Jump to content

ཟློས་གར།

ཡོང་ཁུངས་Wikipedia
ཟློས་གར།

ཟློས་གར་ནི་སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ།ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང་དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང༌།ལྷའི་རྗེས་སུ་སྐྱེས་པ་དང༌། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང༌།བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ་དང༌། འདྲེན་པ་དང༌།དཀྱུས་གཅིག་ཏུ་སྦྱར་བ་དང༌། དཀྱུས་གཉིས་པ་དང༌།ཕྱེད་ཕྱི་མ་ལ་སོགས་མཚན་ཉིད་རྣམས་དང་ལྡན་ཞིང༌།རྗོད་བྱེད་སྣ་ཚོགས་པའི་སྐད་ཀྱིས་གླུར་ཚིགས་སུ་བཅད་པ་དང༌། ལྷུགས་པ་དང༌།སྤེལ་མ་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་པ་སྟེ། དེ་ཡང་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌།ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། གནོད་སྦྱིན།མི་དང་མི་མ་ཡིན་པ་རྣམས་ཀྱི་གར་དང་སྐད་རིགས་སོ་སོའི་གླུའི་ཁྱད་པར་རྣམ་པ་བདུན་དུ་གྲགས་པ་ཡོད་དོ།།དེ་ལྟ་བུའི་ཟློས་གར་ཡང༌། སྔར་རྗེ་བཙུན་ས་པཎ་གྱིས་གསན་པའི་གཟུགས་ཀྱི་ཉི་མ་དང་བྷ་ར་ཏ་དང༌། ཕྱིས་སུ་ཡང་ལེགས་སྦྱར་ལས། བོད་སྐད་དུ་བསྒྱུར་བ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌།འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་ཡོད་ལ།རྒྱ་གཞུང་གི་ཁུངས་དང་ལྡན་པ་དག་ལ་བོད་རང་གིས་ལེགས་བཅོས་བྱས་ནས་འཆམ་དང༌། ཆོས་རྒྱལ་ནོར་བཟང་དང༌།དྲི་མེད་ཀུན་ལྡན་སོགས་དང༌། བོད་རང་གི་ཟློས་གར་སྲོང་བཙན་སྒམ་པོ་དང༌།ཁྲི་སྲོང་ལྡེའུ་བཙན། སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐོར་སོགས་ཡོད།


ཟློས་གར་ལ་གཏམ་བརྗོད་ཟློས་གར་དང་། གླུ་དབྱངས་ཟློས་གར། ཞབས་བྲོ་ཟློས་གར་དང་ཁྲང་ཞི་ཟློས་གར་བཅས་སུ་དབྱེ།

དང་ཐོག་ཟློས་གར་དང་གླུ་གར་ལ་དབྱེ་བ་མེད་ལ་ཕྱིས་སུ་ནུབ་གླིང་དུ་ཟློས་གར་དར་འཕེལ་བྱུང་ནས་ཟློས་གར་ནང་གི་གླུ་གར་རིམ་གྱིས་ཉུང་དུ་ཕྱིན་ཐོག་གླུ་གཞས་གཙོ་བོར་གྱུར་པའི་གླུ་དབྱངས་ཟློས་གར་དང་སྐད་ཆ་གཙོ་བོར་གྱུར་པའི་གཏམ་བརྗོད་ཟློས་གར་བྱུང་ཞིང་དར། དེ་མིན་ཤར་ཕྱོགས་ཀྱི་ཟློས་གར་ནི་གླུ་གར་དང་མི་རིགས་ཀྱི་ཁྲང་ཞི་རང་འཇགས་སུ་ཉར་བའི་བདག་པོར་གྱུར།[]

འོག་གི་རིག་གནས་སྒྱུ་རྩལ་དུས་དེབ་ལས་དྲངས་བའི་བརྗོད་དོན་འདི་ལ་དུས་རབས་རྐྱེན་བྱེད་པའི་སྐྱོན་ཆ་སོགས་མཆིས། འོན་ཀྱང་རིགས་དབྱེ་སོགས་ལ་བླངས་བྱ་ཅུང་ཟད་ཡོད་པས་སོར་གཞག་བྱེད་པ་ཡིན།


ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "རིག་གནས་སྒྱུ་རྩལ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