གསའ།
གསའ་ཡོག་ཅེས་ཟེར་ལ། ཡུལ་ལུང་གཞན་དུ། གསའ་གཟིག་གམ། རྩ་གཟིག གསའ་མ་གཟིག་ཅེས་འབོད་སྲོལ་ཡོད་ཚོད་འདུག་ལ། གཞན་ཡང་ཡུལ་ལུང་སོ་སོའི་ཡུལ་སྐད་དུ་འབོད་སྟངས་སྣ་ཚོགས་ཡོད་ངེས་རེད།
གང་ལྟར་བོད་པའི་ཡིག་སྐད་ནང་ཡོངས་གྲགས་ལྟར་གྱིས་གསའ་ཞེས་ཟེར་ལ། རྒྱ་སྐད་དུ། ཞོའོ་པོའོ(雪豹)ཞེས་འབོད། དབྱིན་སྐད་དུ། Snow Leopardཞེས་འབོད་ཀྱི་ཡོད་སྐད་འདུག ༼ཚིག་མཛོད་ཆེན་མོ༽རུ། གཡི་དང་འདྲ་བ་ལ་དེ་ལས་ཅུང་ཟད་ཆུང་བའི་གཅན་གཟན་ཞིག་ཅེས་བཀོད་འདུག་ལ། ༼དག་ཡིག་གསར་བསྒྲིགས༽སུ། རྫ་རི་མཐོ་སར་ཡོད་པའི་གཟིག་གི་རིགས་ཤིག་སྟེ། ཡུལ་སྐད་དུ་རྩྭ་གཟིག་དང་།སྲོག་ཆགས་རིག་པའི་ནང་དུ་གངས་གཟིག་ཟེར་ཞེས་ལབ་འདུག
གསའ་གཟིག་ཅེས་པ་ནི། སྲོག་ཆགས་གཟིག་གི་རིགས་ཤིག སྤུ་མདོག་དཀར་ལ་སེར་ཞད་ཅན། ནག་ཐིག་གམ་གདུབ་རིས་བཀྲ་བ། མཇུག་མ་རིང་བ། ས་མཐོ་སའི་བྲག་གསེབ་སོགས་སུ་གནས་འཆའ་བ། སྤྱོད་ལམ་མྱུར་ལ་ཚོར་བ་གྲུང་པ། རྒྱུག་དང་མཆོང་ལ་མཁས་པ། གནའ་བ་དང་གླ་བ་དང་བྱ་རིགས་སོགས་ཟས་སུ་བྱེད་པའི་གཅན་གཟན་གཏུམ་པོ་ཞིག་གོ།། snow leopard 雪豹ཞེས་ཚིག་མཛོད་སོགས་སུ་བཤད་འདུག ཞོར་དུ་བཤད་འདོད་པ་ཞིག་ལ། གསའ་ལ་རྒྱ་སྐད་དུ། ཞོའོ་པོའོ(雪豹)ཞེས་པ་འབོད་པ་བཞིན། དེང་སང་བོད་པ་མང་དག་ཅིག་གིས་བོད་སྐད་དུ་ཡང་གངས་གཟིག་ཅེས་འབོད་ཀྱི་འདུག་མོད། ང་སྒེར་ངོས་དེར་མོས་པ་གང་ཡང་མེད། རྒྱུ་མཚན་གང་ལགས་ཤེ་ན། རང་ཅག་བོད་པས་སྔ་ད་བར་གཅན་གཟན་དེར་གསའ་ཞེས་ཟེར་བ་ལས། གངས་གཟིག་ཅེས་ཟེར་སྲོལ་མེད་པ་འདྲ། ད་ལྟའི་དུས་འདིར་བོད་པ་སྐོར་ཞིག་གིས་གངས་གཟིག་ཅེས་འབོད་པ་དང་། བོད་ཡིག་གི་ཚིག་མཛོད་ལ་ལར། སྲོག་ཆགས་རིག་པའི་ནང་དུ་གངས་གཟིག་ཟེར་ཞེས་པ་ཡང་། རྒྱ་སྐད་དུ། ཞོའོ་པོའོ(雪豹)ཟེར་བ་དེའི་ཤན་ཤུགས་སམ་རྗེས་སུ་འབྲངས་ནས་བཤད་པ་ཞིག་ཏུ་འདོད། འོན་ཀྱང་ལྟ་རྒྱ་དང་ཐོས་རྒྱ་དབུལ་བའི་བདག་ལྟ་བུ་ཞིག་གིས་ཁ་ཚོན་གཅད་ཐུབ་པའི་གནས་མ་ཡིན་པས་ཀུན་གྱིས་དཔྱད་པར་འཚལ།
