་བ་ལས། ཞེ་སྡང་གི་སེམས་སྐད་ཅིག་གཅིག་ཏུ་སྐྱེས་པ་ཉེས་པ་ཆེ་བར་གསུངས་ཏེ་བྱམས་པས་སེམས་ཅན་རྗེས་སུ་འཛིན་པ་ལ་སེམས་ཅན་ལ་རྗེས་སུ་ཆགས་པར་བཤད་པ་ནི་ཉོན་མོངས་ཅན་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་ལྟ་བུ་རང་གི་བུ་དང་ཆུང་མ་སོགས་ལ་ཆགས་པ་ཡང་བྱམས་པ་དང་མི་འགལ་བས་ཆགས་པ་དེས་བྱང་སེམས་ཀྱི་ལྟུང་བ་ཅི་ཡང་མི་སྐྱེད་དོ། །ཇི་ལྟར་འདབ་ཆགས་ཕུག་རོན་ནི་བྱ་གཞན་ལས་འདོད་ཆགས་ཆེ་བས་རང་གི་བུ་ལ་མཆོག་ཏུ་བྱམས་ཤིང་ཆགས་པས་ན། ནམ་སྒོ་ང་བྱུང་བའི་དུས་ནས་བརྩམས་ཏེ་སྒྲོ་གཤོག་མ་རྫོགས་ཀྱི་བར་དུ་རང་གི་བུ་ལ་ཉེ་བར་འཁྱུད་ནས་ལུས་དང་གཤོག་པས་འགེབས་ཤིང་འཁྱུད་ནས་འདུག་པའི་བྱམས་པ། དེ་འདྲ་བ་ལ་རང་གི་བུ་ལ་ཁོང་ཁྲོ་སྐྱེ་བ་རྣམ་པ་ཀུན་དུ་འགལ་བ་ཡིན་པས་ཁོང་ཁྲོ་མི་སྐྱེ་པ་ལྟར། བརྩེར་བཅས་བྱང་སེམས་དེ་ལུས་ཅན་ནམ་སེམས་ཅན་གཞན་བུ་དང་འདྲ་བ་ལའང་དེ་དང་འདྲ་སྟེ། གང་ཕྱིར་བདེ་བར་འདོད་པས་བྱམས་པ་ཅན་ཡིན་པ་དེ་ཕྱིར་གནོད་སེམས་ཀྱི་རྒྱུ་ཁོང་ཁྲོ་སྐྱེད་པ་འགལ་ལ། གང་གི་ཕྱིར་སེམས་ཅན་གྱི་ཉོན་མོངས་དང་སྡུག་བསྔལ་ཞི་བ་ཉིད་དུ་འདོད་པ་དེ་ཡི་ཕྱིར་སྡུག་བསྔལ་བར་བྱེད་པའི་གནོད་སེམས་བྱེད་པ་འགལ་ལོ། ། གང་ཕྱིར་རང་གི་ལུས་ལོངས་སྤྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འདོད་པ་དེ་ཕྱིར་སེམས་ཅན་བསླུ་བ་འདོད་པའི་གཡོ་སྒྱུ་ཡི་སེམས་བྱེད་པ་འགལ་ལོ། །གང་ཕྱིར་བྱང་སེམས་རྣམས་ནི་སེམས་ཅན་རྣམས་དགའ་བདེས་སིམ་པར་བྱེད་པ་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་མིང་ཐོས་པས་ཀྱང་འཇིགས་པ་ལས་སྐྱོབ་པ་ཡིན་པ་དེ་ཕྱིར་བརྡུང་བརྡེག་སོགས་ཀྱིས་འཇིགས་ཤིང་སྐྲག་པར་བྱེད་པ་འགལ་ལོ། ། དེའི་ཕྱིར་སྙིང་ཐག་པ་ནས་གཡོ་དང་སྒྱུའི་སེམས་བཅོས་མ་མ་ཡིན་པའི་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་ཀྱིས་སེམས་ཅན་ཡོངས་སུ་མི་འདོར་བ་དང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྲིད་ཞི་ཐ་དད་དུ་མངོན་ཞེན་སྤང་བའི་བྱང་ཆུབ་སེམས་དཔའི་སྒྲུབ་པ་མཆོག་ཡིན་ནོ། །གསུམ་པ་ཇི་ལྟར་སྒྲུབ་ཚུལ་དཔེས་བསྟན་པ་ནི། སྨན་བཟང་པོ་ལ་ནད་པ་བཞིན། ཞེས་པ་ནས། ཇི་ལྟར་གང་དུ་སྒྲུབ་པར་འདོད་ཅེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་བླ་མེད་བྱང་ཆུབ་ཀྱི་ཕྱིར་བསམ་བཞིན་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་ཞིང་འཁོར་བར་མ་ཆགས་པར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ཞིང་ཕན་བདེ་བསྒྲུབ་པ་ཡིན་པས། ཇི་ལྟར་ནད་སེལ་བའི་སྨན་བཟང་པོ་ལ་ནད་པ་དག་ནན་གཏན་གྱིས་འཇུག་པ་བཞིན་དུ། འཁོར་བའི་སྡུག་བསྔལ་ཤེས་ཀྱང་དང་དུ་ལེན་པ་ནི་སྨན་དཀུ་བ་དང་ཁ་བ་ཤེས་ཀྱང་ནད་སེལ་བའི་ཕྱིར་ནན་ཏན་གྱིས་བརྟེན་པ་བཞིན་འཁོར་བ་དང་དུ་བླང་བས་སྒྲིབ་གཉིས་ཀྱི་ནད་མཐའ་དག་ཞི་བའི་དོན་གཉིས་ལྷུན་གྲུབ་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར། འཁོར་བ་ལ་ནི་འཇུག་པར་བྱེད་ཀྱི་འཁོར་བ་གཏོང་བར་མི་བྱེད་དོ། །ནད་པ་ཉམས་ཐག་པ་སྡུག་བསྔལ་ཅན་ལ་ནི། སྨན་པ་སྙིང་བརྩེ་བ་སེམས་དགེ་བ་ཅན་དག་གིས། ནད་གཞི་དང་སྦྱར་བའི་སྨན་གཏོང་བ་བཞིན་དུ། སེམས་ཅན་རྣམས་ལ་ཉོན་མོངས་པའི་ནད་ཞི་བར་བྱེད་པའི་ཕྱིར་དམ་པའི་ཆོས་ཀྱི་སྨན་གཏོང་ཞིང་ཕན་འདེགས་པ་སྣ་ཚོགས་སྒྲུབ་པར་བྱེད་དོ། །བྲན་མི་སྲུན་པ་ལས་མ་བཀོལ་བ་སོགས་ཇི་འདོད་དུ་མ་གྲུབ་པ་ལ་བརྡེག་པ་སོགས་ཀྱི་སྒོ་ནས་བཀོལ་དུ་བཏུབ་པར་སྒྲུབ་པར་ཇི་བཞིན། བདག་ཉིད་ལ་ནི་སེམས་ཉོན་མོངས་པའི་དབང་དུ་གྱུར་ནས་དམུ་རྒོད་པ་དང་། སེམས་ཅན་གྱི་དོན་ལ་སྐྱོ་བ་སོགས་སྐྱེས་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ནན་ཏུར་གྱིས་བདག་གི་སེམས་ངན་པ་རྣམས་ཚར་གཅོད་སྒྲུབ་པར་བྱེད་དེ། དཀོན་མཆོག་བརྩེགས་པ་ལས་རྟ་འདུལ་སྦྱོང་གི་དཔེས་གསུངས་པ་ལྟ་བུའོ། །བུ་ཚ་དང་འཁོར་གསོ་བའི་ཕྱིར་ཟོང་གི་དངོས་པོ་ལ་ཆུང་ངུ་ཞིག་ཀྱང་ཆེན་པོར་བསྒྱུར་བའི་ཁེ་སྤོགས་བྱེད་པའི་ཚོང་བ་རྣམས་ཇི་བཞིན་དུ། རང་ལ་བདོག་པའི་འདོད་པའི་ལོངས་སྤྱོད་པ་དག་ལ་བརྟེན་ནས་སྦྱིན་པའི་ཟོང་གིས་འདོད་པ་ལྔའི་ཡོན་ཏན་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་ཞིང་ཕན་བདེ་སྒྲུབ་པར་བྱེད་པ་སྦྱིན་པ་བསྒྲུབ་པའོ། །གོས་ལ་བཙོ་གླག་མཁན་རྣམས་ཀྱིས་འབད་པས་བསྐྲུ་ཞིང་ཡང་ཡང་ཚོན་གྱིས་ཞེན་པར་བགོ་བ་བཞིན་དུ་རང་གིས་ལུས་ངག་ཡིད་ཀྱི་ལས་མི་དགེ་བཅུ་བྱང་ཞིང་དག་པ་དང་དགེ་བ་བཅུའི་ལས་རྣམས་ལ་རབ་ཏུ་སྒྲུབ་པར་བྱེད་པ་ནི་ཚུལ་ཁྲིམས་ལའོ། །བུ་གཞོན་པ་ཤེད་མ་ཕྱེ་བ་དག་གིས་མ་བསྡམ་པའི་སྤྱོད་ལམ་སྣ་ཚོགས་ཀྱི་ཉེས་པ་ཕྲ་མོ་བྱེད་ཀྱང་ཕ་ཡིས་ཞེ་སྡང་མི་བྱེད་ཀྱི་སྙིང་བརྩེ་བ་སྐྱེད་པ་བཞིན་དུ་བཟོད་དང་ལྡན་པའི་སྒོ་ནས་སེམས་ཅན་རྣམས་རྨོངས་པའི་དབང་དུ་གྱུར་ནས་ཉེས་པ་སྣ་ཚོགས་བྱས་ཀྱང་དེ་ལ་ལན་དུ་མི་འཚེ་ཞིང་ཞེ་སྡང་མེད་པར་མ་ཟད་སྙིང་རྗེ་འཕེལ་བསྒྲུབ་པར་བྱེད་དོ། །མེ་དོན་དུ་གཉེར་བས་གཙུག་ཤིང་བརྡར་བ་ན། མེ་མ་བྱུང་བར་ནན་ཏན་རྒྱུན་མ་ཆད་པར་བརྩོན་པ་ལྟར། དགེ་བ་མཐར་མ་ཕྱིན་བར་དུ་བར་མ་དོར་མི་འདོར་བར་བརྩོན་པ་ཆེན་པོས་རྟག་པར་རབ་ཏུ་སྒྲུབ་པར་བྱེད་དོ། ། ཡིད་བརྟན་པའི་གང་ཟག་ལ་བང་མཛོད་དང་ཡོ་བྱད་ཐམས་ཅན་བཅོལ་བར་བྱས་ནས། དེས་རང་དབང་དུ་བླང་ཆོག་ཀྱང་ཅུང་ཟད་ཀྱང་རང་དོན་དུ་སྲེད་པས་མི་ལེན་པ་བཞིན་དུ། བྱང་ཆུབ་སེམས་དཔས་ལྷག་པའི་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་རྣམས་མ་རྫོགས་པ་ལ་ཡོངས་སུ་རྫོགས་པར་སྒྲུབ་པར་བྱེད་ཀྱང་བསམ་གཏན་གྱི་རོ་མྱོང་བར་མི་བྱེད་དོ། །སྒྱུ་མ་མཁན་རྣམས་ཀྱིས་སྒྱུ་མའི་སྔགས་དང་རྫས་ཀྱི་ཚོགས་རྟ་གླང་སོགས་དངོས་པོ་སྣ་ཚོགས་མངོན་དུ་སྣང་བར་སྤྲུལ་ཀྱང་འདི་ནི་སྒྱུ་མའི་སྣང་བ་ཙམ་སྟེ་ཡང་དག་པར་གྲུབ་པ་མེད་དོ་ཞེས་ཤེས་པ་ལྟར། །བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་ཀྱང་ཤེས་བྱ་ཐམས་ཅད་ལ། དེ་ཡི་རང་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ཀྱིས་ནི་བདེན་གཉིས་ཟུང་འཇུག་ཏུ་སྒྲུབ་པར་བྱེད་དོ།། དེ་ལྟར་དཔེ་དང་སྦྱར་ཏེ་བཤད་པ་དེ་རྣམས་ནི། བྱང་ཆུབ་སེམས་དཔའ་ཡི། དཔེ་ཇི་ལྟར་དོན་གང་དུ་སྒྲུབ་པར་འདོད་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ། གོང་དུ་ཇི་སྐད་བཤད་པ་དེ་ལྟར་དུས་རྟག་ཏུ་ཕར་ཕྱིན་རྣམས་ཚད་མེད་པ་སྤྱོད་པ་ལ་བརྩོན་འགྲུས་རྒྱ་ཆེན་པོ་དང་ལྡན་པ། སྦྱོར་བ་ཚོགས་གཉིས་སམ་རང་དང་གཞན་གཉིས་སྨིན་པར་བྱ་བ་ལ་རབ་ཏུ་བརྩོན་པ་དེ་ནི་ཚོགས་ཀྱི་ལམ་ནས་རིམ་གྱིས་ཉོན་ཤེས་ཀྱི་དྲི་མ་མེད་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་བློ་གྲོས་མཆོག་གིས་ས་བཅུའི་མཐར་ཐུག་པར་སྒྲུབ་པ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་རབ་ཏུ་འགྲོ་བ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པ་རྣམ་པར་བཤད་པའོ།། །། དེའི་རྗེས་སུ་སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་གདམས་ངག་དང་རྗེས་བསྟན་ཡིན་པས་དེ་འཆད་པ་ལ། གདམས་ངག་ཇི་ལྟར་རྙེད་པའི་ཚུལ། གདམས་ངག་དེ་ཚུལ་བཞིན་ཡིད་ལ་བྱེད་པ། དེ་ལ་ས་ལམ་བགྲོད་ཚུལ། གདམས་ངག་གི་ཆེ་བའི་ཕན་ཡོན་བརྗོད་པ་བཞི་ལས། དང་པོ་མོས་པའི་སྤྱོད་པའི་ས་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་འཇིག་རྟེན་ལས་འདས་པའི་ས་དང་པོར་ངེས་པར་འབྱུང་བར་བྱེད་ཅིང་། ཐེག་པ་ཆེན་པོའི་ལམ་ལ་མོས་པ་གོང་ནས་གོང་དུ་རྣམ་པར་འཕེལ་བར་བྱེད་པ་དེ་ནི་ཇི་ལྟར་ཕྱོགས་བཞིའི་ཆུ་རྣམས་འབབ་པ་ཡིས་རྒྱ་མཚོ་ཆེན་པོ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་ཆོས་རྣམས་ཀྱིས་རང་རྒྱུད་ཀྱི་ཡོན་ཏན་ཡང་དག་པར་རྫོགས་ནས་ཆོས་མཆོག་གི་མཐར་འཕགས་པའི་ས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། ། བཤད་མ་ཐག་པ་དེ་བཞིན་དུ་ནི་ཚོགས་བསགས་པའི་རྒྱལ་སྲས་གཟོད་ནས་ཏེ་བསྐལ་པ་དུ་མའི་སྔོན་ནས་རྒྱུད་ཡོངས་སུ་དག་ཅིང་ཚུལ་ཁྲིམས་རྣམ་པར་དག་པའོ།། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་མང་དུ་ཐོས་ཤིང་དོན་ཇི་ལྟ་བ་བཞིན་ལེགས་པར་ཤེས་ཤིང་སེམས་སྒྲིབ་པ་ལྔ་དང་མི་འགྲོགས་པའི་ལས་སུ་རུང་བའི་དགེ་བ་དེས། སྦྱོར་བའི་ལམ་བསྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། ། དེས་དེ་ལྟར་སྔར་ཚོགས་རྫོགས་པས་ས་དང་པོའི་ཡེ་ཤེས་ཁོང་དུ་ཆུད་པའི་སྐལ་པ་དང་ལྡན་པའི་ཕྱིར། དེ་ཡི་ཚེ་ན་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་ཞེས་པ་ཅི་ལྟ་བུར་ཞིག་ཡིན་ཞེ་ན། གང་ལ་མཉམ་པར་བཞག་པས་སངས་རྒྱས་གྲངས་མེད་པ་ལས་དམ་པའི་ཆོས་ཀྱི་གདམས་ངག་ཚད་མེད་པ་ནོད་ཅིང་དེའི་ཚིག་དོན་རྒྱུན་བར་མ་ཆད་དུ་འཛིན་ནུས་པའོ། །དེ་ལྟར་དབང་པོ་རྣོན་པོས་ཚོགས་ལམ་ཆེན་པོ་ན་ཏིང་འཛིན་དེ་ཐོབ་པ་ཡོད་ལ། འགའ་ཞིག་གིས་ཆོས་མཆོག་གི་དུས་སུ་ཐོབ་པར་བཤད། དེ་ལྟར་ཐོབ་ནས་ཏིང་འཛིན་དེ་ཡང་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བར་འགྱུར། །དེ་ལྟར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པ་དེ་ལས་ནི། བཤེས་གཉེན་གྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། འཕགས་པའི་ཡེ་ཤེས་ས་དང་པོ་ཐོབ་པར་བྱེད་པའི། ཞི་གནས་ཤིན་ཏུ་རྒྱས་པའམ་ཡངས་པ་ལྷག་མཐོང་གི་ཡེ་ཤེས་ཤིན་ཏུ་ཡངས་པ་ཐོབ་པར་བྱ་བའི་ཕྱིར་དེ་དང་དེའི་གདམས་ངག་ཚད་མེད་པ་མདོ་སྡེ་འབུམ་ཕྲག་དུ་མའི་དོན་དང་ལྡན་པའི་རྒྱ་ཆེན་པོ་རྙེད་པར་འགྱུར་རོ། །གཉིས་པ་གདམས་ངག་གི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ལ། བསམ་པས་ཡིད་ལ་བྱེད་པ་དང་། བསྒོམ་པས་ཡིད་ལ་བྱེད་པ་གཉིས། དང་པོ། དེ་ནས་དང་པོར་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། གདམས་ངག་རྙེད་པ་དེ་ནས་དང་པོར་རམ་ཐོག་མར་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་དེ་ཡི་ནི། མདོ་ཡི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས། མི་གཉིས་པ་ནི་གཟུང་འཛིན་གཉིས་མེད་པའམ། ཡོད་མེད་གཉིས་དང་བྲལ་བ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་རྣམ་པར་འབྱེད་ཅིང་གསལ་བར་བསྟན་པ་ཡི། མདོ་སྡེ་ས་བཅུ་པ་དང་ལང་ཀར་གཤེགས་པ་དང་། ཟླ་བ་སྒྲོན་མེ་ལ་སོགས་པ་ལྟ་བུའི་མིང་ཙམ་ལ་སེམས་བཞག་སྟེ། མདོ་འདིའི་མིང་ནི་འདི་ཞེས་བྱའོ་ཞེས་དེ་ཙམ་ལ་སེམས་འཇོག་གོ་འདི་ནི་རྩ་བའི་སེམས་སོ། ། དེ་ནས་སྡོམ་བརྩོན་དེ་ནི་རིམ་པ་བཞིན་དུ། མདོ་དེ་དང་དེའི་ཚིག་རབ་ཏུ་དབྱེ་བ་དཔྱོད་པར་བྱེད་ཅིང་། ཞེས་པ་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ནས། མཇུག་ཡོངས་སུ་རྫོགས་པའི་བར་དུ་ཚིག་མ་ལུས་པ་རབ་ཏུ་དབྱེ་སྟེ་མདོ་འདི་ལ་ལེའུ་འདི་ཙམ་ཞིག་ཡོད། ཤོ་ལོ་ཀ་འདི་ཙམ་དང་། ཡི་གེའི་གྲངས་འདི་ཙམ་ཡོད་ཅེས་དཔྱད་པའོ། །འདི་ལ་རྗེས་སུ་དཔྱད་པའམ་རྗེས་སུ་འགྲོ་བའི་སེམས་ཞེས་བྱའོ། །སོ་སོའི་ནང་ལ་ཚུལ་བཞིན་དུ། དེའི་དོན་ཡང་རྣམ་པར་དཔྱོད། ཅེས་པ། མདོ་སྡེ་སོ་སོའི་ནང་ལ་ཞེས་འབྲུ་མནན་པའང་མི་འགྲིག་པ་མེད་ལ། བློ་བརྟན་འགྲེལ་ལྟར་ན་སོ་སོའི་ནང་རང་རིགས་པས་ཚུལ་བཞིན་དུ་ཞེས་འབྲུ་མནན་དགོས་འདུག དོན་དུ་མདོ་སྡེ་དེའི་ཚིག་དཔྱད་པའི་འོག་ཏུ། ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་ཤེས་པར་བྱེད་པ་དང་། བརྗོད་བྱའི་དོན་ལ་རྟོག་པ་དང་རྗོད་བྱེད་ཡི་གེ་ལ་རྟོག་པ་སྟེ། དོན་དེ་རྣམས་བགྲང་བ་དང་། འཇལ་བ་དང་། རྟོག་པ་དང་། སོ་སོར་རྟོག་པ་བཞི་ལས། དང་པོ་ཕུང་པོ་ལྔ་ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་ཀྱི་གྲངས་ལྟ་བུ་དང་། གཟུགས་ཕུང་ལ་སྐྱེ་མཆེད་བཅུ་དང་། ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མིན་པའི་གཟུགས་བཅས་བཅུ་གཅིག་དང་། ཚོར་བ་ལ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས་ཡིད་ཀྱི་བར་ཚོགས་དྲུག་གོ་ཞེས་པ་ལ་སོགས་པ་མདོར་ན་དོན་རྣམས་གྲངས་སུ་བགྲངས་ཏེ་བརྟགས་པའོ། །འཇལ་བ་ནི་གྲངས་དེ་ལས་ལྷག་པར་སྒྲོ་མི་འདོགས། ཉུང་བར་སྐུར་བ་མི་འདེབས་པར་གྲངས་ངེས་པར་བཅད་དེ་དེ་ཡི་མཚན་ཉིད་ལ་སོ་སོར་གཞལ་ཞིང་བསམ་པའོ། །རྟོག་པ་ནི། གྲངས་སུ་བཅད་པ་དེ་ལྟ་བུ་ཡི་ཆོས་དེར་གཟུགས་སོགས་དེ་དང་དེར་བཞག་པའི་རྒྱུ་མཚན་ལ་ཚད་མའི་རིགས་པ་དང་ལྡན་པར་རྟོག་ཅིང་དཔྱོད་པའོ། །སོ་སོར་རྟོག་པ་ནི་སྔ་མ་གསུམ་གྱི་དོན་དེ་དག་གི་རང་སྤྱིའི་མཚན་ཉིད་ལ་སོ་སོར་རྟོག་པའོ། ། མདོར་ན་དོན་རྣམས་རྣམ་གྲངས་དུ་ཡོད་ཀྱི་གྲངས་ལ་བསམས་ནས་གྲངས་མ་ནོར་བར་བརྩིས། མང་ཉུང་དུ་སླར་གྱུར་པར་དེ་ལྟར་ངེས་པའི་རྒྱུ་མཚན་རིགས་པས་དཔྱད་ནས་གྲངས་དེ་དག་གི་དོན་རེ་རེ་བཞིན་རང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པར་བྱེད་དོ། །རྗོད་བྱེད་ཡི་གེ་ཨ་ལ་སོགས་པ་འབྲུ་རེ་རེ་སིལ་བུ་བས་དོན་སྟོན་པ་མེད་ལ། ཡི་གེ་དུ་མ་འདུས་ནས་མིང་དང་མིང་འདུས་ནས་ཚིག་དང་ཚིག་མང་པོ་འདུས་པ་ངག་གི་རྒྱུན་གཞུང་དུ་གྲུབ་པས་དོན་སྟོན་པ་ཡོད་པས། ཡི་གེ་ལ་དོན་མེད་པ་དང་དོན་ཡོད་པ་གཉིས་སུ་བརྟག་པར་བྱ་སྟེ་འདི་ལ་རྣམ་པར་རྟོག་པའི་སེམས་ཞེས་བྱའོ། །དོན་དེ་དག་ནི་ངེས་བཟུང་ནས། ཞེས་པ་ཚིག་གི་དོན་རྣམས་ཀྱི་མཚན་མ་དང་། དོན་གྱི་གྲངས་ལ་སོགས་པ་དང་དེའི་རྣམ་དབྱེ་དང་མཚན་ཉིད་ཀྱི་མཚན་མ་རྣམས་ཤེས་རབ་ཀྱིས་མ་ནོར་བར་ངེས་པར་བཟུང་བ་ནི། ངེས་པར་འཛིན་པའི་སེམས་སོ། །སེམས་བཞི་པོ་དེས་མདོ་སོགས་ཆོས་ཀྱི་ཚིག་དང་དོན་རགས་པ་ཙམ་མིན་པར་ཤིན་ཏུ་ཞིབ་ཅིང་ངེས་པར་གཏན་ལ་ཕབ་ནས་དེའི་འོག་ཏུ། ཆོས་ལ་ཀུན་ནས་སྡོམ་པར་བྱེད་ཅེས་པ། མདོ་སྡེ་འདི་ཡི་དབུ་ནས་ཞབས་ཀྱི་བར་གྱི་བསྟན་དོན་གཅིག་ཏུ་དྲིལ་ཏེ་བསྡུས་ན་འདི་ཙམ་ཞིག་གོ་ཞེས་ཤེས་པ་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་བསྡུས་ནས་ཡང་བསྟན་བྱའི་དོན་གྱི་སྙིང་བོ་འདི་ཙམ་ཞིག་ཅེས་གནད་བསྡུ་པ་སྟེ། དཔེར་ན་མདོ་སྡེ་ས་བཅུ་པ་ལས་ས་བཅུའི་རྣམ་བཞག་རྒྱ་ཆེར་བསྟན་པ་ཐམས་ཅད་ས་བཅུ་བཤད་པའི་ཁོངས་སུ་འདུ་བས་ས་བཅུ་པའི་མིང་གི་དོན་དེ་ཙམ་ལ་འདུས་སོ་སྙམ་དུ་རྩ་བའི་སེམས་ལ་བསྡུ་བ་ནི། ཆོས་གཅིག་གི་དོན་ལ་ཀུན་ནས་སྡོམ་པར་བྱེད་པ་ནི་བསྡུ་བའི་སེམས་ཏེ། མདོར་ན་མདོ་སྡེ་རྣམས་ལ་རྒྱ་ཆེར་བཤད་ཀྱང་། ལ་ལ་ལམ་གྱི་ཡོན་ཏན ། ལ་ལ་གོ་རིམས། ལ་ལ་འབྲས་བུ། ལ་ལ་སྤང་བྱ་སོགས་ཀྱི་སྒོ་ནས་ཡིན་པས་དེ་ཐམས་ཅད་ཤེས་པ་བྱ་དགོས་ཀྱང་དོན་གྱི་སྙིང་པོ་ད་ལྟ་རང་གི་ཉམས་སུ་ལེན་པར་བྱ་བ་ནི་འདི་ཙམ་ཞིག་གོ་རྣལ་འབྱོར་གྱི་གནད་ལ་མདོ་འགགས་སྡོམ་པའོ། ། དེ་ལྟར་མདོ་ཡིས་བསྟན་དོན་ལ་ཐེ་ཚོམ་མེད་པར་གྱུར་པ་ན། མདོ་སྡེ་ལས་ཇི་སྐད་གསུངས་པ་དེ་ཡི་དོན། ས་བཅུ་པོ་ལྟ་བུ་དེ་ནི་རང་གིས་མངོན་དུ་ཐོབ་པར་བྱ་བའི་ཕྱིར། དེ་ནས་རྣལ་འབྱོར་པ་དེ་ནི་བདག་གིས་དོན་འདི་ཐོབ་པར་བྱའོ་ཞེས་རེ་བ་དྲག་པོས་སྨོན་པར་བྱེད་པ་ནི་སྨོན་པའི་སེམས་སོ། །དེ་ལྟར་སེམས་དྲུག་གི་སྒོ་ནས་མདོ་སོགས་གསུང་རབ་དམ་པའི་ཆོས་ཀྱི་དོན་ཚུལ་བཞིན་ཡིད་ལ་བྱེད་ཚུལ་ལ་ཡིད་བྱེད་བཅུ་གཅིག་སྟེ། ཡིད་ཀྱི་བརྗོད་པས་སོགས་ཚིགས་བཅད་བཞིས་བསྟན་དོན། ཡིད་ཀྱི་བརྗོད་པས་ཞེས་པ་ཡིད་ཀྱི་རྟོག་པ་སྟེ། ཡིད་ཤེས་ཀྱིས་མིང་དོན་བསྲེས་ཏེ་དོན་འདི་དང་འདི་ལྟ་བུའོ་ཞེས་ཤེས་པ་དེ་ནི་ཡིད་རྟོག་བཅས་ཡིན་ལ་དེས་གསུང་རབ་ཀྱི་ཚིག་དང་དོན་རྒྱུན་ཆགས་སུ་བཙལ་བར་བྱ་ཞིང་བརྟག་ཅིང་དཔྱད་པར་བྱེད་པ་ནི་རྟོག་དཔྱོད་དང་བཅས་པ་བསམ་གཏན་དང་པོའི་ཉེར་བསྡོག་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ཐོབ་པའི་སེམས་ཀྱིས་སོ། ། རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་བར་གྱི་བསམ་གཏན་ཞེས་པ་དང་པོའི་དངོས་གཞི་ཁྱད་པར་ཅན་དང་བསམ་གཏན་གཉིས་པ་ཐོབ་པའི་སེམས་ཀྱིས་སོ་སོར་བརྟག་པར་བྱའོ་ཞེས་གསུངས། བསམ་གཏན་གསུམ་པ་དང་བཞི་པའི་དངོས་གཞི་ཐོབ་པ་ན་རྟོག་དཔྱོད་གཉིས་ཀ་མེད་པའི་ཕྱིར་ཡིད་ལ་བྱེད་པ་རྟོག་དཔྱོད་ཀྱིས་བརྗོད་དུ་མེད་པ་ཏིང་ངེ་འཛིན་དུ་རོ་གཅིག་པས་ཀྱང་དཔྱད་པར་བྱ་སྟེ་རྟོག་དཔྱོད་བཅས་པའི་ཡིད་བྱེད་ལ་སོགས་པ་འདི་གསུམ་ནི་བློའི་ངོ་བོའི་དབྱེ་བ་གསུམ་མོ། །སེམས་དྲུག་གི་ནང་ནས་ཆོས་ཀྱི་མིང་ཙམ་ལ་སེམས་འཛིན་པ་དང་ནི་ཚིག་ལ་འཛིན་པའང་སྡུད་དོ།། མིང་ཙམ་དུ་མདོ་སྡེ་དེ་ཡི་བསྟན་དོན་མཐའ་དག་སྡོམས་དང་ཞེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་དོན་དང་ཚིག་མང་པོ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་མིང་གི་དོན་དུ་འདུས་པ་འདི་ལྟ་བུ་ལ་སེམས་འཛིན་པ་ནི་ཞི་གནས་ཀྱི་ལམ་དུ་ཤེས་པར་བྱའོ། །ལྷག་མཐོང་གི་ལམ་ནི་མདོ་སྡེ་དེའི་དོན་རྣམས་བགྲང་འཇལ་སོགས་བཞི་ལ་རྣམ་པར་དཔྱོད་པར་ཤེས་པར་བྱའོ། །ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་ནི་མིང་དོན་དེ་གཉིས་ཀ་བསྡོམས་པ་ཡིན་པར་ཤེས་པར་བྱ་སྟེ། ཞི་ལྷག་ཟུང་དུ་མ་འབྲེལ་བའི་དུས་ན། ཞི་གནས་ཀྱིས་མིང་དང་ཚིག་ལ་དམིགས་ལྷག་མཐོང་གིས་དོན་ལ་དམིགས་པར་བྱེད་པ་ཡིན་ལ། ནམ་ཞི་ལྷག་ཟུང་དུ་འབྲེལ་བའི་ཚེ་ན་མིང་དང་དོན་སོ་སོར་མི་དམིགས་ཀྱི། དེ་གཉིས་གཅིག་ཏུ་བསྡུས་ནས་ཞི་གནས་དང་ལྷག་མཐོང་མགོ་མཉམ་དུ་འབྲེལ་ཏེ་དམིགས་པར་བྱེད་དོ། །ཞི་གནས་ཡིད་བྱེད་དང་། ལྷག་མཐོང་ཡིད་བྱེད་དང་། ཟུང་འབྲེལ་ཡིད་བྱེད་འདི་གསུམ་ནི་ལམ་གྱི་ངོས་ནས་དབྱེ་བ་གསུམ་མོ། །ཡང་དམིགས་པས་ཕྱེ་བ་གསུམ་ནི་མཚན་མ་གསུམ་སྟེ། ཞི་གནས་ཀྱི་མཚན་མ་དང་། རབ་ཏུ་འཛིན་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་ཞེས་གསུངས་པ། སེམས་འཕྲོ་ཞིང་རྒོད་པར་གྱུར་ན་གཡེང་བ་དང་འཁོར་བའི་སྐྱོན་བསམས་ནས་ཕྱིར་མི་འཕྲོ་བར་སེམས་ནང་དུ་མཉམ་པར་འཇོག་པ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པ་དང་། སེམས་རྨུགས་པ་དང་ཞུམས་པར་གྱུར་ན་ལྷག་མཐོང་གི་མཚན་མ་ཡིད་ལ་བྱེད་པ། སངས་རྒྱས་དང་ཏིང་ངེ་འཛིན་གྱི་ཡོན་ཏན་ནམ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་མ་ཡིད་ལ་བྱེད་པས་ཞུམས་པ་ལས་སེམས་རབ་ཏུ་འཛིན་ཏེ་གཟེངས་བསྟོད་པར་བྱེད་དགོས་པ་ཡིན་ཏེ། རྒོད་པ་ན་ལྷག་མཐོང་དང་རྗེས་སུ་མཐུན་པས་ལྷག་མཐོང་གིས་སེལ་མི་ནུས་པས་ཞི་གནས་ཡིད་ལ་བྱེད་དོ། །རྨུགས་པ་དང་ཞུམས་པ་དང་གཉིད་ནི་ཞི་གནས་དང་རྗེས་སུ་མཐུན་པས་ལྷག་མཐོང་གིས་བསལ་དགོས་པས། ཞུམ་པའི་སེམས་ནི་ལྷག་མཐོང་གི་མཚན་མ་ཡིད་ལ་བྱེད་པས་རབ་ཏུ་གཟུང་སྟེ། རྒོད་པ་ཡང་ནི་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་ཞི་བར་བྱ་ཞིང་། ཞུམས་རྒོད་མེད་པར་མཉམ་པར་གྱུར་ན་དེ་གའི་ངང་དུ་མི་གཡོ་བར་བཏང་སྙོམས་ཀྱི་མཚན་མ་ཡིད་བྱེད་པས་བཏང་སྙོམས་སུ་བཞག་པར་བྱའོ། ། དེ་ལྟར་བསྒོམས་པ་དེ་ཐམས་ཅད་ཀྱང་གུས་སྦྱོར་གྱི་ཡིད་བྱེད་དང་རྟག་སྦྱོར་ཀྱི་ཡིད་བྱེད་གཉིས་ཀྱིས་རྒྱུན་མ་ཆད་པར་ཉམས་སུ་ལེན་དགོས་པས་ཡིད་བྱེད་སྔ་མ་དེ་རྣམས་ལ། དུས་རེས་འགའ་ཙམ་འཇུག་པ་མ་ཡིན་པར་རྟག་ཏུ་བྱ་བ་ཡིད་ལ་བྱེད་པ་དང་། ཡིད་བྱེད་རྣམས་ལ་སྤྲོ་ཞིང་གུས་པར་བྱ་སྟེ་ལམ་དེ་ལ་སྦྱར་བར་བྱའོ། །གཉིས་པ་གདམས་ངག་གི་དོན་བསྒོམ་པའི་སྒོ་ནས་ཡིད་ལ་བྱེད་ཚུལ། དམིགས་པ་ལ་ནི་སེམས་གཏད་ནས་ཞེས་སོགས། རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། བསམ་པའི་ཤེས་རབ་ཙམ་གྱིས་ལམ་གྱི་ཡོན་ཏན་མངོན་དུ་མི་འགྱུར་བས་རྩེ་གཅིག་ཏུ་བསྒོམ་དགོས་ལ། དེ་ཡང་ཐོག་མར་འདོད་ཁམས་པའི་སེམས་ནང་དུ་མཉམ་པར་མ་བཞག་པས་སྐད་ཅིག་མི་སྡོད་པར་གློག་དང་རླུང་དང་སྤྲིན་ལྟར་གཡོ་བ་རྒྱ་མཚོའི་རླབས་ལྟར་དགག་པར་དཀའ་བའི་རྣམ་རྟོག་རྣམས་སེམས་གནས་པའི་ཐབས་དགུས་རིམ་པར་བརྟུལ་ཏེ་ནང་དུ་ཡང་དག་འཇོག་པའི་ཏིང་ངེ་འཛིན་བསྒྲུབ་པའི་ཚུལ་ནི། དམིགས་པ་གང་ཡང་རུང་བ་ལ་ནི་རང་གི་སེམས་རྩེ་གཅིག་ཏུ་གཏད་ནས་བཞག་པ་དང་། དེ་ལྟར་བཞག་ཀྱང་སྐད་ཅིག་མི་སྡོད་པར་རྣམ་པ་གཞན་དུ་གཡོ་ན། སྔ་མའི་དམིགས་པ་དེའི་རྒྱུན་ལས་རྣམ་པར་གཡེང་བར་མི་བྱ་བར་དྲན་པའི་སྒོ་ནས་རྒྱུན་བསྐྱང་ཅི་ནུས་སུ་བཞག་གོ །གལ་ཏེ་དེ་ལྟར་གཞག་ཀྱང་རྒྱུན་རིང་དུ་གནས་མི་ནུས་པར་གཞན་དུ་གཡེང་བར་གྱུར་ན། བདག་ནི་ཡུལ་གཞན་ལ་རྣམ་པར་གཡེང་ངོ་སྙམ་དུ་མྱུར་དུ་རྟོགས་པར་བྱས་ནས། སྔར་གྱི་དམིགས་པ་ལ་སླར་ནི་སེམས་བླན་ཏེ་བཞག་པར་བྱའོ། ། དེ་ལྟར་ཡང་ཡང་གོམ་པས་རྒྱུན་བསྐྱངས་པས་ཅུང་ཟད་རེ་རྒྱུན་གནས་སུ་བཏུབ་ན། བློ་ལྡན་དེས་ཤིན་ཏུ་བསྒྲིམ་སྟེ་གོང་ནས་གོང་དུ་ཡང་། སེམས་ནི་ནང་དུ་ཡིད་ཀྱི་དམིགས་པ་སྔ་མ་ལ་བསྡུ་བར་བྱ་བ་ནི་ཉེ་བར་འཇོག་པ་ཞེས་བྱའོ། །དེ་ནས་སེམས་སྔར་བས་ཅུང་ཟད་གནས་སུ་བཏུབ་པ་ན་སེམས་ནང་དུ་གནས་པ་དེ་ཡི་ཡོན་ཏན་རང་གིས་མཐོང་བའི་ཕྱིར། བདག་གིས་སེམས་གནས་པའི་ཏིང་ངེ་འཛིན་ཐོབ་ན་ཅི་མ་རུང་སྙམ་དུ་ཏིང་ངེ་འཛིན་ལ་དགའ་ཞིང་དོན་དུ་གཉེར་བས་རང་གི་སེམས་གདུལ་ལོ།། ཞེས་པ། རྣམ་གཡེང་གི་རྟོག་པས་སེམས་མ་དུལ་བ་དེ་ཏིང་ངེ་འཛིན་ལ་དགའ་བས་དུལ་བར་བྱེད་པའོ། །དེ་ལྟར་ཏིང་ངེ་འཛིན་ལ་དགའ་ཞིང་དོན་དུ་གཉེར་བས་སེམས་དམིགས་པ་ལ་ཅི་རིགས་སུ་བཞག་ཀྱང་། སྔོན་རྣམ་གཡེང་གོམས་པའི་ཤུགས་ཀྱིས་རྣམ་པར་གཡེང་བར་གྱུར་ན། རྣམ་གཡེང་འདི་ནི་ཏིང་ངེ་འཛིན་འཕྲོག་པའི་ཆོམ་རྐུན་ལྟ་བུ་ཤིན་ཏུ་གནོད་པ་བྱེད་པའོ་ཞེས། རྣམ་གཡེང་གི་ཉེས་པ་མཐོང་བའི་ཕྱིར་འདིའི་དབང་དུ་མི་འགྲོ་བར་ཡོན་ཏན་ཀུན་གྱི་རྩ་བ་ཏིང་ངེ་འཛིན་ལ་འབད་པར་བྱའོ་སྙམ་དུ། རྣམ་གཡེང་གི་རྒྱུས་ཏིང་ངེ་འཛིན་དེ་ལ་མི་དགའ་བ་དེ་ཉིད་ཞི་བར་བྱ་བ་ནི་སེམས་གནས་དྲུག་པ་ཞི་བར་བྱེད་པ་ཞེས་བྱའོ། ། དེ་ལྟར་འབད་པས་སེམས་སྔར་བས་ཆེས་བཟང་ཙམ་དུ་གནས་ན་ཡང་། སྐབས་འགར་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་དང་བྱིངས་རྒོད་སོགས་ཉེ་བའི་ཉོན་མོངས་པ་གང་དག་ལངས་པའང་སྔ་མ་དེ་བཞིན་དུ་འདི་དག་གི་དབང་དུ་སོང་ན་ཏིང་ངེ་འཛིན་མི་འགྲུབ་པས་སྐྱོན་ཆེ་ལ། མ་སོང་ན་མངོན་པར་ཤེས་པ་སོགས་ཡོན་ཏན་ཁྱད་པར་རྣམས་ཀྱི་གཞིར་གྱུར་པའི་ཏིང་ངེ་འཛིན་འགྲུབ་པས་ཅི་ནས་རྣམ་རྟོག་ངན་པ་འདི་རྣམས་ཡིད་ལ་མི་བྱའོ་སྙམ་དུ་བརྣབ་སེམས་ལ་སོགས་པ་དེ་དག་ལ་སོ་སོར་བརྟག་པའམ་གཉེན་པོར་བསྟེན་པའམ་ཡང་ན་ཅི་མི་སྙམ་པས་ཞི་བར་བྱ་བ་ནི་ཉེ་བར་ཞི་བར་བྱེད་པའོ། ། དེ་ནས་སྡོམ་བརྩོན་ཅན་གྱི་ནི་སེམས་ལ་རྩོལ་བའི་སྒོ་ནས་མངོན་པར་འདུ་བྱེད་པ་དང་བཅས་པའི་སེམས་གནས་པ་བརྒྱད་པ་གོམས་པའི་ཤུགས་ཀྱིས་ངང་གིས་འབྱུང་བ་འཐོབ་སྟེ། རྩོལ་པ་བརྟེན་བཞིན་དུ་བསྒྲིམས་ན་རྣམ་རྟོག་གཞན་གྱིས་བར་ཆད་མི་ནུས་པར་དམིགས་པ་ལ་གནས་པ་ནི་འདུ་བྱེད་དང་བཅས་པ་ཞེས་བྱའོ། །འདུ་བྱེད་དང་བཅས་པའི་སེམས་གནས་དེ་ཡི་ངང་དུ་གོམས་པ་རྒྱུན་བསྲིང་བར་བྱས་པ་ལས་འབད་རྩོལ་གྱིས་བསྒྲིམ་མི་དགོས་པར་སེམས་ངང་གིས་དམིགས་པ་ལ་གནས་ཤིང་ལྷུན་གྱིས་གྲུབ་པར་གྱུར་ནས་འདུ་མི་བྱེད་པ་ཐོབ་པ་ནི་སེམས་གནས་པ་དགུའི་ཐ་མ་ཡིན་ཏེ་ཏིང་ངེ་འཛིན་མཐུན་པར་འདོད་པའི་སེམས་རྩེ་གཅིག་པ་ཞེས་བྱ་བ་ཡིན་ནོ།། སེམས་གནས་པའི་ཐབས་དགུ་པོ་ནི། མདོ་ལས། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད་པའམ་མཉམ་པར་འཇོག་པར་བྱེད་ཅེས་གསུངས་སོ། ། འདུ་མི་བྱེད་པར་ངང་གིས་གནས་པའི་སེམས་ཐོབ་པ་དེ་ནས་དེའི་ངང་དུ་གོམས་ན་རྣལ་འབྱོར་བ་དེ་ཡི་ལུས་ཤིན་ཏུ་སྦྱང་བས་ལས་སུ་རུང་བ་དང་སེམས་ཤིན་ཏུ་སྦྱང་བ་ཐོབ་སྟེ། ལུས་ཡངས་ཤིང་ཤིན་ཏུ་བདེ་བའི་རྣམ་པས་དགེ་བ་བསྒོམ་པ་ལ་ལས་སུ་རུང་བ་དང་། སེམས་གསལ་དྭངས་རྙོག་མེད་དགའ་བས་ཁྱབ་པའི་ཉམས་དང་བཅས་ཏེ་དགེ་བའི་དམིགས་པ་ལ་ལས་སུ་རུང་བའི་ཤིན་སྦྱང་ཆུང་ངུ་དང་འབྲིང་ཐོབ་ནས། གྲིབ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་པའི་ཤིན་ཏུ་སྦྱངས་པ་རྒྱ་ཆེ་བ་ཐོབ་ནས། བསམ་གཏན་དང་པོ་ཐོབ་བྱེད་ཞི་རགས་རྣམ་ཅན་གྱི་ཡིད་ལ་བྱེད་པ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །ཡིད་བྱེད་དེ་ཡིས་འདོད་པའི་ཉོན་མོངས་ཆེ་འབྲིང་ཆུང་གསུམ་རིམ་པར་སྤངས་པའི་སྒོ་ནས་ཏིང་ངེ་འཛིན་དེ་ནི་འཕེལ་བར་བྱས་ནས། འཕེལ་བ་དེ་ཉིད་ས་འོག་མ་ལས་རིང་དུ་འགྲོ་བ་ཡིས། བསམ་གཏན་དང་པོའི་དངོས་གཞིའི་གནས་པ་རྣལ་འབྱོར་པ་དེས་ཐོབ་བོ། །དེ་བཞིན་དུ་གོང་ནས་གོང་དུ་ཞི་རགས་རྣམ་ཅན་གྱི་ཡིད་བྱེད་ཀྱིས་བསམ་གཏན་བཞི་པའི་དངོས་གཞིའི་བར་དུ་སྒྲུབ་པར་ཤེས་པར་བྱའོ།། འདི་ཡན་ཆད་ཀྱི་ཏིང་འཛིན་སྒྲུབ་ཚུལ་བཤད་ནས་འདི་ནས་མར་ལ་ཏིང་ངེ་འཛིན་ཐོབ་པའི་ཡོན་ཏན་སྟོན་ཏེ། བསམ་གཏན་བཞིའི་དངོས་གཞི་ཐོབ་པ་ན། མངོན་པར་ཤེས་པ་དོན་དུ་གཉེར་བས་བསམ་གཏན་གྱི་དངོས་གཞི་ཐོབ་པ་དེ་རང་སའི་ཉོན་མོངས་པ་སྲེད་པ་དང་ལྟ་བ་དང་ཐེ་ཚོམ་གྱི་ཤས་ཆེ་བས་མ་དག་པ་སྦྱངས་ནས་ལས་སུ་རུང་བའི་མཆོག་ཏུ་གྱུར་ན། ལས་སུ་རུང་བ་དག་པའི་བསམ་གཏན་དེ་ལས་ཐོབ་པའི་རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་པོ་ཉིད་མངོན་པར་བསྒྲུབས་པའི་སྒོ་ནས་རྣལ་འབྱོར་པ་དེ་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པ་བྱེད་པའི་ཕྱིར་དང་དམ་པའི་ཆོས་མཉན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བར་བྱེད་དོ། །ཚུལ་འདི་ལྟ་བུས་ནི་སངས་རྒྱས་དཔག་ཏུ་མེད་པ་ལ་བསྐལ་པ་དཔག་ཏུ་མེད་པར་མཆོད་ཅིང་བསྙེན་བཀུར་བྱས་པ་ཡིན་ནོ། ། འདིའི་སྐབས་སུ་བསྐལ་པ་དཔག་ཏུ་མེད་པ་ཞེས་པ། གྲངས་མེད་གསུམ་ཞེས་པ་ལྟ་བུའི་དོན་མ་ཡིན་པར་བགྲང་བ་ལས་འདས་པའི་བསྐལ་པ་དཔག་ཏུ་མེད་པ་ཞེས་བྱ་སྟེ། སེམས་ཀྱི་དབང་ཏིང་ངེ་འཛིན་ཐོབ་པའི་དབང་གིས་སོ། །ཞིང་དམ་པ་ཕྱོགས་བཅུའི་སངས་རྒྱས་དེ་ལ་བསྙེན་བཀུར་ཚད་མེད་པ་བྱས་པའི་ཕྱིར། བསམ་པ་རྣམ་པར་དག་པའི་རྣམ་འབྱོར་པ་དེའི་སེམས་ནི་ལས་སུ་རུང་བའི་མཆོག་ཏུ་འགྱུར་ཏེ་ཇི་ལྟར་འདོད་པར་འཇུག་ནུས་སོ། ། དེས་ན་བྱང་སེམས་དེ་དག་ས་དང་པོ་ཐོབ་པའི་སྔོན་རོལ་དུ་ས་ཐོབ་པའི་མཚན་མར་གྱུར་པའི་ཕན་ཡོན་ལྔ་ནི་འཐོབ་པར་འགྱུར་ཏེ། གང་ཞེ་ན། སེམས་ལས་སུ་རུང་བ་དེ་ནི། ས་དང་པོའི་ཡེ་ཤེས་ཉན་རང་ལས་ཁྱད་པར་དུ་འཕགས་པའི་བླ་ན་མེད་པ་སྐྱེ་རུང་གི་སྣོད་བླ་ན་མེད་པ་ཉིད་དུ་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ཡི་ལུས་ལ་གནས་ངན་ལེན་དུ་གྱུར་པ་མ་བསྡམས་པའི་སེམས་ཀྱིས་སྤྲེའུ་ལྟར་མཆོངས་བ་སོགས་དང་ལུས་ལྕི་ཞིང་མི་བདེ་བའི་རྣམ་པས་དགེ་བ་ལ་བཀོལ་དུ་མི་བཏུབ་པ་ཐམས་ཅད་སྐད་ཅིག་རེ་རེ་ལ་ཟད་པར་འགྱུར་ཏེ་ལུས་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་གྱི་བག་ཆགས་ཀུན་གཞི་ལ་ཡོད་པ་བྱང་བར་བྱེད་པའི་ཡོན་ཏན་དང་པོའོ། །ལུས་དང་སེམས་ནི་དུས་ཀུན་དུ་ཡང་ཤིན་ཏུ་སྦྱངས་པས་གང་བར་འགྱུར་བ་ནི་གཉིས་པའོ། ། དེ་གཉིས་ནི་ཁྲུས་མཁན་གྱིས་རས་སོགས་ཁྲུས་རྩིའི་ཆུས་འདག་སྦྱོང་བྱེད་པ་བཞིན་ཞི་གནས་ཀྱི་ཆུས་ལུས་ལས་སུ་མི་རུང་བ་སྦྱང་བ་དང་། ལུས་སེམས་ཤིང་སྦྱངས་ཀྱི་བདེ་བས་ཁྱབ་པར་བྱས་པ་ཡིན་ནོ། །དམ་པའི་མདོ་སྡེ་ལ་སོགས་པ་ཁ་ཅིག་ཤེས་ཁ་ཅིག་མི་ཤེས་པ་ལྟ་བུ་མ་ཡིན་པར་དམ་པའི་ཆོས་རྣམས་ཀྱི་དོན་ཤེས་པའི་སྣང་བ་དུས་ཐམས་ཅད་དུ་ཡོངས་སུ་ཆད་པ་མེད་པར་རྟོགས་པར་འགྱུར་བ་ནི་གསུམ་པའོ།། ཡང་དག་པ་འཕགས་པའི་ས་ཐོབ་པ་ཡི་མཚན་མ་དངོས་སུ་ལུས་ལ་སྲིན་བུ་མི་འབྱུང་བ་སོགས་དང་། །རྨི་ལམ་དུ་ལུས་ལ་ཁྲུས་བྱེད་པ་དང་། སངས་རྒྱས་ཀྱིས་ལུང་སྟོན་པ་སོགས་དང་ས་བཅུ་པ་ལས་ས་བཅུ་ཐོབ་པར་རྨི་ལམ་གྱི་མཚན་མ་གསུངས་པ་དེ་ལྟ་བུ་ལ་སོགས་པ་ས་ཐོབ་པའི་རྒྱུ་མཚན་ནམ་མཚན་མ་རྣམས་ནི་ཆེད་དུ་མ་བརྟགས་པ་དག་ཀྱང་རབ་ཏུ་མཐོང་བ་ནི་བཞི་པའོ། །དེ་གཉིས་ནི་ལྷག་མཐོང་ལས་བྱུང་བའི་རྟགས་སོ། །དེ་བཞིན་དུ་མཐར་ཐུག་གི་རྟོགས་པ་ཆོས་ཀྱི་སྐུ་རབ་ཏུ་རྫོགས་པ་དང་། སྤང་བྱ་སྒྲིབ་པ་གཉིས་རྣམ་པར་དག་པར་བྱ་བའི་ཕྱིར། བློ་དང་ལྡན་པ་དེ་མཉམ་རྗེས་ཀྱི་རྣམ་པ་ཀུན་དུ། དུས་རྟག་ཏུ་ཡང་སྤངས་རྟོགས་མཐར་ཐུག་གི་དེ་འདྲའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པ་ནི་ལྔ་པའོ། །འདི་ནི་ཞི་ལྷག་གཉིས་ཀའི་ཆའོ། །བློ་བརྟན་འགྲེལ་པར་ལུས་སེམས་ཀྱི་གནས་ངན་ལེན་ཟད་པ་དང་། ལུས་ཤིན་སྦྱང་གི་བདེ་བས་ཁྱབ་པ་དང་། སེམས་ཤིན་སྦྱང་གི་བདེ་བས་ཁྱབ་པ་གཉིས་ཐ་དད་དུ་བགྲངས་ནས། ཆོས་ཀྱི་སྣང་པ་ཡོངས་སུ་མ་ཆད་པ་དང་། ཡང་དག་པའི་རྒྱུ་མཚན་མཐོང་བ་ལྔ་ལ་ཕན་ཡོན་ལྔར་བཤད། ཆོས་སྐུ་རྫོགས་པ་དང་རྣམ་དག་ཐོབ་པའི་རྒྱུ་ཡོངས་སུ་འཛིན་པ་ནི་རྣམ་པ་ཡོངས་སུ་འཛིན་པར་བྱེད་པ་ཞེས་གསུངས། འདིར་ནི་ཐེག་བསྡུས་ལས་གསུངས་པ་ལྟར་ཕན་ཡོན་ལྔ་གོང་ལྟར་བཤད་དོ། ། གདམས་ངག་གི་ལེའུའི་མགོ་ནས་བ རྩམས་ཏེ་ཡོན་ཏན་ལྔ་བསྟན་པ་འདི་ཡན་ཆད་ཀྱི་བར་ནི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་མོས་པའི་སྤྱོད་པའི་ས་ལ་གནས་པའི་ཆོས་དང་ཡོན་ཏན་ཇི་ལྟར་ཐོབ་པ་བསྟན་པ་ཡིན་ནོ། ། གསུམ་པ་དེ་ལས་ལམ་བགྲོད་ཚུལ། དེ་ནས་དེ་འདྲར་གྱུར་པ་ཡི། ཞེས་པ་ནས་གོ་འཕང་བླ་ན་མེད་པ་འཐོབ་ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཚོགས་ལམ་དུ་ཞི་ལྷག་ཁྱད་པར་ཅན་ཐོབ་པ་དེ་འདྲར་གྱུར་པ་ཡི། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། ཡིད་ཀྱི་བརྗོད་པའམ་རྣམ་པར་རྟོག་པ་ཙམ་མ་གཏོགས་པར། ཕྱི་རོལ་གྱི་དོན་ཀུན་སེམས་ལས་ལོགས་ཤིག་ཏུ་ཡོད་པར་རབ་ཏུ་མི་མཐོང་བ་ནི་དྲོད་སྣང་བ་ཐོབ་པའི་དུས་སུའོ། ། ཆོས་ཀྱི་སྣང་བ་ཐོབ་པ་དེ་ཉིད་ཇེ་ཆེར་རབ་ཏུ་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ནི་བརྟན་པ་བྱང་ཆུབ་སེམས་དཔའ་དེས་ཀུན་དུ་རྩོམ་པ་ནི་སྣང་བ་མཆེད་པའམ་རྒྱས་པ་རྩེ་མོའི་དུས་སོ། ། དེ་ལྟར་བརྩོན་འགྲུས་བརྩམས་པས་ཆོས་ཀྱི་སྣང་བ་ཤས་ཆེར་འཕེལ་བར་གྱུར་ནས་ནི། ཕྱིའི་ཡུལ་སོགས་རང་མཚན་པའི་སྣང་བ་དང་བྲལ་བར་གྱུར་ཏེ་སེམས་ཙམ་ལ་ནི་གནས་པར་འགྱུར་རོ། །ཇི་ལྟར་སེམས་ཙམ་ལ་གནས་པར་འགྱུར་ཞེ་ན། དེ་ནས་དོན་དུ་སྣང་པ་གཟུགས་ལ་སོགས་པ་ཐམས་ཅད་ཀུན་རྨི་ལམ་ངོ་ཤེས་པའི་དུས་ཀྱི་སྣང་བ་ལྟར་དེ་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ལས་ཕྱི་དོན་རང་མཚན་པ་མེད་པར་རབ་ཏུ་སྣང་བར་འགྱུར་རོ། །དེའི་ཚེ་ན་གཟུགས་ལ་སོགས་པ་ཕྱི་དོན་དེ་ཡི་གཟུང་བ་ཡི་རྣམ་པར་གཡེང་བ་དེ་སྤངས་ནས་མི་སྣང་བར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་དེ་ལ་སེམས་ཡོད་དོ་སྙམ་པའི་འཛིན་པ་ཡི་རྣམ་པར་རྟོག་པའམ་གཡེང་བ་འབའ་ཞིག་ལྷག་མར་ལུས་ཏེ་མ་སྤངས་པ་ནི། བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་གྱི་དུས་སུའོ། །དེའི་ཚེ་གཟུང་བ་མེད་ན་དེ་ལ་འཛིན་པའི་སེམས་ཀྱང་ག་ལ་ཡོད་སྙམ་དུ་དེ་གཉིས་ཚུལ་འདྲ་བར་མྱུར་དུ་རྟོགས་ནས་མཐོང་ལམ་དང་བར་ཆད་མེད་པ་ཡི། དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རིང་པོར་མི་ཐོགས་པར་མྱུར་དུ་རེག་པས་ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་གྱི་དུས་སོ། ། དེ་མ་ཐག་པ་ཞེས་པ་ཅི་ཞེ་ན། འདི་ལྟར་གཟུང་བ་མེད་པར་རྟོགས་པའི་བཟོད་པ་དེ་ཡི་མཇུག་ཐོགས་སུ། འཛིན་པའི་རྣམ་པར་གཡེང་བ་ཡང་སྤོང་བར་བྱེད་པ་དེའི་དེ་མ་ཐག་ཏུ་ས་དང་པོ་ལ་འཇིག་པར་བྱེད་པའི་ཕྱིར་ཆོས་མཆོག་ལ་དེ་མ་ཐག་པ་ཞེས་བྱའོ།། བཤད་མ་ཐག་པ་འདི་དག་གོ་རིམས་བཞིན་དུ་ནི། དྲོ་བར་འགྱུར་སོགས་སྦྱོར་ལམ་བཞི་པོ་ཡིན་པར་ཤེས་པར་བྱའོ། །ཆོས་མཆོག་དེའི་རྗེས་ཐོག་དེ་མ་ཐག་པར་མཐོང་ལམ་ཐོབ་ཚུལ་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་མཆོག་ཐོབ་པ་དེས་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉན་རང་རྣམས་ལས་འཕགས་པའི་བླ་ན་མེད་པ། འཁོར་གསུམ་དུ་རྣམ་པར་མི་རྟོག་པ་མཐོང་བས་སྤང་བྱའི་ཉོན་མོངས་པ་དང་བྲལ་བས་དྲི་མ་མེད་པ། གཟུང་བ་དང་འཛིན་པ་གཉིས་སྤངས་པས་ན་འཛིན་པ་གཉིས་དང་བྲལ་བ་ཐོབ་པ་ལ་མདོ་ལས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་ཅེས་གསུངས་ཏེ། གཟུང་འཛིན་སྤངས་པས་རྡུལ་མེད་པ་དང་། མཐོང་སྤངས་དང་བྲལ་བས་དྲི་མ་དང་བྲལ་བའམ། ཡང་ན་བཟོད་པ་ནི་རྡུལ་མེད་པ་སྟེ་ཉོན་ཤེས་ཀྱི་སྒྲིབ་པའི་གཉེན་པོ་བར་ཆད་མེད་ལམ་དང་། ཡེ་ཤེས་ནི་རྣམ་པར་གྲོལ་བའི་ལམ་ཡིན་པས་དྲི་མ་མེད་པ་ཞེས་སོ། །ཆོས་ལ་ཞེས་པ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བའི་སྤྱན་ནམ་ཡེ་ཤེས་ཀྱི་མིག་ཡིན་པས་སོ།། དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེ་བྱང་སེམས་འདིའི་ཀུན་གཞི་གནས་ཡོངས་སུ་གྱུར་པ་སྟེ་འཕགས་པའི་ས་ནི་དང་པོ་ཡིན་པར་འདོད་དོ། །ས་དང་པོ་དེ་དུས་ཅི་ཙམ་ཞིག་གིས་ཐོབ་ཅེ་ན། དེ་ལྟར་གནས་ཡོངས་སུ་གྱུར་པ་ས་དང་པོ་ལ་གནས་པ་འདི་ནི་མོས་སྤྱོད་ཀྱི་སར་བསྐལ་བ་གྲངས་མེད་པ་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པ་སྤྱོད་པ་ཉིད་ཀྱིས་འཕགས་པའི་ས་ཐོབ་ནས་ཕྱིན་ཆད་འཁོར་བའི་ཉེས་པ་གཏན་ནས་མི་འབྱུང་བས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཡིན་ནོ།། ས་ཐོབ་པ་དེའི་ཡོན་ཏན་གྱི་ཁྱད་པར་ནི། ཆོས་ཀྱི་དབྱིངས་ནི་སོ་སོའི་སྐྱེ་བོའི་ཆོས་དང་འཕགས་པའི་ཆོས་སོགས་ཆོས་ཐམས་ཅད་ལ་ཁྱད་མེད་པར་མཉམ་པ་ཉིད་དུ་གྱུར་པ་མངོན་སུམ་དུ་རབ་ཏུ་རྟོགས་ནས་ས་ཐོབ་པ་དེའི་ཚེ། དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བདག་རང་ཉིད་དང་ཁྱད་པར་ཅུང་ཟད་མེད་པར་མཉམ་པར འམ་མཚུངས་པའི་སེམས་འཐོབ་སྟེ། དེའི་ཕྱིར་མཉམ་པ་ཉིད་རྣམ་པ་ལྔ་རྟོགས་པ་ནི། སེམས་ཅན་རྣམས་ལ་བདག་མེད་པར་མཉམ་པར་རྟོགས་པ་དང་། རྨོངས་པའི་དབང་གིས་སྡུག་བསྔལ་མྱང་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྤང་བྱར་མཉམ་པ་དང་ནི། སེམས་ཅན་དེ་དག་གི་ལས་ཉོན་གྱི་ཀུན་འབྱུང་སྤང་བའི་དོན་བྱ་བར་མཉམ་པ་དང་། རང་ཉིད་ལམ་ལ་ཞུགས་ཏེ་འགོག་བདེན་ཐོབ་པས་རང་ལ་ཕན་བཏགས་ཀྱང་ལན་ལ་རེ་བ་མེད་པ་ལྟར་སེམས་ཅན་གཞན་འགོག་ལམ་ལ་བཀོད་པས་ཕན་བཏགས་པའང་རང་དོན་དང་འདྲེ་བར་སེམས་ཅན་དེས་ལན་ལ་མི་རེ་བར་མཉམ་པར་རྒྱལ་བའི་སྲས་འདི་དེ་ལྟར་སེམས་སྙོམས་པ་དང་། འཕགས་པའི་ས་ཐོབ་པའི་རྒྱལ་སྲས་གཞན་དང་སྤངས་རྟོགས་མཉམ་པའམ་འདྲ་བ་ཡིན་ནོ། ། དེ་ལྟར་གཞན་དོན་དུ་འཇུག་པའི་ཚུལ་བཤད་ནས་ཤེས་རབ་ཀྱིས་རྟོགས་པའི་ཁྱད་པར་ནི། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས་ནི་འདོད་གཟུགས་ཀྱི་ཕུང་པོ་ལྔ་དང་གཟུགས་མེད་པའི་ཕུང་པོ་བཞི་ལ་སོགས་པ་ཁམས་གསུམ་གྱི་ཆོས་འདུས་བྱས་རྣམས་ཐམས་ཅད་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཙམ་དུ་མཐོང་སྟེ། སེམས་སེམས་བྱུང་ལས་མ་གཏོགས་པའི་ཆོས་གང་ཡོད་པ་མ་ཡིན་པར་སེམས་ཙམ་དུ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་མཐོང་སྟེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་པོ་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་བཞིན་ནོ། ། ཡེ་ཤེས་གང་གིས་མཐོང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ། གཟུང་འཛིན་གཉིས་སུ་མེད་པའི་དོན་གྱིས་མཐོང་སྟེ། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བདག་དང་གཞན་དང་སེམས་ཙམ་དུའང་མི་དམིགས་ཏེ་དེ་ནི་ནམ་མཁའི་ངོས་ལྟར་དག་པ་གཟུང་འཛིན་མེད་པ་ཡིན་ཀྱང་། དེ་ལྟར་རྟོགས་པའི་དོན་གྱིས་ཞེས་པ་དེའི་རྗེས་ཐོབ་ཡེ་ཤེས་ཀྱིས། སེམས་ཙམ་ལས་ཆོས་གཞན་མེད་ཀྱང་སེམས་དེ་ཉིད་ཆོས་རྣམ་པ་སྣ་ཚོགས་སུ་སྣང་བ་རྨི་ལམ་དང་སྒྱུ་མའི་སྣང་བ་ལྟར་མཐོང་བའོ། །བྱང་སེམས་མཐོང་ལམ་ཐོབ་པ་དེ་དག གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་མངོན་སུམ་མཐོང་བས་ན། མཐོང་བས་སྤང་བྱ་རྣམས་ལས་གྲོལ་བ་དེས་ན་དེ་ཡི་ཚེ་མཐོང་བའི་ལམ་ཐོབ་པ་ཞེས་སུ་ནི་ངེས་པར་བརྗོད་དོ། །གཞན་ཡང་མཐོང་ལམ་ཐོབ་པ་དེས་སྟོང་པ་རྣམ་པ་གསུམ་ཤེས་པ་ཞེས་བརྗོད་དེ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་སམ་ཤེས་བྱ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས། ཀུན་བརྟགས་ནི་ཐག་པ་ལ་སྦྲུལ་ལྟར་རྗེས་སུ་མེད་པའི་སྟོང་པ་ཉིད་ཤེས་ཤིང་། དེ་བཞིན་གཞན་དབང་ལ་བྱིས་པ་རྣམས་ཀྱིས་གཟུང་བའི་མཚན་ཉིད་དུ་བརྟགས་པ་ལྟར་མེད་ཀྱང་། སྣང་གཞི་གཞན་དབང་གི་མཚན་ཉིད་དུ་ཡོད་པའི་སྟོང་པ་ཉིད་དང་། ཡོངས་གྲུབ་ཡེ་ནས་གཟུང་འཛིན་གཉིས་དང་བྲལ་བའི་ཕྱིར་རང་བཞིན་སྟོང་པ་ཉིད་ཤེས་པས་མཐོང་ལམ་པ་དེ་ལ་སྟོང་པ་ཉིད་ཤེས་པ་ཞེས་བརྗོད་དོ། ། དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་ནང་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བཤད་ནས། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་གཞིའམ་དམིགས་པ་ནི། གཟུགས་ནས་མྱ་ངན་ལས་འདས་པའི་བར་གྱི་ཆོས་རྣམས་ལ་དེ་དང་དེའི་མཚན་མར་རྣམ་པར་རྟོག་པ་རྣམས་ཡང་དག་པར་ཟད་པ་འགོག་པའི་བདེན་པ་ཡིན་ཞེས་བྱ་སྟེ་མངོན་པ་བསྡུས་པའི་བསྟན་བཅོས་ལས་ཀྱང་། འགོག་པའི་བདེན་པའི་མཚན་ཉིད་གང་དུ་འགགས་ན་དེ་བཞིན་ཉིད་དུ། གང་གིས་འགོག་ན་ལམ་གྱི་བདེན་པས། གང་འགགས་ན་རྣམ་པར་རྟོག་པ་རྣམས་འགགས་པའོ་ཞེས་བཤད་པ་བཞིན་ནོ། །སྨོན་པ་མེད་པར་གྱུར་པའི་ཏིང་ངེ་འཛིན་གྱི་གཞིའམ་དམིགས་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་མ་དག་པའི་གཞན་དབང་དག་གོ །ཡང་དག་མིན་རྟོག་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་གྱི་རྟེན་དུ་གྱུར་པ། སྐྱེ་བ་དང་རྒ་བ་སོགས་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པས་སྨོན་པར་བྱ་བའི་གནས་མ་ཡིན་པར་དམིགས་སོ། །རྒྱལ་བའི་སྲས་གང་གིས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དྲན་པ་ཉེར་བཞག་སོགས་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་བྱང་ཕྱོགས་ཀྱི་ལམ་གྱི་ཆོས་རྣམ་པ་སྣ་ཚོགས་པ་ཐམས་ཅད་ཀྱང་ནི། རྟག་ཏུ་སྟེ་འབྲལ་མི་ཤེས་པར་བཟོད་ཤེས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་མཐོང་བའི་ལམ་དེ་དང་ལྷན་ཅིག་ཏུ་ནི་ཐོབ་པར་འདོད་དེ་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་ལམ་དང་པོར་ཐོབ་པ་དེའི་དུས་སུ་སྔར་མོས་སྤྱོད་དུ་དྲན་ཉེ་སྤོང་བཞི་སོགས་བསྒོམ་པ་ཐམས་ཅད་ཡོངས་སུ་སྨིན་ཅིང་དག་པ་དང་། སླར་བསྒོམ་བྱའི་ལམ་གོང་མ་རྣམས་ཀྱང་མངོན་དུ་བྱེད་པའི་ནུས་པ་ཐམས་ཅད་ཐོབ་པའི་ཕྱིར་རོ།། ས་དང་པོ་པ་དེའི་ངོ་མཚར་བའི་ཡོན་ཏན་བསྔགས་པ། གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ་སོགས་ཚིགས་བཅད་ལྔས་བསྟན་ཏེ། གང་ཞིག་བློ་ཤེས་རབ་ཀྱི་སྟོབས་དེ་ཡིས་འགྲོ་བ་འདི་ཐམས་ཅད་ནི་བདག་གཉིས་ཀྱིས་སྟོང་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཞན་དབང་གིས་འདུས་བྱས་པ་ཙམ་དུ་རིག་གནས། མྱོང་པ་པོའི་བདག་མེད་ཀྱང་ལས་དང་ཉོན་མོངས་པའི་སྟོབས་ཀྱིས་རྣམ་པར་སྨིན་པའི་སྡུག་བསྔལ་གསུམ་གྱི་རང་བཞིན་རྒྱས་པ་ཙམ་དུ་ཤེས་ནས། དོན་མེད་པ་འཁྲུལ་པའི་རང་བཞིན་གྱི་བདག་ཏུ་ལྟ་བ་རྣམ་པར་སྤངས་ནས། བདག་གཞན་མཉམ་པ་ཉིད་ཀྱི་བདག་ཉིད་ཆེན་པོའི་ལྟ་བ་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་པའི་དོན་ཆེན་པོ་རྙེད་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་འདི་ནི་བདག་ཏུ་ལྟ་བ་མེད་པར་ཡང་། འགྲོ་བ་གཞན་ལ་བདག་ཏུ་ལྟ་སྟེ། བདག་གཉིས་སུ་གྲུབ་པ་མེད་པར་རང་ཉིད་ཀྱིས་མངོན་སུམ་དུ་བྱས་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་རང་སྣང་འཁྲུལ་པའི་དབང་གིས་བདག་གཉིས་སུ་ཡོད་པ་དང་འདྲ་བར་སྡུག་བསྔལ་སྣ་ཚོགས་མྱོང་བ་རྣམས་བདག་གིར་བཟུང་སྟེ་འཁྲུལ་སྣང་རྨི་ལམ་ལྟ་བུའི་སྡུག་བསྔལ་དེ་སེལ་བའི་ཐབས་ལ། ཕྱི་མའི་མུ་མཐར་ཐུག་གི་བར་དུ་བརྩོན་པ་མི་འདོར་བའི་ཕྱིར་ན། རང་ཉིད་ཟག་པ་དང་བཅས་པའི་ཆོས་ལས་གྲོལ་བས། སྡུག་བསྔལ་མེད་པར་ཡང་སེམས་ཅན་གཞན་གྱི་སྡུག་བསྔལ་གྱིས་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་ནི། བུ་ན་བའི་མ་བཞིན་དུ་སེམས་ཅན་མཐའ་ཡས་པའི་སྡུག་བསྔལ་བདག་ཉིད་ཀྱིས་བསལ་བའི་ཁུར་བླངས་པའི་ཕྱིར་རོ། ། རང་ཉིད་ནི་ས་ཐོབ་ནས་འཇིགས་པ་ལྔ་དང་བྲལ་བས་གཞན་གྱི་སྡུག་བསྔལ་དང་དུ་བླངས་པས་སྐྱོ་བར་མི་འགྱུར་རོ། །འཇིགས་པ་ལྔ་ནི། འཚེ་བ་མེད་པའི་འཇིགས་པ་དང་། ཚིགས་བཅད་སོགས་གྲགས་པ་མེད་པའི་འཇིགས་པ་དང་། འཁོར་གྱིས་ལོག་སྒྲུབ་སོགས་ཀྱི་འཇིགས་པ་དང་། ངན་སོང་དུ་སྐྱེ་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལྔ་ལས་འདས་པའོ། །རང་ལ་རང་གིས་ཕན་པ་བྱས་ཀྱང་བདག་ལ་ལན་དུ་རེ་བ་མེད་པ་ཇི་ལྟ་བར། སེམས་ཅན་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་ཅིང་དེ་ལ་ལན་དུ་རེ་བ་མེད་དོ། །གང་ཞིག་གྲོལ་བ་མཆོག་ཐེག་པ་ཆེན་པོའི་རྟོག་རིགས་ཁྱད་པར་ཅན་ས་དང་པོའི་ཡེ་ཤེས་དག་གིས། དེ་ཡི་སེམས་མཐོང་སྤངས་རྣམས་ལས་གྲོལ་བར་གྱུར་ལ་གཞན་དོན་དུ་དམ་བཅའ་ཁུར་གྱི་འཆིང་བ་སེམས་ཅན་མཐའ་ཡས་པ་དང་མཉམ་པས་མི་ཟད་པ་དང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ་དམ་བཅའི་ཁུར་མི་འདོར་བས་ཡུན་ཡང་མཐའ་མི་རྙེད་པས་རིང་པོར་བཅིངས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་ནས་མཐར་ཐུག་པ་ནི་ནམ་ཡང་མ་མཐོང་ཡང་། སྡུག་བསྔལ་གྱི་མཐའ་ཇི་སྲིད་དུ་དེ་དག་གི་སྡུག་བསྔལ་བསལ་བ་ལ་སྙིང་ཐག་པ་ནས་རབ་ཏུ་སྦྱོར་བའམ་བརྩོན་པར་བྱེད་པ་ཉིད་དང་། དེའི་ཕྱིར་འཁོར་བར་སྐྱེས་ནས་རང་ཕར་ཕྱིན་ལ་བརྩོན། གཞན་ཕར་ཕྱིན་ལ་འགོད་པའི་བྱ་བ་དངོས་སུ་བྱེད་པ་ཉིད་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། འདི་ལྟར་འཇིག་རྟེན་པ་རྣམས་སྐྱེ་བ་ཚད་མེད་པ་སྨོས་ཅི་དགོས་ཀྱི། ཚེ་གཅིག་ལ་བྱུང་བའི་རང་གི་སྡུག་བསྔལ་ཡང་དང་དུ་བླངས་ནས། ཁུར་བའམ་བཀུར་མི་ནུས་ཏེ་རང་གི་སྡུག་བསྔལ་ཡང་བཟོད་པའི་མཐུ་མེད་ན། འཇིག་རྟེན་གྱི་ཁམས་ཇི་ཙམ་གནས་པ་སྲིད་དུ་གཞན་གྱི་སྡུག་བསྔལ་མ་ལུས་པ་བསྡོམས་པ་དངོས་སུ་ཁུར་མི་ནུས་པ་སྨོས་ཅི་དགོས་ཏེ་སེམས་ཀྱིས་སྐད་ཅིག་ཙམ་དུ་དེ་ལྟར་བསམ་དུའང་མེད་དོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ལྡོག་ཏེ་རང་གི་དོན་དུ་སྡུག་བསྔལ་ལེན་མ་དགོས་ཀྱང་། སེམས་ཅན་རྣམས་ཀྱི་དོན་དུ་སྡུག་བསྔལ་དཔག་ཏུ་མེད་པ་དང་དུ་ལེན་པར་བཟོད་པའི་མཐུ་ཡོད་པ་ཡིན་ལ། དེའི་ཕྱིར་ན་རྒྱལ་བའི་སྲས་རྣམས་སེམས་ཅན་མཐའ་ཡས་པ་རྣམས་ལ་རྐང་གི་ཁོང་ནས་དགའ་བ་དང་བྱམས་པ་གང་ཡིན་པ་དང་། དེའི་དོན་དུ་བརྩོན་པའམ་སྦྱོར་བ་གང་ཡིན་པ་དང་། གཞན་གྱིས་ལོག་སྒྲུབ་སོགས་ཀྱིས་མི་སྐྱོ་བ་གང་ཡིན་པ་དེ་ནི་སྲིད་པ་དག་ན་ཤིན་ཏུ་ངོ་མཚར་ཆེ་ལ། སེམས་ཅན་རྣམས་བདག་དང་མཚུངས་པ་མཉམ་པ་ཉིད་ཀྱི་སེམས་ཐོབ་པའི་ཕྱིར་ངོ་མཚར་བ་དེ་ལྟའང་མིན་ཏེ། རང་གིས་རང་གི་དོན་བྱེད་པ་ལ་ངོ་མཚར་མེད་པ་དང་ཚུལ་འདྲའོ། ། ཞེས་སོ། །སྒོམ་ལམ་དང་མཐར་ཕྱིན་པའི་ལམ་བསྟན་པ། དེ་ནས་དེ་ནི་ལྷག་མ་ཡི་སོགས་ནས་གོ་འཕང་བླ་ན་མེད་པ་འཐོབ་ཅེས་པའི་བར་གྱིས་བསྟན་ཏེ། ས་དང་པོ་ཐོབ་པ་དེ་ནས་བྱང་སེམས་དེ་ནི་ལྷག་མ་ཡི་ས་གཉིས་པ་ནས་བཅུ་པའི་བར་དགུ་པོ་རྣམས་ནི་བསྒོམ་པའི་ལམ་ཡིན་པས་འདི་ལ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་རྣམ་པ་གཉིས་པོ་དག་བསྒོམ་པའི་ཕྱིར་ན་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་དོ། །དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སྦྱོང་པར་བྱེད་པས་བདག་ཡོངས་སུ་སྨིན་པར་བྱེད་པའོ།། ཡེ་ཤེས་གཞན་རྗེས་ལས་ཐོབ་པ་ནི་ས་བཅུའི་མཚན་ཉིད་དང་ཡོན་ཏན་སོགས་ཇི་སྙེད་པ་ཡི་དོན་གྱི་རྣམ་བཞག་ཇི་ལྟ་བ་བཞིན་རྣམ་པར་འཇོག་པ་ཡིས་ནི་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་དེ་མངོན་པར་འཚང་རྒྱ་བ་སྟོན་པ་དང་སེམས་ཅན་རྣམས་ལ་ཆོས་བསྟན་པའི་སྒོ་ནས་སོ། ། དེ་ཡང་བསྐལ་པ་གྲངས་མེད་པ་གཉིས་ནི་རྫོགས་པ་ཡིས། བསྒོམ་པ་ཡི་ལམ་ནི་ཚར་ཕྱིན་པའམ་མཐར་ཕྱིན་པར་འགྱུར་ཏེ། ས་བཅུའི་མཐར་ཐུག་པ་ནས་སྒོམ་ལམ་མཐར་ཐུག་ཡིན་ལ། ས་གཉིས་པ་ནས་འདུན་པའི་བར་ལ་མངོན་པར་འདུ་བྱེད་པ་དང་བཅས་པའི་བསྒོམ་པ་ཞེས་བྱ་ཞིང་། དེའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཐོགས་སོ། །ས་བརྒྱད་པ་ནས་བཅུ་པའི་བར་དུ་མངོན་པར་འདུ་བྱེད་པ་མེད་པར ་བསྒོམ་པ་ཞེས་བྱ་ལ་དེའི་བར་དུ་བསྐལ་པ་གྲངས་མེད་པ་གཅིག་ཐོགས་སོ། ། སྒོམ་པ་ཡི་ལམ་གྱི་ཐ་མ་ས་བཅུ་པ་ལ་གནས་པ་ཐོབ་ནས་ནི། བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དེ་ལ་བརྟེན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཚན་འཛིན་གྱི་རྟོག་པས་མི་ཤིགས་པ་ཐོབ་ནས། གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་མོ་ཡང་དྲུང་ནས་ཕྱུང་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྲལ་བའི་གནས་གཞན་དུ་གྱུར་པའི་མཐར་ཐུག་པ། སྒྲིབ་པ་ཀུན་གྱི་དྲི་མ་མེད་པ་སྤངས་པ་ཆེན་པོ་དང་། ས་བཅུ་གཅིག་པ་མི་སློབ་པའི་ས་གང་ལ་གནས་ན་སེམས་ཅན་ཀུན་ལ་ནམ་མཁའི་ཁམས་ཇི་སྲིད་དུ། ཕན་པའི་ཕྱིར་མཛད་པ་སྣ་ཚོགས་རབ་ཏུ་སྒྲུབ་པར་བྱེད་པའི་ཕྲིན་ལས་ཆེན་པོའམ་སེམས་ཅན་གྱི་མཆོག་ཏུ་གྱུར་པའི་ཐུགས་རྗེ་ཆེན་པོ་དང་། ཤེས་བྱའི་རྣམ་པ་ཐམས་ཅད་དུས་གཅིག་ལ་སྒྲིབ་པ་མེད་པར་མངོན་དུ་མཁྱེན་པ་རྟོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་དང་ལྡན་པ་ཡི་གོ་འཕང་བླ་ན་མེད་པ་འཐོབ་བོ། ། བཞི་པ་གདམས་ངག་རྗེས་བསྟན་གྱི་ཆེ་བའི་ཡོན་ཏན་བརྗོད་པ་ནི། གདམས་ངག་གི་ལེའུ་ལས་ཇི་སྐད་བཤད་པ་དེ་ལྟར་ཚོགས་གསགས་པ་དང་རྒྱུད་རྣམ་པར་མ་དག་པའི་སེམས་ཅན་གྱིས་ཤིན་ཏུ་མཐོང་བར་དཀའ་བའི་ཐུབ་པ་སངས་རྒྱས་རྟག་ཏུ་མཐོང་བ་དང་། དེ་ལས་ཐོས་པ་མཉམ་པ་མེད་པ་སྟེ་ཐེག་པ་ཆེན་པོའི་ཆོས་མཉམ་པ་མེད་པའི་གདམས་ངག་ཚུལ་བཞིན་ཐོས་པ་ལས་བྱུང་བ་རབ་ཏུ་དྭང་བའི་ཤུགས་ཀྱིས་དུས་རྟག་པར་སེམས་ཀྱི་རྒྱུད་ཚིམ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཇི་ལྟ་བུར་ན་གདམས་ངག་དང་རྗེས་སུ་བསྟན་པ་ནི་དོན་ཆེན་པོར་འགྱུར་བ་མ་ཡིན་ཏེ་དེ་ལས་གདོན་མི་ཟ་བར་བྱང་ཆུབ་ཆེན་པོ་ཚེགས་མེད་པར་ཐོབ་པར་བྱེད་པའི་ཕྱིར་དེ་ལས་དོན་ཆེ་བ་མེད་དོ། །ཆོས་ཀྱི་སྒོ་ཡི་ཏིང་ངེ་འཛིན་ད་ལྟ་བུ་ལ་རྣམ་པར་གནས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་དུས་རྟག་ཏུ་མངོན་སུམ་དུ་གདམས་ངག་འདོམས་པར་མཛད་ཅིང་། དཔེར་ན་འདམ་དང་ཆུར་བྱིངས་ནས་རང་སྟོབས་ཀྱིས་བརྒལ་མ་ནུས་པ་དག་ཚན་པོ་ཆེ་གཞན་གྱིས་དེའི་སྐྲའམ་ཅོ་ཏོ་ནས་གཟུང་སྟེ་སྐམ་སར་བདེ་བླག་ཏུ་འདྲེན་པ་བཞིན། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་གདམས་ངག་བསྟན་པ་དེས། གང་ཟག་དེ་འཁོར་བའི་ཉེས་པའི་ཚང་ཚིང་སྟུག་པོ་ནས་ཐུགས་རྗེའི་ཚན་ནམ་ཤུགས་ཀྱིས་དྲགས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་དོ། ། གདམས་ངག་དང་རྗེས་སུ་བསྟན་པ་ཞེས་པའི་ཁྱད་པར་ནི། སྤང་བྱ་སྤང་བ་དང་ཐོབ་བྱ་ཐོབ་པའི་ཐབས་སུ་གྱུར་པའི་གནད་ཀྱི་མན་ངག་ཁྱད་པར་ཅན་གསར་དུ་སྟོན་པ་ནི། གདམས་ངག་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ནི་གདུལ་བྱའི་ཁམས་དབང་བསམ་པས་མཁྱེན་ནས་དེ་དང་མཐུན་པར་སྟོན་པས་དོན་དུ་འགྱུར་ངེས་པ་ཡིན་ནོ། ། རྗེས་སུ་བསྟན་པ་ནི། གདམས་ངག་ཐོབ་ཟིན་ལ་ཡང་ཡང་ངེས་པར་བྱ་བའི་ཕྱིར་དེའི་དོན་ཞིབ་པར་སླར་ཡང་རྗེས་སུ་འདོམས་པའོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི ས་ནི་བྱང་ཆུབ་སེམས་དཔའ་རྣམས་དུས་རྟག་ཏུ་རང་གི་བྱ་བའམ་བསྒྲུབ་བྱའི་དོན་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱིས་བསྡུས་པ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་ཡང་དག་པར་སྦྱོར་བ་ལ་རིགས་ཀྱི་བུ་དེ་ལྟར་ལེགས་སོ་ཞེས་ཡོན་ཏན་བསྟན་ཏེ་བསྔགས་པའི་སྒོ་ནས་གཟེངས་བསྟོད་པར་མཛད་པ་དང་། ཚུལ་ཁྲིམས་ཞིག་རལ་དུ་གྱུར་ཏེ་ལོག་པར་སྦྱོར་བ་ལ་དེའི་ཉེས་དམིག་བསྟན་ནས་སྨོད་པར་མཛད་པ་དང་། སེམས་མི་གཡོ་བར་གནས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལྷུར་ལེན་པ་མཆོག་གི་སེམས་ཅན་མོས་སྤྱོད་པ་དེ་ལ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་སྐྱོན་གང་ཞིག་སྤོང་བར་བྱེད་པ་དང་། མཐུན་པའི་ཕྱོགས་སུ་གྱུར་པའི་ཡོན་ཏན་གང་ཞིག་བརྟེན་པས་བདེ་བར་གཤེགས་པའི་བསྟན་པའི་བསྟན་པ་འདི་ལ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཡངས་ཞིང་རྒྱས་པར་འགྱུར་བ་ཡི། བར་ཆད་ཀྱི་ཆོས་གང་ཡིན་པ་དང་མཐུན་པའི་ཆོས་གང་ཡིན་པ་ནི་འདི་དང་འདིའོ་ཞེས་རྣམ་པ་ཐམས་ཅད་རྒྱལ་བ་རྣམས་ཀྱིས་ཚུལ་བཞིན་དུ་གདམས་ངག་ནོད་པའི་སྐབས་འདི་ན་སྟོན་པར་མཛད་དོ། ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའི་ངོ་བོ་དང་། དེ་དག་གི་བར་ཆད་དང་། དེ་དང་རྗེས་སུ་མཐུན་པའི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་བསྟན་པའི་གདམས་ངག་དང་རྗེས་སུ་བསྟན་པ་དེ་ཡིས་བྱང་ཆུབ་སེམས་དཔའ་དེ་ནི། བསླབ་པ་གསུམ་ལ་ཞུགས་ཤིང་དེའི་མི་མཐུན་པའི་ཕྱོགས་རྣམས་སྤངས། རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་པས་ཞི་ལྷག་གི་རྣལ་འབྱོར་ཡངས་ཤིང་རྒྱ་ཆེ་བ་ཐོབ་ན་ས་ནས་ས་ཐོབ་པར་གྱུར་ཏེ་ཡེ་ཤེས་ཀྱི་མཐོང་བ་ཉོན་མོངས་པའི་སྒྲིབ་པས་རབ་ཏུ་དག་པ་དང་། རྣམ་པར་མི་རྟོག་པའི་བདག་ཉིད་འཁོར་གསུམ་དུ་རྟོགས་པའི་ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པ་བྱང་ཆུབ་མཆོག་གི་ལམ་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ཉན་རང་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས། ཉོན་ཤེས་གཉིས་ཀྱི་སྒྲིབ་པའི་མུན་པ་ཆེན་པོ་ཡང་། རྣམ་པ་ཀུན་དུ་བསལ་བའི་མཐུ་ཐོབ་ནས་ཇི་ལྟར་ཉི་མ་ཆེན་པོ་དག་ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལམ་མེའོ། །ཞེས་འཇིག་རྟེན་པའི་ཉི་མས་དངོས་པོ་གཞན་གྱིས་སྒྲིབ་པའི་བུ་ག་རྣམས་སྣང་བར་མི་ནུས་ཀྱང་འདིས་ཆོས་བསྟན་པས་གང་གི་མི་ཤེས་པའི་མུན་པ་སེལ་ནུས་པས་སྔོན་མེད་པའི་ཉི་མ་ཆེན་པོའམ་ཕྱོགས་བཅུའི་འཇིག་རྟེན་ཀུན་དུ་སྣང་པའི་ཉི་མ་ཆེན་པོ་དག་ཤར་བ་བཞིན་ཏུ་འཇིག་རྟེན་ན་ལྷང་ངེ་ལྷམ་མེར་སྣང་བར་བྱེད་དོ་ཞེས་སོ། །དེ་ལྟར་རྟག་ཏུ་ཚོགས་གཉིས་ཀྱི་དགེ་བ་བསགས་པས་ཆུ་ཀླུང་རྣམས་ཀྱིས་རྒྱ་མཚོ་གང་བ་བཞིན་དུ་རང་གི་རྒྱུད་རབ་ཏུ་གང་ཞིང་། ཐུབ་པ་རྫོགས་པའི་སངས་རྒྱས་དངོས་ལས་དུས་རྟག་ཏུ་གདམས་ངག་རྒྱ་ཆེ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་མཆོག་དེ་ནི་ལྷག་མཐོང་དང་ལྡན་པའི་སེམས་ཀྱི་ཏིང་ངེ་འཛིན་རབ་ཏུ་རྒྱ་ཆེ་ཞིང་ཡངས་པ་ཐོབ་ནས་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོན་ཏན་ཚད་མེད་པ་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་གདམས་ངག་དང་རྗེས་སུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པ་རྣམ་པར་བཤད་པའོ།། །། བར་སྡོམ་ནི། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་བཤད་པ་དང་། ། དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་པ་ཡིན། །ཞེས་པ་ལྟར་འབྱོར་པའི་དོན་ཚུལ་ལྔ་པ་བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་བསྟན་པ་ལ། ཐོག་མར་མོས་པ་རྒྱ་ཆེན་པོ་བསྐྱེད་དེ། ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་ཀྱི་ཆོས་རྣམས་ཀྱི་ཚིག་དང་དེས་བསྟན་བྱའི་དོན་བཙལ་བ་དང་། ཆོས་རྙེད་ནས་གཞན་ལ་འཆད་པ་དང་། ཆོས་ཀྱི་དོན་ཉམས་སུ་བླངས་ཏེ་སྒྲུབ་པ་དང་། སྒྲུབ་པ་ཁྱད་དུ་འཕགས་པར་བྱེད་པའི་རྒྱུ་གདམས་ངག་དང་རྗེས་སུ་བསྟན་པ་ནོད་དེ་འཕགས་པའི་ས་ལ་འཇུག་པར་འགྱུར་བའི་ཚུལ་གྱིས་ལེའུ་ལྔ་པོ་འདི་ནི་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་ཐབས་དང་ལྡན་པ་དང་ཕ་རོལ་ཏུ་ཕྱིན་པ་དང་། མཆོད་བརྟེན་ཚད་མེད་དང་བྱང་ཕྱོགས་ཀྱི་ལེའུ་རྣམས་ཀྱི་སྤྱི་ཡི་མདོ་ཆིངས་ལྟ་བུ་ཡིན་པས་འདིར་བར་སྡོམ་ཕྱོགས་གཅིག་ཏུ་བཀོད་པར་མཛད་པ་ཡིན་ནོ། ། གཉིས་པ་བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་དངོས་ལ། གང་གིས་ཟིན་པར་བྱེད་པ་ཐབས་ལྡན་གྱི་ལེའུ་དང་། ཐབས་དེས་ཟིན་པའི་ཕར་ཕྱིན་དང་བསྡུ་དངོས་ཀྱི་ལེའུ། མཆོད་བརྟེན་ཚད་མེད་ཀྱི་ལེའུ། བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་གསུམ་དང་། དེ་ལ་བརྟེན་པའི་ཡོན་ཏན་གྱི་ལེའུ། དེ་ལ་སྤྱོད་པ་དང་ས་ཡི་གནས་སྐབས་དང་མཐར་ཐུག་གི་ས་རྣམ་པར་བཞག་པའི་ལེའུ་བཅས་དྲུག་ཡོད་པ་ལས། དང་པོ་ཐབས་ལྡན་གྱི་ལེའུ་འདི་ལ་ཐབས་ཀྱིས་གཟུང་བྱའི་ལས་དང་། ཟིན་བྱེད་ཀྱི་ཐབས་རྣམ་པ་གསུམ་བཤད་པ་གཉིས། ཇི་ལྟར་ནགས་ཚལ་དང་དང་ནི་ལུས་ཅན་སྐྱེ་བོ་རྣམས་དང་། རི་བོ་རྣམས་དང་ཆུ་བོ་རྣམས་ཀྱི་རྟེན་ནི་དུས་དང་རྣམ་པ་ཀུན་ནས་ས་ཆེན་པོ་ཡིན་པ་ཞེས་བརྟན་པ་ཕྱི་རོལ་གྱི་རི་དང་ནགས་ཚལ་ཆུ་བོ་སོགས་དང་། གཡོ་བ་ནང་བཅུད་ཀྱི་ལུས་ཅན་ཐམས་ཅད་ས་ལ་བརྟེན་པ། དེ་བཞིན་དུ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་པོ་ཡང་། དུས་ཀུན་ནས་སྦྱིན་པ་ལ་སོགས་པ་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་མདོར་ན་དགེ་བའི་ཆོས་གང་ཇི་སྙེད་པ་ཐམས་ཅད་སྒོ་གསུམ་གྱི་ལས་ལ་མ་བརྟེན་པ་ཅུང་ཟད་ཀྱང་ཡོད་པ་མིན་པས། དགེ་ཆོས་ཐམས་ཅད་ཀྱི་རྟེན་ནི་སྒོ་གསུམ་གྱི་ལས་དེ་ཡིན་པར་བརྗོད་དོ། །གཉིས་པ་ལ། ཡོངས་སུ་མི་སྐྱོ་བ་དང་། དམན་ལམ་ཡིད་བྱེད་སྤངས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་གསུམ་ཚིགས་བཅད་རེ་རེས་བསྟན་ཏེ། ཤིན་ཏུ་བྱ་དཀའ་བའི་ལས་ལུས་དང་ལོངས་སྤྱོད་གཏོང་ཞིང་སེམས་ཅན་གྱི་དོན་སྒྲུབ་པ་དང་ལོག་སྒྲུབ་བཟོད་པ་སོགས་ལས་ཀྱི་ངོ་བོ་སྣ་ཚོགས་ཚད་མེད་པ་དང་། །དེ་ཡང་བསྐལ་པ་མང་པོས་ཚར་ཕྱིན་པ་སྟེ་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུབ་དགོས་པས་ཡུན་རིང་པོར་མངོན་པར་བརྩོན་པའི་གོ་ཆ་ཆེན་པོ་བགོས་པའི་བདག་ཉིད་ཅན་རྒྱལ་བའི་སྲས་པོ་རྣམས་ནི་ལུས་དང་ངག་དང་སེམས་ཀྱི་རང་བཞིན་གྱི་ལས་རྣམས་དག་གིས་འཁོར་བ་འདི་ན་ཡིད་འབྱུང་བར་འགྱུར་བ་མེད་དེ། རིགས་ཀྱི་དབང་དང་དགེ་བའི་ཆོས་རྣམས་ལ་གོམས་པའི་རྒྱུས་ནམ་ཡང་ཞུམས་པ་དང་སྐྱོ་བ་མེད་པར་མ་ཟད་བུད་ཤིང་བསྣན་པའི་མེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བའི་ཚོགས་ལ་སྒོ་གསུམ་ངང་གིས་འཇུག་ཅིང་ངོམས་པ་མེད་པར་འགྱུར་རོ། །འདིས་སྐྱོ་བ་ལས་བསླང་བར་བསྟན་ཏོ། །ཇི་ལྟར་བདག་ལ་ཕན་པར་འདོད་པའི་སྐྱེ་བོ་དག