བྱང་ཀོ་རི་ཡ།

ཡོང་ཁུངས་Wikipedia
བྱང་ཀོ་རི་ཡ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
གནས་སྤོ། དཀར་ཆག, འཚོལ།
LocationNorthKorea.png
North Korea map-CIA (zh).png

བྱང་ཀོ་རི་ཡ ནི་ ཨེ་ཤེ་ཡ་ ཀྱི་རྒྱལ་ཁབ་ཡིན། North Korea དེའི་རྒྱལ་ས་ནི་ཕོང་ཡང་རེད།

སྤྱིར་བྱང་ཀོ་རི་ཡ་ནི་འཛམ་གླིང་གི་ལྐོག་གྱུར་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། གཞུང་འབྲེལ་གསར་ཁང་རེ་གཉིས་མ་གཏོགས་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་དུས་ད་ལྟའང་དྲྭ་རྒྱའི་ཆ་རྐྱེན་ཞན་ལ་གཞུང་གིས་དོ་དམ་ནན་པོ་བྱས་ཡོད་པར་བརྟེན་ནང་ལོགས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་དཀའ་བ་དང་རྒྱལ་སྤྱིའི་འཕོ་འགྱུར་ཐད་ནས་ཀྱང་བྱང་ཀོ་རི་ཡའི་མི་སེར་རྣམས་ལ་ཁྱད་པར་ཅི་ཡང་འབྱུང་གི་མེད་པ་རེད། བྱང་ཀོ་རི་ཡའི་ངོས་ནས་རང་ཉིད་ཚད་ལྡན་དམར་ཤོག་རྒྱལ་ཁབ་ཅིག་ཏུ་འདོད་མོད། འོན་ཀྱང་རྒྱལ་ཁབ་གཞན་དག་ཕལ་ཆེ་བས་རྒྱལ་པོའི་ལམ་ལུགས་དང་སྲིད་དབང་སྒེར་འཛིན་གྱི་ཁྱད་ཆོས་ཡོངས་སུ་ཚང་བ་མ་ཟད་གདོན་མའི་གནམ་བསྐོས་སྲིད་གཞུང་ལམ་ལུགས་ད་དུང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཅིག་ཏུ་མཐོང་གི་ཡོད་པ་རེད། ཁྱིམ་ཚང་རེ་རེའི་ནང་ཀིམ་ཕ་བུ་གསུམ་པོའི་སྐུ་པར་སྒྲིག་གཤོམ་བྱས་ཡོད་ཅིང་མི་མང་པོས་ཀིམ་ཨིལ་སུང་ནི་འཇིག་རྟེན་བཀོད་པ་པོ་དང་ཀིམ་ཇོང་ཨིལ་ནི་འབྱོར་བ་སྡུད་མཁན་དུ་ཡིད་ཆེས་བྱེད། རྒྱལ་ཁབ་དེའི་གླུ་གར་དང་རི་མོ། རྩོམ་རིགས་སོགས་སྒྱུ་རྩལ་ཐམས་ཅད་ཀྱི་བརྗོད་དོན་ཕལ་ཆེ་བ་ནི་ཀིམ་ཁྱིམ་རྒྱུད་ཀྱི་ཆེ་བ་བརྗོད་པ་ཤ་སྟག་ཡིན་པ་རེད། "ཁྱེད་མེད་ན་མ་ཡུལ་གང་ན་ཡོད་"ཅེས་པ་ནི་བྱང་ཀོ་རི་ཡའི་ནང་ཡོངས་གྲགས་ཆེ་ཤོས་ཀྱི་གླུ་གཞས་ཤིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ལྟར་ན་བྱང་ཀོ་རི་ཡ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་གཏོང་མཁན་གྱི་རྒྱལ་ཁབ་གཏེ་པོ་ཞིག་ཡིན་པ་རེད། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་ཤིན་ཏུ་ཆེ་བ་དང་འགྲུལ་སྐྱོད་རང་དབང་མེད་པ། ཆབ་སྲིད་དང་དཔལ་འབྱོར་ཐད་ནས་རང་དབང་མེད་པ། སྲོག་ཐོག་ཉེས་ཆད་ཀྱི་གྲངས་འབོར་ཧ་ཅང་ཚད་མཐོ་བ་2009 གཅིག་པོར་བཙོན་པ་1193 ཙམ་ལ་སྲོག་ཁྲིམས་བཅད་ཡོད་པར་བཤད། བཙོན་པ་རྣམས་བྲན་གཡོག་ལྟར་གནས་ཤིང་གནས་སྟངས་ཤིན་ཏུ་ཞན་པ་དང་ཚོད་རྩིས་ལྟར་ན་ལོ་རེར་བཙོན་པ་ཁྲི་རེ་ཤི་བཞིན་ཡོད་ཅིང་དེའི་ནང་ནས་བརྒྱ་ཆ་40 ལྷག་ཟས་བཅུད་ཞན་པའི་རྐྱེན་གྱིས་ཡིན་པ་རེད། བྲོས་བྱོལ་ཐུབ་པའི་བྱང་ཀོ་རི་ཡའི་མི་སེར་དུ་མས་སྲིད་དབང་དམ་བསྒྲགས་ཆེ་བའི་ཡུལ་དེར་གཉའ་གནོན་དང་། མུ་གེ། བཙན་གཡེམ། དམར་གསོད། མིའི་ལུས་ལ་རྫས་སྦྱོར་གྱིས་བརྟག་ཚོད་བྱེད་པ། ངལ་རྩོལ་བཙན་སྐུལ་བྱེད་པ། བཙན་ཤེད་ཀྱིས་སྐྱེ་སྒོ་འགོག་པ་སོགས་ཀྱི་གནད་དོན་ཐོག་སྙན་ཐོ་དུ་མ་ཕུལ་ཡོད་པ་རེད།

བྱང་ཀོ་རི་ཡའི་ལོ་རྒྱུས།[རྩོམ་སྒྲིག]

འཇར་པན་གྱི་དབང་བསྒྱུར། སྤྱི་ལོ་1910 ལོར་འཇར་པན་བཙན་རྒྱལ་ཆེན་མོས་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་Korean Peninsula ཡོངས་ལ་དབང་བསྒྱུར་བྱས། འཇར་པན་གྱིས་ཡུལ་དེའི་སྲོལ་རྒྱུན་རིག་གནས་དང་རིག་གཞུང་བཅས་པར་གཏོར་བརླག་ཚབས་ཆེན་བཏང་ཞིང་དཔལ་འབྱོར་དང་ཚོང་ལས་ཐད་ལ་དོ་དམ་ནན་པོ་བྱས། ཀོ་རི་ཡའི་མི་རྣམས་ཀྱིས་བཅིངས་གྲོལ་དམག་ཅེས་པའི་འཇར་འགོག་རུ་ཁག་ཅིག་གསར་དུ་བཙུགས་ཏེ་རྒྱ་ནག་དང་ཀོ་རི་ཡའི་ས་མཚམས་ནས་འཇར་འགོག་དམག་འཐབ་བྱས་པ་རེད། ཀོ་རི་ཡའི་དམག་དཔུང་རེ་འགའ་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་འཇར་འགོག་དམག་དཔུང་དུ་ཞུགས། དྲག་རྒོལ་རུ་ཁག་གཅིག་གི་འགོ་དཔོན་ནི་ཕྱིས་སུ་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་དུ་གྱུར་བ་ཀིམ་ཨིལ་སུང་ Kim il-Sung ཡིན་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་ནང་འཇར་པན་ཕམ་པར་བརྒྱབས་རྗེས་མཉམ་འགྲོས་དྲང་ཐིག་སོ་བརྒྱད་པར་38th Parallel འབོད་པའི་ས་མཚམས་བཅད་དེ་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་དུམ་བུ་གཉིས་སུ་ཕྱེས། བྱང་མ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཟུང་ཞིང་ལྷོ་མ་ཨ་རི་ཡིས་བཟུང་། དམག་དཔོན་ཀིམ་ཨིལ་སུང་ Kim II Sung བྱང་ཀོ་རི་ཡའི་སྐབས་འཕྲལ་མི་དམངས་མཐུན་ཚོགས་ཀྱི་གཙོ་འཛིན་དུ་བསྐོས། ཨུ་རུ་སུའི་དམག་སྤྱི་ Terentii Shtykov ཊེ་རན་ཊིཤི་ཊའེ་ཀོ་ཧྥི་ཡི་འཛིན་སྐྱོང་འོག་ནས་བྱང་ཀོ་རི་ཡར་སྤྱི་ཚོགས་གྲལ་རིམ་མེད་པར་བཟོས་ཤིང་ས་གཞི་བཅོས་བསྒྱུར་དང་བཟོ་གྲྭ་ཆེ་ཁག་ཚང་མ་གཞུང་བཞེས་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་པ་དེའི་འོག་ཏུ་ས་བདག་རྣམས་དང་འཇར་པན་གྱི་ལག་སྦྲེལ་ཚོང་གཉེར་བ་དག་འདུག་མ་ཐུབ་པར་ལྷོ་ཀོ་རི་ཡར་བྲོས་དགོས་ཐུག་པ་རེད། སྤྱི་ལོ་1946 ལོའི་མོ་སི་ཁོའི་ཚོགས་ཆེན་ Moscow Conference སྟེང་དུ་ཨ་རི་ཡིས་དགོས་འདུན་བཏོན་པ་ལྟར་ཨ་ཨུ་གཉིས་ལ་ཀོ་རི་ཡའི་དབང་འཛིན་ཐད་ལོ་ལྔའི་དོ་དམ་འགན་དབང་གི་ཐོབ་ཐང་ཡོད་པ་བྱས། དེ་ནི་ཀོ་རི་ཡ་ལོ་ལྔའི་རྗེས་ནས་རང་བཙན་རྒྱལ་ཁབ་ཏུ་འགྱུར་རྒྱུའི་སྟ་གོན་ཡིན་པ་རེད། ལོ་རྒྱུས་རང་བཞིན་ལྡན་པའི་ཀོ་རི་ཡའི་རྒྱལ་ཁབ་ཀྱི་མདུན་ལམ་ཐག་གཅོད་པར་ཨ་རི་དང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་གྲོས་ཁ་མ་མཐུན་པར་རྩོད་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ། རྒྱལ་ཚོགས་ཀྱིས་སྐབས་འཕྲལ་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ་ཀོ་རི་ཡ་ལ་འོས་བསྡུའི་ལམ་ནས་སྲིད་གཞུང་གསར་དུ་འཛུགས་རྒྱུའི་དཔྱད་ཁྲ་བཏང་། དཔྱད་ཁྲ་དེར་ཨུ་རུ་སུས་ཁས་ལེན་མ་བྱས་པར་བརྟེན་ལྷོ་ཀོ་རི་ཡ་གཅིག་པོའི་ནང་དཔྱད་ཁྲ་ལག་བསྟར་བྱས་ཏེ་སྤྱི་ལོ་1948 ལོའ་ཟླ་ 8 ཚེས་15 ཉིན་ཀོ་རི་ཡའི་སྤྱི་མཐུན་རྒྱལ་ཁབ་ Republic of Korea (ལྷོ་ཀོ་རི་ཡ) དབུ་བརྙེས། དེ་དང་དུས་མཚུངས་བྱང་ཀོ་རི་ཡའི་ནང་དུའང་ཆེས་མཐོའི་མི་དམངས་ལྷན་ཚོགས་ཞེས་པ་བདམས་ཏེ་ཟླ་དགུ་པའི་ནང་རྩ་ཁྲིམས་གཏན་འབེབས་བྱས། 1448 ལོའི་ཟླ་9 པའི་ཚེས་9 ཡི་ཉིན་ཀོ་རི་ཡའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་Democratic People's Republic of Korea (བྱང་ཀོ་རི་ཡ)ཅེས་པ་དབུ་བརྙེས་ཤིང་ཀིམ་ཨིལ་སུང་དབུ་ཁྲིད་དུ་བདམས། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀིམ་སྲིད་གཞུང་གཅིག་པོ་ཀོ་རི་ཡའི་ཁྲིམས་མཐུན་གྱི་སྲིད་གཞུང་ཡིན་པ་གསལ་བསྒྲགས་བྱས་ཤིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀོ་རི་ཡའི་སྤྱི་མཐུན་རྒྱལ་ཁབ་གཅིག་པོ་ཀོ་རི་ཡའི་ནང་གི་ཁྲིམས་མཐུན་སྲིད་གཞུང་ཞིག་ཡིན་པ་གསལ་བསྒྲགས་བྱས། གང་ལྟར་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཨུ་རུ་སུའི་ལྟ་གྲུབ་འགྲན་རྩོད་ཀྱི་དབང་གིས་ལོ་རྒྱུས་རང་བཞིན་པའི་ཀོ་རི་ཡའི་རྒྱལ་ཁབ་དེ་ཡང་1948 ལོ་ནས་བཟུང་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་དཔལ་འབྱོར་གྱི་ལམ་ལུགས།སྤྱི་ཚོགས་ཀྱི་སྒྲོམ་གཞིི་སོགས་ཡོངས་སུ་མི་གཅིག་པའི་སྲིད་གཞུང་མི་འདྲ་བ་གཉིས་སུ་གྱུར་བ་རེད།