གསའ་ཡོག་གམ་གསའ་ཡིས་ཕྱུགས་ཟོག་དང་རི་དྭགས་སོགས་བསད་དུས་ཁྲག་ཚང་མ་འཇིབ་ནས་བསད་ཀྱི་ཡོད་རེད། ཁོས་སྲོག་ཆགས་ཅི་ཞིག་གསད་དགོས་ཀྱང་འཇབ་ནས་གསོད་ལ། ནོར་སོགས་རྩྭ་ཆུར་མགོ་འཁོར་བཞིན་པའི་སྐབས་སུ། སྒལ་སྟེང་དུ་མཆོངས་རྗེས་ཅི་འདྲའི་གཡག་རྒོད་ཅིག་ཡིན་རུང་ཐར་མི་ཐུབ་ཟེར། ཡང་དེ་སྔོན་ཞིག་ལ། སྟོད་མངའ་རིས་ཡིན་པའི་རྒད་པོ་ཞིག་གིས་ཟེར་ཡག་ལ། ཁོང་ཚོའི་ལུང་པར་གསའ་མང་ཙམ་ཡོད་ལ། གསའ་ཡིས་ནོར་ནག་སོགས་ཀྱི་སྐེ་ལ་སོ་བརྒྱབ་ནས་མདུན་དུ་འཐེན་པ་དང་ཆབས་ཅིག་དེར་གཞན་དང་མི་མཚུངས་པའི་རྔ་མ་རིང་པོ་ཞིག་ཡོད་པས། དེས་ནོར་གྱི་རྐུབ་ནས་རྔ་ལྕགས་བརྒྱབ་ནས་བྲག་ཕུག་ཏུ་འཁྲིད་འགྲོ་ལུགས་བཤད་མྱོང་། བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ་ལགས་ཀྱིས་བཤད་པ་ལྟར་ན། གསའ་ནི་མདོ་དབུས་མཐོ་སྒང་དང་ཨེ་ཤ་ཡ་དཀྱིལ་མའི་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་པའི་བྱི་ལའི་རིགས་ཀྱི་སྲོག་ཆགས་ཆེ་ཤོས་ཤིག་རེད། གསའ་ནི་གཟིག་གི་ཁོངས་སུ་གཏོགས་མོད། རྒྱུད་པ་སྟག་དང་ཆེས་ཐག་ཉེ་པོ་འདུག་ཅེས་ལབ་འདུག་ལ། གསའ་ནི་དོམ་ཁྲ་དང་སྟག་བཞིན¡°IUCN མིང་ཐོ་དམར་པོ¡± ལས་ཉེན་ཁར་བཅར་བའི་དངོས་རིགས་ལ་རྩིས་ཡོད་ཅེས་ཟེར།
གསའ་ཡིས་ཨེ་ཤ་ཡཱའི་རྒྱལ་ཁབ་བཅུ་གཉིས་ཀྱི་རི་མཐོའི་ས་ཁུལ་དུ་འཚོ་གནས་གཙོ་བོ་བྱས་ཡོད་ལ། རི་ཁུལ་དེ་དག་གི་སྐྱེ་ཁམས་མ་ལག་གི་རུ་དར་ལྟ་བུའི༼མཚོན་བྱེད༽ རང་བཞིན་གྱི་དངོས་རིགས་ཤིག་ཀྱང་རེད། ཀྲུང་གོ་ནི་རི་སྐྱེས་གསའ་ཡི་གྲངས་ཀ་ཆེས་མང་བའི་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་ནི་གསའ་ཡི་ཁྱབ་ཁོངས་ཆེས་ཆེ་བའི་ཞིང་ཆེན་དེ་རེད།གསའ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོ་དང་ཀྲུང་གོའི་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་གྱི་གྲས་རེད་ཅེས་བརྗོད།