དུག་མི་ཟད་པ་དང་མཚོན་དང་། གནམ་ལྕགས་ཀྱི་ལྕེ་ཐོག་འབབ་པ་དང་། དགྲ་ཡི་དཔུང་ལས་རང་གི་ལུས་བཟློག་སྟེ་དེ་དག་དང་མི་འཕྲད་པར་བྱོལ་བར་བྱེད་པ་དེ་བཞིན་རྒྱལ་བའི་སྲས་རྣམས་ནི་ཐེག་པ་དམན་པ་ཉན་རང་གི་ཐེག་པ་རྣམ་པ་གཉིས་ལས། ལུས་ངག་ཡིད་ཀྱི་ལས་རྣམ་པ་གསུམ་གྱི་བདག་ཉིད་ཐེག་དམན་ལས་ལྡོག་པར་བྱེད་པ་ཡིན་ཏེ། སྒོ་གསུམ་གྱི་ལས་རྣམས་གང་ཡང་ཐེག་པ་དམན་པའི་འབྲས་བུའི་ཆེད་དུ་མི་འཇུག་པའོ། ། ཅིའི་ཕྱིར་ན་ཐེག་པ་དམན་པ་རང་དོན་ཡིད་བྱེད་ཤུགས་ཆེ་བས་སེམས་ཅན་ལ་སྙིང་རྗེ་དོར་བ་དང་། ཤེས་བྱའི་དེ་ཉིད་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་མ་རྫོགས་པས་ལམ་དམན་པ་བྱང་ཆུབ་ཆེན་པོའི་ལམ་དང་འགལ་བས་དེར་ཞུགས་པ་ཐེག་པ་ཆེན་པོའི་པའི་གཡང་ས་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་ཏུ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་ཤེས་བྱའི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར། ཆོས་གང་ལ་ཡང་རྣམ་པར་མི་རྟོག་སྟེ་ཇི་ལྟར་ན་ལས་ཅན་དགེ་བ་བྱེད་པ་པོ་དང་། དེའི་ལས་སྦྱིན་སོགས་ལ་ཡང་རྟོག་པ་མིན་ཞིང་། ལས་ཀྱི་བྱ་བ་སྦྱིན་སོགས་བསྒྲུབ་པའི་བྱ་བ་ལ་བརྩོན་པ་དང་རྣམ་པ་གསུམ་ལ་དེ་དང་དེའི་མཚན་མར་མི་ལྟ་སྟེ། འཁོར་གསུམ་དུ་མི་དམིགས་པའི་ཤེས་རབ་ངང་གིས་གོམས་པའི་ཕྱིར་རོ། །དེ་ལྟ་བུའི་མི་རྟོག་ཡེ་ཤེས་དང་ལྡན་ན། སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་ལོག་སྒྲུབ་དང་དུས་ཡུན་རིང་བ་སོགས་ཀྱིས་སྐྱོ་བའང་ནམ་ཡང་མི་སྐྱེ་ལ། མཉམ་པ་ཉིད་དུ་རྟོགས་ནས་སྲིད་ཞིར་སྐྱོན་ཡོན་གྱི་མཚན་མ་དང་། བདག་དང་གཞན་གྱི་འདུ་ཤེས་རང་མཚན་པ་འཇིག་རྟེན་པའི་རྒྱུད་ཀྱི་དེ་ལྟ་བུ་ནམ་ཡང་མི་འབྱུང་ཞིང་། དགེ་བའི་རྩ་བ་རྣམས་མཚན་མར་ཞེན་པའི་རྨོངས་པས་མ་བསླད་པས་རྣམ་པར་དག་པ་ཐོབ་ཕྱིར་མི་རྟོག་པའི་ཡེ་ཤེས་འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་ཐབས་མཁས་ཚད་མེད་པ་སྙེད་ཀྱི་ནང་ན་གཙོ་བོ་དམ་པ་ཡིན་ནོ། །དེས་ན་བྱང་ཆུབ་སེམས་འདི་ནི། སྦྱིན་སོགས་ལམ་གྱི་ཆོས་ཇི་སྙེད་པ་བསྒྲུབ་པ་དེའི་ཐབས་མི་རྟོག་ཡེ་ཤེས་ཉིད་ཡང་དག་བཟུང་པའི་ཕྱིར་ན། སྒོ་གསུམ་ནས་སྦྱིན་སོགས་དགེ་བའི་ལས་རྣམས་གང་དང་གང་བྱས་པ་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འགྱུར་ཞིང་། ཚད་མེད་པའི་ཡོན་ཏན་མཐའ་ཡས་པ་དེའི་ཕ་རོལ་དུ་འགྲོ་སྟེ་སངས་རྒྱས་ཐོབ་བོ། །སྦྱིན་སོགས་ཚད་མེད་པ་རྒྱ་ཆེ་བ་དང་ཟབ་ཅིང་རྣམ་པར་དག་པར་བྱེད་པ་ནི་མི་རྟོག་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་དེས་ཟིན་པའི་སྦྱིན་སོགས་ལ་འཇིག་རྟེན་འདས་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཀྱི། འཇིག་རྟེན་པ་ལྟ་ཅི་ཉན་རང་ལའང་དེ་ལྟ་བུ་མེད་དོ། ། ཐབས་ལྡན་གྱི་ལེའུའི་དོན་མན་ངག་གིས་བསྡུས་ནས། རྒྱལ་བ་ཀློང་ཆེན་པས། དགེ་བའི་རྩ་བ་ཐམས་ཅད་དམ་པ་གསུམ་གྱིས་ཟིན་པར་བྱས་ན་ཐེག་ཆེན་གྱི་ལམ་དུ་འགྱུར་ཞེས་གསུངས་པ་འདིར་འདུ་སྟེ། སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་གསུམ་པོ་འདི་དང་ལྡན་ན། ཐེག་ཆེན་གྱི་ལམ་ལ་མི་སྐྱོ་བ་དང་། དམན་ལམ་ཡིད་བྱེད་སྤངས་པ་དང་། མི་རྟོག་ཡེ་ཤེས་ཀྱིས་ཟིན་པ་གསུམ་ཀའི་དོན་འདུས་པས་བྱང་ཆུབ་སེམས་དཔའི་སྒོ་གསུམ་གྱི་སྦྱིན་སོགས་དགེ་བའི་ལམ་ཐམས་ཅད་གནད་འདིས་ཟིན་པར་བྱས་ན་ཐེག་པ་ཆེན་པོའི་ལམ་ཉིད་དུ་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ལས་ཐབས་དང་ལྡན་པའི་ལས་ཀྱི་ལེའུ་སྟེ་བཅུ་དྲུག་པ་རྣམ་པར་བཤད་པའོ།། །། གཉིས་པ་ཕར་ཕྱིན་དང་བསྡུ་དངོས་ཀྱི་ལེའུ་འདི་ལ་རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སེམས་ཅན་གཞན་སྨིན་པར་བྱེད་པ་བསྡུ་པའི་དངོས་པོ་བཞི་བཤད་པ་དང་། དེ་གཉིས་ཀྱི་མཇུག་བསྡུ་བ་གསུམ་ལས། དང་པོ་ལ་སྡོམ་གྱིས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས་དང་པོ། གྲངས་དང་དེའི་མཚན་ཉིད་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་མཐའ་དག་གིས་ཉམས་ལེན་ཡོངས་སུ་བསྡུས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ལ་འདུ་བས་ལམ་གྱི་དངོས་གཞི་འདི་ཙམ་དུ་ཟད་ལ་འདི་ཉིད་བསྡུ་དངོས་མཆོད་བརྟེན་ཚད་མེད་བྱང་ཕྱོགས་ཀྱི་གནས་སྐབས་གཞན་དང་གཞན་དུ་ཉམས་ལེན་གྱི་མིང་དང་རྣམ་པ་ཐ་དད་པའི་ཚུལ་གྱིས་ཆོས་སྒོ་ཚད་མེད་པར་འགྱུར་བ་ཡིན་པས་ཐོག་མར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཀྱི་རྣམ་བཞག་བཤད་པ་ལ། ཕར་ཕྱིན་དྲུག་གི་གྲངས་ངེས་པ་དང་། ཕར་ཕྱིན་དེ་ཡི་སོ་སོའི་མཚན་ཉིད་དང་། གོ་རིམས་དང་། སྦྱིན་སོགས་སོ་སོའི་ངེས་པའི་ཚིག་དང་། ཕར་ཕྱིན་གྱི་ཡོན་ཏན་ལ་ཇི་ལྟར་གོམས་པར་བྱ་བའི་ཚུལ་དང་། ཕར་ཕྱིན་དྲུག་པོ་དེ་དག་གི་ནང་གི་རབ་ཏུ་དབྱེ་བ་དང་། དཀར་པོའི་ཆོས་ཐམས་ཅད་ཕར་ཕྱིན་དྲུག་ཏུ་བསྡུ་བ་དང་། ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་སྤང་བ་དང་། ཕར་ཕྱིན་རྣམས་ཀྱི་ཡོན་ཏན་དང་། སྦྱིན་སོགས་རེ་རེའི་ནང་དུ་ཡང་གཞན་དག་འདུས་པའི་ཚུལ་གྱིས་ཕན་ཚུན་རྣམ་པར་ངེས་པ་དང་། རྣམ་གྲངས་བཅུའི་སྒོ་ནས་འཆད་པ་ཡིན་པར་ཤེས་པར་བྱའོ། ། གཉིས་པ་སྡོམ་དོན་དང་མཚུངས་པ་རྣམ་གྲངས་བཅུ་ལས། དང་པོ་གྲངས་ངེས་པར་བཞག་པ། ལོངས་སྤྱོད་དང་ལུས་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། གྲངས་ངེས་པའི་རྒྱུ་མཚན་རྣམ་པ་བཞི་བསྟན་པ་ལས་དང་པོ། ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་གཉིས་འགྲུབ་པའི་ཕྱིར་ཕར་ཕྱིན་དྲུག་ཏུ་བསྟན་ཏེ། སྦྱིན་པས་འཁོར་བ་ན་འཁོར་བའི་ཚེ་རབས་རྣམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཀྱིས་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་དང་། བཟོད་པས་འཁོར་ཕུན་སུམ་ཚོགས་པ་དང་། བརྩོན་འགྲུས་ཀྱིས་ལས་ཀྱི་མཐའ་རྩོམ་པ་ཕུན་སུམ་ཚོགས་པ་དང་བཞི་ནི་མངོན་པར་མཐོ་བ་དང་། བསམ་གཏན་གྱིས་རང་རྒྱུད་དུལ་བས་རྟག་ཏུ་ཉོན་མོངས་པ་མགོ་གནོན་པས་དེ་ཡི་ད བང་དུ་མི་འགྲོ་བ་དང་། ཤེས་རབ་ཀྱིས་བླང་དོར་དུ་བྱ་བ་སྤྱི་དང་བདེན་པ་བཞི་དང་ཕར་ཕྱིན་གྱི་མི་མཐུན་ཕྱོགས་དང་གཉེན་པོ་རྣམས་ཤེས་པས་འཁོར་འདས་ཀྱི་བྱ་བ་རྣམས་ཕྱིན་ཅི་མ་ལོག་པའི་སྒོ་ནས་འཇུག་པ་ངེས་པར་ལེགས་པའོ། ། དེས་ན་དེ་དྲུག་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བས་གྲངས་དྲུག་ཏུ་བཞག་གོ། དེ་བཞིན་དུ་གཉིས་པ་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར་དྲུག་ཏུ་བཞག་སྟེ། དང་པོ་རང་དོན་གྱི་དབང་དུ་བྱས་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པའི་ཚེ། གཞན་ལ་སྦྱིན་པ་གཏོང་བས་ཕན་བཏགས་པ་དང་། ཚུལ་ཁྲིམས་གྱིས་གཞན་གྱི་སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ་སོགས་ཀྱིས་གཞན་ལ་མི་གནོད་པ་དང་གཞན་གྱིས་གནོད་པ་བྱས་ཀྱང་དེ་ལ་ལན་མི་ལྡོན་པར་བཟོད་པས་ཕན་འདོགས་པར་བྱེད་པ་ནི་གཙོ་བོར་དངོས་སུ་གཞན་དོན་དང་། གྲོལ་བའི་གནས་བསམ་གཏན་ཏེ་སེམས་མཉམ་པར་བཞག་ན་ཡང་དག་པའི་དོན་མཐོང་བར་ངེས་པར་ལྟ་བུའོ། །གྲོལ་བ་ཉིད་དུ་བྱེད་པ་ནི་ཤེས་རབ་བོ། །གཞིར་བཅས་པ་ཞེས་པ་དེ་གཉིས་ཀྱི་གཞི་ནི་བརྩོན་འགྲུས་ཏེ། བརྩོན་འགྲུས་བརྩམས་པས་སེམས་མཉམ་པར་བཞག་ཅིང་ལྷག་མཐོང་བསྒྲུབ་པས་སོ། ། དེ་གསུམ་ནི་རང་དོན་རྣམ་པ་ཐམས་ཅད་པ་སྤྱོད་པ་སྟེ། དེ་ལྟར་ན་གཞན་དོན་འགྲུབ་བྱེད་གསུམ་དང་རང་དོན་འགྲུབ་བྱེད་གསུམ་སྟེ་དྲུག་ཏུ་བཞག་གོ །ཡང་བྱང་ཆུབ་སེམས་དཔའ་རྣམས་རང་དོན་ལ་མི་ལྟ་བར་གཞན་དོན་གཙོ་བོར་སྤྱོད་པ་ཡིན་པས་ཕར་ཕྱིན་དྲུག་གི་སྒོ་ནས་གཞན་དོན་བསྒྲུབ་སྟེ། སྦྱིན་པས་དབུལ་པོ་རྣམས་ལ་གང་འདོད་པ་བྱིན་པས་སེམས་ཅན་རྣམས་ལོངས་སྤྱོད་ཀྱིས་མི་ཕོངས་པ་སྒྲུབ་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་མི་འཚེ་བ་དང་། བཟོད་པས་སེམས་ཅན་གཞན་གྱིས་རང་ལ་འཚེ་བ་ལ་ཁྲོ་བ་མེད་ཅིང་བཟོད་པར་གྱུར་པ་དང་། བརྩོན་འགྲུས་ཀྱིས་གཞན་དོན་བྱ་བས་མི་སྐྱོ་བ་དང་། བསམ་གཏན་གྱིས་ལྐོག་གྱུར་མངོན་པར་ཤེས་པ་དང་རྫུ་འཕྲུལ་བསྟན་པས་སེམས་ཅན་རྣམས་ཡིད་འདུན་ཞིང་དགའ་བར་བྱེད་པ་དང་། ཤེས་རབ་ཀྱིས་དམ་པའི་ཆོས་ལེགས་པར་བརྗོད་པར་བྱེད་པ་དེའི་ཕྱིར། གཞན་གྱི་དོན་འགྲུབ་ལ་གཞན་གྱི་དོན་སྒྲུབ་པ་ནི་རང་གི་དོན་མཆོག་ཏུ་འགྲུབ་པར་བྱེད་པ་ཡིན་ཏེ། རང་དོན་འབའ་ཞིག་ལ་ནན་ཏན་འབད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་མི་ནུས་མོད་གཞན་དོན་ལ་འབད་པས་གནས་སྐབས་སུའང་རང་དོན་ཤུགས་ཀྱིས་འགྲུབ་པ་དང་། མཐར་ཐུག་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་ཕར་ཕྱིན་དྲུག་གི་སྒོ་ནས་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །གསུམ་པ་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཕར་ཕྱིན་དྲུག་པོ་དེར་འདུ་ཚུལ་གྱི་གྲངས་ངེས་ནི། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཕྱི་དང་ནང་གི་དངོས་པོ་གང་ལ་མངོན་པར་མི་དགའ་བ་སྟེ་མ་ཆགས་ཞིང་གཞན་ལ་མི་གཏོང་བ་ཅི་ཡང་མེད་པའི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ལ་རབ་ཏུ་གུས་པས་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པ་དང་། སེམས་ཅན་གྱི་གནོད་པ་དང་དཀའ་བ་སྤྱོད་པ་གཉིས་ལ་མི་སྐྱོ་བ་ནི་བཟོད་པ་དང་བརྩོན་འགྲུས་ཏེ། བཟོད་པའི་སྒོ་ནས་སེམས་ཅན་གྱིས་འཚེ་བ་ཐམས་ཅད་དང་དཀའ་བ་སྤྱོད་པ་སྣ་ཚོགས་ཤིན་ཏུ་བཟོད་པ་དང་། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང་དུས་ཡུན་རིང་པོར་ཤིན་ཏུ་དཀའ་བའི་རྩོམ་པ་ཐམས་ཅད་ལ་མི་སྐྱོ་ཞིང་བརྩོན་པ་ཚད་མེད་པར་འཇུག་གོ ། ཡང་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་མི་སྐྱོ་བ་ནི་བཟོད་པ་དང་བརྩོན་འགྲུས་ཏེ། བཟོད་པས་མི་མཐུན་ཕྱོགས་སྤོང་ཞིང་། བརྩོན་འགྲུས་ཀྱི་གཉེན་པོ་ལ་འཇུག་པའི་ཕྱིར་རོ། །བསམ་གཏན་གྱིས་རྩེ་གཅིག་ཏུ་གནས་པའི་རྣམ་འབྱོར་དམ་པ་དང་ཤེས་རབ་ཀྱིས་མཚན་མ་གང་དུ་ཡང་རྣམ་པར་མི་རྟོག་པ་གཉིས་ནི་ཞི་གནས་དང་ལྷག་མཐོང་སྟེ། ཐེག་པ་ཆེན་པོ་མཐའ་དག་གི་དོན་བསྡུས་ན་ཕར་ཕྱིན་དྲུག་པོ་འདིར་ཟད་དེ་དེ་ལ་མ་འདུས་པ་མེད་དོ། །བཞི་པ་ལྷག་པའི་བསླབ་པ་གསུམ་གྱི་དབང་དུ་བྱས་ན། འདོད་པའི་ཡོན་ཏན་ལྔའི་ཡུལ་རྣམས་ལ་ནི་མ་ཆགས་པའི་ལམ་ནི་སྦྱིན་པ་སྟེ་གང་ཐམས་ཅད་ཡོངས་སུ་གཏོང་བའོ། ། འདོད་པའི་སྤྱོད་ཡུལ་དེ་ཐོབ་པར་འདོད་ནས་སེམས་རྣམ་པར་གཡེང་བ་སྡོམ་པའི་ལམ་ནི་སྔ་མ་ལས་གཞན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཏེ། དེས་འཇིག་རྟེན་པའི་ལས་ཀྱིས་གཡེང་བའི་བྱ་བ་མང་པོ་ལ་མི་འཇུག་པར་སྡོམ་པར་བྱེད་པས་སོ། །སེམས་ཅན་གྱིས་ལོག་པར་སྒྲུབ་པ་དང་གནོད་པ་སྣ་ཚོགས་བྱེད་ཀྱང་ཡོངས་སུ་མི་གཏོང་བའི་ལམ་ནི་བཟོད་པའོ། །དགེ་བའི་ཚོགས་གོང་ནས་གོང་དུ་འཕེལ་བའི་ལམ་ནི་བརྩོན་འགྲུས་དང་། ཐ་མ་བསམ་གཏན་དང་ཤེས་པ་ནི་སྒྲིབ་པ་རྣམ་པར་སྦྱོང་བའི་ལམ་གཞན་ཏེ། བསམ་གཏན་གྱིས་ཉོན་སྒྲིབ་སྦྱོང་བ་དང་། ཤེས་རབ་ཀྱིས་ཤེས་སྒྲིབ་གཙོ་བོར་སྦྱོང་བར་བྱེད་པའམ། ཡང་ན་བསམ་གཏན་ནི་སྒྲིབ་པ་གཉིས་པོ་མགོ་མནན་ཏེ་འཇིལ་བར་བྱེད་པའི་ལམ་དང་། ཤེས་རབ་སྒྲིབ་གཉིས་དྲུང་ནས་འབྱིན་པའི་ལམ་མོ། །དེ་ལྟར་ལམ་དྲུག་ཏུ་བཤད་པ་དེ་དག བསླབ་པ་གསུམ་གྱི་དབང་དུ་མཛད་ནས་ནི། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག་བཤད་མ་ཐག་པ་ལྟར་ཡང་དག་པར་བཤད་པར་མཛད་དེ། གང་ཞེ་ན་དང་པོ་སྦྱིན་ཚུལ་བཟོད་པ་གསུམ་ནི་ལྷག་པ་ཚུལ་ཁྲིམས་ཀྱིས་བསླབ་པ་སྟེ། མ་ཆགས་པ་སྦྱིན་པའི་ལམ་ནི་ཚུལ་ཁྲིམས་ཀྱི་རྒྱུ་ཡིན་ལ། ངོ་བོ་ནི་སྡོམ་པའི་ལམ་ཚུལ་ཁྲིམས་ཉིད་དོ། །གྲོགས་ནི་སེམས་ཅན་མི་གཏོང་བའི་ལམ་བཟོད་པ་སྟེ། དེ་གསུམ་ལྡན་ན་ཚུལ་ཁྲིམས་ཡང་དག་པར་སྲུང་ནུས་སོ། །ཐ་མ་བསམ་གཏན་དང་ཤེས་རབ་གཉིས་ཀྱིས་བསླབ་པ་གཉིས་བསྟན་ཏེ། བསམ་གཏན་ནི་ལྷག་པ་སེམས་ཀྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཉིད་དོ། །གཅིག་བརྩོན་འགྲུས་ནི་བསླབ་པ་གསུམ་ཆར་ལ་ཡང་གཏོགས་ཏེ། ཕར་ཕྱིན་ལྔ་པོ་དེ་དག་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པས་བསྒྲུབ་དགོས་པས་ཕར་ཕྱིན་དེ་དག་ལ་བརྩོན་པ་དེ་ཉིད་བསླབ་པ་གསུམ་པོ་གང་ཡིན་པ་དེར་གཏོགས་པར་འགྱུར་རོ། ། དེ་ལྟར་ཕར་ཕྱིན་དྲུག་དྲུག་གི་གྲངས་ངེས་པ་རྣམ་པར་བཞག་པའོ། །གཉིས་པ་ཕར་ཕྱིན་རྣམས་ཀྱི་མཚན་ཉིད་ནི། སྦྱིན་པ་ལ་སོགས་པ་དྲུག་པོ་རེ་རེ་བཞིན་དུ་ཚིགས་བཅད་རེ་རེས་བསྟན་ཏེ། རེ་རེ་ཡང་མཚན་ཉིད་བཞི་དང་ལྡན་པ་སྟེ། གང་ཞེ་ན་སྦྱིན་པ་ནི་མི་མཐུན་ཕྱོགས་སེར་སྣ་ཉམས་པ་སྟེ་སེར་སྣ་མེད་པ་ནི་ཀུན་སློང་། གྲོགས་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་དང་ལྡན་པ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ཕྱིར། གཏོང་པོ་དང་སྦྱིན་བྱའི་རྫས་དང་ལེན་པ་པོ་ཡི་རང་བཞིན་མི་དམིགས་པའི་ཕྱིར་རོ། །སྦྱིན་ཚུལ་ལེན་པ་པོའི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །སྦྱིན་པ་དེའི་བྱེད་ལས་སྦྱིན་པས་བསྡུས་ནས་སེམས་ཅན་རྣམས་སོ་སོའི་རིགས་དང་མཐུན་པར་ཉན་ཐོས་དང་རང་རྒྱལ་དང་ཐེག་པ་ཆེན་པོའི་ལམ་དུ་སྨིན་པར་བྱེད་པ་རྣམ་པ་གསུམ་གྱིས་མཐར་ཐུག་དེ་དག་གི་འབྲས་བུ་གསུམ་ལ་འཇོག་པར་མཛད་པ་ཡིན་ནོ། ། དེ་ལྟར་སྦྱིན་པའི་མཚན་ཉིད་བཞི་པོ་དེ་བཞིན་དུ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་འཆལ་བའི་ཚུལ་ཁྲིམས་ཉམས་པ་དང་། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་ལྡན་པས། སྲུང་བ་པོའི་སྐྱེས་བུ་དང་། ཚུལ་ཁྲིམས་དང་། དེ་སྒྲུབ་པར་བྱེད་པའི་བྱ་བ་མི་དམིགས་པ་དང་། ཚུལ་ཁྲིམས་སྲུང་བ་དེའི་སྒོ་ནས་སེམས་ཅན་གཞན་ལ་གནོད་སྦྱོར་མེད་པས་དེ་དག་གི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱིས་གཞན་སེམས་ཅན་རྣམས་མགུ་བར་བྱས་ཏེ་བསྡུས་ནས་དེ་དག་ཚུལ་ཁྲིམས་ལ་བཀོད་དེ་ཐེག་པ་གསུམ་དུ་སྨིན་བྱེད་རྣམ་པ་གསུམ་མོ། །བཟོད་པ་མི་མཐུན་ཕྱོགས་ཁོང་ཁྲོ་བ་ཉམས་པ་དང་། བཟོད་བྱེད་བཟོད་ལ་བཟོད་པ་སྒྲུབ་པའི་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡན་པ་དང་། གནོད་པ་ལ་གནོད་ལེན་མ་བྱས་པས་ཕ་རོལ་གྱི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། བཟོད་པའི་སྒོ་ནས་ཐེག་པ་གསུམ་དུ་བཀོད་པས་ན་སེམས་ཅན་རྣམས་རྣམ་པར་སྨིན་པར་བྱེད་པ་རྣམ་པ་གསུམ་མོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་ཉམས་པ་དང་། བརྩོན་པ་པོ་དང་། བརྩོན་འགྲུས། དེ་བསྒྲུབ་པའི་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡན་པ་དང་། སེམས་ཅན་གྱི་ལས་སུ་བྱ་བ་གང་ཡོད་པའི་གྲོགས་བྱེད་པ་སོགས་དེ་ཡི་དོན་བྱས་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྩོན་པས་སེམས་ཅན་རྣམས་ཐེག་གསུམ་དུ་རྣམ་པར་སྨིན་པར་བྱེད་པས་རྣམ་པ་གསུམ་མོ། །བསམ་གཏན་གྱི་མི་མཐུན་ཕྱོགས་རྣམས་གཡེངས་ཉམས་པ་དང་། སྒོམ་པ་པོ་དང་། བསྒོམ་བྱ་བསམ་གཏན། བསམ་གཏན་སྒོམ་པར་བྱེད་པའི་བྱ་བ་གསུམ་མི་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་། རྫུ་འཕྲུལ་དང་མངོན་པར་ཤེས་པས་སེམས་ཅན་རྣམས་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བསམ་གཏན་དེའི་སྒོ་ནས་སེམས་ཅན་རྣམ་པར་སྨིན་པར་བྱེད་པ་རྣམ་པ་གསུམ་མོ། །ཤེས་རབ་ཀྱི་མི་མཐུན་ཕྱོགས་བདག་ལྟ་སོགས་འཆལ་པའི་ཤེས་རབ་ཉམས་པ་དང་། སྐྱེས་བུ་དང་ཤེས་རབ་སྒྲུབ་པ་གསུམ་མི་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡན་པ་དང་། ཐེ་ཚོམ་གཅོད་པ་སོགས་ཀྱི་སྒོ་ནས་གཞན་གྱི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་རྣམས་ཐེག་པ་གསུམ་གྱིས་རྣམ་པར་སྨིན་པར་བྱེད་པ་གསུམ་བྱེད་པ་ཡིན་ནོ། ། གསུམ་པ་ཕར་ཕྱིན་དྲུག་གི་གོ་རིམས་ནི། རྒྱུ་མཚན་གསུམ་གྱིས་ཏེ། དང་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བའི་གོ་རིམས་ནི། ལོངས་སྤྱོད་རྣམ་པ་སྣ་ཚོགས་ལ་ཆགས་ན་ཁྱིམ་སྤངས་ཏེ་ཚུལ་ཁྲིམས་ལེན་མི་ནུས་ཀྱི་མ་ཆགས་ན་ནུས་པས་དང་པོར་ལོངས་སྤྱོད་ལ་མ་ཆགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་ཀྱི་རྒྱུར་སྔོན་དུ་བཤད་དོ། །ངན་པའི་ངང་ཚུལ་ཅན་དག་གིས་གཤེ་བ་སོགས་བཟོད་མི་ནུས་ལ། ངན་སྤྱོད་བསྡམས་པ་དག་གི་ནུས་པས་བཟོད་པའི་རྒྱུར་ཚུལ་ཁྲིམས་ནི་སྦྱིན་པའི་རྗེས་སུ་བཤད་དོ། །ཚ་གྲང་བཀྲེས་སྐོམ་སོགས་གནོད་པ་ཅི་ཡང་མི་བཟོད་པས་བརྩོན་འགྲུས་རྩོམ་མི་ནུས་ལ། བཟོད་པ་ཅན་གྱིས་བརྩོན་འགྲུས་རྩོམ་པའི་ཕྱིར། ཚུལ་ཁྲིམས་ཀྱི་རྗེས་སུ་བཟོད་པ་བསྟན་ཏོ། ། དགེ་བ་རྒྱུན་དུ་བརྩོན་པ་དང་ལྡན་ན་སེམས་མཉམ་པར་བཞག་པའི་བསམ་གཏན་འགྲུབ་ནུས་པས་བཟོད་པའི་འོག་ཏུ་བརྩོན་འགྲུས་བཤད་དོ། །སེམས་མཉམ་པར་བཞག་པའི་ཏིང་ངེ་འཛིན་དང་ལྡན་ན་འཕགས་པའི་བདེན་པ་རྣམས་ཡང་དག་པར་ཤེས་པའི་ཤེས་རབ་འབྱུང་བས་བརྩོན་འགྲུས་ཀྱི་རྗེས་སུ་བསམ་གཏན་བཤད་དོ། ། དེ་ལྟར་བསམ་གཏན་ནི་རྒྱུ་ཡིན་ལ། བདེན་དོན་མཐོང་བའི་ཤེས་རབ་ནི་འབྲས་བུ་ཡིན་པས་ཐམས་ཅད་ཀྱི་མཐར་ཤེས་རབ་བཤད་དེ། འདི་དག་ནི་རྒྱུ་འབྲས་ཀྱི་ཚུལ་དུ་སྐྱེ་བའི་གོ་རིམ་ལྟར་བཤད་པ་ཡིན་ནོ། །ཡང་ཕྱི་མ་ལས་སྔ་མ་དག་དམན་དང་སྔ་མ་ལས་ཕྱི་མ་དག་མཆོག་ཏུ་གནས་པའི་ཕྱིར་དམན་པ་སྔར་བརྗོད་ལ་མཆོག་ཕྱིས་བརྗོད་པ་ནི། འཇིག་རྟེན་ན་སྦྱིན་པ་གཏོང་བ་དག་ཡོད་ཀྱང་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་དེ་བས་དཀོན་ཕྱིར་སྦྱིན་པ་དམན་ལ་ཚུལ་ཁྲིམས་མཆོག་གོ །དེ་བཞིན་དུ་ཉེས་སྤྱོད་བསྡམས་ཀྱང་གཞན་གྱིས་གནོད་པ་དེ་བས་བཟོད་དཀའ་བ་དང་། བཟོད་དུ་ཟིན་ཀྱང་དགེ་ཆོས་རྒྱུན་དུ་བརྩོན་པ་དེ་བས་དཀའ་བ་དང་། བརྩོན་པ་ཅི་རིགས་དང་ལྡན་ཀྱང་སེམས་ཏིང་འཛིན་གྱིས་དུལ་བ་དེ་བས་དཀོན་པ་དང་། སེམས་བསམ་གཟུགས་ཀྱི་ཏིང་འཛིན་གྲུབ་ཀྱང་བདེན་དོན་མཐོང་བའི་ཤེས་རབ་དེ་བས་དཀའ་ཞིང་དཀོན་ལ། གང་སླ་བ་དེ་ཉོན་མོངས་ཆེ་ཞིང་། དཀའ་བ་དེ་དེ་ལ་ལྟོས་ནས་ཉོན་མོངས་ཆུང་ཞིང་ཡོན་ཏན་ཆེ་བའི་ཕྱིར་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་གོ་རིམས་དེ་ལྟར་རྣམ་པར་བཞག་པ་ཡིན་ནོ། །ཡང་དགས་པ་དང་ནི་ཕྲ་བའི་ཕྱིར། གང་རགས་པ་རྣམས་དང་པོར་བསྟན་ཅིང་ཕྲ་བ་རྣམས་རྗེས་སུ་བསྟན་པ་ནི། རགས་པ་རྣམས་འཇུག་སླ་ཞིང་སྤྱད་སླ་ལ་ཕྲ་བ་རྣམས་རགས་པ་ལ་ལྟོས་ནས་སྔ་མ་ལས་བཟློག་པ་སྟེ། སྦྱིན་པ་ལ་ནི་རྒྱལ་པོ་དང་བློན་པོ་སོགས་ནས་བྲན་དང་གདོལ་བའི་བར་གྱིས་ཀྱང་ཅི་རིགས་འཇུག་ནུས་པས་ཤེས་སླ་ཞིང་རགས་པ་བྱ་སླ་བའོ། །དེ་བས་ཚུལ་ཁྲིམས་དང་། དེ་བས་བཟོད་པ་ནས་ཤེས་རབ་ཀྱི་བར་དུ་ཇེ་ཕྲ་ཇེ་ཕྲར་གྱུར་པའི་ཕྱིར་སྔ་མ་སྔ་མ་ལས་ཕྱི་མ་ངོ་བོ་ཉིད་ཀྱིས་ཕྲ་བའི་སྒོ་ནས་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་སྤྱད་སླ་ཞིང་འཇུག་སླ་བའི་རགས་པ་དང་། དེ་ལས་ལྡོག་པའི་ཕྲ་པའི་རྣམ་བཞག་གི་སྒོ་ནས་གོ་རིམས་དེ་ལྟར་བསྟན་པ་ཡིན་ནོ། །བཞི་པ་ཕར་ཕྱིན་དྲུག་གི་སོ་སོའི་ངེས་ཚིག་ནི། ཅིའི་ཕྱིར་སྦྱིན་པ་ཞེས་བྱ་བ་ན། དཱ་ནའི་སྒྲ་ལས་སྦྱིན་པ་ཞེས་བྱ་སྟེ། དཱ་དབུལ་བ་དང་ན་འདོར་པའི་དོན་གྱིས། དབུལ་བ་འདོར་བར་བྱེད་པ་ལ་སྦྱིན་པ་ཞེས་བྱ་སྟེ། ལོངས་སྤྱོད་སྦྱིན་པས་ལེན་པ་པོ་ཚེ་འདིའི་དབུལ་བ་འདོར་བ་དང་། གཏོང་པ་པོ་ཚེ་རབས་གཞན་དུ་ཅིས་ཀྱང་མི་ཕོངས་པའི་ལོངས་སྤྱོད་ཐོབ་པས་དབུལ་བ་འདོར་བའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་སྐད་དོད་ཤཱི་ལ་ཞེས་པའི་ཤཱི་བསིལ་བ་དང་། ལ་ཐོབ་པའམ་ལེན་པའི་དོན་ཡིན་པས། བསིལ་བ་ཐོབ་ཅེས་པ། ཚུལ་ཁྲིམས་དང་ལྡན་ན་ཚེ་འདིར་ཡུལ་ལ་ཆགས་པའི་རྒྱུ་ལས་བྱུང་བའི་རྒྱལ་པོའི་ཆད་པ་སོགས་ཉེས་པ་སྣ་ཚོགས་ཀྱི་ཚ་གདུང་མེད་པ་དང་། ཕྱི་མ་ངན་སོང་དུ་མི་སྐྱེ་ཞིང་ལྷ་མིའི་བདེ་བ་དང་། མཐར་མྱང་འདས་ཀྱི་བདེ་བའི་བསིལ་བ་ཐོབ་པའི་ཕྱིར་རོ། །བཟོད་པ་ལ་ཀྵཱ ནྟི་ཞེས་བྱ་སྟེ། ཀྵཱན་ནི་ཟད་པ་དང་ཏི་བྱེད་པ་ལ་འཇུག་པས། རང་རྒྱུད་ཀྱི་ཁྲོ་བ་ཟད་པར་བྱེད་པ་ལ་བཟོད་པ་ཞེས་བཏགས་པའོ། །དང་གི་ཚིག་རྣམས་སྡུད་སྒྲ་ཡིན་པ་གོ་སླ་བས་འདིར་འབྲུ་མ་མནན་ཏེ་སྐབས་གཞན་དུའང་དེ་ལྟར་ཤེས་པར་བྱའོ། །བརྩོན་འགྲུས་བཱི ཪྱ་ཞེས་པ་བཱི་ནི་མཆོག་གམ་དམ་པའི་དོན་དང་། ཪྱ་ནི་སྦྱོར་བ་སྟེ། འཇིག་རྟེན་ལས་འདས་པའི་དགེ་བ་དམ་པ་ལ་སྦྱོར་བས་ན་མཆོག་སྦྱོར་ཞེས་ཀྱང་བྱའོ། ། བསམ་གཏན་ནི་ངྷྱ་ན་ཞེས་པ་ཡ་བཏགས་ར་དང་མཚུངས་པར་ངྷ་ར་ན་ཞེས་པ་འཛིན་པའི་དོན་ཏེ་ཅི་ཞིག་འཛིན་ན་ཡིད་དམིགས་པ་ལ་ནང་དུ་འཛིན་ཅིང་ཕྱིར་མི་གཡེང་བར་བྱེད་པ་བསམ་གཏན་ནོ། ། ཤེས་རབ་ནི་པྲ་ཛྙཱ་ཞེས་པའི་སྒྲ་ལ་པྲ་ནི་ཉེར་བསྒྱུར་གྱི་སྒྲ་སྟེ་རབ་ཀྱི་དོན་ལ་འཇུག་ཅིང་པར་མ་ཨརྠ་ཞེས་པ་དོན་དམ་པ་ཞེས་པའི་མིང་ཐོག་པྲ་ཡིག་ཏུ་བསྡུས་པའི་དབང་དུ་བྱས་ན། པྲ་ནི་དོན་དམ་པ་དང་ཛྙཱ་ཤེས་པ་ཡིན་པས་དོན་དམ་ཤེས་པའི་ཕྱིར་བཤད་དོ། །འཆད་ཚུལ་འདི་དག་སྒྲའི་ཁམས་ཀྱི་ཡི་གེ་བསྡུ་བ་དང་བསྣན་པའི་འཆད་ཚུལ་ཐུན་མོང་མིན་པའི་དོན་གྱི་དབང་དུ་བྱས་པ་ཡིན་ལ། ལེགས་སྦྱར་གྱི་སྒྲ་དེ་དག་བོད་སྐད་དུ་ཐད་སོར་ཇི་ལྟར་བསྒྱུར་བ་སྦྱིན་པ་ལ་སོགས་པ་ཡོངས་སུ་གྲགས་པ་དེ་དག་ལའང་ཚིག་གི་འཆད་ཚུལ་དེ་ལྟར་བུ་ཐོབ་པ་ཤེས་པར་བྱའོ། །ལྔ་པ་ཕར་ཕྱིན་རྣམས་ཇི་ལྟར་བསྒོམ་པར་བྱ་བ་ནི། ཐམས་ཅད་བསྒོམ་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་གོམས་པ་ནས་ཤེས་རབ་ཀྱི་བར་དུ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཕར་ཕྱིན་དྲུག་པོ་ཐམས་ཅད་རེ་རེ་ནས་ཀྱང་བསྒོམ་པའམ་གོམས་པར་བྱ་ཚུལ་ནི། དངོས་པོ་ལ་གནས་པའམ་བརྟེན་ཏེ་བསྒོམ་པ་དང་། དེ་བཞིན་དུ་ཡིད་ལ་བྱེད་པ་བརྟེན་ཏེ་བསྒོམ་པ་དང་། བསམ་པ་ལ་བརྟེན་ཏེ་བསྒོམ་པ་དང་ནི། ཐབས་དག་པ་བརྟེན་ཏེ་སྒོམ་པ་དང་། དབང་འབྱོར་བ་ཉིད་ལ་བརྟེན་ཏེ་སྒོམ་པར་བྱེད་པའི་རྣམ་གྲངས་ལྔར་བརྗོད་དོ། །དེ་གང་ཞེ་ན། དངོས་པོ་ཞེས་བྱ་བ་དོན་ནམ་རྫས་ལྟ་བུ་ལ་ཡང་བྱ་སྟེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་གྱི་དངོས་པོ་ལ་གནས་ཏེ་བསྒོམ་པ་ལ་རྣམ་པ་བཞི་སྟེ། རྒྱུ་ལ་གནས་པ་དང་། རྣམ་པར་སྨིན་པ་ལ་གནས་པ་དང་། སྨོན་ལམ་ལ་གནས་པ་དང་། སོ་སོར་བརྟགས་པའི་སྟོབས་ལ་གནས་པའོ། །དང་པོ་རྒྱུ་བྱང་ཆུབ་སེམས་དཔའི་རིགས་ཀྱི་སྟོབས་ཀྱིས་གང་དུ་སྐྱེས་ཀྱང་གཞན་གྱི་བྱེད་དུ་བཅུག་པ་མིན་ཡང་གཏོང་བ་སོགས་ཕར་ཕྱིན་དྲུག་སྒྲུབ་ཅིང་སྒོམ་པ་ལ་དགའ་སྟེ་དེ་ལ་བརྟེན་ནས་ཕར་ཕྱིན་གང་ཡང་རུང་པ་བསྒྲུབ་པའོ། ། གཉིས་པ་སྔོན་ཕར་ཕྱིན་བསྒྲུབ་པ་ལ་གོམས་པས་ཚེ་གཞན་དུ་དེ་ལ་ངང་གིས་འཇུག་པའི་ལུས་རྟེན་ཐོབ་པའོ། །གསུམ་པ་གང་དུ་སྐྱེས་ཀྱང་ལུས་ལོངས་སྤྱོད་ལ་མ་ཆགས་པའི་སྦྱིན་པ་གཏོང་པར་གྱུར་ཅིག་ཅེས་སོགས་ཕར་ཕྱིན་དྲུག་སྤྱོད་པར་སྨོན་ལམ་བཏབ་པའི་མཐུས་ཕར་ཕྱིན་རྣམས་སྒྲུབ་པར་བྱེད་པའོ། །བཞི་པ་བློ་ཤེས་རབ་ཀྱིས་སོ་སོར་བརྟག་སྟེ་ལོངས་སྤྱོད་ནི་མི་བརྟན་པ་སྙིང་པོ་མེད་པར་ཤེས་ནས་སྦྱིན་པ་ལ་འཇུག་པ་སོགས་ཕར་ཕྱིན་རྣམས་ཀྱི་ཡོན་ཏན་ཤེས་ནས་ཚུལ་བཞིན་བསྒྲུབ་པའོ། ། གཉིས་པ་ཡིད་ལ་བྱེད་པ་ལ་བརྟེན་ཏེ་བསྒོམ་པ་ལ་ཡིད་བྱེད་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་ཕར་ཕྱིན་དྲུག་སྟོན་པའི་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཇི་སྐད་བསྟན་པ་ལྟར་ཡིད་ཆེས་ཤིང་མོས་པས་ཕར་ཕྱིན་གྱི་ཁམས་བརྟས་པར་འགྱུར་རོ། །རོ་མྱང་བ་ཡིད་ལ་བྱེད་པ་ནི་བདག་གིས་སྔོན་སྦྱིན་པ་སོགས་བསྒྲུབས་པ་ལ་དེ་ལྟར་བྱས་པ་ལེགས་སོ་ཞེས་ཡོན་ཏན་དུ་ལྟ་ཞིང་སྔོན་བྱས་པ་དྲན་ནས་མངོན་པར་དགའ་བའོ། ། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྦྱིན་སོགས་ཕར་ཕྱིན་བསྒྲུབ་པ་རྣམས་ལ་རང་གིས་བསྒྲུབ་པ་དང་འདྲ་བར་དགའ་ཞིང་རྗེས་སུ་ཡི་རང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི། རང་དང་གཞན་དག་མ་འོངས་པ་ན་གང་དུ་སྐྱེས་ཀྱང་ཕར་ཕྱིན་བསྒྲུབ་པར་ཤོག་ཅིག་སྙམ་དུ་ཕར་ཕྱིན་བསྒྲུབ་པར་དགའ་བའོ། །གསུམ་པ་བསམ་པ་ལ་བརྟེན་ཏེ་བསྒྲུབ་པ་ལ་རྣམ་པ་དྲུག་སྟེ། ཆོག་མི་ཤེས་པའམ་ངོམས་མི་ཤེས་པའི་བསམ་པ། རྒྱ་ཆེན་པོའི་བསམ་པ་དགའ་བའི་བསམ་པ་ཕན་པའི་བསམ་ངན་མ་གོས་པའི་བསམ་པ། དགེ་བའི་བསམ་པའོ། ། དང་པོ་ངོམས་མི་ཤེས་པ་ལ་ཡང་རྣམ་པ་བཞི་ཡོད་པ་སྦྱིན་པ་ལ་མཚོན་ན། དངོས་པོ་གཏོང་བ་ལ་ཆོག་མི་ཤེས་པ་ནི་སེམས་ཅན་གཅིག་ལ་ཕན་བཏགས་ཤིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་སེམས་ཅན་གཅིག་པུ་དེ་ལ་གཏོང་པར་བྱས་ཀྱང་བདག་གིས་འདི་ལ་འདི་སྙེད་ཅིག་བྱིན་པས་ད་ནི་ཆོག་གོ་སྙམ་པའི་བསམ་པ་མི་སྐྱེད་པའོ། །ལུས་གཏོང་བ་ཆོག་མི་ཤེས་པ་ནི། དུས་སྐད་ཅིག་མ་རེ་རེ་ལ་སེམས་ཅན་གཅིག་གི་ཆེད་དུ་རང་གི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་བཏང་ཡང་ལུས་འདི་སྙེད་ཅིག་བྱིན་པས་ད་ནི་ཆོག་གོ་སྙམ་པའི་སེམས་མི་བསྐྱེད་པ་ཆོག་མི་ཤེས་པ་བློ་སྦྱོང་པར་བྱེད་པའོ། །དུས་ཆོག་མི་ཤེས་པ་ནི། ལུས་དང་ལོངས་སྤྱོད་གཏོང་བ་དེ་ལྟ་བུ་སེམས་ཅན་གཅིག་གི་ཆེད་དུ་བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྐད་ཅིག་ཡུད་ཙམ་གཅིག་ཏུ་ཡང་རྒྱུན་མི་འཆད་པར་བཏང་བར་བྱས་ཀྱང་། བདག་གིས་ཕྱི་དང་ནང་གི་དངོས་པོ་འདི་སྙེད་ཅིག་བསྐལ་པ་འདི་སྙེད་ཅིག་ཏུ་བཏང་བས་ད་ནི་ཆོག་གོ་སྙམ་དུ་མི་སེམས་པར་ཆོག་མི་ཤེས་པའི་བསམ་པ་བསྐྱེད་པའོ། །བཞི་པ་སེམས་ཅན་ཆོག་མི་ཤེས་པ་ནི། དེ་ལྟར་སེམས་ཅན་གཅིག་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་དང་དེ་སྙེད་ཀྱི་ལུས། བསྐལ་པ་དེ་སྙེད་དུ་བཏང་སྟེ་སེམས་ཅན་གཅིག་པོ་དེ་བླ་མེད་བྱང་ཆུབ་ཏུ་བཀོད་དེ་སྨིན་པར་བྱས་པ་དེ་བཞིན་དུ། །སེམས་ཅན་གཉིས་དང་གསུམ་ནས་སེམས་ཅན་ཐམས་ཅད་ཀྱི་མཐའ་ལ་ཐུག་གི་བར་དུ་དེ་ལྟར་བླ་མེད་བྱང་ཆུབ་ལ་བཀོད་དེ་བརྟགས་པ་མཐར་གཟུང་གི་དབང་དུ་བྱས་ན་ཐམས་ཅད་སངས་རྒྱས་པར་བྱས་ཀྱང་ད་ནི་ཆོག་གོ་སྙམ་དུ་མི་སེམས་པ་ལྟ་བུའི་ངོམས་པ་མེད་པའི་བསམ་པ་སྐྱེ་བ་དེ་ཙམ་དུ་བློ་སྦྱངས་ནས་ཆོག་མི་ཤེས་པའི་བསམ་པ་བསྐྱེད་པའོ། །གཉིས་པ་རྒྱ་ཆེན་པོའི་བསམ་པ་ནི་དེ་ལྟ་བུའི་སྦྱིན་པ་སོགས་སྐད་ཅིག་གཅིག་ཙམ་དུ་མི་བྱེད་པའི་དུས་མེད་པར་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་མི་འཆད་པར་བྱེད་པར་འདོད་པའི་བསམ་པའོ། ། གསུམ་པ་དགའ་བའི་བསམ་པ་ནི་དེ་ལྟར་སྦྱིན་སོགས་ཀྱིས་བསྡུས་པའི་སེམས་ཅན་སྨིན་པར་བྱས་པ་དེ་དག་ལ་འདི་རྣམས་བདག་གི་བླ་མེད་བྱང་ཆུབ་ཐོབ་པའི་གྲོགས་ཡིན་ནོ་ཞེས་དགའ་བའི་བསམ་པ་སྐྱེ་བ་དེ་ལྟ་བུ་ཕན་བཏགས་ཡུལ་གྱི་སེམས་ཅན་དེ་དག་དགའ་བ་སྐྱེ་བ་མིན་པའི་ཚུལ་གྱིས་ཞིང་སེམས་ཅན་དེ་དག་ལ་ཤིན་ཏུ་དྲིན་དུ་བརྩི་ཞིང་དགའ་བའོ། །བཞི་པ་ཕན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔས་ཕན་བཏགས་པ་དེ་ལྟ་བུས་སེམས་ཅན་ལ་བདག་གིས་ཕན་བཏགས་སོ་སྙམ་དུ་མི་སེམས་ཀྱི། ཕན་བཏགས་ཡུལ་སེམས་ཅན་དེ་རྣམས་ཀྱིས་བདག་ལ་ཕན་བཏགས་སོ་སྙམ་དུ་བསམ་པར་བྱེད་དེ། ཕན་བཏགས་ཡུལ་གྱི་སེམས་ཅན་མེད་ན་བདག་གིས་བླ་མེད་བྱང་ཆུབ་ཀྱི་ཚོགས་རྫོགས་པར་མི་འགྱུར་ལ། དེ་དག་ལ་ཕན་བཏགས་པས་བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དེས་བདག་ལ་ཕན་ཆེན་པོ་བཏགས་སོ་ཞེས་སེམས་པའི་ཕྱིར་རོ། །ལྔ་པ་མ་གོས་པའི་བསམ་པ་ནི། བྱང་ཆུབ་སེམས་དཔའ་སྦྱིན་སོགས་ཀྱིས་གཞན་ལ་དེ་ལྟར་ཕན་བཏགས་ཀྱང་། དེའི་ལན་དུ་རེ་བ་དང་མཐོ་རིས་ཀྱི་འབྲས་བུའི་རྣམ་སྨིན་ལ་རེ་བ་མེད་པར་སེམས་ཅན་གྱི་དོན་དུ་དེ་ལྟར་སྤྱོད་ཅིང་རང་དོན་ལ་མ་ཆགས་པའོ། །དྲུག་པ་དགེ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔས་དེ་ལྟར་སྦྱིན་སོགས་རྒྱ་ཆེན་པོ་བྱས་པ་དེའི་འབྲས་བུ་རང་གཅིག་པུས་མྱོང་བར་མི་འདོད་ཀྱིས། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་ཡོངས་སུ་བསྔོ་བའོ། །སྦྱིན་པའི་བསམ་པ་དྲུག་པོ་དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ལ་སྦྱར་བ་ནི། གང་སྟོང་གསུམ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ། མེའི་གཉེན་པོ་ཆུ་ལ་སོགས་པ་བདེ་བར་བྱེད་པའི་ཡོ་བྱད་ཐམས་ཅད་ཀྱིས་རྟག་ཏུ་ཕོངས་བ་དེ་ལྟ་བུའི་གནས་སུ། བདག་གི་ལུས་གཅིག་གི་སྡུག་བསྔལ་མྱོང་བ་ཙམ་མིན་པར་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པས། དུས་བསྐལ་བ་ཚད་ཡོད་བརྒྱ་དང་སྟོང་སོགས་བགྲང་རུང་མིན་པར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་ཚེའི་ཚད་དུ། སྤྱོད་ལམ་སྣ་གཅིག་གིས་མ་ཡིན་གྱི། འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་བཞི་སྤྱོད་པས་སྐད་ཅིག་མ་གཅིག་གི་ཚུལ་ཁྲིམས་བསྒྲུབ་པ་ནས་མཐར་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཀྱང་། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པས་ཆོག་གོ་སྙམ་དུ་མི་བསམ་པ་དང་། ཤེས་རབ་ལ་ཡང་དེ་དང་ཚུལ་འདྲ་བར་སྦྱར་ཏེ་ཆོག་མི་ཤེས་པ་དང་། རྒྱ་ཆེ་བ་སོགས་གོང་དང་ཐུན་མོང་དུ་བཤད་པ་བཞིན་ནོ། །བཞི་པ་ཐབས་ལ་བརྟེན་ཏེ་བསྒོམ་པ་ནི། ཕར་ཕྱིན་རྣམས་གང་དང་གང་སྤྱོད་ཀྱང་དེ་དང་དེའི་འཁོར་གསུམ་དུ་དམིགས་པ་མེད་པའི་ཆ་ནས་ཐབས་རྣམ་པ་གསུམ་དུ་བཤད་ཀྱང་དོན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པ་སྟེ་འདིས་ཡིད་ལ་བྱེད་པ་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་ཅིང་དག་པར་བྱེད་པའི་ཕྱིར་ཐབས་ཞེས་བྱའོ། །ལྔ་པ་དབང་འབྱོར་བ་ཉིད་ལ་བརྟེན་པ་ནི། དག་པའི་ས་གསུམ་དུ་དབང་ཐོབ་པའི་དུས་ན་ཕར་ཕྱིན་རྣམས་ལ་རྩོལ་མེད་ལྷུན་གྱིས་གྲུབ་པར་སྤྱོད་པ་སྟེ། དེ་ལ་བརྟེན་ནས་མཐར་ཐུག་སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་ཕུན་སུམ་ཚོགས་པ་བརྙེས་ནས་སེམས་ཅན་གྱི་དོན་དུ་ཕར་ཕྱིན་དྲུག་ལ་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་ལ་སྐུ་དང་། སྤྱོད་པ་དང་། སྟོན་པ་ལ་དབང་འབྱོར་པར་གསུམ་གྱི་དང་པོ་ཆོས་སྐུ་དང་ལོངས་སྐུ་གཉིས། གཉིས་པ་སྤྲུལ་པའི་སྐུ་དང་། གསུམ་པ་གསུང་གིས་ཆོས་སྟོན་པ་ལ་དབང་འབྱོར་བའོ། །དྲུག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབྱེ་བ་བསྟན་པ་ནི། ཕར་ཕྱིན་རྣམས་ལ་ནང་གི་དབྱེ་བ་དཔག་ཏུ་མེད་པ་ཡོད་མོད་ཀྱི། མདོར་བསྡུས་ཏེ་དབྱེ་བ་བྱས་ན་ཕར་ཕྱིན་རེ་རེ་ལ་ཡང་། རང་བཞིན་ལ་སོགས་པ་རྣམ་པ་དྲུག་རེ་དྲུག་རེ་ཡོད་པས་ཕར་ཕྱིན་རེ་རེ་ཡང་ཚིགས་བཅད་གཉིས་རེས་བསྟན་པ་ནི། དོན་རྣམས་གཏོང་བར་བྱེད་པ་དང་། ཞེས་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏེ། སྦྱིན་པའི་ཕར་ཕྱིན་གྱི་རབ་དབྱེ་ལ། སྦྱིན་པའི་རང་བཞིན་ནམ་ངོ་བོ་ནི་ཡོན་ཏན་གྱི་ཞིང་དང་ཕན་འདོགས་པའི་ཞིང་དང་སྡུག་བསྔལ་ཅན་གྱི་ཞིང་ལ་ཕྱི་དང་ནང་གི་དོན་ནམ་དངོས་པོ་རྣམས་གཏོང་བར་བྱེད་པའོ། །རྒྱུ་འམ་གནས་ནི་མ་ཆགས་པ་སོགས་དགེ་པའི་རྩ་བ་གསུམ་སེམས་པ་ལ་བརྟེན་པ་དང་འབྲས་བུ་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་དང་། བྱེད་ལས་གཞན་ལ་ཕན་བཏགས་པ་དང་རང་སྐྱེ་བ་གཞན་དུ་ལོངས་སྤྱོད་ཆེན་པོ་ཐོབ་པས་རང་གཞན་གཉིས་ཀ་རྗེས་སུ་འཛིན་པ་དང་། ཟང་ཟིང་དང་ཆོས་ཀྱི་སྦྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། ལྡན་པ་ནི་སྦྱིན་པ་དེ་ཡང་སེར་སྣ་མེད་པ་དང་ཐ་མི་དད་དུ་ལྡན་པར་ནི། དབྱེ་བ་གསུང་རབ་ཀྱི་ཚིག་དོན་མ་ནོར་བར་འཆད་པ་ཆོས་ཀྱི་སྦྱིན་པ་དང་། ཕྱི་ནང་གི་དངོས་པོ་གཏོང་བ་ཟང་ཟིང་གི་སྦྱིན་པ་དང་། རྒྱལ་པོ་དང་རྐུན་པོ་མེ་ཆུའི་འཇིགས་པ་སོགས་ལས་བསྐྱབས་པ་མི་འཇིགས་པ་གཏོང་བའམ་སྦྱིན་པ་སྟེ་རྣམ་པ་གསུམ་མོ། ། སྦྱིན་པ་ཡི་ངོ་བོ་དང་རྒྱུ་ལ་སོགས་པ་དེ་འདྲ་བར་ཡོངས་སུ་ཤེས་ནས་མཁས་པ་བྱང་སེམས་རྣམས་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ། ཆོ་ག་ཕུན་སུམ་ཚོགས་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ། སོ་སོར་ཐར་བའི་སྡོམ་པས་བསྡམ་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །དེ་ཡང་དང་པོ་ཚུལ་ཁྲིམས་ཡང་དག་པར་སྲུང་པའོ།། གཉིས་པ་ཆོས་གོས་སོགས་ལུང་བཞིན་སྤྱོད་པ་དང་ལྡན་པས་དམ་པས་མ་སྨད་པའོ།། གསུམ་པ་སྨད་འཚོང་དང་ཤན་པ་ཆང་འཚོང་སོགས་སྤྱོད་ཡུལ་མ་ཡིན་པའི་གནས་ལྔར་འཇུག་པ་སྤངས་པའོ། །བཞི་པ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའོ། །ལྔ་པ་ཉེས་པ་ཕྲ་མོས་ཀྱང་མ་གོས་པར་བྱེད་པའོ། །དྲུག་པ་བསླབ་གཞི་མཐའ་དག་ལ་རྫོགས་པར་སློབ་པའོ། །རྒྱུ་ནི་ཞི་བ་ངེས་འབྱུང་གི་བསམ་པས་ཟིན་པའོ། །འབྲས་བུ་བདེ་འགྲོ་ཐོབ་པར་བྱེད་པ་དང་། སེམས་འགྱོད་པ་མེད་པར་མཐོང་ཆོས་བདེ་བ་རེག་པའི་སྒོ་ནས་སེམས་གནས་པའི་ཏིང་ངེ་འཛིན་འགྲུབ་པ་སྦྱིན་པར་བྱེད་པ་དང་། བྱེད་ལས་ས་ཆེན་པོ་ལོ་ཏོག་ཐམས་ཅད་ཀྱི་རྟེན་ཡིན་པ་ལྟར་དགེ་བའི་ཆོས་ཀུན་གྱི་གཞི་རྟེན་དུ་གྱུར་པ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་། ཚེ་འདིར་ཁ་ན་མ་ཐོ་བ་དང་ཤ་འཁོན་གཉེར་བ་སོགས་ཀྱི་འཇིགས་པ་དང་། ཚེ་རབས་གཞན་དུ་ངན་སོང་གསུམ་གྱི་འཇིགས་པ་མེད་པ་དང་གསུམ་མོ། །ལྡན་པ་ནི་སྒོ་གསུམ་དགེ་བ་ལ་གནས་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པ་དང་། འཇུག་པའམ་དབྱེ་བ་ནི་གསོལ་ཞིང་ཞུ་བའི་ལས་ཀྱིས་མཁན་སློབ་ལས་སོ་སོར་ཐར་བའི་སྡོམ་པ་ནོད་པ་ནི་བརྡར་བཏགས་པའི་ཚུལ་ཁྲིམས་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་ཆོས་ཉིད་ཀྱི་ཐོབ་པའི་ཚུལ་ཁྲིམས་དག་སྟེ། དེ་ལྟ་བུ་རྟེན་གྱི་གང་ཟག་སྡོམ་པ་ལ་གནས་པ་རྣམས་ལ་ཡོད་ཀྱི་གཞན་ལ་མ་ཡིན་ནོ། ། ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། མཁས་པ་ཡང་དག་སྒྲུབ་པར་བྱེད། བཟོད་པའི་ངོ་བོ་ནི་སེམས་ཅན་གྱི་གནོད་པས་མི་མཇེད་པའི་བཟོད་པ་དང་སྡུག་བསྔལ་ལ་ཅི་མི་སྙམ་པའི་བཟོད་པ་དང་། ཆོས་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་གསུམ་གྱི་རང་བཞིན་དུ་གྱུར་པའོ། ། རྒྱུ་ནི་སེམས་ཅན་ལ་སྙིང་རྗེ་བས་གནོད་པས་མི་མཇེད་པའམ་མི་འཁྲུགས་པ་དང་། ཚུལ་ཁྲིམས་ལ་གནས་པ་དང་ཐོས་པའི་ཆོས་ལ་བརྟེན་པའི་ཕྱིར། བཟོད་པ་གཞན་གཉིས་འབྱུང་ངོ་། །འབྲས་བུ་ཕན་ཡོན་ལྔར་ནི་ཡང་དག་པར་བཤད་དེ། འཐབ་རྩོད་མེད་པས་འཁོན་མི་མང་བ་དང་། མཛའ་བོ་མང་བས་དབྱེན་མི་མང་བ་དང་། མཐོང་ཆོས་ལ་ལུས་སེམས་བདེ་བ་དང་། དགའ་བཞིན་དུ་འཆི་བའི་དུས་བྱེད་པ་དང་། ཤི་འཕོས་ནས་བདེ་འགྲོར་འགྲོ་བའི་ཕན་ཡོན་ལྔའོ། །བཟོད་པ་དེ་ནི་རང་བདེ་བར་གནས་པ་དང་གཞན་ལ་ཟུག་རྔུ་མི་འབྱིན་པས་རང་དང་གཞན་གཉིས་ཀྱི་དོན་བྱེད་དེ་ཞེས་པ་བྱེད་ལས་སོ། །དཀའ་ཐུབ་ཀུན་གྱི་ནང་ན་གཙོ་བོར་གྱུར་པའི་ཡོན་ཏན་དང་ཀུན་ཏུ་ལྡན་པ་ནི་ལྡན་པའི་དོན་ཏོ། །བཟོད་པ་དེ་ལ་སྔར་ངོ་བོའི་སྐབས་སུ་བཤད་པ་དེ་ནི་དབྱེ་བ་རྣམ་པ་གསུམ་དུ་འདོད་དོ། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། མཁས་པ་ཡང་དག་སྒྲུབ་པར་བྱེད། བརྩོན་འགྲུས་ཀྱི་ངོ་བོ་ནི་དགེ་བའི་ཆོས་ལ་ཡང་དག་པར་སྤྲོ་བ་དང་། རྒྱུ་དགེ་ཆོས་ལ་མོས་ཤིང་དད་པ་དང་། དེ་བསྒྲུབ་པར་འདུན་པ་ལ་བརྟེན་པ་དང་། འབྲས་བུ་དྲན་པ་སོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང་། བྱེད་ལས་ཀུན་ནས་ཉོན་མོངས་པའི་གཉེན་པོ་བྱེད་པ་དང་། ལྡན་པ་མ་ཆགས་པ་ལ་སོགས་པ་དག་པའི་ཡོན་ཏན་ཀུན་དང་ལྡན་པ་དང་། བརྩོན་འགྲུས་དེ་དག་ལ་ནི་དབྱེ་བ་དེ་ནི་རྣམ་པ་བདུན་ཏེ། ཡུལ་གྱིས་ཕྱེ་ན་བསླབ་པ་གསུམ་ལ་བརྩོན་པའི་སྒོ་ནས་གསུམ། ངོ་བོས་ཕྱེ་ན་ལུས་དང་སེམས་ཀྱི་བརྩོན་འགྲུས་གཉིས། སྦྱོར་བས་ཕྱེ་ན་གུས་སྦྱོར་དང་རྟག་སྦྱོར་གཉིས་ཏེ་བདུན་ནམ། ཡང་རྣམ་གྲངས་ཀྱི་དབྱེ་སྒོ་གཞན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལུས་ཀྱི་བརྩོན་འགྲུས་ལ་སྒོ་ལྔའི་འཁོར་དུ་སྐྱེས་པའི་སེམས་བྱུང་བརྩོན་འགྲུས་ལྔ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིད་ཤེས་ཀྱི་འཁོར་དུ་བྱུང་པ་གཉིས་ནི་སེམས་ཀྱི་བརྩོན་འགྲུས་ཏེ་རྣམ་པ་བདུན་དུ་ཡང་གསུངས་སོ། ། བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། མཁས་པས་ཡང་དག་སྒྲུབ་པར་བྱེད། བསམ་གཏན་གྱི་ངོ་བོ་སེམས་ནི་ཕྱི་རོལ་གྱི་ཡུལ་ལ་མི་གཡེང་བར་ནང་དུ་རྩེ་གཅིག་གནས་པ་དང་། རྒྱུ་ནི་དམིགས་པ་མ་བརྗེད་པར་དྲན་པ་དང་། རྒྱུན་དུ་སྒོམ་པར་བྱེད་པའི་བརྩོན་འགྲུས་ལ་བརྟེན་པ་དང་། འབྲས་བུ་ལུས་སེམས་ལ་ཤིན་ཏུ་སྦྱང་པའི་བདེ་བ་དང་། འདོད་པའི་ཁམས་ཀྱི་སྡུག་བསྔལ་བྲལ་པའི་ཁམས་གོང་མ་གཟུགས་ཁམས་སུ་སྐྱེ་བས་བདེ་བ་སྐྱེད་པར་བྱེད་པ་དང་། བྱེད་ལས་རྫུ་འཕྲུལ་སོགས་མངོན་པར་ཤེས་པ་དབང་བསྒྱུར་བ་དང་། ལྷ་དང་ཚངས་པ་འཕགས་པའི་གནས་པ་ལ་དབང་བསྒྱུར་བ་ཉིད་བྱེད་དོ། །ལྷའི་གནས་པ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞིའོ། །ཚངས་པའི་གནས་པ་ནི་ཚད་མེད་པ་བཞིའོ། །རྣམ་ཐར་སྒོ་གསུམ་ལ་སོགས་པ་འཕགས་པའི་གནས་པའོ། །ལྡན་པ་ནི་དཀར་པོའི་ཆོས་རྣམས་ཀྱི་གཙོ་བོ་ཡི་ཡོན་ཏན་དང་ལྡན་པ་སྟེ་སེམས་ཀྱི་དབང་ཐོབ་པ་ལ་བརྟེན་ནས་ཡོན་ཏན་ཁྱད་པ་ཅན་འགྲུབ་པ་དང་། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །གཞིའི་འཇུག་པ་ནི་བསམ་གཏན་བསྒོམ་པའི་གང་ཟག་དེ་དག་ལ་ཡོད་ཀྱི་གཞན་ལ་མེད་ཅིང་དེ་ནི་དབྱེ་བ་རྣམ་པ་གསུམ་སྟེ། གཉེན་པོའི་ཡན་ལག་གིས་དབྱེ་ན། རྟོག་དཔྱོད་གཉིས་བཅས། རྟོག་མེད་དཔྱོད་བཅས། རྟོག་དཔྱོད་གཉིས་ཀ་མེད་པ་གསུམ་སྟེ་དོན་གོང་དུ་བཤད་པ་བཞིན་ནོ། ། ཡོན་ཏན་གྱི་ཡན་ལག་གིས་ཕྱེ་ན། བསམ་གཏན་གཉིས་པ་མན་ཆད་དགའ་བ་དང་ལྡན་པ་དང་། གསུམ་པ་བདེ་བ་དང་ལྡན་པ། བཞི་པ་ཡན་ཆད་བཏང་སྙོམས་དང་ལྡན་པ་སྟེ་རྣམ་པ་གསུམ་མོ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། མཁས་པ་ཡང་དག་སྒྲུབ་པར་བྱེད། ཤེས་རབ་ཀྱི་ངོ་བོ་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའོ། །བདེན་དོན་མཐོང་བའི་ཤེས་རབ་དེ་ལྟ་བུའི་རྒྱུ་ནི་ཏིང་ངེ་འཛིན་ལ་བརྟེན་པ་དང་། འབྲས་བུ་ཀུན་ནས་ཉོན་མོངས་པ་རྣམས་ལས་གྲོལ་བར་བྱེད་དེ་འཇིག་རྟེན་པའི་ཤེས་རབ་ཀྱིས་ཉོན་མོངས་པ་རེ་ཞིག་གཞིལ་བར་བྱེད། འཇིག་རྟེན་ལས་འདས་པ་ཉན་རང་གི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་སྤོང་པར་བྱེད། བདག་མེད་གཉིས་རྟོགས་པ་ཐེག་པ་ཆེན་པོའི་ཤེས་རབ་ཀྱིས་སྒྲིམ་པ་གཉིས་ཀྱི་བག་ལ་ཉལ་སྤོང་བར་བྱེད་དོ། ། བྱེད་ལས་ནི་འཇིག་རྟེན་པའི་ཚོང་དང་ཞིང་རྨོ་སོགས་འཚོ་ཚིས་ཤེས་པའི་ཤེས་རབ་ཀྱིས་སྲོག་གནས་སྐབས་སུ་འཚོ་བ་ཙམ་བྱེད་མོད་ཀྱང་། དེ་ལས་ཁྱད་པར་དུ་འཕགས་པ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཚོ་བས་དགེ་བའི་རྩ་བའི་སྲོག་མི་འཆད་པར་མཐར་ཐུག་བྱང་ཆུབ་ཆེན་པོ་རྟག་པའི་གོ་འཕང་འགྲུབ་པས་ཤེས་རབ་ཀྱི་འཚོ་བ་དམ་པ་དང་གཞན་ལ་ལེགས་པར་བཤད་པས་དགེ་བའི་འཚོ་བ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ལྡན་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་སྣོད་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཡུམ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དམ་པའོ། །གཙོ་བོའོ། །ཁྱད་པར་ཅན་ནོ། །ཞེས་གསུངས་པ་བཞིན་ནོ། །གཞིའི་འཇུག་པ་ནི་རྟེན་གྱི་གང་ཟག་ཤེས་རབ་ཅན་རྣམས་ལ་ཡོད་ཀྱི་གཞན་ལ་མེད་པའི་ཁྱད་པར་དང་ཤེས་རབ་དེ་ལ་འཇུག་པའི་དབྱེ་བ་ནི། སྐབས་འདིར་ཤེས་རབ་ཀྱི་གཙོ་བོའི་དབང་དུ་བྱས་ཏེ་འཇིག་རྟེན་པའི་ཤེས་རབ་ཆོས་མཆོག་མན་ཆད་དང་འཇིག་རྟེན་འདས་པ་ཆུང་ངུའི་ཉན་རང་གི་ཤེས་རབ་དང་། འཇུག་རྟེན་ལས་འདས་པ་ཆེན་པོ། བྱང་སེམས་འཕགས་པ་རྣམས་ཀྱི་ཤེས་རབ་དང་རྣམ་པ་གསུམ་མོ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། ། མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །བདུན་པ་དཀར་པོའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་བསྡུ་བ་ནི། དཀར་པོའི་ཆོས་ཀུན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ས་དང་ཕར་ཕྱིན་བྱང་ཕྱོགས་དགེ་བསྡུ་ལ་སོགས་པའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུ་སྟེ། ཇི་ལྟར་ན་དཀར་པོའི་ཆོས་ཀུན་ནི་མདོར་བསྡུ་ན་མཉམ་པར་མ་བཞག་པ་རྣམ་པར་གཡེང་བ་ཡི་གནས་སྐབས་ཀྱིས་བསྡུས་པའི་དགེ་བ་ཇི་སྙེད་པ་དང་། མཉམ་པར་བཞག་པའི་སེམས་ཀྱིས་བསྡུས་པའི་དགེ་བ་ཇི་སྙེད་པ་དང་། མཉམ་པར་བཞག་པ་ཡང་ཡིན་ལ་མ་བཞག་པ་ཡང་ཡིན་པས་གཉིས་ཀར་ཤེས་པར་བྱ་བ་བཟོད་བརྩོན་ལྟ་བུ་སྟེ་ཆ་གསུམ་དུ་འདུ་བ་ལས། མཉམ་པར་མ་བཞག་པའི་དགེ་བའམ་དཀར་པོའི་ཆོས་ཀུན་ཕ་རོལ་ཏུ་ཕྱིན་པ་སྦྱིན་པ་དང་ཚུལ་ཁྲིམས་ཏེ་དང་པོ་གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན་ཏེ། སྦྱིན་པ་ཡང་ལུས་ཀྱི་སྒོ་ནས་ཡོངས་སུ་གཏོང་བས་མཉམ་པར་མ་བཞག་པའི་ངོ་བོ་ཡིན་ཞིང་། ཚུལ་ཁྲིམས་ཀྱང་། སོ་ཐར་དང་། བསམ་གཏན། ཟག་མེད་ཀྱི་སྡོམ་པ་གསུམ་ལས། སོ་ཐར་གྱི་ལུས་ངག་གི་སྤོང་བ་བདུན་ནི་མཉམ་པར་མ་བཞག་པ་སྟེ། སེམས་ཀྱིས་བསྡུས་པ་མིན་པས་སོ། །བསམ་གཏན་ཤེས་རབ་གཉིས་ཀྱིས་མཉམ་པར་བཞག་པའི་དཀར་ཆོས་རྣམས་བསྡུས་ཏེ། བསམ་གཏན་ནི་དངོས་སུ་མཉམ་པར་བཞག་པའི་རང་བཞིན་ཡིན་ལ། དེའི་ནང་དུ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་བསྡུའོ། ། ཤེས་རབ་ལ་ཐོས་བསམ་གྱི་ཤེས་རབ་ནི་མཉམ་པར་མ་བཞག་པའི་ནང་དུ་བསྡུ་ལ། བསྒོམ་པའི་ཤེས་རབ་ནི་མཉམ་བཞག་ཏུ་འདུ་སྟེ། ལྷག་མཐོང་ཡིན་པས་སོ། ། བཟོད་པ་བརྩོན་འགྲུས་གཉིས་ནི། མཉམ་པར་མ་བཞག་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་འཇུག་པའི་དུས་ན་ཡོད་པ་མ་བཞག་པར་གཏོགས་ལ། ཞི་ལྷག་སྒོམ་པའི་དུས་ན་ཡང་བཟོད་བརྩོན་ཡོད་པ་ནི་མཉམ་པར་བཞག་པར་གཏོགས་པ་ཡིན་པས། དེ་གཉིས་ཀྱིས་དེ་དག་ཡོངས་སུ་བསྡུས་པའོ། །བརྒྱད་པ་ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་སྤོང་བ་ནི། ཕྱིན་དྲུག་རེ་རེར་ཚིགས་བཅད་རེ་རེས་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། མི་མཐུན་ཕྱོགས་བདུན་དང་བྲལ་བ་སྟེ། གང་ཞེ་ན་ལོངས་སྤྱོད་ཀྱི་དངོས་པོ་ལ་ཆགས་ནས་གཏོང་མི་ཕོད་པ་ནི་མི་མཐུན་ཕྱོགས་ཡིན་ལ། དེ་སྤང་བས་ལོངས་སྤྱོད་ལ་མ་ཆགས་པའོ། །སློང་བ་འོང་ན་དེ་མ་ཐག་ཏུ་མི་སྦྱིན་པར་དུས་བརྒྱང་སྟེ་ཕྱི་བཤོལ་བྱེད་པ་སྤངས་པས། ཕྱི་བཤོལ་ལ་མི་ཆགས་པ་དང་། སྦྱིན་པ་འདི་ཙམ་བཏང་བས་ཆོག་ཞེའམ། གང་ཟག་འདི་ཙམ་ལ་སྦྱིན་ཞེས་སམ། ཕྱོགས་འདིར་སྦྱིན་དུས་འདི་ཙམ་ཞིག་སྦྱིན་ཞེས་ཕྱོགས་ལྷུང་རིས་ཆད་ལྟ་བུས་ཆོག་འཛིན་མེད་པར། དངོས་པོ་དང་ཡུལ་དུས་གང་ཟག་ཕྱོགས་ལྷུང་མེད་པར་བྱེད་པས་ཆོག་པར་འཛིན་པ་ལ་ཆགས་པ་མེད་པ་དང་། སྦྱིན་པ་བྱིན་པའི་ལན་ལ་རེ་བས་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། སྦྱིན་པ་བྱིན་པས་མ་འོངས་པ་ན་ལོངས་སྤྱོད་ཆེན་པོའི་རྣམ་སྨིན་འདོད་པ་ལ་མ་ཆགས་པ་དང་། མི་མཐུན་ཕྱོགས་སེར་སྣ་དང་ཆགས་པའི་བག་ཉལ་ལ་མི་ཆགས་པ་སྟེ། སེར་སྣས་བསླད་པ་ཅུང་ཟད་ཀྱང་མེད་པར་གཏོང་བའོ། །ཡིད་བྱེད་དང་རྣམ་རྟོག་གི་རྣམ་པར་གཡེང་བ་ལ་ཆགས་པ་མེད་པ་ནི་སྦྱིན་པ་ལ་སོགས་པ་ཉན་རང་གི་བྱང་ཆུབ་ཏུ་བསྡོ་བའི་ཡིད་བྱེད་དང་། འཁོར་གསུམ་དུ་དམིགས་པའི་རྣམ་པར་རྟོག་པ་སྤངས་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། འཆལ་ཚུལ་ལ་མ་ཆགས། ཕྱི་བཤོལ་ལ་མི་ཆགས། ཕྱོགས་རེའི་ཆོག་འཛིན་ལ་ཆགས་པ་མེད། ཚུལ་ཁྲིམས་ཀྱིས་གཞན་གནོད་མ་བྱས་པ་སོགས་ཀྱིས་ལན་དུ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། ཟག་བཅས་ཀྱི་རྣམ་སྨིན་ལ་མ་ཆགས། ཉོན་མོངས་པའི་བག་ཉལ་ལ་མི་ཆགས། དམན་ལམ་ཡིད་བྱེད་དང་འཁོར་གསུམ་དངོས་ཞེན་གྱི་རྣམ་རྟོག་ལ་ཆགས་པ་མེད་པའོ། །བྱང་ཆུབ་སེམས་དཔའི་བཟོད་པ་ནི་ཞེ་སྡང་གིས་རྒྱུད་འཁྲུགས་ནས་གཞན་ལ་གནོད་པ་བྱེད་པ་ལ་མ་ཆགས་པ་དང་། དེ་མ་ཐག་ཏུ་བཟོད་པར་མི་བྱེད་པར་ཕྱི་བཤོལ་ལ་མི་ཆགས་པ་དང་། བཟོད་པ་ཉི་ཚེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་མེད་པ་དང་། འདི་ལ་བཟོད་པར་བྱས་ན་ཚུར་རང་ལ་ལན་དུ་ཕན་འདོག་པ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། བཟོད་པ་བསྒོམས་ན་མ་འོངས་པར་གཟུགས་བྱད་བཟང་ཞིང་འཁོར་མང་པོར་འགྱུར་རོ་སྙམ་དུ་རྣམ་སྨིན་ལ་མ་ཆགས་པ་དང་། མི་མཐུན་ཕྱོགས་ཞེ་སྡང་གི་བག་ཉལ་ལ་མི་ཆགས་པ་དང་། ཡིད་བྱེད་དང་རྣམ་རྟོག་གི་གཡེང་བ་ལ་ཆགས་པ་མེད་པའོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི། མི་མཐུན་ཕྱོགས་ལེ་ལོ་མངོན་གྱུར་ལ་མ་ཆགས་པ་དང་། དགེ་ཕྱོགས་ལ་མྱུར་དུ་མི་འཇུག་པར་ཕྱི་བཤོལ་ལ་མི་ཆགས་པ་དང་། བརྩོན་འགྲུས་ཉི་ཙེ་བས་ཆོག་པར་འཛིན་པ་ལ་ཆགས་པ་མེད་པ་དང་། གཞན་དོན་ལ་བརྩོན་པས་དེས་བདག་ལ་ཕན་འདོགས་པའི་ལན་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། མ་འོངས་པར་ལས་ཀྱི་མཐའ་རྣམས་འགྲུབ་པ་སོགས་རྣམ་སྨིན་ལ་མ་ཆགས་པ་དང་། མི་མཐུན་ཕྱོགས་ལེ་ལོའི་བག་ཉལ་ལ་མི་ཆགས་པ་དང་། དམན་ལམ་ཡིད་བྱེད་དང་འཁོར་གསུམ་རྣམ་པར་རྟོག་པ་ལ་ཆགས་པ་མེད་པའོ། ། བྱང་ཆུབ་སེམས་དཔའི་བསམ་གཏན་ནི་མི་མཐུན་ཕྱོགས་རྣམ་གཡེང་མངོན་གྱུར་ལ་མ་ཆགས་པ་དང་། ནམ་ཞིག་བསྒོམ་སྙམ་དུ་ཕྱི་བཤོལ་ལ་མི་ཆགས་པ་དང་། བསམ་གཏན་ཉི་ཙེ་བ་ཙམ་གྱིས་ཆོག་འཛིན་ལ་ཆགས་པ་མེད་པ་དང་། བསམ་གཏན་གྱིས་གཞན་ལ་ཕན་བཏགས་པའི་ལན་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་ལ་ནད་མེད་པ་དང་ཁམས་གོང་མར་སྐྱེ་བའི་རྣམ་སྨིན་ལ་མ་ཆགས་པ་དང་། མི་མཐུན་ཕྱོགས་རྣམ་གཡེང་གི་བག་ཉལ་ལ་མི་ཆགས་པ་དང་། དམན་ལམ་ཡིད་བྱེད་དང་འཁོར་གསུམ་དུ་རྟོག་པའི་གཡེང་བ་ལ་ཆགས་པ་མེད་པའོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ནི། རྟག་ཆད་ཀྱི་ལྟ་བ་སོགས་ཤེས་རབ་འཆལ་བ་མངོན་གྱུར་ལ་མ་ཆགས་པ་དང་། དགེ་བའི་བཤེས་གཉེན་བཀུར་སྟིས་བསྟེན་པ་དང་ཐོས་བསམ་སོགས་ལ་ཕྱི་བཤོལ་བྱེད་པ་ལ་མི་ཆགས་པ་དང་། ཤེས་རབ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་མེད་པ་དང་། བདག་གིས་ཆོས་བཤད་པ་ན་གཞན་གྱིས་བདག་ལ་ཕན་འདོགས་སུ་རེ་བས་ལན་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། དེ་ལྟ་ཤེས་རབ་སྦྱངས་ན་མ་འོངས་པ་ན་མཁས་པར་འགྱུར་སྙམ་དུ་རྣམ་སྨིན་ལ་མ་ཆགས་པ་དང་། འཆལ་པའི་ཤེས་རབ་ཀྱི་བག་ལ་ཉལ་ལ་མི་ཆགས་པ་དང་། དམན་པའི་མྱང་འདས་སུ་བསྔོ་བ་དང་འཁོར་གསུམ་དངོས་ཞེན་གྱི་རྣམ་རྟོག་གི་གཡེང་བ་ལ་ཆགས་པ་མེད་པའོ། །དགུ་པ་ཕ་རོལ་ཏུ་ཕྱིན་བ་རྣམས་ཀྱི་ཡོན་ཏན་བསྟན་པ་སངས་རྒྱས་སྲས་རྣམས་སློང་དང་འཕྲད་ན་སོགས་ཚིགས་བཅད་ཉེར་གསུམ་གྱིས་བསྟན་པ་ལས། དང་པོ་ཕར་ཕྱིན་དྲུག་པོ་རེ་རེ་ཡང་རྒྱ་ཆེ་བ་དང་ཟང་ཟིང་མེད་པ་དང་དོན་ཆེ་བ་དང་། མི་ཟད་པའི་ཡོན་ཏན་བཞི་དང་ལྡན་པར་བསྟན་པ་ནི། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་སློང་བ་པོ་དང་འཕྲད་ན་རང་གི་སྲོག་ཀྱང་གཏོང་ན་དངོས་པོ་གཞན་ལྟ་ཅི་སྨྲོས་སོ། །གཏོང་བ་དེ་ཡང་དུས་རེས་འགའ་བ་མ་ཡིན་པར་འཁོར་བའི་མཐའི་བར་དུ་རྟག་ཏུ་གཏོང་པ་ནི་སྦྱིན་པ་ཆེ་བའི་ཡོན་ཏན་ནོ། །སྙིང་རྗེས་ཀུན་ནས་བསླང་སྟེ་གཞན་ལ། ཕན་འདོད་ཁོ་ནས་སྦྱིན་པ་ཡིན་པས། གཞན་ལས་ཕན་བཏགས་པ་དེའི་ལན་ཀྱང་མི་རེ་ལ་ཕྱི་མར་སྦྱིན་པ་དེའི་རྣམ་སྨིན་ཡིད་འོང་འདོད་པའི་འབྲས་བུའང་དོན་དུ་མི་གཉེར་བ་ནི་ཟང་ཟིང་མེད་པའོ། ། སྦྱིན་པ་དེ་ཉིད་ཀྱིས་བསྡུས་ནས་ཀྱང་སྐྱེ་བོ་ཐམས་ཅད་རང་རང་མོས་པའི་བྱང་ཆུབ་གསུམ་ལ་བཀོད་པ་ནི་དོན་ཆེ་བའོ། །སྦྱིན་པ་དེ་ཉིད་འཁོར་གསུམ་མི་དམིགས་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་པ་ལྟར་འཁོར་བའི་འབྲས་བུ་སྨིན་ནས་ཟད་པ་དང་། ཉན་རང་ལྟར་མྱང་འདས་ཐོབ་ནས་ཟད་པ་མིན་པར། འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་སྟེ། འཇིག་རྟེན་དག་ན་ཕྱི་མའི་མཐའི་བར་དུ་མི་ཟད་པར་བཞག་པ་ནི་མི་ཟད་པའི་ཡོན་ཏན་ནོ། །སངས་རྒྱས་སྲས་རྣམས་ཉེས་སྤྱོད་སྡོམ་པ་དང་། དགེ་ཆོས་སྡུད་པ་དང་། གཞན་དོན་ལ་བརྩོན་པའི་རང་བཞིན་ཅན་གྱི་ཚུལ་ཁྲིམས་གསུམ་པོ་མ་ཚང་བ་མེད་པ་དུས་རྟག་པ་སྟེ་བྱང་ཆུབ་ཆེན་པོ་ཐོབ་པའི་བར་དུ་ཡང་དག་པར་བླངས་པ་ནི་ཉན་ཐོས་སོགས་ལ་མེད་པའི་རྒྱ་ཆེ་བའི་ཡོན་ཏན་ནོ། །ཚུལ་ཁྲིམས་དེའི་འབྲས་བུ་མཐོ་རིས་མངོན་པར་མི་འདོད་ལ་མཐོ་རིས་ཡང་དག་པར་ཐོབ་ཀྱང་དེའི་བདེ་བ་ལ་ཆགས་པ་མི་སྐྱེད་པ་ཟང་ཟིང་མེད་པའི་ཡོན་ཏན་ནོ། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད་པ་ནི་དོན་ཆེ་པའི་ཡོན་ཏན་ནོ། །ཚུལ་ཁྲིམས་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་པའི་གཏེར་དུ་བཞག་པ་ནི་མི་ཟད་པའི་ཡོན་ཏན་ནོ། །རྒྱལ་བའི་སྲས་རྣམས་ཤིན་ཏུ་བྱ་དཀའ་བ་སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་ཡུན་རིང་པོར་འཁོར་བར་སྐྱེ་བ་བསམ་བཞིན་འཛིན་ཅིང་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ལ་ཅི་མི་སྙམ་པ་དང་། དེ་བཞིན་མི་ཡི་གནོད་པ་ཀུན་བཟོད་པས་རྒྱ་ཆེ་བའོ། །བཟོད་པ་བསྒོམ་པ་དེ་ཡང་རང་གིས་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བ་མིན་ལ། མངོན་པར་ཤེས་པའི་མཐུ་དང་ལྡན་པས་ཕ་རོལ་ལ་གནོད་ལན་བྱེད་མ་ནུས་པས་མིན་ཞིང་སེམས་ཅན་དེ་ལ་འཇིགས་པས་བཟོད་པ་མ་ཡིན་ཏེ་འཇིགས་པ་སྔ་དང་བྲལ་བས་སོ། །ཚུལ་རང་ལ་ཕན་པར་ལྟ་བས་མ་ཡིན་པས་ཟང་ཟིང་མེད་པའོ། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད་པ་ནི་དོན་ཆེ་བའོ། །བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག་པ་མི་ཟད་པའི་ཡོན་ཏན་ནོ། །རྒྱལ་བའི་སྲས་རྣམས་བསམ་པ་གོ་ཆ་དང་རྗེས་སུ་བསྒྲུབ་པའི་སྦྱོར་བའི་བདག་ཉིད་ཀྱི་བརྩོན་འགྲུས་ནི་ཉོན་མོངས་པ་དང་མ་འདྲེས་པས་འཇིག་རྟེན་པའི་བརྩོན་འགྲུས་ལས་འཕགས་ཤིང་། བདག་མེད་གཉིས་རྟོགས་པ་དང་རང་གཞན་དོན་གཉིས་སྒྲུབ་པས་ཉན་རང་གི་བརྩོན་འགྲུས་ལས་འཕགས་ཤིང་། ཕྱོགས་དང་དུས་ཀྱི་ཚད་དཔག་པར་དཀའ་བའི་བརྩོན་འགྲུས་ཡིན་པས་དཔེ་མེད་པ་རྩོམ་པར་བྱས་པ་ནི་རྒྱ་ཆེ་བའོ། །དེས་རང་དང་གཞན་གྱི་ཉོན་མོངས་པའི་ཚོགས་གཞོམ་པར་བྱས་ནས་བྱང་ཆུབ་དམ་པ་ཐོབ་པར་བྱེད་པ་ཟང་ཟིང་མེད་པའོ། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད་པ་ནི་དོན་ཆེ་བའི་ཡོན་ཏན་ནོ། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག་པ་མི་ཟད་པའི་ཡོན་ཏན་ནོ།། རྒྱལ་བའི་སྲས་རྣམས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་ཤིན་ཏུ་མང་པོ་དང་ལྡན་ཞིང་བསམ་གཏན་བཞི་སོགས་དང་རྣམ་ཐར་ཟད་པར་ཟིལ་གནོན་སོགས་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པ་ནི་རྒྱ་ཆེ་བའོ། ། བསམ་གཏན་གྱི་བདེ་བ་ཕུལ་དུ་བྱུང་བ་ཅན་གྱིས་གནས་ཤིང་དེ་ཡི་རོ་མི་མྱོང་བར་སྙིང་རྗེས་སྐྱེ་བ་དམན་པ་འདོད་པའི་ཁམས་སུ་སྐྱེ་བ་ལ་བརྟེན་པ་ནི་ཟང་ཟིང་མེད་པའོ། །བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད་པ་དོན་ཆེ་བའོ། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག་པ་མི་ཟད་པའི་ཡོན་ཏན་ནོ། །རྒྱལ་བའི་སྲས་རྣམས་དེ་ཁོ་ན་ཉིད་ཇི་ལྟ་བ་དང་། ཤེས་བྱ་གང་ཡིན་པ་ཇི་སྙེད་པ་མཐའ་དག་རྣམ་པ་ཀུན་དུ་ཤེས་པ་རྒྱ་ཆེ་བའི་ཡོན་ཏན་ནོ། །མྱ་ངན་ལས་འདས་པ་ལའང་བློ་ཡི་ཆགས་པ་རབ་ཏུ་མི་སྐྱེད་ན་འཁོར་བར་སྨོས་ཅི་དགོས་ཏེ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ནི་ཟང་ཟིང་མེད་པའི་ཡོན་ཏན་ནོ། །ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད་པར་བྱེད་པ་ནི་དོན་ཆེ་བའི་ཡོན་ཏན་ནོ། །ཡེ་ཤེས་དེ་སྲིད་ཞིའི་མཐའ་ལ་མི་གནས་པ་ཡིན་པས་ངོ་བོ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་དང་འདུ་འབྲལ་མེད་པར་གྱུར་པའི་ཕྱིར་སེམས་ཅན་ཡོངས་སུ་གཟུང་བས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་པ་ཉིད་དུ་བཞག་པ་ནི་ནམ་ཡང་རྒྱུན་མི་འཆད་ཅིང་ཁྱབ་པས་མི་ཟད་པའི་ཡོན་ཏན་ནོ། ། དེ་ལྟར་རྒྱ་ཆེ་བ་དང་ཟང་ཟིང་མེད་པ་དང་། དོན་ཆེ་བ་དང་། མི་ཟད་པ་སྟེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་ཡོན་ཏན་བཞིར་ནི་ཤེས་པར་བྱའོ། །སླར་ཡང་ཕར་ཕྱིན་དྲུག་གི་ཡོན་ཏན་རྣམ་པར་དག་པས་ཁྱད་པར་དུ་འཕགས་ཚུལ་དང་། མཆོག་ཏུ་གྱུར་པའི་ཚུལ་བསྟན་པ་དང་། སྦྱིན་པའི་བསྔགས་པས་མཚོན་ནས་བསྟན་པ་དང་། བརྩོན་འགྲུས་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་བཞི་ལས ། དང་པོ་སློང་བ་མཐོང་རྫོགས་སོགས་ནས། ཉི་མའི་ཟེར་བཞིན་མཚུངས་པ་མེད་ཅེས་པའི་བར་གྱིས་བསྟན་ཏེ། དང་པོ་སྦྱིན་པའི་བསྔགས་པ་ནི། སློང་བ་པོ་དེས་གཏོང་བ་པོ་མཐོང་ན་དགའ་བ་དང་། མཐོང་ནས་རང་གིས་འདོད་པ་བཞིན་སྦྱིན་པ་རྫོགས་པར་བྱས་པའི་གནས་སྐབས་ན་དགའ་བ་དང་གཏོང་བ་པོ་མ་མཐོང་བ་དང་སྦྱིན་པ་མ་རྫོགས་པའི་གནས་སྐབས་སུ་མི་དགའ་བ་དང་། གཏོང་ལྡན་མཐོང་བ་དང་དེས་རང་ལ་སྦྱིན་པ་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་རྟག་ཏུ་ཡིད་ཀྱིས་སྨོན་པ་དེ་ལྟ་བུ་ཡང་། སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བརྩེ་བར་ལྡན་པས་ནི། སློང་བ་པོ་མཐོང་ཞིང་སྦྱིན་པ་རྫོགས་ན་དག འ་བ་དང་དེ་གཉིས་བྲལ་བ་ལ་མི་དགའ་བ་དང་སློང་བ་མཐོང་བ་དང་དེ་ལ་སྦྱིན་པ་རྫོགས་པར་བྱེད་པ་ལ་སྨོན་པ་དེ་གསུམ་སློང་བ་པོའི་དགའ་བ་སོགས་ལས་ལྷག་པར་ལྡན་པས། སློང་བ་པོའི་དེ་གསུམ་རྟག་ཏུ་ཟིལ་གྱིས་གནོན་ཏེ། སློང་བ་པོས་སྦྱིན་པ་བྱེད་པ་དེ་མཐོང་བས་དགའ་བ་དེ་བས་ཆེས་ལྷག་པར་བྱང་ཆུབ་སེམས་དཔས་སློང་བ་པོ་མཐོང་བས་དགའ་བ་དང་། སློང་བ་པོས་སྦྱིན་པ་ཐོབ་ནས་བསམ་པ་ཡོངས་སུ་རྫོགས་པའི་དགའ་བ་དེ་ལས་བྱང་ཆུབ་སེམས་དཔས་དེ་ལ་གཏོང་བ་ཡོངས་སུ་རྫོགས་པའི་དགའ་བ་ལྷག་པར་ཆེ་བ་སོགས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྦྱིན་པ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། ། ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་ནི། སྙིང་བརྩེ་བས་སེམས་ཅན་རྣམས་ལ་ནི། རང་གི་སྲོག་དང་ལོངས་སྤྱོད་དང་ཆུང་མ་དག་རྟག་ཏུ་བཏང་བ་ལ་མི་དགའ་བ་ཅུང་ཟད་མེད་པར་ཤིན་ཏུ་དགའ་བར་བྱེད་པ་བྱང་ཆུབ་སེམས་དཔའ་དེས། རང་གི་དོན་དུ་གཞན་གྱི་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དེ་སྤོང་བ་ཇི་ལྟར་སྲུང་བར་མི་འགྱུར། དེའི་ཕྱིར་ལུས་ཀྱི་མི་དགེ་བ་གསུམ་སྤོང་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཡིན་ནོ། །བྱང་སེམས་འཕགས་པ་རང་གི་ལུས་དང་སྲོག་ལའང་མི་ལྟ་བ་དང་། སེམས་ཅན་ལ་སེམས་སྙོམས་ཤིང་། འཇིགས་པ་ལྔ་དང་བྲལ་བས་རྒྱལ་པོའི་ཆད་པ་སོགས་ཀྱིས་མི་འཇིགས་པ་དང་། ལུས་ཅན་ཐམས་ཅད་ལ་སྙིང་བརྩེ་པའི་ཕྱིར་རང་ལ་བདོག་པ་ཀུན་སྟེར་བ་དེ་ཡིས་གཞན་ལ་བསླུ་ཞིང་གནོན་པར་བྱེད་པ་ཡིས། མི་བདེན་པ་ལོག་པའི་ཚིག་རྫུན་ནི་ཇི་ལྟར་སྨྲ་སྟེ། རྫུན་སྨྲ་བ་ནི་རང་གི་ལུས་དང་སྲོག་གི་ཕྱིར་སྨྲ་བའམ། ཡང་ན་ཉེ་དུ་སོགས་འགའ་ཞིག་བྱམས་པས་དེའི་ཆེད་དུའམ། དགྲ་སོགས་གཅིག་ལ་གནོད་པའི་ཕྱིར་སེམས་མི་སྙོམས་པའི་དབང་གིས་རྫུན་སྨྲ་ལ། ཡང་ན་རྒྱལ་པོ་དང་རྐུན་པོ་སོགས་ཀྱི་འཇིགས་པས་རྫུན་སྨྲ་བ་དང་། ཡང་ན་རང་གི་ཆུང་མ་དང་ནོར་སོགས་བྲལ་བར་དོགས་ནས་མི་བདེན་པ་སྨྲ་ནའང་། རྒྱུ་དེ་དག་བྱང་ཆུབ་སེམས་དཔའ་ལ་མེད་པའི་ཕྱིར། རྫུན་སྨྲ་བ་མི་སྲིད་དོ། ། དེ་བཞིན་དུ་གཞན་སེམས་ཅན་ཀུན་ལ་སྙོམས་པར་ཕན་འདོགས་པར་འདོད་པའི་བརྩེ་བ་ཅན་ཡིན་པ་དང་། གང་ཟག་གཞན་གྱི་སྡུག་བསྔལ་སྐྱེ་བས་རང་ཉིད་ཤིན་ཏུ་འཇིགས་ཤིང་དེ་ལ་དེ་མི་འབྱུང་བར་འདོད་པ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་འདུལ་བ་ལ་སེམས་རྩེ་གཅིག་ཏུ་བརྩོན་པ་ཡིན་པས། གོང་གི་རིམ་པ་བཞིན་ངག་གི་ཉེས་པ་མཛའ་བ་དང་མི་མཛའ་བའི་སེམས་མི་སྙོམས་པའི་དབང་གིས་ཕྲ་མ་སྨྲ་བ་དང་། གཞན་སྡུག་བསྔལ་བར་འདོད་པས་ཚིག་རྩུབ་མོ་དང་། ཉོན་མོངས་པ་འཕེལ་བའི་ངག་འཁྱལ་བ་ཡི་རྣམ་པ་གསུམ་ལས་ཤིན་ཏུ་རིང་དུ་གྱུར་པ་ཡིན་ནོ། ། བདོག་པ་ཐམས་ཅད་གཏང་བ་དང་གཞན་ལ་སྙིང་རྗེ་ཆེན་པོ་ཅན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་རབ་ཏུ་མཁས་པ་དེ་ནི་ཡིད་ཀྱི་ཉོན་མོངས་པ། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ལ་སོགས་པ་ཆགས་སྡང་རྨོངས་གསུམ་ལས་སྐྱེས་པ་ཀུན་ཇི་ལྟ་བུར་ན་དང་དུ་ལེན་རིགས་ཏེ་རང་གི་བདོག་པ་ཀུན་གཞན་ལ་གཏོང་བས་གཞན་གྱི་བདོག་པ་ལ་བརྣབ་སེམས་མི་རིགས་པ་སོགས་སུ་རིམ་པར་སྦྱང་ནས་ཤེས་པར་བྱའོ། །བཟོད་པ་རྣམ་པར་དག་པ་ནི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་ལ་གང་གི་ཚེ། གཞན་གྱིས་གནོད་པ་བྱེད་པ་དང་། གཞན་ལ་ཕན་པའི་ཕྱིར་རང་སྡུག་བསྔལ་བ་ལ་འདི་ནི་བྱང་ཆུབ་མཆོག་གི་རྒྱུ་བཟོད་པ་རྫོགས་པའི་ཐབས་ཡིན་ནོ། ། སྙམ་དུ་གནོད་བྱེད་དང་སྡུག་བསྔལ་གྱི་འདུ་ཤེས་མི་སྐྱེ་བར་ཕན་པར་བྱེད་པའི་མཆོག་དང་བདེ་བའི་འདུ་ཤེས་ཀྱི་དགའ་བ་རྙེད་པར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་ཡིས་མི་བཟོད་པའི་ཡུལ་གང་ལ་བཟོད་པར་བྱ་དཀའ་བ་ཅི་ཞིག་བཟོད་པར་བྱ་སྟེ། དེ་ལ་མི་བཟོད་པའི་འདུ་ཤེས་མེད་པས་ན་དཔེར་ན་ཉ་ཆུ་ལ་འཇུག་པ་དང་རི་དྭགས་མེའི་གཙང་སྒྲ་ཅན་མེ་ལ་འཇུག་པ་ལ་མི་བཟོད་པ་ཅི་ཡང་མེད་པ་ལྟ་བུའོ། །བརྩོན་འགྲུས་རྣམ་པར་དག་པ་ནི། བྱང་ཆུབ་སེམས་དཔའ་རྣམས་གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་ཏེ་བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་དང་། བདག་གིས་བདག་གཞན་མཉམ་པ་ཉིད་ཀྱི་དོན་རྟོགས་ཀྱང་དེ་ལྟར་མ་རྟོགས་པའི་སེམས་ཅན་གཞན་ལ་དམིགས་ནས། བདག་བས་ཆེས་ལྷག་པར་སེམས་ཅན་གཞན་ལ་རྟག་ཏུ་བྱམས་པ་དང་། སེམས་ཅན་རྣམས་ཀྱི་དོན་དུ་དཀའ་བ་དཔག་ཏུ་མེད་པ་སྤྱོད་ཕྱིར་བརྩེ་བ་ཆེན་པོ་དང་བཅས་པ་དེ་ལ་གཞན་དོན་དུ་བརྩོན་འགྲུས་རླབས་པོ་ཆེ་སྤྱོད་པ་དེ་ལྟ་བུ་དཀའ་བ་ཅུང་ཟད་མིན་ལ། བདག་པས་གཞན་གཅེས་ཀྱི་བློས་གཞན་དོན་དུ་དཀའ་བ་སྤྱོད་པ་འདི་ནི་གཞན་འཇིག་རྟེན་དང་ཉན་རང་རྣམས་ཀྱིས་བགྱི་བར་ཤིན་ཏུ་དཀའ་བ་ཡིན་ནོ། །བསམ་གཏན་རྣམ་པར་དག་པ་ནི་འཇིག་རྟེན་པ་དང་ཉན་ཐོས་དང་རང་རྒྱལ་གསུམ་གྱི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་ལྟོས་ན་བདེ་བ་ཆུང་བ་སྟེ་འཇིག་རྟེན་པའི་ཟག་བཅས་ཀྱི་བདེ་བ་དང་། ཉན་རང་གི་བསམ་གཏན་ཟག་མེད་པས་རང་རྒྱུད་འབའ་ཞིག་ཚིམ་པར་བྱེད་ཀྱི་གཞན་ལ་སིམ་པར་མི་བྱེད་པའི་ཕྱིར་རོ། །འཇིག་རྟེན་པ་རྣམས་བདག་ཏུ་འཛིན་པའི་དབང་གིས་འཁོར་བའི་བདེ་བ་འདོད་པ་དང་། ཉན་རང་རྣམས་བདག་གཅིག་པུ་མྱང་འདས་ཀྱི་བདེ་བ་འདོད་པ་དང་།འཇིག་རྟེན་པ་རྣམས་འཁོར་ལ་ཞེན་པ་དང་། ཉན་རང་རྣམས་ཞི་བ་ལ་ཞེན་པ་དང་། འཇིག་རྟེན་པའི་བསམ་གཏན་གྱི་བདེ་བ་ཡོངས་སུ་ཉམས་པར་འགྱུར་བ་དང་། ཉན་རང་གི་བསམ་གཏན་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་དང་། འཇིག་རྟེན་པས་སྒྲིབ་པ་གཉིས་ཀ་མ་སྤངས་པ་དང་། ཉན་རང་གིས་ཤེས་སྒྲིབ་མ་སྤངས་པས་རྨོངས་པ་དང་བཅས་པར་འདོད་ལ། བྱང་ཆུབ་སེམས་དཔའི་བསམ་གཏན་ནི་དེ་ལས་ལྡོག་པ་སྟེ། ཐེག་པ་ཆེན་པོའི་བསམ་གཏན་དཔག་ཏུ་མེད་པའི་བདེ་བ་རྒྱ་ཆེ་ཞིང་མང་པ་དང་། གཞན་དོན་དུ་ཞུགས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྲིད་ཞིང་ཞེན་པ་མེད་པ་དང་། ཚེ་རབས་ཐམས་ཅད་དུ་འབྱུང་བས་ཉམས་པ་མེད་པ་དང་། ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པ་དང་། སྒྲིབ་པ་གཉིས་ཀ་སྤོང་བས་མ་རྨོངས་པའི་ཁྱད་པར་དྲུག་དང་ལྡན་པའོ། ། ཤེས་རབ་རྣམ་པར་དག་པའི་ཡོན་ཏན་ནི། དཔེ་ཇི་ལྟར་ན་འཇིག་རྟེན་པའི་ཐོས་བསམ་བསྒོམ་པའི་ཤེས་རབ་ནི་མཚན་མོ་སྣང་བ་མེད་པར་དངོས་པོ་ལ་ལག་པས་ནོམ་ཞིང་ཉུག་སྟེ་བཙལ་བ་དང་འདྲ་བར་མི་རྟག་དང་སྡུག་བསྔལ་བ་སོགས་དངོས་པོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མ་ཤེས་པར་རྗེས་སུ་དཔག་མེད་པའི་སྒོ་ནས་འཇལ་བ་ཙམ་མོ། །ཉན་རང་གི་ཤེས་རབ་ནི། ཁེབས་ཀྱི་ནང་གི་སྒྲོན་མེ་འདྲ་སྟེ། སྒྲོམ་མམ་ཁང་བུའམ་ཕུག་ཏུ་མར་མེ་བཞག་ན་དེའི་ནང་ཙམ་ཞིག་གསལ་བ་བཞིན་དུ་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་གང་ཟག་གི་བདག་མེད་པ་ཙམ་རྟོགས་ནས་ཉོན་མོངས་པ་བསལ་བའི་ཤེས་རབ་ཙམ་མོ། ། དེ་བཞིན་དུ་ཤེས་པ་གསུམ་པ་སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའི་ཤེས་པ་ནི་ཉི་མའི་ཟེར་བཞིན་དུ་ཕྱོགས་ཐམས་ཅད་སྣང་བར་བྱེད་པས་མཚུངས་པ་མེད་པ་ཡིན་ཏེ། ཇི་ལྟ་བ་བདག་མེད་གཉིས་ཡོངས་སུ་རྫོགས་པར་རྟོགས་པ་དང་། ཇི་སྙེད་པ་ཀུན་ཉོན་རྣམ་བྱང་གི་ཆོས་ཐམས་ཅད་མ་འདྲེས་པར་ཤེས་པས། སྒྲིབ་པ་གཉིས་སྤོང་བ་དང་བདེན་པ་གཉིས་རྟོགས་པའི་ཕྱིར་རོ། །གཉིས་པ་སྦྱིན་པ་སོགས་མཆོག་ཏུ་གྱུར་བའི་ཡོན་ཏན། སྦྱིན་པ་བརྟེན་དང་གཞི་དང་ནི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། སྦྱིན་སོགས་ཕར་ཕྱིན་དྲུག་པོ་རེ་རེ་ཡང་མཆོག་རྣམ་པ་བརྒྱད་དང་ལྡན་པས་ན་མཆོག་ཏུ་གྱུར་པ་ཡིན་ནོ། །མཆོག་རྣམ་པ་བརྒྱད་ནི། རྟེན་མཆོག་དང་། གཞིའམ་དངོས་པོ་མཆོག་དང་། རྒྱུ་མཚན་མཆོག་དང་། ཡོངས་བསྔོ་མཆོག་དང་། རྒྱུ་མཆོག་དང་། ཡེ་ཤེས་མཆོག་དང་། ཞིང་མཆོག་དང་། གནས་པ་མཆོག་གོ ། དེ་བརྒྱད་དང་ལྡན་པས་ན་ཕ་རོལ་ཏུ་ཕྱིན་པ་དང་། དམ་པ་དང་། མཆོག་གི་ཡོན་ཏན་ལྡན་པའོ། དེ་ཡང་སྤྱིན་པ་ནི། སྤྱིན་པ་གཏོང་བ་པོ་སོ་སྐྱེ་དང་ཉན་རང་ལྟ་བུ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ཡིན་པས་རྟེན་མཆོག་ཏུ་གྱུར་པའོ། །སྦྱིན་པ་བྱ་རྒྱུའི་གཞིའམ་དངོས་པོ་ནི་ཉན་ཐོས་པས་ཟས་གོས་སོགས་ཟང་ཟིང་གི་དངོས་པོ་ཅུང་ཟད་སྦྱིན་པ་དང་། ཆོས་ཉན་ཐོས་ཀྱི་སྡེ་སྣོད་སྦྱིན་པ། ཚེ་འདིའི་གནོད་པ་ལ་སྐྱབས་ཀྱི་སྦྱིན་པ་ལྟ་བུ་ལས་མཆོག་ཏུ་གྱུར་པ་ཤིན་ཏུ་བཏང་བར་དཀའ་བའི་ལོངས་སྤྱོད་རྒྱ་ཆེན་པོ་དང་། མགོ་དང་ཡན་ལག་སོགས་གཏོང་བ་དང་། ཆོས་ཐེག་པ་ཆེན་པོ་སྐྱབས་སྲིད་གཞིའི་མཐའ་ལས་འདས་པའི་བྱང་ཆུབ་ཆེན་པོ་ལ་འགོད་པ་གཙོ་བོར་གྱུར་པའི་སྦྱིན་པ་ཚད་མེད་པ་བྱེད་པའོ། །རྒྱུ་མཚན་ནི་ཀུན་སློང་ཏེ་ཉན་ཐོས་ལྟར་འདོད་པའི་དད་པས་མ་ཡིན་ཏེ་གཙོ་ཆེར་སེམས་ཅན་སྡུག་བསྔལ་བ་མཐོང་ནས་སྙིང་རྗེས་གཏོང་བ་དང་ནི་ཡོངས་སུ་བསྔོ་བ་མཆོག་ནི་སྦྱིན་པའི་འབྲས་བུ་ལྷ་མིའི་བདེ་འབྲས་ཀྱི་ཆེད་དང་། ཉན་རང་གི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་མི་བསྔོ་ཞིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བ་དང་། རྒྱུ་ནི་ཚེ་རབས་སྔ་མར་མ་ཆགས་པ་སོགས་དགེ་རྩ་གསུམ་གྱིས་ཟིན་པའི་སྦྱིན་པ་ལ་ཡང་དག་པར་གོམས་པའི་བག་ཆགས་ཀུན་གཞི་ལ་ཡོད་པའི་དབང་གིས་གང་དུ་སྐྱེས་ཀྱང་སྦྱིན་པའི་ཕར་ཕྱིན་ལ་བརྒྱུད་མར་འཇུག་པའོ། ། འདི་ནི་ཉེར་ལེན་གྱི་རྒྱུ་ས་བོན་ལྟ་བུ་དང་། རྒྱུ་མཚན་ནམ་ཀུན་སློང་སྙིང་རྗེ་ནི་ལྷན་ཅིག་བྱེད་རྐྱེན་ཆུ་དང་ས་ལ་སོགས་པ་ལྟ་བུ་གྲོགས་ཡིན་ནོ། །ཡེ་ཤེས་མཆོག་སྦྱིན་པའི་འཁོར་གསུམ་མི་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའོ། ། ཞིང་ནི་ལྔ་སྟེ། བྲམ་ཟེ་དང་ཚོང་པ་སོགས་རང་ལ་ནོར་ཅུང་ཟད་ཡོད་ཀྱང་སློང་བར་བྱེད་པ་ནི་སློང་པའི་ཞིང་དང་། ནད་པ་སོགས་སྡུག་བསྔལ་བའི་ཞིང་། བཟའ་པ་དང་བགོ་བ་སོགས་དང་བྲལ་བ་མགོན་མེད་པའི་ཞིང་། ཟང་ཟིང་བསྒྲུབ་པའི་ཕྱིར་སྡིག་པ་སྤྱོད་པ་ལོག་པར་སྤྱོད་པའི་ཞིང་། ཚུལ་ཁྲིམས་དང་ཤེས་རབ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་ཞིང་ཞེས་བཤད་ལ། ཉན་ཐོས་དང་འཇིག་རྟེན་པའི་ཚུལ་ལུགས་ཀྱིས་ཡོན་ཏན་གྱི་ཞིང་གཙོ་བོར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེའི་དབང་གིས་སྡུག་བསྔལ་གྱི་ཞིང་གཙོ་བོར་བྱེད་ཅིང་། སྡུག་བསྔལ་གསལ་བ་དང་། ལྷག་པར་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པའི་ཆེད་དུ་སྦྱིན་ཞིང་། ཡོན་ཏན་གྱི་ཞིང་སོགས་ལའང་ཇི་ལྟར་རིགས་པར་སྦྱིན་ནོ། །སྡུག་བསྔལ་གྱི་ཞིང་ནི། ཇི་ཙམ་དུ་དམན་ཞིང་སྡུག་བསྔལ་ཆེ་བ་དེ་ཙམ་དུ་སྦྱིན་ཡུལ་མཆོག་ཡིན་ཏེ། མིའི་ཕྱུག་པོ་མང་པོ་ལ་སྦྱིན་པ་བས་དབུལ་པོ་དང་། དབུལ་པོ་ལས་ཀྱང་ཤིན་ཏུ་ཉམ་ཐག་པ་དང་། དེ་ལས་ཡི་དྭགས་སྦྱིན་དང་། དེ་ལས་འཇུར་གེགས་ཀྱི་ཡི་དྭགས་ལ་སྦྱིན་པ་ཕན་ཡོན་ཆེས་ཆེ་བ་ལྟ་བུའོ། །ཡོན་ཏན་གྱི་ཞིང་ནི་ཅི་ཙམ་མཐོ་བ་དེ་ཙམ་དུ་ཕན་ཡོན་ཆེ་སྟེ། གང་ཟག་ཕལ་པ་ཚད་མེད་པ་ལས། ཚུལ་ཁྲིམས་དང་ལྡན་པ་དང་། །ཉན་རང་བྱང་སེམས་སངས་རྒྱས་ཀྱི་བར་དུ་ཞི་བ་ཁྱད་པར་འཕགས་པ་ལྟ་བུའོ། །དེ་ལྟར་རང་དོན་ལས་གཞན་དོན་གཙོ་བོར་བྱེད་པའི་བྱང་སེམས་རྣམས་ཀྱིས་སྦྱིན་པའི་ཞིང་སྡུག་བསྔལ་རྒྱུ་འབྲས་ཅན་ལ་ལྷག་པར་སྟེར་བ་ནི་ཞིང་གི་སྒོ་ནས་མཆོག་ཏུ་གྱུར་བའི་ཁྱད་པར་དག་དང་། གནས་ཀྱི་སྒོ་ནས་ཞེས་པའི་གནས་ནི་གང་ལ་གནས་ནས་གཏོང་བའི་གནས་ཏེ། འདི་ལ་མོས་པ་དང་གནས་པ་དང་། ཡིད་ལ་བྱེད་པ་ལ་གནས་པ་དང་། ཏིང་ངེ་འཛིན་ལ་གནས་པ་གསུམ་ནི། གོང་དུ་ཆོས་ཚོལ་གྱི་སྐབས་ཀྱི་དེ་གསུམ་དང་འདྲ་སྟེ། མོས་པ་ཡིད་བྱེད་ནི་ཕར་ཕྱིན་སྟོན་པའི་ཐེག་ཆེན་གྱི་ཆོས་ལ་དེ་བཞིན་དུ་ཡིད་ཆེས་པའོ། ། ཡིད་ལ་བྱེད་པ་ནི་སྦྱིན་པ་སོགས་དེ་དང་དེ་ནི་སྔར་གྱི་སྦྱིན་པ་ལེགས་སོ་སྙམ་དུ་རོ་མྱང་བ། གཞན་གྱི་སྦྱིན་པ་ལ་རྗེས་སུ་ཡི་རང་བ། རང་གཞན་གྱི་མ་འོངས་པའི་སྦྱིན་པ་ལ་མངོན་པར་དགའ་བའོ། །ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པ་ལ་དབང་འབྱོར་བའི་སྒོ་ནས་སྦྱིན་པ་དང་སངས་རྒྱས་ཀྱི་སར་སྐུ་གསུམ་བརྙས་ནས་གཞན་དོན་དུ་དབང་འབྱོར་བའོ། །དེ་ལྟར་རྟེན་ལ་སོགས་པ་རྣམ་པ་བརྒྱད་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་འཇིག་རྟེན་པ་དང་ཉན་རང་གི་སྦྱིན་པ་ལས་མཆོག་ཏུ་འདོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་དངོས་པོ་སོ་སོའི་དབྱེ་བ་དང་། ཞིང་ཐེག་ཆེན་གྱི་ཆོས་ལ་དམིགས་ནས་གཞན་དེར་འགོད་པ་མཆོག་ཡིན་གྱི་ཉན་རང་ལ་བཀོད་པ་ནི་དེ་ལྟ་མ་ཡིན་པ་གཉིས་མ་གཏོགས་པ་གཞན་དྲུག་ལ་ཁྱད་མེད་པར་ཤེས་པར་བྱ་སྟེ། ཚུལ་ཁྲིམས་ནི་རྟེན་བྱང་ཆུབ་སེམས་དཔས་བསྲུང་བ་དང་། གཞི་ནི་དངོས་པོ་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་གསུམ་དང་ནི། རྒྱུ་མཚན་སེམས་ཅན་ལ་སྙིང་རྗེ་དང་ནི་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། རྒྱུ་ཚེ་རབས་སྔ་མར་ཚུལ་ཁྲིམས་གོམས་པ་དང་། ཡེ་ཤེས་རྣམ་པར་མི་རྟོག་པས་ཟིན་པ་དང་ཞིང་ནི་ཐེག་པ་ཆེན་པོའི་ཆོས་ལ་དམིགས་ནས་སེམས་ཅན་རྣམས་དེ་ལ་འགོད་པ་དག་དང་། གནས་གསུམ་པོ་མོས་པ་དང་ཡིད་བྱེད་དང་ཏིང་ངེ་འཛིན་གྱི་སྒོ་ནས་ཚུལ་ཁྲིམས་སྲུང་པའོ། ། བཟོད་པའི་གཞི་ནི་གནོད་པ་ཉམས་སུ་ལེན་པའི་བཟོད་པ། སྡུག་བསྔལ་ལ་ཅི་མི་སྙམ་པའི་བཟོད་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །གཞན་སྔ་མ་བཞིན་དུ་ཤེས་པར་བྱས་ནས། བཟོད་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བ སྔོ་དང་། རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། ། བརྩོན་འགྲུས་ཀྱི་གཞི་ནི། གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །བརྩོན་འགྲུས་རྟེན་དང་གཞི་དང་ནི། ། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་།།གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བསམ་གཏན་གྱི་གཞི། མཐོང་ཆོས་བདེར་གནས་ཀྱི་བསམ་གཏན། མངོན་པར་ཤེས་པ་བསྒྲུབ་པའི་བསམ་གཏན། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ་ཡིན་ལ། བསམ་གཏན་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཤེས་རབ་ཀྱི་གཞི་ནི་ཀུན་རྫོབ་བདེན་པ་ཤེས་པའི་ཤེས་རབ། དོན་དམ་བདེན་པ་ཤེས་པའི་ཤེས་རབ། སེམས་ཅན་གྱི་དོན་སྒྲུབ་པར་ཤེས་པའི་ཤེས་རབ་གསུམ་མོ། །ཤེས་རབ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཅེས་སོ། ། གཞིའམ་དངོས་པོའི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ནི་དམན་འབྲང་ཆེན་པོའི་ཚུལ་གྱིས་མཆོག་ཏུ་གྱུར་པ་ཤེས་པར་བྱའོ། །གསུམ་པ་སྦྱིན་པའི་ཡོན་ཏན། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །ཞེས་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ནི་གལ་ཏེ་སེམས་ཅན་གཅིག་གི་བདེ་བའི་སླད་དུ་བདག་གི་བདོག་པ་ཐམས་ཅད་བཏང་བས། བདག་ཉིད་ལ་བསྐལ་པ་མང་པོའི་བར་དུ་བྲེལ་བ་དང་ཕོངས་པའི་སྡུག་བསྔལ་གྱིས་གནོད་པ་བྱེད་ཀྱང་སེམས་མི་དགའ་བ་མེད་པར་ཤིན་ཏུ་དགའ་བར་འགྱུར་ན། དེ་ལས་བཟློག་སྟེ་ཆོས་དང་ཟང་ཟིང་བཏང་བས་སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། བདག་ཉིད་ཀྱང་ཡུན་དུ་ཕན་པ་དང་བདེ་བར་འགྱུར་བ་ལ་ཐུགས་དགྱེས་པ་སྨོས་ཅི་དགོས་ཏེ།འདི་ལྟ་བུ་ནི་སེམས་ཅན་ལ་སྙིང་བརྩེ་བའི་དབང་གིས་ཡིན་ནོ། །ལུས་ཅན་རྣམས་ནི་གང་ཕངས་པ་དང་གང་གཅེས་པ་གང་གི་ཕྱིར་ནོར་འདོད་པས་བཙལ་ཞིང་གཅེས་སྤྲས་ཀྱིས་འཆང་བར་བྱེད་ཀྱང་། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་གང་གཅེས་པ་དང་ཕངས་པའི་དངོས་པོ་དེ་ཉིད་ལུས་ཅན་རྣམས་ལ་ཕར་གཏོང་བར་བྱེད་ཀྱི་རང་གིས་འཆང་བར་མི་མཛད་པ་ནི་མ་ཆགས་པའི་ཡོན་ཏན་ཡོན་ནོ། ། སྐྱེ་བོ་རྣམས་ནི་ལུས་དང་སྲོག་གི་ཕྱིར་ནོར་འདོད་ནས་ཚོལ་ཞིང་སོག་པར་བྱེད་དེ། ལུས་དེ་ཉིད་བརྟན་པ་བྱང་སེམས་རྣམས་ཀྱིས་ནི་ལན་བརྒྱ་ཕྲག་རྣམས་སུ་གཞན་ལ་གཏོང་བར་མཛད་དོ། །གང་ཚེ་རང་གི་ལུས་དང་སྲོག་ཉིད་གཏོང་ཡང་ཡིད་སྡུག་མི་བསྔལ་བ་དེ་ཡི་ཚེ་ལུས་ལ་ལྟོས་ན་བཏང་སླ་བ་རྫས་ངན་ཕྱི་རོལ་གྱི་དངོས་པོ་ལྟ་ལ་གཏོང་ཞིང་མི་སྐྱོ་བ་སྨྲོས་ཀྱང་ཅི་ཞིག་དགོས་ཏེ་འདི་ནི་མི་སྐྱོ་བའི་ཡོན་ཏན་ནོ། །དེ་ལྟར་ལུས་སྲོག་གཏོང་བ་ལ་མི་སྐྱོ་ཞིང་ཤིན་ཏུ་དགའ་བ་དེ་ནི་བྱང་སེམས་འདིའི་འཇིག་རྟེན་པ་ཀུན་གྱི་སྤྱོད་ཡུལ་ལས་འདས་པ་ཡི་ཡོན་ཏན་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ནི་ལུས་བཏང་བ་དེས་མཆོག་ཏུ་དགའ་བ་ཉིད་དུ་འགྱུར་བ་གང་ཡིན་པ་དེ་ནི། འཇིག་རྟེན་འདས་པ་ཉན་ཐོས་དང་རང་རྒྱལ་འཕགས་པ་དེ་ཡི་ཡང་ནི་བླ་མ་ཡིན་ཏེ་བྱང་སེམས་ཀྱི་དགའ་བ་དེ་ལྟ་བུ་ཉན་རང་འཕགས་པ་རྣམས་ལ་མེད་པའི་ཕྱིར་རོ། །བྱང་སེམས་འདི་ནི་གཏོང་བ་དེ་ལྟ་བུ་ལ་དགའ་བས་སྦྱིན་པ་རྒྱུན་མི་འཆད་པར་བྱེད་ཀྱི་ནམ་ཡང་སྐྱོ་བ་མེད་པར་མ་ཟད་དེ་ལ་མཆོག་ཏུ་དགའ་བ་ཡིན་ནོ། །ཇི་ལྟར་བློ་ལྡན་འདི་ནི་ལུས་དང་ལོངས་སྤྱོན་ཀུན་གཏོང་བས། དེ་དག་དོན་དུ་གཉེར་བའི་སྐྱེ་བོ་རྣམས་སྦྱིན་པ་དེ་ལྟ་བུ་ཐོབ་པས་དགའ་བར་གྱུར་པ་དང་དེ་ལ་ཕན་ཐོགས་པ་མཐོང་ནས་བྱང་སེམས་རང་ཉིད་དེ་ལ་དགའ་བ་ལྟར། དེ་ལྟར་སློང་མོ་བ་དག་གིས་བྱང་སེམས་དེ་ལས་བསླང་བར་བྱ་བ་འདོད་དགུ་ཐོབ་པ་དག་གིས་དགའ་བར་མི་འགྱུར་ཏེ། བྱང་སེམས་རྣམས་ཞིང་དེ་ལ་དེ་ལྟར་བྱམས་པ་ཡིན་ནོ། །བློ་གྲོས་ཆེན་པོ་ཅན་བྱང་ཆུབ་སེམས་དཔའ་འདིས་རང་ལ་བདོག་དགུ་ཐམས་ཅད་བཏང་བས་གནས་སྐབས་དེ་ན་རང་ལ་ནོར་མེད་པ་ཉིད་དུ་གྱུར་ཀྱང་། བདག་གི་ནོར་རྣམས་སྦྱིན་པའི་གཏེར་དུ་བྱས་སོ་སྙམ་དུ་བདག་ཉིད་ནོར་དང་ལྡན་པར་སེམས་པར་ཇི་ལྟ་བར། སློང་བ་པོ་བྱང་ཆུབ་སེམས་དཔའ་དེ་ལས་ཐོབ་པའི་ལོངས་སྤྱོད་རྒྱ་ཆེན་པོ་ཀུན་དུ་རྫོགས་པའི་བདག་ཉིད་དུ་གྱུར་པ་དེ་ནི། བྱང་སེམས་དེའི་བསམ་པ་དེ་ལྟར་བདག་ནོར་དང་ལྡན་པར་མི་སེམས་ཏེ་ད་དུང་ནོར་ལ་སེར་སྣ་དང་བཅས་ཏེ་འཇུང་བའི་ངང་ཚུལ་ལ་གནས་སོ། ། འདི་ནི་སྦྱིན་པའི་འབྲས་བུ་ཆེས་ཆེར་འཛིན་པའི་ཡོན་ཏན་ནོ། །ཇི་ལྟར་བློ་ལྡན་འདི་ནི་གུས་ཤིང་བསམ་པ་རྫོགས་པར་བྱེད་ཅིང་རློམ་པ་མེད་པའི་སྦྱིན་པ་བཟང་པོས་ཚུལ་བཞིན་དུ། ལུས་དང་ལོངས་སྤྱོད་གང་འདོད་པ་དོན་དུ་གཉེར་བ་རྣམས་རང་རང་གིས་འདོད་པ་བཞིན་ཚིམ་པ་བྱས་པ་ཡི་ཡུལ་སེམས་ཅན་དེ་ལ་བྱང་ཆུབ་སེམས་དཔའ་འདི་ནི་བདག་གི་ཕར་ཕྱིན་རྫོགས་པ་དང་བླ་མེད་བྱང་ཆུབ་འཐོབ་པའི་གྲོགས་སུ་གྱུར་ཏོ་སྙམ་དུ་རང་ལ་དེས་ཕན་ཆེན་འདོགས་པར་སེམས་པ་ལྟར། དེ་བཞིན་ནམ་དེ་དང་འདྲ་བར་སླང་མོ་བ་དག་གིས་ནི་ཤིན་ཏུ་ནོར་མང་པོ་རླབས་ཆེ་བ་ཐོབ་ནས་ནི། སྦྱིན་པ་པོ་ལ་འདིས་འདི་ལྟ་བུ་ཞིག་བྱིན་ནོ་སྙམ་དུ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་བརྩིའོ། །སྐྱེ་བོ་མང་པོ་འགྲོ་བའི་ལམ་ཀའི་འབྲས་བུ་མཆོག་དང་ལྡན་པའི་ཤིང་ཆེན་པོ་ལས་མི་རྣམས་ཀྱིས་དོགས་པ་དང་འཇིགས་པ་མེད་པར་རང་གིས་ཅི་འདོད་དུ་ཤིང་དེའི་འབྲས་བུ་ལ་ལོངས་སྤྱོད་ཇི་ལྟ་བར། ལུས་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་གང་གི་ནོར་རྫས་རྒྱ་ཆེར་དོགས་པ་མེད་པར་རང་གིས་བླངས་ནས་ནི། འདི་ལ་མི་སྦྱིན་པ་སུ་ཡང་མེད་དོ་སྙམ་དུ་བདག་ཉིད་དོགས་པ་དང་བྲལ་བར་རང་ཉམས་ཇི་དགའ་བར་སྤྱད་པར་བྱེད་པ་ལ་དགྱེས་ཤིང་། ནོར་རྫས་འཆང་ན་མི་དགྱེས་པར་བཏང་བས་དགའ་བ་དང་ལྡན་ལ་ལོངས་སྤྱོད་མི་ཟད་པ་ཅན་དེ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་དུ་དེ་ལྟ་བུ་སུ་ཡང་ཡོད་པ་མིན་ནོ། །ཚིགས་བཅད་ཕྱི་མ་འདི་གཉིས་ངེས་པའི་ཡོན་ཏན་ནོ། །ཇི་ལྟར་སྙིང་རྗེས་གཞན་དོན་དུ་སྦྱིན་པ་བྱེད་ཚུལ་གྱི་ཁྱད་པར་འདིས་མཚོན་ནས། ཚུལ་ཁྲིམས་ལ་སོགས་པའི་ཕར་ཕྱིན་གཞན་བསྒྲུབ་པའང་འདི་དང་ཚུལ་མཚུངས་པར་སྙིང་རྗེ་ཆེན་པོས་གཞན་དོན་དུ་གཙོ་བོར་རྩོམ་པ་དོན་གྱིས་ཤེས་པར་འགྱུར་རོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་གཙོ་དང་དེའི་རྒྱུ་སོགས་ཚིགས་བཅད་གཅིག་སྟེ། བརྩོན་འགྲུས་ནི་ཕར་ཕྱིན་རྣམས་ལས་གཙོ་བོའི་མཆོག་ཡིན་པ་དང་། དེའི་རྒྱུ་མཚན་དང་། བརྩོན་འགྲུས་ལ་ལས་ཀྱི་དབྱེ་བ་དང་། རྣམ་པའི་དབྱེ་བ་དང་། རྟེན་གྱི་དབྱེ་བ་དང་། བར་ཆད་རྣམ་པ་བཞིའི་གཉེན་པོའི་དབྱེ་བ་ཡིས། བརྩོན་འགྲུས་ཡོངས་སུ་ཤེས་པར་བྱ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྟན་ནོ། །གཉིས་པ་རྒྱས་བཤད་ནི། དང་པོ། །བསོད་ནམས་དགེ་བའི་ཆོས་ཐམས་ཅད་ཀྱི་ནང་ན་བརྩོན་འགྲུས་ནི་མཆོག་ཡིན་ནོ། །གཉིས་པ་དེའི་རྒྱུ་མཚན་བཀོད་པ་ནི། མཆོག་ཡིན་པ་ཅིའི་ཕྱིར་ཞེ་ན་འདི་ལྟར་བརྩོན་འགྲུས་དེ་ལ་བརྟེན་ནས་དགེ་བའི་ཆོས་ཀྱི་ཚོགས་དེ་དག་རྗེས་སུ་ཐོབ་པའི་ཕྱིར་བརྩོན་འགྲུས་མེད་ན་དཀར་པོའི་ཆོས་སམ་དགེ་བའི་ཚོགས་གང་ཡང་མི་ཐོབ་ལ། ཚོགས་ཆེ་ཆུང་ཇི་ཡོད་ཀྱང་དེ་བརྩོན་འགྲུས་ཆེ་ཆུང་ལ་རག་ལས་ཏེ་དེས་ཐོབ་པའི་ཕྱིར་རོ། ། བསམ་གཏན་དང་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པས་དེ་དག་མཆོག་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱི་དེ་དག་ཀྱང་བརྩོན་འགྲུས་མ་རྩོམ་པར་མི་འབྱུང་བའི་ཕྱིར་དགེ་ཆོས་ཀུན་གྱི་རྒྱུ་ནི་བརྩོན་འགྲུས་ཡིན་པའི་ཆ་ནས་མཆོག་ཡིན་ནོ། །གསུམ་པ་བྱེད་ལས་ཀྱི་དབྱེ་བ་ནི། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ནི་དེའི་མོད་མཐོང་བའི་ཆོས་ལ་བདེ་བར་གནས་པ་མཆོག་འགྲུབ་སྟེ། འཇིག་རྟེན་ཐ་མལ་པ ་རྣམས་ཀྱིས་ཀྱང་ནད་ཞི་བ་དང་དབུལ་བ་སེལ་བ་སོགས་ཀྱིས་ཐབས་ལ་བརྩོན་པས་ཚེ་འདི་ལ་དེའི་འབྲས་བུ་མཐོང་བ་དང་། ཞི་ལྷག་ལ་བརྩོན་པས་ཚེ་འདིར་མཐོང་ཆོས་སུ་བསམ་གཏན་དང་ལྷག་མཐོང་གི་ཡོན་ཏན་ཐོབ་པ་བཞིན་ནོ། །བརྩོན་འགྲུས་ཀྱིས་ཚེ་འདི་དང་ཕྱི་མ་ལ་འཇིག་རྟེན་འདས་པ་དང་། འཇིག་རྟེན་དུ་གཏོགས་པའི་ཡོན་ཏན་ཐམས་ཅད་འགྲུབ་བོ། །འཇིག་རྟེན་པའི་དགེ་བ་བཅུ་ལ་སྤྱོད་པའི་བརྩོན་འགྲུས་ཀྱིས་ནི་སྲིད་པ་ན་སྤྱོད་པའི་འདོད་པ་ཡིད་འོང་ལྷ་མིའི་བདེ་འབྲས་ཐོབ་བོ། །བསམ་གཟུགས་ཀྱི་ཏིང་ངེ་འཛིན་ལ་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ནི། ཁམས་འོག་མ་འདོད་ཁམས་པའི་ཉོན་མོངས་པ་དག་གཏན་དུ་བ་མིན་པས་རབ་ཏུ་འགྱུར་བ་དང་ལྡན་པ་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་ཡི་རིས་སུ་སྐྱེ་བ་ཐོབ་བོ། ། བདེན་པ་བཞི་དང་རྟེན་འབྲེལ་གྱི་དོན་བསྒོམ་པའི་བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་ལྟ་བ་ལས་འདས་ནས་ཉན་རང་གི་མྱང་འདས་ཀྱི་རྣམ་པར་གྲོལ་བ་ཐོབ་བོ། ། ཐེག་པ་ཆེན་པོའི་ཆོས་ལ་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ནི་བྱང་ཆུབ་མཆོག་ཏུ་སངས་རྒྱས་པར་འགྱུར་རོ། །གསུམ་པ་རྣམ་པའི་དབྱེ་བ་ནི། གཞན་ཡང་ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་བརྩོན་འགྲུས་ནི་མི་དགེ་བ་སྐྱེས་པ་ཞི་བ་དང་མ་སྐྱེས་པ་མི་སྐྱེ་བར་བྱེད་པས་ཉེས་པ་ཉམས་པར་བྱེད་པ་དང་། དགེ་བ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་འཕེལ་བར་བྱེད་པའི་བརྩོན་འགྲུས་ནི་ཚོགས་ཀྱི་ལམ་པའོ། །དབང་པོ་ལྔ་དང་ལྡན་པའི་བརྩོན་འགྲུས་ནི་ཐར་པའི་དབང་སྟེ་ཐར་བ་ལ་དབང་བྱེད་པའི་བརྩོན་འགྲུས་དང་། སྟོབས་ལྔའི་བརྩོན་འགྲུས་ནི་མི་མཐུན་ཕྱོགས་སྤངས་པར་བརྩོན་འགྲུས་གཞན་དང་། ཡང་དག་བྱང་ཆུབ་ཀྱི་སྐབས་ན་དེ་ཁོ་ན་ཉིད་ལ་རབ་ཏུ་ཞུགས་པའི་བརྩོན་འགྲུས་དང་། འཕགས་ལམ་བརྒྱད་ཀྱི་སྐབས་སུ་རྩོལ་བ་ཡང་དག་པ་འཕགས་པའི་ལམ་ནི་གནས་ཡོངས་སུ་བསྒྱུར་བའི་རྒྱུ་བྱེད་པ་དང་སྤྱོད་པ་ཕར་ཕྱིན་ལ་བརྩོན་པའི་བརྩོན་འགྲུས་ནི། སངས་རྒྱས་ཐོབ་པའི་དོན་ཆེན་པོའི་བརྩོན་འགྲུས་ཞེས་ཉན་རང་གི་བརྩོན་འགྲུས་ལས་ཁྱད་པར་འཕགས་པའི་ཕྱིར་ངེས་ཚིག་གཞན་དོན་ཆེན་པོ་ཞེས་པའི་ཁྱད་པར་དུ་བྱས་པར་འདོད་དོ། །གཞན་ཡང་ཐོག་མར་བསམ་པ་དགེ་བའི་བརྩོན་འགྲུས་ནི་གུས་སྦྱོར་ཀྱི་བརྩོན་འགྲུས་དང་། དེ་ནས་དམ་བཅས་པ་ལྟར་དགེ་བ་ལ་ཚུལ་བཞིན་རབ་ཏུ་སྦྱོར་བའི་བརྩོན་འགྲུས་ནི་རྟག་སྦྱོར་གྱི་བརྩོན་འགྲུས་ཏེ་ངོ་བོའི་སྒོ་ནས་དབྱེ་བ་གཉིས་དང་། ལམ་འབྲས་རྒྱ་ཆེན་པོ་བསྒྲུབ་པ་མ་ཞུམས་པའི་བརྩོན་འགྲུས་དང་། མི་མཐུན་ཕྱོགས་ཀྱིས་མི་འགོང་བའི་བརྩོན་འགྲུས་དང་། གཉེན་པོ་ལ་ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ། བརྩོན་འགྲུས་ཀྱི་དབྱེ་བའི་རྣམ་པ་སྣ་ཚོགས་པ་ཐམས་ཅད་སངས་རྒྱས་རྣམས་ཀྱིས་རབ་ཏུ་གསུངས་སོ། །ལྔ་པ་རྟེན་གྱི་སྒོ་ནས་དབྱེ་ན། ཐེག་པ་གསུམ་གྱི་ལམ་ལ་བརྩོན་པ་ཉན་རང་བྱང་སེམས་ཀྱི་སྐྱེ་བོ་ལ་བརྟེན་ནས། རིམ་པ་ལྟར་བསམ་པ་དང་བློ་ཤེས་རབ་ཞན་པ་དང་འབྲིང་དང་། རྒྱ་རབ་ཏུ་ཆེ་བ་དང་ལྡན་པའི་ཕྱིར། བརྩོན་འགྲུས་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བ་གསུམ་ཡང་གཞན་རྟེན་གྱི་སྒོ་ནས་སོ། །དེ་གསུམ་གྱི་དང་པོ་གཉིས་ནི་རང་དོན་ཙམ་ལ་ཞུགས་པས་དོན་ཆུང་བ་དང་། ཕྱི་མ་རང་གཞན་དོན་གཉིས་སྒྲུབ་པར་ཞུགས་པས་དོན་ཆེན་པོའི་བརྩོན་འགྲུས་སུ་འདོད་དོ། །དྲུག་པ་བར་ཆད་བཞིའི་གཉེན་པོའི་སྒོ་ནས་དབྱེ་ན། ལོངས་སྤྱོད་ཉམས་པའི་བར་ཆད་དང་། ཉོན་མོངས་པས་བར་དུ་གཅོད་པ་དང་། སྐྱོ་བས་བར་ཆད་བྱེད་པ་དང་ཡོན་ཏན་ཐོབ་པ་ལས་ཉམས་པའི་བར་ཆད་བཞི་བརྩོན་འགྲུས་ཀྱིས་སྤོང་བར་བསྟན་པ་ནི། བརྩོན་འགྲུས་ལྡན་པ་ནི་ལོངས་སྤྱོད་ཀྱིས་ཕམ་པ་མེད་དེ། དེའི་རྒྱུ་བསྒྲུབ་པས་སོ། །བརྩོན་འགྲུས་ལྡན་པ་ཉོན་མོངས་པས་ཕམ་པ་མེད་དེ་དེའི་གཉེན་པོ་བསྐྱེད་པས་སོ། །བརྩོན་འགྲུས་ལྡན་པ་སྦྱིན་སོགས་ཀྱི་སྦྱོར་བ་ལ་སྐྱོ་བས་ཕམ་པ་མེད་དེ། ཆོག་མི་ཤེས་པའི་བརྩོན་པ་དང་ལྡན་པས་སོ། །བརྩོན་འགྲུས་ལྡན་པ་ཡོན་ཏན་གྱི་ཆོས་གང་ཡང་ཐོབ་པས་ཕམ་པ་མེད་དེ། སངས་རྒྱས་ཀྱི་སའི་བར་དུ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་འགྲུབ་པའི་ཕྱིར་རོ། །བཅུ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་གཅིག་གི་ནང་དུའང་གཞན་རྣམས་འདུས་པས་ཕན་ཚུན་རྣམ་པར་ངེས་པ་ནི། ཕན་ཚུན་བསྡུས་ཕྱིར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྦྱིན་པ་སོགས་རང་རང་གི་ལྡོག་པ་ནས་ཐ་དད་ཀྱང་ངོ་བོ་གཅིག་གི་ནང་དུ་གཞན་ཀུན་ཀྱང་དོན་གྱིས་ཚང་པས་ཕན་ཚུན་བསྡུས་པའི་ཕྱིར་དང་། གཅིག་ལའང་དྲུག་ཏུ་རབ་ཏུ་དབྱེ་བའི་ཕྱིར་དང་། ཆོས་ཉིད་ཀྱིས་གང་ན་སྦྱིན་སོགས་ཕར་ཕྱིན་རེ་རེ་ཡོད་ན་དེ་ན་གཞན་ཀུན་ཀྱང་ཅི་རིགས་སུ་ཡོད་པའི་ཕྱིར་དང་། སྦྱིན་སོགས་ཀྱིས་ཕར་ཕྱིན་གཞན་གྱི་རྒྱུ་མཚན་ནམ་རྒྱུ་བྱེད་པའི་ཕྱིར། རྒྱུ་མཚན་རྣམས་པ་དེ་བཞིའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རྣམ་པ་ཀུན་དུ་ཕན་ཚུན་རྣམ་པར་ངེས་པར་ཤེས་པར་བྱའོ། །དེ་ལ་ཕན་ཚུན་གཅིག་གིས་གཅིག་བསྡུས་པ་ཇི་ལྟར་ཡིན་ཞེ་ན། སྦྱིན་པ་ལ་ཡང་སེར་སྣ་སྤོང་པ་དང་། སྦྱིན་པ་ཉིད་དང་དུ་ལེན་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཚང་ལ། སྦྱིན་པའི་ཚེ་ལོག་སྒྲུབ་བཟོད་པ་དང་། ལོངས་སྤྱོད་གཏོང་བར་བཟོད་པ་བཟོད་པའི་ཆ་ཡིན་ཞིང་། གཏོང་བ་ལ་མོས་ཤིང་རྟག་ཏུ་བརྩོན་པའི་བརྩོན་འགྲུས་དང་། སེམས་རྩེ་གཅིག་ཏུ་འཇུག་ཅིང་མི་མཐུན་ཕྱོགས་ཀྱི་གཡེང་བའི་དབང་དུ་མ་གྱུར་པའི་ཆ་ནས་བསམ་གཏན། སྦྱིན་པ་དག་པ་དང་མ་དག་པ་སོགས་སྦྱིན་པའི་ཆོས་ཀྱི་མཚན་ཉིད་ཁོང་དུ་ཆུད་པ་ནི་ཤེས་རབ་ཡིན་ལ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་ནས་སྦྱིན་པ་ནི་བསམ་གཏན་དང་། དེས་བསྡུས་ནས་ཆོས་སྦྱིན་པ་ཤེས་རབ་བོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕར་ཕྱིན་ནི་མི་རྟོག་ཡེ་ཤེས་ཀྱིས་ཟིན་པས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་ལྡན་ཏེ་ཕར་ཕྱིན་ལྷག་མ་ཀུན་ལའང་དེ་ལྟར་ཤེས་པར་བྱའོ། ། ཚུལ་ཁྲིམས་ཀྱང་དགེ་བ་ཆོས་སྡུད་ཀྱི་ནང་དུ་ཕར་ཕྱིན་ཐམས་ཅད་འདུ་སྟེ། དེ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ལ། ཚུལ་ཁྲིམས་གཞན་དོན་དུ་སྲུང་བར་དོན་གྱིས་སྦྱིན་པ་ཡང་ཡིན། ཚུལ་ཁྲིམས་དང་ལྡན་ཕྱིར་ངང་གིས་གཞན་གནོད་ལ་བཟོད་པའང་ཡིན། ཚུལ་ཁྲིམས་དང་ལྡན་པ་ཉིད་ལ་དེ་བརྩོན་པའི་བརྩོན་འགྲུས་ངང་གིས་ཚང་། ཚུལ་ཁྲིམས་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་བསམ་གཏན་གྱི་ཆ་དང་། ལྟུང་དང་ལྟུང་མིན་སོགས་ཚུལ་ཁྲིམས་ཀྱི་རྣམ་པར་བཞག་པ་ཁོང་དུ་ཆུད་པ་ཇི་སྙེད་པའི་ཤེས་རབ་དང་། ཚུལ་ཁྲིམས་ཀྱི་འཁོར་གསུམ་མི་དམིགས་པ་ཇི་ལྟ་བ་རྟོགས་པའི་ཤེས་རབ་བོ། །བཟོད་པ་ཉིད་གཞན་དོན་དུ་བྱེད་པ་དང་། བཟོད་པའི་སྒོ་ནས་གཞན་ལ་ཕན་བཏགས་པ་དང་། གཏོང་བ་ལ་བཟོད་པའི་སྦྱིན་པའང་ཚང་ལ། བཟོད་པ་ཉིད་ཁོང་ཁྲོ་པའི་ཉེས་སྤྱོད་སྡོམ་པ་དང་། དཀའ་ཐུབ་ཀྱི་གཙོ་བོའི་དགེ་བ་སྡུད་པའང་ཡིན། བཟོད་པ་ལ་བརྩོན་པ་ཉིད་བརྩོན་འགྲུས། ཕར་ཕྱིན་རྣམས་སྤྱོད་ཚེ་སྡུག་བསྔལ་དང་དུ་ལེན་པར་ཡང་གཞན་ཀུན་འདུ་ལ། སེམས་མི་འཁྲུགས་པར་རྩེ་གཅིག་གནས་པའི་ཆ་ནས་བསམ་གཏན་ཆོས་ལ་ངེས་སེམས་དང་བཟོད་པ་སྒོམ་ཚུལ་ཤེས་པ་དང་རང་བཞིན་མེད་རྟོགས་ཀྱི་ཆ་ནས་ཤེས་རབ་ཀྱང་ཡིན་ནོ། །བརྩོན་འགྲུས་ནི་གཞན་ཐམས་ཅད་དང་མཚུངས་ལྡན་དུ་འཇུག་པས་ཀུན་གྱི་ཆ་ཡོད་དོ་བསམ་གཏན་གྱི་བྱ་བ་བསྒྲུབ་པའི་བསམ་གཏན་དུ་གཞན་ཀུན་འདུ་ལ། བསམ་གཏན་གྱིས་གཞན་ལ་ཕན་འདོགས་པའི་ཆ་ནས་སྦྱིན་པ། བསམ་གཏན་གྱི་སྡོམ་པ་ཐོབ་པའི་ཚུལ་ཁྲིམས། རྣམ་གཡེང་གིས་མི་འཕྲོག་པའི་བཟོད་པ། བསམ་གཏན་ལ་གུས་རྟག་ཏུ་སྦྱོར་བས་བརྩོན་འགྲུས། རྫུ་འཕྲུལ་རྐང་བཞིའི་དཔྱོད་པ་ཤེས་རབ་དང་། གཞན་ཡང་ཇི་ལྟ་ཇི་སྙེད་ཀྱི་ཤེས་རབ་ཡོད་པ་གོང་བཞིན་ནོ། ། ཤེས་རབ་ནི་ཐབས་ལ་མཁས་པའི་ཤེས་རབ་ཀྱི་ནང་དུ་ཕར་ཕྱིན་གཞན་ཐམས་ཅད་འདུ་སྟེ། ཤེས་རབ་ཀྱི་སྒོ་ནས་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་བསྒྲུབ་པ་ཡིན་གྱི་དེ་མེད་ན་མི་འགྲུབ་བོ། །རབ་དབྱེ་ནི་སྦྱིན་པའི་སྦྱིན་པ་སོགས་རེ་རེ་ལའང་དྲུག་ཏུ་ཕྱེ་བས་སོ་དྲུག་ཏུ་འགྱུར་ཚུལ་གོང་དུ་ཆོས་འཚོལ་སྐབས་སུའང་བཤད་པ་བཞིན། རང་ཕྱིན་དྲུག་ལ་གནས་ནས་གཞན་དེ་ལ་འགོད་པ་དྲུག་སྦྱིན་པ། སེར་སྣ་སོགས་མི་མཐུན་ཕྱོགས་དྲུག་བྲལ་བ་ཚུལ་ཁྲིམས། སྦྱོར་བ་དཀའ་བ་བཟོད་པ་དྲུག་བཟོད་པ། སྤྲོ་བ་དྲུག་བརྩོན་འགྲུས། དམིགས་པ་ལས་གཞན་དུ་མི་གཡེང་བ་དྲུག་བསམ་གཏན།འཁོར་གསུམ་དུ་མི་རྟོག་པ་དྲུག་ཤེས་རབ་བོ། །ཡང་ན་སྦྱིན་པའི་གཏོང་སེམས་སྣ་གཅིག་ལ་ཡང་། མི་མཐུན་ཕྱོགས་སྤང་བ། གཉེན་པོ་ལ་སྦྱོར་བ ། སྤྲོ་བ་མི་གཡེང་བ།རབ་ཏུ་འབྱེད་པའི་ཆ་ཡོད་པས་དྲུག་པོ་འབྲལ་མེད་དུ་ཚང་། ཚུལ་ཁྲིམས་སོགས་གཞན་ལའང་གཞན་དོན་དུ་གཏོང་བའི་སེམས་དཔའ་སོགས་ཀུན་ཚང་བའོ། ། ཆོས་ཉིད་ཀྱི་ཕྱིར་ཞེས་པ་ཕར་ཕྱིན་སྟོན་པའི་རྗོད་བྱེད་གསུང་རབ་ཀྱི་ཆོས་ཀྱིས་ཕར་ཕྱིན་ཀུན་བརྗོད་བྱར་བསྡུས་པ་དང་། བརྗོད་བྱ་ཕར་ཕྱིན་གྱིས་རྗོད་བྱེད་ཐེག་ཆེན་ཀྱི་གསུང་རབ་ཀུན་བསྡུས་ཚུལ་དུ་འཆད་པའང་སྣང་ལ། ཀུན་རྫོབ་ཀྱི་ཆོས་ཉིད་ཀྱིས་བསྡུ་ཚུལ། འབྱུང་གྱུར་གཟུགས་ཀྱི་གོང་བུ་གཅིག་ལ་རྒྱུ་འབྱུང་བ་བཞི་ཚང་བ་ལྟར། ཕར་ཕྱིན་དྲུག་གི་ནང་ནས་གང་རུང་གཅིག་ཡོད་ན་གཞན་ཀུན་གྱི་ཆ་ཤས་ཀྱང་ཚང་བ་ཆོས་ཉིད་ཡིན་པ་དང་། དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་ཚེ། ཕར་ཕྱིན་གཞན་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་རོ་གཅིག་པས་ཆོས་ཉིད་ཀྱིས་བསྡུས་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དཔེར་ན་འཛམ་བུའི་གླིང་ན་ཤིང་རྣམས་བྱེ་བ་སྟོང་སོགས། གྲིབ་མའི་དཔེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་རོ་མཉམ་དུ་འབྱུང་ཚུལ་གསུངས་པ་བཞིན་ནོ། ། རྒྱུ་མཚན་ཕྱིར་ཞེས་པ་ལོངས་སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་བསྲུང་ནུས་ཤིང་། ཚུལ་ཁྲིམས་དང་ལྡན་ན་གཞན་གྱིས་གནོད་པ་བཟོད་ནུས་པ་དང་། བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་ཞིང་དེས་སེམས་མཉམ་པར་འཇོག་ལ། མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་གསུངས་པ་ལྟ་བུ་དང་། དེར་མ་ཟད་སྦྱིན་པ་ལྟ་བུ་ཕར་ཕྱིན་གང་རུང་གཅིག་ལ་ཞུགས་ན་ཡང་། དེས་གཞན་ཀུན་འགྲུབ་པ་ལ་ཕན་འདོགས་པར་ངེས་ཀྱི་མི་ཕན་པ་སྣ་གཅིག་མེད་དོ། །གཉིས་པ་བསྡུ་དངོས་བཞི་བཤད་པ་ལ། རྣམ་གྲངས་ལྔ་ལས་དང་པོ། ངོ་བོ་ནི་སྦྱིན་པ་ཡི་བསྡུ་བ་ནི་སྔར་སྦྱིན་པའི་ཕར་ཕྱིན་བཤད་པ་དང་མཚུངས་ཏེ་གཞན་དུ་མེད་དོ། །ཕར་ཕྱིན་དྲུག་པོ་དེ་ཡི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཞན་ལ་འཆད་ཅིང་སྟོན་པ་ནི་སྙན་པར་སྨྲ་བ་དང་། དེ་ལྟར་སེམས་ཅན་རྣམས་ལ་ཕར་ཕྱིན་དྲུག་ཉམས་སུ་ལེན་ཏུ་འཇུག་ཅིང་སྒྲུབ་པར་བྱེད་པ་ལ་བཀོད་པ་ནི་དོན་སྤྱོད་པ་དང་། སེམས་ཅན་གཞན་ལ་སྒྲུབ་ཏུ་བཅུག་པའི་ཕར་ཕྱིན་དེ་ནི་དེ་ཉིད་ལ་བདག་ཉིད་རྗེས་སུ་འཇུག་ཅིང་སྒྲུབ་པར་བྱེད་པ་ནི་དོན་མཐུན་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་ལྟར་དེ་སྟོན་ལེན་འཇུག་དང་། བདག་ཉིད་རྗེས་སུ་འཇུག་པ་དང་གསུམ་པོ་དེ་རྣམས་ཀྱིས། སྙན་སྨྲ་ལ་སོགས་པ་བསྡུ་དངོས་ཕྱི་མ་གསུམ་བསྟན་པའོ། །གཉིས་པ་གྲངས་ངེས་པ་ནི། བསྡུ་བའི་དངོས་པོ་དང་པོ་སྦྱིན་པ་ནི་གཞན་ལ་ཚ་གྲང་བཀྲེས་སྐོམ་སོགས་སེལ་བས་ལུས་ལ་ཕན་པར་བྱེད་པའི་ཐབས་དང་ནི། སྙན་པར་སྨྲ་བས་ཕར་ཕྱིན་གྱི་མཚན་ཉིད་མ་ཤེས་པའམ་ལོག་ཤེས་སམ་ཐེ་ཚོམ་དུ་གྱུར་པ་བསལ་ནས་ཕར་ཕྱིན་རྣམས་མ་ནོར་བར་ཡིད་ལ་འཛིན་པར་བྱེད་པའི་ཐབས་དང་། དོན་སྤྱོད་པ་ནི་ཕར་ཕྱིན་རྣམས་ཉམས་སུ་ལེན་པ་ལ་འཇུག་པར་བྱེད་པའི་ཐབས་དང་། དེ་བཞིན་དུ་དོན་མཐུན་པར་སྤྱོད་པ་ནི་ཕར་ཕྱིན་རྣམས་ལ་ཡང་ཡང་རྗེས་སུ་འཇུག་པར་བྱེད་པའི་ཐབས་ཡིན་ཏེ། ཆོས་སྨྲ་བ་པོ་རང་ཉིད་ཀྱིས་ཆོས་དེ་ལ་སྤྱོད་ན་གཞན་དེ་ལ་བཀོད་པ་རྣམས་ཀྱང་ནན་ཏན་གྱིས་ཆོས་དེ་རྗེས་སུ་སྒྲུབ་པར་བྱེད་པས་ན། གདུལ་བྱ་སེམས་ཅན་རྣམས་འཁོར་དུ་བསྡུས་ནས་སྨིན་པར་བྱེད་པའི་ཐབས་ནི་བསྡུ་བའི་དངོས་པོ་བཞིར་ཤེས་པར་བྱ་སྟེ་དེ་ལས་མང་མི་དགོས་ལ་ཉུང་ན་མི་འདུ་བས་སོ། །གསུམ་པ་བསྡུ་བའི་དངོས་པོ་བཞིའི་བྱེད་ལས་ནི། བསྡུ་བའི་དངོས་པོ་དང་པོས་སེམས་ཅན་རྣམས་ཆོས་ཀྱི་སྣོད་དུ་འགྱུར་བར་བྱེད་དེ། ཟང་ཟིང་གི་སྦྱིན་པས་ཕན་བཏགས་པར་བྱས་པའི་སེམས་ཅན་དེ་རྣམས་བྱང་ཆུབ་སེམས་དཔའ་དེ་ལ་ཡིད་དགའ་ནས་དེའི་ངག་ཉན་པའི་སྣོད་དུ་འགྱུར་བའི་བསྡུ་བའི་དངོས་པོ་ཡིན་པ་སྟེ། གཉིས་པ་སྙན་པར་སྨྲ་བ་ཡིས་ནི་ཕར་ཕྱིན་དང་ཡང་དག་པར་ལྡན་པའི་ཆོས་ལ་མོས་པ་ཉིད་དུ་བྱེད་པ་ཡིན་ནོ། །གསུམ་པ་དོན་སྤྱོད་པ་ཡིས་ནི་ཕ་རོལ་དུ་ཕྱིན་པའི་དོན་སྒྲུབ་ཏུ་བཅུག་པ་སྟེ། བཞི་པ་དོན་མཐུན་པས་ཡང་ནས་ཡང་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱོད་ཅིང་དྲི་མ་རྣམ་པར་དག་པ་ཉིད་དུ་སྦྱོང་པ་ཉིད་དུ་བྱེད་པའོ། །བཞི་པ་བསྡུ་བཞིའི་དབྱེ་བ་ལ། གཉིས་སུ་བསྡུས་པའི་དབྱེ་བ་དང་། གསུམ་དུ་དབྱེ་བ་གཉིས་ལས་དང་པོ། ཟང་ཟིང་གི་བསྡུ་བ་དང་ནི། ཆོས་ཀྱི་བསྡུ་བ་སྟེ། ཆོས་ཀྱི་བསྡུ་བ་ལ་དམིགས་པའི་ཆོས་ལ་སོགས་པ་རྣམ་པ་གསུམ་ཡོད་པ་ཡིས། སྦྱིན་པ་ནི་ཟང་ཟིང་གི་བསྡུ་བ་ཡིན་ལ། གཞན་གསུམ་ཆོས་ཀྱི་བསྡུ་བ་ཡིན་པས། དེ་ལྟར་བསྡུ་བ་གཉིས་ཀྱི་སྒོ་ནས་ནི། ཆོས་ཀྱི་བསྡུ་བ་ལ་གསུམ་དུ་ཕྱེས་ནས་བསྡུ་བའི་དངོས་པོ་བཞིར་འདོད་དོ། །ཆོས་ཀྱི་བསྡུ་བ་ལ་དམིགས་པའི་ཆོས་དང་། སྒྲུབ་པའི་ཆོས་དང་། རྣམ་པར་དག་པའི་ཆོས་གསུམ་དུ་ཡོད་པའི་དང་པོ་ནི་ཕར་ཕྱིན་དྲུག་དང་ལྡན་པའི་མདོ་སོགས་ཀྱི་ཆོས་ཡིན་པས་དེ་ནི་སྙན་པར་སྨྲ་བས་འཆད་པར་བྱེད་དོ། །སྒྲུབ་པའི་ཆོས་ནི་དོན་སྤྱོད་པས་ཉམས་སུ་ལེན་པར་བྱེད་དོ། །རྣམ་པར་དག་པའི་ཆོས་ནི་དོན་མཐུན་པའི་སྒོ་ནས་སེར་སྣ་སོགས་ཕར་ཕྱིན་རྣམས་མི་མཐུན་ཕྱོགས་ཀྱི་དྲི་མ་དང་བྲལ་བར་སྤྱོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་གསུམ་དུ་དབྱེ་བ་ནི། རྣམ་པའི་དབྱེ་བའི་སྒོ་ནས་ནི། ཉན་ཐོས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་བསྡུ་བ་དམན་པ་སྟེ་གཞན་དོན་མི་བྱེད་པའི་ཕྱིར་དང་། རང་རྒྱལ་གྱི་བསྡུ་བ་ནི་ཉན་ཐོས་ལས་དབང་པོ་མཆོག་དང་བྱང་ཆུབ་སེམས་དཔའ་ལས་དམན་པའི་ཕྱིར་འབྲིང་དང་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་དངོས་བཞི་ནི། མཆོག་གི་བསྡུ་བ་ཞེས་བྱ་སྟེ།བདག་དང་གཞན་གྱི་དོན་དུ་ཞུགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་ཀྱང་ཉན་རང་བྱང་སེམས་ཀྱི་ཐེག་པ་ལ་བཀོད་པ་དེ་གསུམ་དམན་འབྲིང་མཆོག་གི་བསྡུ་བར་འགྱུར་རོ། །ཡང་སྡུད་པ་པོའི་སྒོ་ནས་དབྱེ་ན། མོས་སྤྱོད་ཀྱི་ས་ལ་གནས་པའི་བྱང་སེམས་རྣམས་ཀྱང་བསྡུ་དངོས་བཞིས་སེམས་ཅན་བསྡུས་ཤིང་སྨིན་པར་བྱེད་པ་ནི།ཉུང་ཤས་ཞིག་སྨིན་པར་འགྱུར་པ་ལས་ཕལ་ཆེར་དོན་མེད་པར་འགྱུར་ཏེ་ཆོས་ཀྱི་དེ་ཁོ་ན་ཉིད་མ་མཐོང་བ་དང་སེམས་ཅན་གྱི་བསམ་པ་སོགས་མི་ཤེས་པའི་ཕྱིར་རོ། ། ས་དང་པོ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔས་བསྡུ་དངོས་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཕལ་ཆེར་སྨིན་པར་འགྱུར་བས་དོན་ཡོད་པ་ཡིན་ཡང་། ཉུང་ཤས་ཙམ་སྨིན་པར་མི་འགྱུར་བ་ཡང་ཡོད་པ་དང་། ས་བརྒྱད་པ་དང་དགུ་པ་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཤིང་སྨིན་པར་བྱས་པ་དེ་དག་ཐམས་ཅད་སྨིན་པར་འགྱུར་ཏེ་གཅིག་ཀྱང་ཆུད་མི་ཟ་བས་རྣམ་པ་ཀུན་དུ་དོན་ཡོད་པ་ཤེས་པར་བྱའོ། །ལྔ་པ་བསྡུ་དངོས་བཞིའི་ཕན་ཡོན་ནི་ཚིགས་བཅད་གཉིས་ཏེ། འཁོར་སྡུད་པ་དང་ལྡན་པའི་བྱང་སེམས་རྣམས་ཚུལ་འདི་ལྟ་བུ་ལ་ནི་ཡང་དག་པར་རྟེན་པ་དེ་ནི། སེམས་ཅན་ཀུན་གྱི་དོན་མཐའ་དག་ཀུན་སྒྲུབ་པར་བྱེད་ཅིང་། དེའི་ཐབས་བཟང་བོ་འདི་ལས་གཞན་དུ་མེད་པ་ཡིན་པར་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་སོ། །དེ་ཕྱིར་འདས་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སྔར་སེམས་ཅན་རྣམས་བསྡུས་པ་དང་། དེ་བཞིན་མ་འོངས་པ་ན་སྡུད་པར་འགྱུར་བ་དང་། གང་དག་ད་ལྟར་སྡུད་པར་བྱེད་པ་དེ་ཀུན་བསྡུ་བའི་དངོས་པོ་བཞི་པོ་ཡིས་སྡུད་པ་དེ་འདྲ་བར་གྱུར་པ་དེ་བས་ན། བསྡུ་དངོས་བཞི་པོ་འདི་ནི་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་ལམ་གཅིག་ཏུ་ངེས་པ་ཡིན་ནོ། །གསུམ་པ་ལེའུའི་མཇུག་སྡུད་པ། དེ་ལྟར་རྟག་ཏུ་ལོངས་སྤྱོད་ལ་མ་ཆགས་པའི་བློ་ཡིས་སྦྱིན་པ་ལ་འཇུག་པ་དང་། ཆགས་སོགས་ཀྱི་རྒྱུ་ལས་བྱུང་བའི་མི་དགེ་བའི་ལས་ལམ་རྣམས་ཞི་བའི་ཚུལ་ཁྲིམས་དང་། བཟོད་པའི་སྒོ་ནས་ཞེ་སྡང་གིས་རྒྱུད་མི་འཁྲུགས་པ་སྡོམ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པ་དང་། སེམས་ཕྱི་རོལ་དུ་མི་གཡེང་བར་ནང་དུ་ཏིང་ངེ་འཛིན་ལ་གནས་པའི་བདག་ཉིད། ཤེས་རབ་ཀྱིས་སྲིད་པ་ནང་ཕུང་པོ་ལྔ་དང་། ཡུལ་གཟུགས་སོགས་ཕྱིའི་ཆོས་དང་དེ་གཉིས་ཀའི་མཚན་མར་རྣམ་པར་མི་རྟོག་པ་ཡི་བྱང་ཆུབ་སེམས་དཔའ་བདག་སྨིན་པར་གྱུར་པ་དེས་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཀྱི་ཚོགས་སྡུད་ཅིང་སྨིན་པར་བྱེད་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་ལེའུ་སྟེ་བཅུ་བདུན་པ་རྣམ་པར་བཤད་པའོ།། །།