གེ་སར་རྒྱལ་པོ།
གེ་སར་རྒྱལ་པོ་ དབྱིན་སྐད་དུ་ King Gesar ཡང་ན Gesar Gyalpo ཞེས་འབྲི་ན་ལེགས་སྙམས
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཞེས་སྤྱི་ཚོགས་ཐོག་གྲགས་ཆེ་བ་ཡིན་ཞིང༌། དེ་ནི་སྔར་སྒྲུང་མཁན་ཞེས་པའི་མི་ཡི་གེ་ཙམ་ཡང་མི་ཤེས་ཀྱང་གེ་སར་གྱི་སྒྲུང་ཆ་ཚང་བློ་ཐོག་ནས་ཤོད་ཐུབ་མཁན་མང་པོ་བྱུང་ཞིང་ད་ལྟའང་ཡོད་པ་དེ་དག་གིས་བཤད་པ་རྣམས་ཕྱོགས་བསྒྲིགས་བྱས་པ་དང་། གཞི་རྩ་སྔོན་མ་སྡེ་དགེ་གླིང་ཚང་དུ་གླིང་གེ་སར་ཟེར་བའི་དཔའ་རྒོད་གཅིག་བྱུང་མྱོང་བའི་ལོ་རྒྱུས་ལ་རྟོགས་བརྗོད་དང་རབ་བཏགས་ཀྱིས་བརྗོད་ཚུལ་འདྲ་མིན་སྣ་ཚོགས་མངའ་བའི་རྫོང་ཆེན་བཅོ་བརྒྱད་དང༌། རྫོང་འབྲིང་བདུན། རྫོང་ཕྲན་བཞི། ལྷ་གླིང༌། དམྱལ་གླིང་བཅས་ལེ་ཚན་རྒྱས་བསྡུས་ཁྱོན་བསྡོམས་སུམ་ཅུ་ལྷག་ཙམ་དང་། དེབ་གཟུགས་སུ་དཔར་ཟིན་པ་བརྒྱ་ལྷག་ཡོད་པར་ཐོས་ཤིང་། འཛམ་གླིང་ནང་གི་བརྩམས་སྒྲུང་རིང་ཤོས་སུ་གྱུར་ཡོད།
མི་ཚེ།
[རྩོམ་སྒྲིག]གསུམ་པ། གླིང་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བ།
[རྩོམ་སྒྲིག]༇།། འདན་སྲས་གཡུ་འོད་འབུམ་མེ་དེ་ལུས་བ་སྤུ་གཟིངས། མིག་མཆི་མ་འཁྲུགས། ཐལ་མོ་སྙིང་གར་སྦྱར་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་འཛམ་གླིང་ སེང་ཆེན་ནོར་བུ་དགྲ་འདུལ་གྱི་ཞབས་ཀྱི་པུས་མོ་ལ་ དབུ་ཐོད་གཏུགས་ནས། རྒྱལ་བ་ཀུན་གྱི་ཕྲིན་ལས་གར།། འགྲོ་དྲུག་སྐྱོབ་པའི་སྙིང་རྗེ་ཅན།། གེ་སར་སྐྱེས་བུ་མཆོག་ཁྱེད་ཀྱི།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན།། བདག་གི་རྒྱུད་ལ་འཕོས་ནས་ཀྱང་།། བསྟན་དང་འགྲོ་བའི་དོན་ཆེན་པོ།། འབད་མེད་མྱུར་དུ་འགྲུབ་པ་ལ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་དད་གུས་ཚད་མེད་པས་གསོལ་བ་དྲག་ཏུ་བཏབ་པ་ན། རྒྱལ་མཆོག་མི་ཡི་ཉི་མ་དེས། དར་འབོལ་ཟ་འོག་བརྩེགས་པའི་གདན་སྟེང་ནས། གོས་ཆེན་ས་ལམ་དམར་པོའི་ཟླ་གམ་སྐུ་ལ་གསོལ་ཞིང་། ཞལ་རས་བཅོ་ལྔའི་ཟླ་གཞོན་ལ། ལི་ཁྲི་དམར་པོའི་མདངས་ཕྱུང་། སྐུ་ལུས་རི་རབ་ལྷུན་པོ་ལ། རྩ་གསུམ་སྲུང་མའི་བཀྲག་བསྡུས། གསུང་དབྱངས་ཚངས་པའི་རོལ་མོ་ལ། བརྒྱུད་གསུམ་བླ་མའི་བྱིན་ཕབ་སྟེ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་དར་ཚོན་སྣ་ལྔས་བརྒྱན་ པ་ནམ་མཁའ་ལ་གཡུག་བཞིན། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།། པདྨ་གེ་སར་སྡོང་པོ་ལ།། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས།། པདྨ་འབྱུང་གནས་ཞེས་སུ་གྲགས།། འཁོར་དུ་མཁའ་འགྲོ་མང་པོས་བསྐོར།། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་གྱིས།། བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ།། གནས་མཆོག་འདི་རུ་བྱིན་ཕོབ་ལ།། སྒྲུབ་མཆོག་བུ་ལ་དབང་བཞི་སྐུར།། གསུངས་ནས་འདན་སྲས་ཀྱི་དབུ་ཐོག་ཏུ་བཞག་པས་ཐ་མལ་གྱི་ སྣང་ཞེན་དབྱིངས་སུ་འགགས་ནས་དར་ཅིག་རིག་སྟོང་འོད་ གསལ་གྱི་ཀློང་དུ་འཕྱན་པར་གྱུར་ཏོ།། དེ་ནས་ཉིན་འགའ་སོང་བ་ན་གཡུ་མཁར་སྔོན་པོའི་ནང་རོལ་ ན། ཁྲི་གཅེས་འདན་མ་བསམ་འགྲུབ་ཡབ་སྲས་གཉིས་གསེར་ལུང་པདྨ་ འདབ་དྲུག་ཅེས་པའི་སྦས་ཡུལ་གྱི་ཞིང་ཁམས་དེའི་ས་གནད་ ཇི་ལྟར་འཚོལ་བའི་སྐོར་གླེང་བཞིན་བཞུགས་པར་གདའ་འོ།། སྐབས་དེར་གདོང་འབུམ་པའི་དགྲ་ལྷ་རྩེ་རྒྱལ་ལ་དངོས་ཉམས་ རྨི་ལམ་ཅི་རིགས་པར་ས་གནད་འཚོལ་བའི་རྟགས་དུ་མ་ བྱུང་སྟེ་རེས་འགའ་བུད་མེད་དམར་མོས་ལམ་ཁྲིད་དེ་ས་ གནད་འཚོལ་དུ་འགྲོ་བ་དང་། རེས་འགའ་ཁྱེའུ་དམར་པོས་མདའ་དར་ཐོགས་ཏེ་འདི་ས་གནད་ ལ་ཚུགས་ཤིག་ཅེས་པ་དང་།ཁོང་གི་ཉམས་སྣང་དུ་མེ་ལོང་ ལ་པྲ་ཕབ་པ་ལྟར་སྦས་ཡུལ་གྱི་བཀོད་པ་ས་ལེར་ཤར་བ་ སོགས་ཕྱི་ནང་གསང་བའི་རྐྱེན་སྣ་ཚོགས་དང་ཁྱད་པར་དུ་ ལྷ་རྟ་ཅང་ཤེས་ཀྱིས་ང་འགྲོ་ཟེར་བའི་ཚུལ་གྱིས་འཚེར་ སྐད་ལྷང་ལྷང་སྒྲོག་བཞིན་རང་འཁོར་རྒྱག་པ་སོགས་ཀྱིས་ བསྐུལ་ནས། ལྷ་རྟ་ཁྱུང་གཤོག་སྔོན་པོ་ལ།། གསེར་སྲབ་ཉི་མ་རང་ཤར་སྟེང་།། བྱི་རུ་དམར་པོའི་ཚར་ལོ་བཀོད།། བལ་སྟན་འཇའ་རིས་འཁྱིལ་བའི་སྟེང་།། གསེར་སྒ་རིན་ཆེན་བང་མཛོད་བསྟད།། ཟ་འོག་སེར་པོའི་ལྭ་བའི་སྟེང་།། གསེར་ཁྲབ་ནོར་བུ་ཆ་བརྒྱད་མནབས།། གསེར་རྨོག་ཉི་ཟླ་ཁ་སྤྲོད་ལ།། དར་འཕྲུ་དགྲ་ལྷ་རང་འཁོར་བཙུགས།། སྐ་རགས་རིན་ཆེན་ཕྲེང་བ་ལ།། རྣོ་ཆོད་ཡ་ཟི་སྐར་ཕྲན་བཏགས།། སག་ལྷམ་གཡུ་འབྲུག་ཁ་སྤྲོད་ལ།། ཉྭ་ཆབ་གསེར་མིག་གཤོག་འགྲིགས་བསྒྲོགས་ཏེ། གཉེན་ཕུ་ནུས་མཐོང་ན་ཉམས་དགའ་བ། ལྷ་དབང་བརྒྱ་བྱིན་གཡུལ་དུ་ཆས་འདྲ། སྡང་དགྲ་བོས་མཐོང་ན་སྙིང་འདར་བ། རྒྱ་སྟག་དམར་པོ་ཚང་ནས་ལངས་འདྲ་ཞིག་བྱས་ཏེ། འདན་ཀ་ཕུའི་དཀྱིལ་འཁོར་ལྷ་ཐང་དུ་བྱོན་ནས། འདན་མ་ཡབ་སྲས་ལ་ཡིན་ལུགས་ཀྱི་གླུ་འདི་རྩེ་གླུ་དཀར་ མོ་རྒྱང་གྲགས་ཀྱི་རྟ་ལ་དྲངས་ཏེ་གསུངས་སོ།།
གླུ་ ཨ་ལ་ཨ་ལ་ ཨ་ལ་རེད།། ཐ་ལ་ངག་གི་འགུགས་ལུགས་རེད།། ཞིང་པདྨ་འོད་ཀྱི་གཞལ་ཡས་ནས།། མགོན་མཚོ་སྐྱེས་རྡོ་རྗེ་ཐུགས་རྗེ་ཅན།། བུས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།། ས་འདིའི་ས་ངོ་མ་ཤེས་ན།། གཡུ་མཁར་སྔོན་པོའི་ནང་ཤོད་ནས།། གཉེན་ཕུ་ནུས་སེམས་གཏམ་བཤད་ས་རེད།། ཕོ་ང་དང་ང་ངོ་མ་ཤེས་ན།། ཕུ་གསུམ་ཁ་བ་གངས་ཀྱི་རི།། གངས་ལ་སེང་གེ་འགྱིང་བའི་རི།། རྐེད་གསུམ་ཙནྡ་ནགས་ཀྱི་རི།། ནགས་ལ་རྒྱ་སྟག་རྩེ་བའི་རི།། ཤོད་གསུམ་ཆུ་མ་ཞིང་གི་རི།། ཞིང་ལ་འབྲུ་དྲུག་སྨིན་པའི་རི།། མདའ་གསུམ་གཙང་མ་ཆབ་ཀྱི་རི།། ཆུ་ལ་ཉ་སྲམ་འཁོར་བའི་རི།། རྨ་རི་བོ་བཞི་ཡི་འདུས་མདོ་ནས།། མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ནས།། དཔའ་མི་འགྱུར་དགྲ་ལྷ་རྩེ་རྒྱལ་ཡིན།། སྤྱིར་ཆུང་རྒྱུད་དཔོན་རབས་བཅོ་བརྒྱད་ལ།། འདན་མ་བློན་རབས་བཅོ་བརྒྱད་ཡིན།། སྒོས་གཡུ་འོད་བུ་དང་དགྲ་ལྷ་ང་།། མ་གཅིག་གི་ཁོང་ནས་མ་སྐྱེས་ཀྱང་།། སེམས་གཅིག་ཏུ་མཐུན་པའི་ཕུ་ནུ་ཡིན།། གཅེས་པའི་གཉེན་དང་འཕྲད་ཉིན་མོ།། བྱམས་བརྩེའི་ཉི་ཟླ་ཆ་འགྲིག་ཡིན།། སྡང་བའི་དགྲ་དང་འཕྲད་ཉིན་མོ།། ངར་རྒོད་སྟག་སེང་ཁ་སྤྲོད་ཡིན།། དེ་སྟེ་ཚ་ཞང་ཡབ་སྲས་གཉིས།། གསོན་དང་འདྲ་མ་འདི་འདྲ་གདའ།། ཞིང་ས་བཟང་པོའི་རྐྱེན་དང་གཅིག། ས་བོན་བཟང་པོའི་རྒྱུ་དང་གཉིས།། དུས་ཚིགས་བཟང་པོའི་དྲོད་དང་གསུམ།། བཟང་གསུམ་ལྷན་དུ་འཛོམས་པ་ན།། འབྲས་བུ་མི་འབྱུང་རང་དབང་མེད།། བླ་མ་བཟང་པོའི་སྨོན་ལམ་གཅིག། སློབ་མ་བཟང་པོའི་དད་དམ་གཉིས།། དུས་ཚེས་བཟང་པོའི་རྟེན་འབྲེལ་གསུམ།། བཟང་གསུམ་འཛོམས་པའི་ཞིང་ཁམས་སུ།། བདེ་སྐྱིད་མི་འབྱུང་རང་དབང་མེད།། འོན་ཀྱང་ས་གནད་འཚོལ་བ་ནི།། གལ་ཆེན་བྱ་བའི་ཐོག་མ་དང།། རྟེན་འབྲེལ་ཀུན་གྱི་མགོ་མ་དེ།། བུ་རྩེ་རྒྱལ་བདག་གིས་བྱས་ན་སྙམ།། དེ་དངོས་ཉམས་རྨི་ལམ་གསུམ་ལ་ཐུག། རྟ་ཅང་ཤེས་ཁྱུང་གཤོག་སྔོན་པོ་ཡིས།། འགྲོ་དགོས་པའི་རྟགས་མཚན་དུ་མ་བསྟན།། ཉམས་རིག་པ་གསལ་བའི་དྭངས་ཆ་ལ།། གནས་གསེར་ལུང་བཀོད་པ་ལམ་མེར་བཀྲ།། མཚན་ཐོ་རེངས་གསུམ་གྱི་རྨི་ལམ་ལ།། སོང་ཟེར་བའི་བསྐུལ་མ་རྒྱུན་མར་བྱུང་།། དགུང་སྔོན་པོའི་བསུ་མ་མ་ཐོན་ཅིང་།། དུང་ཟླ་བའི་འདེད་མ་མ་ཐོན་པར།། མདུན་མུན་པས་བཀག་ཀྱང་མ་ཁོག་སྟེ།། ཤར་ཁྲི་གདུགས་འཆར་དོན་དེ་འདྲ་ལགས།། གླིང་སྐྱེས་བུས་ཁྱོད་སོང་མ་གསུངས་ཤིང་།། བློན་འདན་མས་ཁྱོད་ཤོག་མ་གསུངས་པར།། ལམ་རིང་མོས་བཀག་ཀྱང་མ་ཁོག་པར།། ང་རྩེ་རྒྱལ་ཡོང་དོན་དེ་འདྲ་ལགས།། གླུ་གོ་ན་རྣ་བའི་བཅུད་དུ་ཟུང་།། དོན་མ་གོ་གླུ་ལ་འགྲེལ་བ་མེད།།
ཅེས་གསུངས་ སོ།། དེའི་ཚེ་སྲས་གཡུ་འོད་ཀྱི་ཐུགས་ལ། ད་ཐེངས་ཀྱི་བྱ་བ་འདི་ནི་རྗེ་གེ་སར་གྱི་ཐུགས་བཞེད་ དང་། སྲུ་འབྲུག་མོའི་གསུང་ལུགས། ལྷ་སྲས་ཀྱང་འདི་ལྟར་བྱོན་ཚུལ་གང་ལ་བལྟས་ཀྱང་རྟེན་ འབྲེལ་ཧ་ཅང་ལེགས་པོ་ཞིག་ཡིན་པར་ཐག་ཆོད་ཀྱང་། འབུམ་པའི་ལྷ་སྲས་རྐྱང་བར་བྱོན་ན་མི་འོས་སོ་སྙམ་ཡང་ ཞལ་ནས་ཅི་ཡང་མི་གསུང་པར་འདུག ཕ་འདན་མའི་ཐུགས་ལ། འབུམ་པའི་དགྲ་ལྷ་རྩེ་རྒྱལ་ནི། སྨུག་པོ་གདོང་གི་གདུང་རྒྱུད། རྗེ་གེ་སར་རྒྱལ་པོའི་ཚ་བོ། དཔོན་ཞལ་ལུ་བཟང་པོའི་སྲས་པོ། ཤེས་རྒྱ་དང་དཔྱོད་པ། བསོད་ནམས་དང་དབང་ཐང་གང་ལ་བསམས་ཀྱང་མི་ཕལ་བ་ཞིག་ དང་ཡེ་འདྲ་ས་མེད། ཁྱད་པར་དུ་རྗེ་གེ་སར་གྱིས་ས་དེ་ཡི་ས་གནད་མ་ འཆུགས་མཛོད་གསུངས་པའང་མཆིས་ན་ད་རེས་ཁོང་མ་བྱོན་ན་ ས་གནད་མ་ནོར་བ་ཞིག་རྙེད་རྒྱུ་དཀའ། གསུང་བབ་ལ་བལྟས་ན་ལྷ་སྲས་ཉིད་བྱོན་པར་བཞེད་པ་འདྲ་ བས། ཐུགས་དང་མ་བསྟུན་ན་མི་འོས་དགོངས་ནས་ལྷ་སྲས་ལ་འདན་ མ་ཡབ་སྲས་ཀྱིས་གྲོགས་བྱས་ནས་ས་གནད་འཚོལ་དུ་བྱོན་ རྒྱུའི་སྟེང་དུ་ཐག་བཅད་དོ།། ཕྱི་ཉིན་ཁོང་རྣམས་གེ་སར་སྐྱེས་བུའི་ལུང་བྱུང་ལྟར་ས་ འཚོལ་དུ་བྱོན་པ་ན། གཟི་ལུང་རིང་མོའི་མདའ་ཆུ་མ་ལ་འདྲེས་པའི་མར་ཟུར་ན་ ལྷ་སྲས་ཀྱི་ཉམས་སྣང་དང་མཐུན་པའི་གནས་ཡིད་དུ་འོང་ བ་ཞིག་འདུག་པ་དེའི་རི་རྩེར་བྱོན་ནས་གཟིགས་པས། སྟོད་ན་གསེར་གྱི་མེ་ལོང་ལྷ་ཐང་མཐོང་བ། སྨད་ན་ཙ་རིའི་སྟག་རྣ་མཐོང་བ་སོགས་གང་ལ་བལྟས་ཀྱང་ ས་གནད་མ་ནོར་བར་དགོངས་ནས་རིམ་བཞིན་གཟིགས་པས། ཤར་ན་རྒྱ་སྟག་ཐུར་དུ་རྒྱུག་འདྲའི་ས་དཔལ། ལྷོ་ན་གཡུ་འབྲུག་མ་བུ་འདྲིས་པའི་ས་དཔལ། ནུབ་ན་བྱ་དམར་གཟན་ལ་བསྒོངས་འདྲའི་ས་དཔལ། བྱང་ན་གསེར་གྱི་རུས་སྦལ་ལྟ་བུའི་ས་དཔལ་གྱི་སྲུང་བ་ རྣམ་བཞི་ཚང་ཞིང་ལུང་པ་པདྨ་འདབ་དྲུག་གྱེས་འདྲ། ལུང་མདའ་ལྷ་ཡི་ཕྱག་རྒྱ་བསྣོལ་འདྲ། རྒྱབ་རི་སྒོམ་ཆེན་གདན་ལ་བཞུགས་འདྲ། ཤར་ལྷོ་ནམ་མཁའ་མདའ་ལྟོང་ཕྱེ་འདྲ། ས་ཟླ་གམ་དང་གནམ་ཟླ་གམ་དུ་གནས་པ་སོགས་ས་ཡི་ཁྱད་ པར་ཡོངས་སུ་རྫོགས་པར་གཟིགས་ནས། ཆིབས་བཤོལ་ཏེ་ལྷ་སྲས་ཀྱིས་གཡས་སྟག་དོང་ནང་ན་འོམ་ བུའི་མདའ་ཞིག་བླངས་ནས་འདི་སྐད་གསུངས་སོ།། མགོན་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།། དོན་ཆོས་ཉིད་གཤིས་ལ་བདེན་པ་བརྡར།། ལྷ་ཆོས་སྐྱོང་སྲུང་མ་གྲོགས་སུ་སྦྲན།། མདའ་ཉག་ཕྲན་དམར་པོ་དབང་གི་རྫས།། དར་ཚོན་སྣ་ལྔ་ཡིས་བརྒྱན་པ་འདི།། དཔའ་དགྲ་བླ་སྟོང་གི་འཁྲི་ཤིང་ཡིན།། ལྷ་ཝེར་མ་བྱེ་བའི་རྟེན་ཤིང་ཡིན།། ས་གྲུ་བཞིའི་གནད་ལ་འབབ་པར་ཤོག། དཔལ་སྡེ་བཞིའི་མངའ་ཐང་དར་བར་ཤོག། ཅེས་གསུངས་ནས་མདའ་དེ་གནམ་དུ་འཕངས་པ་ན་ནམ་མཁའ་རྟེན་ མེད་ཀྱི་མཐོང་ནས་དྲང་ཚུགས་སུ་བསྡད་དེ། གཡས་ཕྱོགས་སུ་ཀྱི་ལི་ལི་གསུམ་འཁོར་ནས་སྲིད་པ་གསུམ་ གྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་དང་གཟི་བརྗིད་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཤར་ གྱིས་མར་བབས་ནས་ས་གནད་དུ་ཟུག་པ་ན་གློ་བུར་དུ་ སྤྲིན་དཀར་པོ་འོ་མ་འཕྱུར་བ་ལྟ་བུ་ཞིག་ཐོལ་གྱིས་ བྱུང་ནས་ནམ་མཁར་དེངས་པའི་ཤུལ་ནས་གཞོན་ནུ་མ་དཀར་མོ་ དར་གྱི་འཕྱང་འཕྲུལ་ཅན་ཞིག་གིས་ལུས་ཕྱེད་སའི་ཐོག་ ཏུ་མངོན་པར་བྱས་ནས་ལག་པའི་ཐལ་མོ་སྙིང་གར་སྦྱར་ཏེ་ གླུ་འདི་བླངས་སོ།།
གླུ་ཨ་ལ་ཨ་ལ་ ཨ་ལ་རེད།། ཐ་ལ་ཐ་ལ་ཐ་ལ་རེད།། མི་མཇེད་དག་པའི་ཞིང་ཁམས་ནས།། སྟོན་པ་ཤཱཀྱ་ཐུབ་པ་མཁྱེན།། ཚོ་དྲུག་གླིང་གི་ས་ཆ་རུ།། སངས་རྒྱས་བསྟན་པ་དར་བར་ཤོག། ས་འདི་ས་ངོ་མ་ཤེས་ན།། མདོ་ཁམས་རི་བོ་རྩེ་ལྔ་ཟེར།། ང་འདྲ་ང་ངོ་མ་ཤེས་ན།། ས་ཡི་ལྷ་མོ་བསྟན་མ་ཟེར།། དེ་རིང་བཀྲ་ཤིས་ཉི་མ་ལ།། མཁའ་ལ་གཟའ་སྐར་འཕྲོད་སྦྱོར་བཟང་།། བར་ལ་རྟགས་དང་རྟེན་འབྲེལ་བཟང་།། ས་ལ་དགེ་བའི་དུས་ཚོད་བཟང་།། དེ་སྟེ་གསོན་དང་ལྷ་ཡི་བུ།། ནགས་འཁྲི་ཤིང་ལྕུག་ཕྲན་རྒྱས་དང་གཅིག། དུས་དཔྱིད་དཔལ་ནམ་ཟླ་དྲོ་དང་གཉིས།། བྱེའུ་སྨུག་ཆུང་འཇོལ་མོའི་རྩེ་གྲོགས་གསུམ།། བྱ་ཁུ་བྱུག་ཆེད་དུ་མ་བསྒྲིགས་ཀྱང་།། ལས་བསོད་ནམས་དབང་གིས་ལྷན་ཅིག་འཛོམས།། ས་དགེ་བཅུ་ཚང་བའི་དཔལ་ཁ་གཅིག། ཚེས་གཟའ་སྐར་བཟང་པོའི་དུས་དང་གཉིས།། སའི་ལྷ་མོ་བསྟན་མའི་སྲི་ཞུ་གསུམ།། སྲས་གཡུ་འོད་ཆེད་དུ་མ་བསྒྲིགས་ཀྱང་།། གླིང་སྐྱེས་བུའི་སྐུ་བསོད་རྒྱན་དུ་འཛོམས།། འཇིག་རྟེན་སྲིད་པའི་གཏམ་རྒྱུད་ལ།། ལྷ་བླ་མའི་ཡོན་ཏན་མ་ཤེས་ན།། ཕྱག་བཀུར་སྟི་རི་བོང་ཅལ་འདྲོགས་ཟེར།། ཆོས་ཟབ་མོའི་དེ་ཉིད་མ་ཤེས་ན།། ཚིག་ཁ་བཤད་རང་མགོ་རང་སྐོར་ཟེར།། ས་བཟང་པོའི་མཚན་ཉིད་མ་ཤེས་ན།། གོ་མི་ཆོད་བླུན་པོའི་ནོར་རྫས་ཟེར།། ས་འདི་ཡི་ཆེ་བ་བདག་གིས་ཤེས།། གདན་འཁོར་ལོའི་རྩིབས་ཀྱིས་མུ་ཁྱུད་ལ།། ཆབ་ཆུ་བོ་སྐ་རགས་བཅིངས་འདྲ་ཡོད།། མདུན་ན་གཏེར་གྱི་བུམ་བཟང་ལ།། སྨུག་པ་མགུལ་ཆིངས་དཀྲིས་འདྲ་ཡོད།། རྒྱབ་རི་གསེར་གྱི་རྒྱལ་མཚན་ལ།། མེ་ཏོག་ཕྲ་ཚོམ་བཀོད་འདྲ་ཡོད།། གཡས་ན་རིན་ཆེན་གདུགས་མཆོག་ལ།། ནགས་ཤུག་རྒྱན་ཆ་བཏགས་འདྲ་ཡོད།། ལུང་པ་པདྨ་འདབ་དྲུག་ལ།། གསེར་ཉས་བདུད་རྩི་འཐུང་འདྲ་ཡོད།། དུང་གཉིས་ཆ་འགྲིག་བྱས་འདྲ་ཡོད།། རང་བྱུང་དཔལ་བེའུ་རི་མོ་བཀྲ། འབྲི་མི་དགོས་བཀྲ་ཤིས་རྟགས་བརྒྱད་ཚང་།། བསྒྲིག་མི་དགོས་ས་ཡི་སྲུང་བཞི་ཚང་།། བླ་མ་བཟང་པོའི་གདན་ས་རེད།། ཤར་ལྷོའི་ནམ་མཁའ་མདའ་ལྟོང་འདི།། ཤེས་རབ་ཕྱོགས་མེད་རྒྱས་པའི་ས།། རྒྱབ་རི་སྒོམ་ཆེན་བཞུགས་འདྲ་འདི།། ཏིང་འཛིན་ངང་གིས་སྐྱེ་བའི་ས།། ལུང་མདོ་ཕྱག་རྒྱ་བསྣོལ་འདྲ་འདི།། ཚུལ་ཁྲིམས་རྣམ་པར་དག་པའི་ས།། ཤར་ལམ་ཆུ་དང་འགྲོགས་པ་འདི།། ལོངས་སྤྱོད་གྲོགས་སུ་འབྱུང་བའི་ས།། རི་རྒྱུད་སྤོས་རྒྱ་བྲིས་འདྲ་འདི།། རིགས་རྒྱུད་མངའ་ཐང་འཕེལ་བའི་ས།། གནམ་ས་ཟླ་གམ་བྱུང་བ་དེ།། ཕྱོགས་བཞི་དབང་དུ་འདུ་བའི་ས།། ས་འདི་ལ་ཡོན་ཏན་མ་ཚང་མེད།། བཤད་དགོས་ན་དམར་ཆུང་ལང་ཡང་ཟད།། ཉན་དགོས་ན་དར་ལུང་རྣ་ཡང་ངལ།། དོན་ཡིན་ལུགས་ཞུས་ན་དེ་འདྲ་རེད།། ས་ལྷུན་གྲུབ་པདྨ་འདབ་དྲུག་འདི།། རྗེ་གེ་སར་དབྱིངས་ནས་དགྱེས་ཕྱིར་འབུལ།། གླིང་དཔའ་བོས་བྲོ་གར་བསྒྱུར་སར་འབུལ།། མ་དཔའ་མོས་གླུ་དབྱངས་ལེན་སར་འབུལ།། འདན་སྲས་ཆུང་དགྱེས་པ་སྐོང་ཕྱིར་འབུལ།། གནས་འདི་ལ་ཇི་སྲིད་བར་དུ་བཞུགས།། སྨན་ངས་ཀྱང་སྲི་ཞུ་ལྷོད་མེད་སྒྲུབ།། གླུ་གོ་ན་རྣ་བའི་བདུད་རྩི་རེད།། མ་གོ་གླུ་ལ་འགྲེལ་བ་མེད།།
ཅེས་གསུངས་ནས་ཟླ་ བ་སྤྲིན་ཀློང་དུ་ཡིབ་པ་ལྟར་ས་དེ་ ཉིད་ལ་སླར་ཐིམ་པར་གྱུར་ཏོ།། དེ་ལྟར་ས་གནད་བཙལ་ཞིང་སྨོན་ལམ་རྒྱ་ཆེར་བཏབ་ནས་ ཕྱིར་ཕེབས་ཤིང་དུས་ཚེས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་ པ་ཞིག་ལ་གནས་དེར་གདན་ས་འཛིན་རྒྱུར་གྲོས་ཐག་བཅད་པར་ བྱས་སོ།།