ཀོ་རི་ཡའི་དམག་འཁྲུག[རྩོམ་སྒྲིག]

སྤྱི་ལོ་1949 ལོ་ཙམ་ལ་བྱང་ཀོ་རི་ཡའི་ནང་དུ་དམར་ཤོག་གི་ལྟ་བ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ་ཆབ་སྲིད་ཚོགས་པ་དང་མང་འདུས་སྒྲིག་འཛུགས་ཁག་ཚང་མ་གཅིག་ཏུ་འདུས་ཤིང་ཕ་ས་གཅིག་སྒྲིལ་དམངས་གཙོའི་ཚོགས་པ་ Democratic Front for the Reunification of theFatherland ཞེས་པ་བཙུགས། ཚོགས་པའི་མིང་བྱང་ཙམ་ནས་སྤྱི་དམངས་ཀྱི་རྣམ་པ་ཞིག་མཚོན་ཐུབ་རུང་དོན་དུ་དམར་ཤོག་གི་ལྟ་བས་དབང་ནོན་བྱས་ཡོད་པ་རེད་ལ་དམིགས་ཡུལ་གཙོ་བོ་ནི་ཀོ་རི་ཡ་ཡོངས་རྫོགས་གཅིག་གྱུར་ཡོང་ཐབས་ལ་འབད་རྒྱུ་དེ་ཡིན་པ་རེད། སྤྱི་ལོ་1949 ལོར་ཨ་རི་ཡི་དམག་དཔུང་ཕྱིར་འཐེན་བྱས་པའི་ཤུལ་དུ་ལྷོ་ཀོ་རི་ཡ་ནི་དམག་ཤུགས་ཞན་ཞིང་ཉམས་མྱོང་གིས་དབུལ་པའི་རྒྱལ་ཁབ་ཅིག་ལས་ཅི་ཡང་མེད་པ་རེད། དེ་ལས་ལྡོག་སྟེ་བྱང་ཀོ་རི་ཡ་ནི་བཟོ་ལས་ཐོན་སྐྱེད་བཟང་ཞིང་དབུ་ཁྲིད་ཀིམ་གྱིས་གཙོས་པའི་དམག་དོན་ལ་སྦྱོར་བརྡར་ཐོབ་པའི་མི་སྣ་ཧ་ཅང་མང་པོ་ཡོད་པ་རེད། གོ་སྐབས་དེ་དང་བསྟུན་ནས་ཀིམ་གྱིས་ཨུ་རུ་སུ་དང་རྒྱ་ནག་ནས་དམག་རོགས་བསླངས་ཏེ་སྤྱི་ལོ་1950 ཟླ་6 པའི་ཚེས་25 ཉིན་ལྷོ་ཀོ་རི་ཡར་བཙན་འཛུལ་བྱས་ཤིང་དཀའ་ཚེགས་མེད་པར་རྒྱལ་ས་སོལ་ Seoul དབང་དུ་བསྡུས། བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ནས་དགག་པ་ནན་པོ་བྱས་ཀྱང་མ་ཉན་པར་བརྟེན་ཨ་རི་ཡིས་འགོ་ཁྲིད་པའི་རྒྱལ་ཚོགས་མཉམ་འབྲེལ་དམག་གིས་ཕར་རྒོལ་དྲག་པོ་བཏང་སྟེ་ཀིམ་གྱི་དམག་དཔུང་རྒྱ་ནག་དང་ཀོ་རི་ཡའི་ས་མཚམས་བར་དུ་དེད། སྐབས་དེར་གཙོ་འཛིན་མའོ་ཡིས་རྒྱའི་དམག་མི་ཕོན་ཆེན་ཞིག་བྱང་ཀོ་རི་ཡའི་རྒྱབ་སྣོན་དུ་བཏང་སྟེདམར་ཤོག་ལ་སྲུང་སྐྱོབ་བྱས། དམག་འཁྲུག་དེ་ལོ་གསུམ་ལ་མཚམས་མ་ཆད་པར་དམག་མི་དང་མི་སེར་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཞིང་བྱང་ཀོ་རི་ཡའི་གྲོང་ཁྱེར་དང་བཟོ་ལས་འཛུགས་བསྐྲུན་སོགས་གཏོར་བཅོམ་ཚད་མེད་བཏང་། དཔལ་འབྱོར་གྱི་གྱོང་གུད་ཀྱང་ཧ་ཅང་ལྕི་བ་སྟེ་ལོ་རེའི་ཐོན་སྐྱེད་ཡོང་འབབ་བརྒྱ་ཆ་70% ཙམ་མར་ཆགས། ཀོ་རི་ཡའི་དམག་འཁྲུག་འདི་ནི་ཨ་རི་དང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་བར་དུ་ལངས་བའི་གྲང་དམག་སྐབས་ཀྱི་དམག་འཁྲུག་དང་པོ་དེ་ཡིན་ཞིང་འདི་ལ་ཚབ་མཚོན་དམག་འཁྲུག་དང་ནང་འཁྲུག་སོགས་ཕྱོགས་སོ་སོ་ནས་མིང་མི་འདྲ་བ་མང་པོ་བཏགས་ཡོད་པ་རེད། སྤྱི་ལོ་ 1953 ལོའི་ཟླ་ 7 ཚེས་ 27 ཉིན་དམག་འཁྲུག་མཚམས་འཇོག་གི་ཆིངས་ཡིག་བཞག་ནའང་ལྷོ་བྱང་གཉིས་ཀྱི་རྙོག་དྲ་མུ་མཐུད་དུ་གནས།

དམག་འཁྲུག་རྗེས་ཀྱི་བྱང་ཀོ་རི་ཡ[རྩོམ་སྒྲིག]

སྤྱི་ལོ་1956 ལོར་བྱང་ཀོ་རི་ཡའི་སྐབས་གསུམ་པའི་གཞུང་འབྲེལ་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པའི་སྟེང་ཨུ་རུ་སུའི་གནོན་ཤུགས་ལྡན་པའི་ཨུ་རུ་སུ་ཤོག་སྒྲིལ་Soviet Faction དང་རྒྱ་ནག་གི་གནོན་ཤུགས་ལྡན་པའི་ཡ་ནན་ཤོག་སྒྲིལ་Yanan Faction གཉིས་ཀྱི་འགོ་ཁྲིད་ཚོས་ཀིམ་གྱི་དབང་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ་སྲིད་ས་ནས་ཕབས་རྩིས་བྱས་ཀྱང་ཀིམ་གྱིས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་གཞུང་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་མང་ཆེ་བ་ཁོང་གི་རྒྱབ་ཏུ་ལངས། མ་ཟད་ཁོས་གནད་ལ་འཁེལ་བའི་སྐྱོན་འཛུགས་ཁ་ཤས་ལ་ངོས་ལེན་བྱས་ཏེ་བསྒྱུར་བཅོས་བྱ་རྒྱུ་ཁས་བླངས། ཕྱིས་སུ་ཤོག་སྒྲིལ་གཉིས་པོའི་འགོ་ཁྲིད་གཏེ་པོ་རྣམས་འཛིན་བཟུང་བྱས་ཤིང་ཕལ་ཆེ་བ་སྲོག་ཐོག་བཏང་བ་རེད། འདི་ལ་ཟླ་བརྒྱད་པའི་ཤོག་སྒྲིལ་དོན་རྐྱེན་ནམ་August Faction Incident བགྲོད་དཀའ་བའི་དཔུང་སྐྱོད་The Arduous March ཡང་ཟེར་ཞིང་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཀིམ་གྱིས་ཨ་རུ་སུ་དང་རྒྱ་ནག་གི་རྒྱབ་བརྟེན་ཡོད་པའི་ཤོག་ཁག་གཉིས་པོར་ཐག་གཅོད་ནན་པོ་བྱས་པ་དེས་བྱང་ཀོ་རི་ཡ་ནི་ཁེར་ཚུགས་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་ཐུབ་ཡོད་པར་བརྗོད།

སྤྱི་ལོ་1960 ཙམ་ནས་བཟུང་རྒྱ་ནག་དང་ཨུ་རུ་སུའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་འགལ་འདུ་བྱུང་ཞིང་འབྲེལ་ལམ་རིང་དུ་སོང་སྐབས་བྱང་ཀོ་རི་ཡས་ཤོག་སྒྲིལ་སྤངས་བའི་སྲིད་ཇུས་ Non Alignment policy ལག་བསྟར་བྱས་ཏེ་ཕྱོགས་གང་ལའང་མི་གཏོགས་པའི་ཇུ་ཆེའི་Juche (ཀོ་རི་ཡའི་སྐད་ཐོག་ནས་ཇུ་ཆེ་ཟེར་ན་རང་ཁ་རང་གསོ་ལ་ཟེར་ཞིང་ལམ་ལུགས་དེའི་དམིགས་འབེན་ཡང་དེ་ལྟར་རོ)སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་རྒྱུན་འཁྱོངས་བྱས། དམག་འཁྲུག་གི་རྗེས་ནས་དཔལ་འབྱོར་སོར་ཆུད་ཀྱི་མྱུར་ཚད་མགྱོགས་པ་སྟེ་ལོ་བཞིའི་ནང་སྔ་མོའི་1949 ལོའི་བཟོ་ལས་ཐོན་སྐྱེད་ཀྱི་རིམ་པ་བར་སོན་ཐུབ་པ་བྱུང་། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་བར་མུ་མཐུད་ས་མཚམས་རྩོད་རྙོག་དང་དབུ་ཁྲིད་ལྐོག་གསོད་ཀྱི་འཆར་གཞི་བསླངས་བའི་དོན་རྐྱེན་སོགས་བྱུང་བས་ཕ་ས་ཆིག་སྒྲིལ་གྱི་རྨི་ལམ་རིང་དུ་དོར་དགོས་བྱུང་། སྤྱི་ལོ་1972 ལོར་ཞི་བའི་ཆིག་སྒྲིལ་ཞིག་ཏུ་ལས་དོན་གཏད་Working toward a Peaceful Reunification ཅེས་པའི་རྩ་འཛིན་ཞིག་ལ་གྲོས་མོལ་བྱས་ཀྱང་དེའི་ཕྱི་ལོར་ལྷོ་ཀོ་རི་ཡས་ལྷོ་བྱང་གཉིས་ཀས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་ཚོགས་མིའི་བདག་ཐོབ་ཁ་ཁ་འཚོལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད།

ལོ་རབས་བདུན་ཅུའི་ནང་རྒྱ་ནག་གི་ནུབ་ཕྱོགས་དང་འབྲེལ་ལམ་གསར་བ་བཞག་པ་དེས་རྒྱ་བྱང་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཅུང་ཙམ་བྱུང་ནས་བྱང་ཀོ་རི་ཡས་ཇུ་ཆེའི་དཔལ་འབྱོར་ལྟ་གྲུབ་ལྟར་རང་འགོ་རང་ཐོན་གྱི་ཕྱོགས་ལ་འབད་པ་བྱས། ལོ་རབས་བརྒྱད་ཅུའི་ནང་ནས་བྱང་ཀོ་རི་ཡའི་དཔལ་འབྱོར་དར་རྒྱས་ཀྱི་མྱུར་ཚད་ཆགས་འགོ་བཙུགས་ཤིང་སྤྱི་ལོ་1991 ལོར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་བའི་སྐབས་ནས་བཟུང་ཨ་རུ་སུའི་རོགས་རམ་མཚམས་ཆད་དེ་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་ཐེབས། སླར་ཡང་རྒྱ་ནག་དང་ཚོང་འབྲེལ་བསྐྱར་གསོ་བྱས་ཀྱང་རྒྱ་ནག་གི་ཕྱོགས་ནས་བཟའ་ཆས་འདང་ངེས་ཡོད་པ་ཞིག་ནང་འདྲེན་བྱས་མ་ཐུབ།

བགྲོད་དཀའ་བའི་དཔུང་སྐྱོད་གཉིས་པ[རྩོམ་སྒྲིག]

རྒྱལ་ཁབ་གཉན་འཕྲང་དུ་ལྷུང་བའི་སྐབས་དེར་དབུ་ཁྲིད་ཀིམ་སྙིང་ནད་ཀྱི་རྐྱེན་པས་ 1994 ལོར་འདས་གྲོངས་གྱུར། བུ་ཀིམ་ཇོང་ཨིལ་ Kim Jong il གྱིས་འགོ་ཁྲིད་བྱས་ཏེ་ལོ་གསུམ་གྱི་གཞུང་འབྲེལ་མྱ་ངན་གསལ་བསྒྲགས་བྱས། ལོ་དེར་ཨ་རི་དང་བྱང་ཀོ་རི་ཡའི་བར་རྡུལ་མཚོན་བཟོ་བསྐྲུན་དང་འབྲེལ་བའི་མོས་མཐུན་ཡིག་ཆར་ Agreed Framework ས་རྟགས་བཀོད་པ་དེས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གྲར་བཀག་འགོག་ཆེན་པོ་བཟོས་ཡོད་པ་རེད། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་བར་ལའང་འབྲེལ་ལམ་ཅུང་བཟང་དུ་ཕྱིན་ཏེ་ཉི་ཤར་སྲིད་ཇུས་ Sunshine policy (ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་བཟུང་བའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཕྱི་འབྲེལ་སྲིད་ཇུས།) ལྟར་མཉམ་ལས་དང་ཚོང་འབྲེལ་ཅུང་ཙམ་བྱུང་། འོན་ཀྱང་ཡུན་རིང་མ་སོང་བར་དབུ་ཁྲིད་ཀིམ་ཇོང་ཨིལ་གྱིས་དམག་དོན་དང་པོའི་སྲིད་ཇུས་ Military First Policy ཞེས་པ་གཏན་ལ་ཕབས་ཏེ་དྲག་པོའི་སྟོབས་ཤུགས་གོང་སྤེལ་དང་ས་མཚམས་དམ་སྲུང་། འགྲོ་སྐྱོད་ཚད་བཀག རྒྱལ་སྲུང་ནན་ཏན་སོགས་ཀྱི་ཕྱོགས་ལ་ཤུགས་སྣོན་བརྒྱག་འགོ་བརྩམས་པས་སྲིད་ཇུས་སྔ་མ་རྣམས་རང་ཤུགས་ཀྱིས་ནུས་པ་ཆུང་དུ་སོང་། ལོ་རབས་དགུ་བཅུའི་ནང་བྱང་ཀོ་རི་ཡར་ཆུ་ལོག་གི་གནོད་སྐྱོན་ཐེབས་ཏེ་སྟོན་ཐོག་དང་ཁང་ཁྱིམ་སོགས་གཏོར་བརླག་ཚབས་ཆེན་བཏང་། གཞུང་ཕྱོགས་ནས་བཟའ་ཆས་དུས་ལྟར་མཁོ་འདོན་མ་ཐུབ་པར་བརྟེན་མུ་གེ་བྱུང་སྟེ་མི་མང་ཁྲི་ཚོ་དུ་མའི་ཚེ་སྲོག་ཤོར་ཞིང་མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱོབ་གསོ་ལ་བརྟེན་དགོས་ཐུག་པ་རེད། འདི་ལ་ལོ་རྒྱུས་ཐོག་བྱང་ཀོ་རི་ཡའི་བགྲོད་དཀའ་བའི་དཔུང་སྐྱོད་གཉིས་པ་ཟེར། མུ་གེ་བྱུང་བའི་གཞུག་ནས་གཞུང་ཕྱོགས་ནས་ཁྲིམས་འགལ་ནག་ཚོང་བ་ཚོ་ལ་ཅུང་ཙམ་ལྷོད་ཡངས་བྱས་ཤིང་ལྐོག་ཟ་རུལ་སུངས་ཀྱང་རིམ་གྱིས་རྒྱ་ཁྱབ་ཏུ་གྱུར་བ་རེད།

དུས་རབས་ཉེར་གཅིག་གི་བྱང་ཀོ་རི་ཡ[རྩོམ་སྒྲིག]

སྤྱི་ལོ་2001 ལོརཨ་རིའི་སྲིད་འཛིན་བྷུ་ཤིས་བྱང་ཀོ་རི་ཡ་དང་ཨེ་རག ཨེ་རན་བཅས་ལ་གདོན་གྱི་ཕྱོགས་སྒྲིལ་Axis of Evil ཟེར་ཞིང་ལྷོ་ཀོ་རི་ཡའི་ཉི་ཤར་སྲིད་ཇུས་དང་ཨ་བྱང་གཉིས་ཀྱི་རྡུལ་མཚོན་གྲོས་མོལ་གྱི་མོས་མཐུན་ཡིག་ཆ་སོགས་ལ་རྩིས་མེད་གསལ་བསྒྲགས་བྱས། ཨེ་རག་ལུང་པའི་ནང་ལྷག་པའི་ཆགས་འཇིག་དེ་བཞིན་རང་གི་མགོ་ཐོག་ཏུ་ལྷུང་བར་དོགས་ནས་བྱང་ཀོ་རི་ཡས་རྡུལ་མཚོན་བཟོ་བསྐྲུན་གྱི་རིམ་པ་ལྡབ་ལོག་གིས་སྤར་ཞིང་སྤྱི་ལོ་ 2006 ལོའི་ཟླ་བཅུ་པར་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་དང་པོ་དེ་ལེགས་གྲུབ་བྱུང་། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐབས་སུ་ཨ་བྱང་གཉིས་ཀའི་རྙོག་འཛིང་ཞི་འཇགས་ཡོང་བར་དམིགས་ཏེ་ཨ་རི་ཡིས་བཟོད་སྲན་ཐབས་ཇུས་Strategic Patience ཟེར་བ་ལག་ལེན་བསྟར་ཏེ་རང་རང་གི་ས་ནས་འདུག་ཐབས་བྱས་མོད། འོན་ཀྱང་2010 ལོའི་ལྷོ་ཀོ་རི་ཡའི་མཚོ་དམག་གྲུ་གཟིངས་ཆོ་ནན་ཞེས་Cheonan ཆུ་ལ་ནུབ་པའི་རྒྱུ་རྐྱེན་རྩོད་རྙོག་དང་ལྷོ་ཀོ་རི་ཡས་མཚོ་འོག་མེ་སྒྱོགས་སྦྱོང་བརྡར་ཞིག་སྤེལ་བར་རང་གི་རྒྱལ་ཁོངས་སུ་དྲག་པོའི་དཔུང་ངོམ་བྱས་པར་བསྙད་དེ་བྱང་ཀོ་རི་ཡས་ལྷོའི་ས་ཁོངས་ཡེན་པི་ཡོན་གླིང་ཕྲན་ Yeonpyeong Island སོགས་སུ་མེ་སྒྱོགས་170 ཙམ་འཕངས་ནས་གླིང་ཕྲན་ཁུལ་དུ་གཏོར་བཅོམ་ཚབས་ཆེན་བཏང་བ་དེས་ལྷོ་བྱང་གཉིས་ཀྱི་བར་ཚོུད་འགའི་རིང་དམག་འཁྲུག་བསླངས་ཤིང་ཤི་རྨས་ཀྱང་ཅུང་ཙམ་བྱུང་བས་གནས་ཚུལ་དེའི་ཐད་ནས་ཨ་རི་ཡིས་བྱང་ཀོ་རི་ཡར་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན། དེ་ནི་ཀོ་རི་ཡའི་དམག་འཁྲུག་གི་རྗེས་སུ་བྱུང་བའི་གནས་ཚུལ་ཚབས་ཆེ་ཤོས་དེ་ཡིན་པ་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་འགྲེལ་བརྗོད་བྱས་ཤིང་བྱང་ཀོ་རི་ཡའི་སྤྱོད་ཚུལ་ལ་སྐྱོན་བརྗོད་ཤུགས་དྲག་བྱས་ཡོད་པ་རེད།

སྤྱི་ལོ་2011 ལོའི་ཟླ་12 པའི་ཚེས་17 ཉིན་ཆེས་མཐོའི་དབུ་ཁྲིད་ཀིམ་ཇོང་ཨིལ་འདས་གྲོངས་སུ་གྱུར་ཏེ་ཁོའི་བུ་ཆུང་ཤོས་ཀིམ་ཇོང་ཨན་གྱིས་སྲིད་དབང་རྒྱུད་འཛིན་བྱས། སྤྱི་ལོ་2013 ལོར་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་གཞུང་འབྲེལ་ཚོགས་འདུའི་སྟེང་ཀིམ་ཇོང་ཨན་གྱིས་ཐབས་ཇུས་གསར་པ་བརྒྱུད་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རྡུལ་མཚོན་གཉིས་ཀ་དུས་གཅིག་ཏུ་གོང་སྤེལ་གཏོང་རྒྱུ་ཡིན་ལུགས་བརྗོད་པ་ལྟར་རྒྱ་ནག་གི་སྒྲོམ་གཞིར་དཔེ་བླངས་ནས་དཔལ་འབྱོར་ལམ་ལུགས་ལ་བཅོས་བསྒྱུར་བྱས། ཁེ་ལས་ཚན་པར་གཞུང་ཕྱོགས་ནས་གུ་ཡངས་ངེས་ཅན་གྱི་ཁོར་ཡུག་བསྐྲུན་ཏེ་བཟོ་ལས་དང་ཚོང་དོན་གྱི་ཐད་ལ་སྐུལ་འདེད་བཏང་། གཞུང་འབྲེལ་བརྒྱུད་ལམ་ཁག་གིས་དེ་ལ་སྟབས་བསྟུན་འོས་པའི་མཉམ་འདུས་ལམ་ལུགས་ Flexible Collective System ཞེས་པའི་མིང་བཏགས་ཡོད་པ་རེད། ཀིམ་གྱིས་རྡུལ་མཚོན་བཟོ་བསྐྲུན་ལས་གཞི་ཡང་མུ་མཐུད་རྒྱ་བསྐྱེད་དུ་བཏང་སྟེ་2013 དང་2016 ལོའི་ནང་རྡུལ་མཚོན་ཚོད་ལྟ་ཐེངས་གསུམ་བྱས། 2016 ལོའི་9 པའི་ཚེས་9 ཡི་ཉིན་ཉེ་འཁོར་རྒྱལ་ཁབ་དུ་མའི་ནང་ཚད་གཞི་5.3 ཅན་གྱི་ས་འགུལ་བྱུང་བ་དེ་བྱང་ཀོ་རི་ཡས་སའི་འོག་ཏུ་ཚོད་ལྟ་བྱས་པའི་རྡུལ་ཕྲན་མཚོན་ཆའི་ཤུགས་རླབས་ཡིན་པ་རེད།

ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཛ་དྲག་གི་གནས་སྟངས[རྩོམ་སྒྲིག]

བྱང་ཀོ་རི་ཡས་རྒྱལ་སྤྱིའི་གནོན་ཤུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དམ་བསྒྲགས་བཀའ་བཅད་སོགས་ལ་མ་འཛེམ་པར་2017 གཅིག་པོའི་ནང་སྒྱོགས་མདེལ་གྱི་ཚོད་ལྟ་ལྔ་ཙམ་བྱས་ཡོད་པ་རེད། འདི་ལོའི་སྤྱི་ཟླ་གསུམ་པའི་ནང་སྒྱོགས་མདེལ་བཞི་འཕངས་བའི་ནང་ནས་གསུམ་འཇར་པན་གྱི་མཚོ་ཁ་ནས་ལེ་བར་ཉིས་བརྒྱའི་མཚམས་སུ་ལྷུང་། ཆེས་མཐོའི་དབུ་ཁྲིད་ཀིམ་གྱིས་བྱང་ཀོ་རི་ཡ་ལ་ཨ་རི་བར་སྙོབ་ཐུབ་པའི་གླིང་སྦྲེལ་སྒྱོགས་མདེལ་Intercontinental ballistic missile ཡོད་པའི་གསལ་བསྒྲགས་བྱས་པས་ཚུལ་དེ་དག་ལ་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་ཅིག་བྱེད་དགོས་འཁེལ་བ་རེད། སྤྱི་ལོ་2017ཟླ་4 པའི་ཚེས་13 ཉིན་ཨ་རི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ནིག་རི་བེ་རོ་Nick Rivero ཡིས་ཨ་རི་ཡིས་ཕར་རྒོལ་བྱེད་ལ་ཉེ་བར་བརྗོད་ཅིང་སྲིད་འཛིན་ཌོ་ནལ་ཀྲམ་ཧྥི་ཡིས་ཀྱང་བློས་གཏོང་ཅི་ཞིག་བྱ་དགོས་རུང་དྲག་སྤྱོད་པར་དམག་འཐབ་བྱ་རྒྱུ་ཡིན་ཚུལ་བཤད། སྤྱི་ཟླ་4 པའི་ཚེས་ 15 ལ་ཉི་མའི་ཉིན་མོ་ཞེས་བྱང་ཀོ་རི་ཡའི་རྒྱལ་ཁབ་དབུ་བརྙེས་མཁན་ཀིམ་ཨིལ་སུང་གི་སྐྱེས་སྐར་ཐེངས་105 པའི་རྟེན་འབྲེལ་མཛད་སྒོའི་སྟེང་གོ་མཚོན་འགྲེམ་སྤེལ་དང་དཔུང་ངོམ་ཤིན་ཏུ་གཞི་རྒྱ་ཆེ་བ་ཞིག་བྱས་པས་ཨ་རི་དང་འཇར་པན། ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་དུ་མས་དེའི་གཞུག་ཏུ་རྡུལ་མཚོན་ཚོད་ལྟ་ཐེངས་དྲུག་པ་དེ་བྱ་རྒྱུ་ཡིན་པའི་དོགས་པ་བྱས་པ་རེད། ཨ་རི་ཡིས་ཨོ་བྷ་མའི་སྲིད་གཞུང་གི་བཟོད་སྲན་ཐབས་ཇུས་ཡོངས་སུ་མཇུག་སྒྲིལ་བར་བརྗོད་དེ་ཕར་རྒོལ་བྱ་རྒྱུར་འགོ་བརྩམས་པ་དང་བྱང་ཀོ་རི་ཡས་ཀྱང་དམག་འཁྲུག་གི་གྲ་སྒྲིག་དང་དཔུང་ངོམ་མུ་མཐུད་དུ་བྱས་ཏེ་དུས་ལ་བབས་ཚེ་དགྲ་བོ་རྩ་མེད་བཟོ་རྒྱུ་ཡིན་ཞེས་ཐ་ཚིག་ཡང་ཡང་སྒྲོག་བཞིན་པར་བརྟེན་མྱུར་དུ་གྲོས་མོལ་ལ་མ་ཞུགས་ཚེ་ཨ་བྱང་གཉིས་ཀྱི་དབར་དུས་ངེས་མེད་དུ་དམག་ཆེན་གསུམ་པའམ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རྡུལ་མཚོན་དམག་འཁྲུག་ཅིག་འབྱུང་སྲིད་པའི་གནས་སྟངས་འདི་ལ་གྱར་ཡོད་པ་ཡིན།


གཞན་ཡང་[རྩོམ་སྒྲིག]

བྱང་ཀོ་རི་ཡ་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ནི་ཨེ་ཤི་ཡའི་ཤར་ནུབ་ཁུལ་དུ་གཞིས་ཆགས་ཡོད།

རྡོ་སོལ་དང་ལྕགས་ཀྱི་གཏེར་རྡོ་དང་གཏེར་མཛོད་སྣ་འཛོམས་ཅན་གྱི་གཏེར་ཁུང་ལྟ་བུ་དང་ས་ཆ་ཕལ་ཆེར་རི་བོ་དང་ནགས་ཚལ་གྱིས་ཁེངས་པའི་རྒྱལ་ཁབ་ཅིག་ཀྱང་ཡིན།

དུས་རབས་བདུན་པའི་ཕྱིས་སུ་ཀོ་རི་ཡ་གོང་བུ་གཅིག་ཏུ་སྒྲིལ་བ་དང་རྒྱལ་བརྒྱུད་རྙོག་ཟིང་ཅན་ཡི་yi ཟེར་བའི་ནུས་མཐུ་ལ་བརྟེན་ཏེ་སྤྱི་ལོ་༡༣༩༢ བར་དུ་གནས། དེ་ནས་༡༩༡༠ ལོར་ཀཱུ་རི་ཡ་ཉི་ཧོང་གཎསྣྲཎརྣདང་མཉམ་དུ་སྦྲེལ་བ་རེད། ཡིན་ནའང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་ལ་ཕམ་ཉེས་བྱུང་བས། ཕྱི་ལོ་ ༡༩༤༥ ལོར་ཉིཧོང་གིས་ཀོ་རི་ཡ་བདག་བཟུང་བྱེད་རྒྱུའི་མཚམས་འཇོག་བྱེད་པ་རེད།

དེ་ནས་ཀཱུ་རི་ཡ་དུམ་བུ་གཉིས་སུ་གྱེས་ཏེ། བྱང་ཕྱོགས་ཀྱི་ཕྱེད་ཀ་ཙམ་དམར་པོས་དབང་བསྒྱུར་༼ཨུ་རུ་སུའི་ཕྱོགས༽ཁུངས་སུ་བསྡུས་པ་དང༌། ལྷོ་ཕྱོགས་ཀྱི་ཆ་ཤས་ཅིག་ནུབ་གླིང་གི་ཕྱོགས་སུ་བསྡུས། ཕྱི་ལོ་༡༩༤༨ ཟླ་ ༥ ཚེས་ ༡ ཉིན་མོར་བྱང་ཀོ་རི་ཡ་ཨུ་རུ་སུའི་དཔུང་དམག་གིས་བཙན་འཙུགས་བྱས་པའི་གླིང་ཞིག་ཏུ་ཐོག་མར་གྱུར་ཅིང༌། དེ་ནས་བྱང་ཀོ་རི་ཡའི་དཔུང་དམག་གིས་ལྷོ་ཀོ་རི་ཡ་དང་རྒྱལ་ཁབ་གཅིག་ཏུ་སྒྲིལ་རྒྱུར་དམིགས་ཏེ། སྤྱི་ལོ་ ༡༩༥༠ ལོར་བཙན་འཛུལ་བྱས་མགོ་བཙུགས་པ་རེད། ལོ་གསུམ་གྱི་དམག་གིས་རྗེས་འབྲས་ལ་མི་ས་ཡ་བཞི་ལྷག་ཚེ་ལས་འདས་པ་དང༌། དེ་ནས་བཟུང་ད་བར་ཞི་མོལ་གྱིས་ཐོག་ནས་ཆིག་སྒྲིལ་བྱེད་རྒྱུ་གྲོས་མོལ་བྱུང་ཡང༌། ཡར་རྒྱས་ཀྱི་རྣམ་པ་ཅུང་ཟད་མ་གཏོགས་མེད།

སྟོབས་ཆེན་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་ཉི་ཧོང༌། ཨུ་རུ་སུ་བཅས་ཀྱིས་ཀཱུ་རི་ཡའི་རྒྱལ་ཁབ་ཀྱི་རྒྱལ་རབས་ནང་སྔ་ཕྱི་བར་གསུམ་དུ་ཤུགས་རྐྱེན་རླབས་ཆེན་ཐེབས་ཡོད། སོ་ཝེ་ཏའི་ལྷན་ཚོགས་Soviet Unionགྱེལ་བ་ནས་བཟུང་བྱང་ཀཱུ་རི་ཡིའི་འབྲེལ་མཐུན་གཙོ་བོ་བརླགས་པ་མ་ཟད། ད་དུང་རིན་ཐང་ཅན་གྱི་ཚ་ལུད་དང་རྫས་སྦྱོར་དངོས་རིགས་མང་པོ་བརླགས་པ་རེད། བྱང་ཀོ་རི་ཡ་ནི་དམར་ཤོག་གི་རྒྱལ་ཁབ་ཞིག་དང་གཞུང་འབྲེལ་གྱི་ཐོག་ནས་ཆོས་སམ་ཆོས་ལུགས་བཀག་སྡོམ་བྱེད་ཀྱི་ཡོད། ཆ་སྙོམས་ཀྱི་མི་འབོར་ཀཱུ་རི་ཡའི་མི་རིགས་རྐྱང་པ་ལས་གྲངས་ཉུང་མི་རིགས་ཀྱི་བྱེ་བྲག་མེད། རྒྱལ་ཁབ་ཀྱིས་མི་དམངས་ལ་རིན་མེད་ཀྱི་འཕྲོད་བསྟེན་དང༌། སྡོད་ཁང་དང་ཤེས་ཡོན་སོགས་མཐུན་རྐྱེན་སྦྱར། སྒེར་བདག་གིས་ཞིང་ལས་འདེབས་གཙུགས་བྱེད་ན་འཕྲལ་དུ་རྩ་མེད་གཏོང་གི་ཡོད། ཞིང་ལས་ཞིང་པ་ཚང་མ་མཉམ་ལས་ཐོག་ནས་བྱེད་དགོས་པ་དང༌། ཞིང་ལས་ཀྱི་ཐོན་བསྐྱེད་རྣམས་གཞུང་གིས་ཞིང་པ་རྣམས་ལ་བགོ་བཤའ་རྒྱག་གི་ཡོད། འབྲས་ནི་ཟས་ཀྱི་ལོ་ཏོག་གཙོ་བོ་དང༌། ལྕགས་ཀྱི་གཏེར་རྡཱུ་ནི་གལ་ཆེན་གྱི་གཏེར་ཁུངས་ཞིག་ཀྱང་ཡིན།

ཕུལ་བྱུང་སྤྲུལ་སྐུས་བསྒྱུར། འབྲས་སྤུངས་བློ་གསལ་གླིང༌། Template:ཨེ་ཤི་ཨ་