སྨོན་ལམ་ཚིག་མཛོད་དུ་གསལ་བའི་གསའ་ཡི་སྐོར།
གླིང་ཆེན་ཨེ་ཤ་ཡའི་དབུས་ཕྱོགས་ས་མཐོའི་གངས་ཁྲོད་དུ་འཚོ་གནས་བྱེད་པའི་གཟིག་གི་རིགས་ཤིག་སྟེ། དགུན་གའི་དུས་ཚིགས་སུ་ས་བབ་མཐོ་སར་ཟས་འཚོལ་དཀའ་བར་རྟེན་མཐོ་ཚད་སྤྱི་ཁྲུ་ ༢༠༠༠ ནས་ ༣༠༠༠ བར་གྱི་ས་བབ་དམའ་བའི་གྲོང་ཚོའི་ཉེ་འགྲམ་དུ་མཐོང་རྒྱུ་ཡོད་ཀྱང་། མི་རྣམས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ད་ཕན་ཐོས་མྱོང་མེད། ཡིན་ནའང་། སྲོག་ཆགས་གསའ་ནི་གཟིག་རིགས་གཞན་དང་མི་འདྲ་བར་གཏུམ་དྲག་ཅན་ཞིག་ཡིན་པ་སྨོས་ཅི། དེ་ས་དྲོད་སླེབས་པའི་དུས་སུ་མཐོ་ཚད་མཚོ་ངོས་ནས་སྤྱི་ཁྲུ་ ༥༠༠༠ ནས་ ༦༠༠༠ བར་གྱི་ས་མཐོའི་གཡང་སའི་སྲོག་ཆགས་གཉན་དང་། གཙོད། གླ་བ། རི་བོང་། སྤྱང་ཀི ཤྭ་བ་མཆུ་དཀར། འཕར་བ། གནའ་བ་སོགས་ཟ། ཚེ་ཚད་ལོ་ཉི་ཤུ་ལྷག་ཡིན། གནས་ཡུལ་བོད་ཀྱི་དབུས་གཙང་དང་། མདོ་སྟོད་སྨད་ཀྱི་ས་ཁུལ་འགའ་ན་ཡོད་ལ། གཞན་ཡང་། ཨུ་རུ་སུ། རྒྱ་ནག རྒྱ་གར་སོགས་བོད་ཀྱི་ཉེ་འཁོར་འགའ་ན་ཡང་ཡོད། ལུས་པོའི་ལྗིད་ཚད་སྤྱི་རྒྱ་ ༥༠ ནས་ ༦༠ བར་ཡིན། རིང་ཚད་སྤྱི་ཁྲི་གཅིག་ལྷག་ཟིན། སྤུ་མདོག་སྐྱ་ཤར་དང་། གྲ་འགྲིག་པོ་དང་དྭངས་གསལ་མིན་པའི་ཁྲ་ཐིག་མདོག་ནག་པོ་ཨ་ལོང་གི་རི་མོ་ལྡན། བྲང་ངོས་དང་ལྟོ་ངོས་ཀྱི་སྤུ་དཀར་ཞིང་ཁྲ་ཐིག་མེད། གཟིག་དང་མི་འདྲ་བས་སྤུ་མདོག་གཅིག་མཐུན་མིན་སྟབས། དབྱེ་བ་འབྱེད་བདེ་ཤོས་ནི་གཟུགས་ཀྱི་རིང་ཚད་དང་སྣོམས་པའི་རྔ་བ་སྤོམ་ལ་རིང་བ་ཡོད། རྒྱལ་སྤྱིའི་དཔྱད་དེབ་དམར་པོའི་ནང་རིགས་རྒྱུད་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད།