གཉའ་ཁྲི་བཙན་པོ་

ཡོང་ཁུངས་Wikipedia
གཉའ་ཁྲི་བཙན་པོ། ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

གཉའ་ཁྲི་བཙན་པོ་ནི་བོད་ཀྱི་བཙན་པོ་ཞིག་རེད།

གཉའ་ཁྲི་བཙན་པོ།[རྩོམ་སྒྲིག]

བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོའི་གོང་ལ་བོད་ཁམས་སུ་ཡུལ་རྗེའམ་རྒྱལ་ཕྲན་སིལ་མ་ཙམ་ལས་མེད།  གཉའ་ཁྲི་བཙན་པོའི་བྱུང་ཚུལ་སྐོར་བཤད་སྲོལ་མི་འདྲ་བ་ཡོད།  དང་པོ་གནམ་གྱི་ལྷ་ལས་མིའི་རྗེ་བོར་བབས་པའི་བཤད་ཚུལ་དེ་ནི་གནའ་རབས་བོན་གྱི་ལོ་རྒྱུས་དང་ངག་སྒྲོོས་ལས་བྱུང་བ་ལྟར་ལུང་འདྲེན་གྱིས་བཀོད་པ་ཞིག་ཡིན།  དེ་བཞིན་ཤཱཀྱའི་རྒྱལ་རྒྱུད་ཆེ་གེ་མོ་ཞིག་ལས་བྱུང་ཟེར་བ་དེའི་རྒྱུ་མཚན་གསལ་བར་འཁོད་པ་མ་མཇལ།  འོན་ཀྱང་བཀའ་གདམས་གླེགས་བམ་རིན་པོ་ཆེའི་དགོངས་དོན་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་གང་ལ་གང་འདུལ་མཛད་པའི་འཁྲུངས་རབས་སུམ་ཅུ་སོ་དྲུག་པ་བོད་རྗེ་ གཉའ་ཁྲི་བཙན་པོ་འཁོད་པ་ཞིག་མཇལ།

གཉིས་པ་མ་ག་དྷའི་རྒྱལ་པོ་དམག་བརྒྱ་པའི་སྲས་ཟེར་བའི་ཐད།  འཕགས་ཡུལ་དུ་རྩོད་ལྡན་གྱི་ཐོག་མ་རྒྱལ་པོ་དམག་བརྒྱ་པ་ (Karowa) དང་།  སྐྱ་སེང་བུ་ལྔའི་ (Pandowa) དབར་རྒྱལ་སྲིད་འཐབ་པའི་ཚེ།  རྒྱལ་པོ་དམག་བརྒྱ་པར་བུ་བརྒྱ་ཡོད་པ་ནས་དགུ་བཅུ་གོ་དགུ་བསད་ཅིང་།  ཐ་ཆུང་རུ་པ་ཏི་ (Rupati) མཚན་བཟང་དང་ལྡན་པ་གསོད་པར་ཕངས།  ཁོང་གི་འཁོར་དང་བཅས་པ་བུད་མེད་ཀྱི་ཆ་ལུགས་བྱས་ཏེ་གངས་ཅན་རི་ཡི་གསེབ་ཏུ་བྲོས་པ་ལས།  བོད་ཀྱི་རྗེ་བོ་བྱེད་ཚུལ་བཤད་པ་དེ་དང་དུས་འཁོར་ནས་གསུངས་པ་གཉིས་ནང་འགལ་དུ་སྣང་།  རྒྱུ་མཚན་ནི་དེའི་ཚེ་དེའི་དུས་སུ་མིའི་སྤྱི་ཚོགས་རྒན་གཞོན་མགོ་མཇུག་ལྡན་ལ།  ཡ་རབས་དྲང་བདེན་སོགས་མིག་ལྟོས་ཡར་བལྟའི་བསླབ་བྱར་དམིགས་ཏེ་གྲགས་ཆེའི་སྙན་ངག་མཁན་དྲང་སྲོང་རྒྱས་པས་ (Viyaasa) རྒྱལ་པོ་དམག་བརྒྱ་པ་དང་སྐྱ་སེང་བུ་ལྔ་འཐབ་པའི་གཏམ་རྒྱུད་ (Mahabharata) རྩོམ་འབྲི་བྱས་པ་ཞིག་ལས་ལོ་རྒྱུས་དངོས་སུ་བྱུང་བ་ཞལ་གྱིས་བཞེས་ཀྱི་མེད།  དེ་ལྟར་ན་མ་བྱུང་བའི་ལོ་རྒྱུས་ཤིག་ལ་ཁུངས་གཏུགས་པ་ནི་རྒྱུ་མཚན་ཡང་དག་ཏུ་མ་མངོན།  འོན་ཀྱང་རིག་བྱེད་ཧིན་དུའི་ཆོས་ལུགས་པའི་ངོས་འཛིན་གནང་སྲོལ་ལ་ང་ཚོས་གུས་བརྩི་ཞུ་བ་ལས་དགག་རྩོད་བྱེད་དོན་མེད། ཡང་། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ནང་སྐྱ་སེང་བུ་ལྔའི་གཏམ་རྒྱུད་ཁུངས་སུ་གཏུགས་ཏེ་བོད་རྗེའི་འབྱུང་ཁུངས་གསུངས་པ་ནི།  སྔོན་རྒྱ་གར་གྱི་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་གཉིས་ལྷ་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད་པའི་བྲམ་ཟེའི་རིགས་སུ་འཁྲུངས་པའི་སྤུན་གཉིས་ཀྱིས་བདག་ཅག་གི་ཁྱིམ་ན་དབང་ཕྱུག་ཆེན་པོ་གཙོ་བོར་མཆོད་པ་དང་།  སངས་རྒྱས་ཀྱི་གསུང་རབ་ནི་ཕུལ་དུ་བྱུང་བར་སྣང་ན།  དེ་གཉིས་ཁྱད་པར་དུ་འཕགས་པ་ཕུལ་བྱུང་གང་ཡིན་བརྟག་པར་བྱའོ་སྙམ་ནས་རི་བོ་ཏི་སིར་ (Mount Kailash) སོང་བའི་ཚེ།  ལྷ་དབང་ཕྱུག་ཆེན་པོ་ལྷ་མོ་ཨུ་མ་འཁོར་དང་བཅས་པས་མ་དྲོས་མཚོའམ།  མཚོ་མ་ཕམ་གཡུ་མཚོ་ (Manasarowar) ནས་རྫུ་འཕྲུལ་གྱིས་ཕེབས་པའི་དགྲ་བཅོམ་པ་ལྔ་བརྒྱ་ལ་མཆོད་པ་དང་བསྙེན་བཀུར་ཚད་མེད་པ་བྱས་ནས་ཆོས་ཉན་པ་མཐོང་བ་དང་།  དབང་ཕྱུག་ཆེན་པོས་ཀྱང་ཁོང་གཉིས་ལ་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་གསུམ་གྱི་བླ་མ་ཡིན་པས་དེ་དང་དེའི་གསུང་རབ་ལ་མཆོད་པར་བྱའོ།  ཞེས་སྨྲས་པ་ཐོས་ནས་རང་ཡུལ་དུ་ལོག་སྟེ་ནང་པའི་བསྟན་པར་ཞུགས་ཤིང་རབ་ཏུ་བྱུང་ནས།  བསྟན་འགྱུར་གྱི་གཞུང་གི་ཐོག་མའི་གྲས་སློབ་དཔོན་མཐོ་བཙུན་གྲུབ་རྗེས་ཁྱད་པར་འཕགས་བསྟོད་དང་།  སློབ་དཔོན་བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་མཛད་དེ་དོན་སྙིང་ཕྱི་རོལ་པའི་ལྷ་དང་བསྟན་པ་ལས།  ནང་པ་སངས་རྒྱས་པའི་སྟོན་པ་དང་བསྟན་པ་ཁྱད་པར་དུ་འཕགས་པའི་ཚུལ་བརྗོད་པའི་སྒོ་ནས་བསྟོད་པ་འདི་ཁོང་གཉིས་ཐོག་མར་མུ་སྟེགས་པ་ཡིན་པའི་ཆ་ནས་མུ་སྟེགས་པའི་གཞུང་ནང་གསལ་བའི་བཤད་སྲོལ་ལ་ཁུངས་གཏུགས་ཏེ་ཁྱད་པར་འཕགས་བསྟོད་ལུང་འདྲེན་བྱས་པ་ཞིག་ཡིན་པ་རྟོགས་ཐུབ།

གསུམ་པ་རྒྱ་ཡིག་གི་ཡིག་ཆ་རྙིང་མ་ཐང་ཡིག་ནང་བོད་བཙན་པོའི་གདུང་རྒྱུད་དེ་ལྷོ་བྱང་རྒྱལ་རབས་དུས་སུ་ལིན་སུ་ས་གནས་ཀྱི་དཔོན་རིགས་ཕན་མི་ཟེར་བ་དེ་ལ་སྤུར་རྒྱལ་ཡིན་ཚུལ་བཤད་པ་ནི་བོད་པའི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་གང་ཡང་མེད་པར་འོལ་ཚོད་ཀྱིས་བྲིས་པའམ།  ཡང་ན་སྐབས་དེ་དུས་ནས་རྒྱ་བསྐྱེད་ཀྱི་བསམ་བློས་བྲིས་པ་ཞིག་ལས་མ་འདས།

བཞི་པ་སྤོ་བོའི་ཡུལ་ནས་བྱོན་པ་ཟེར་བ་དེ་ཁུངས་བཙན་ཤོས་སུ་མཐོང་།  དེ་ཡང་སྤོ་བོའི་ཡུལ་དུ་མ་བྱ་མུ་བཙན་ཞེས་པར་བུ་སྤུན་དགུ་སྐྱེས་པ་ལས་ཆུང་ཤོས་ཨུ་བེ་ར་ཟེར་བ་མཛེས་ཤིང་རྩལ་ཆེ་བ།  དཔྲལ་བར་འོད་དཀར་ཡོད་པ།  གཡུ་ཡི་སྨིན་མ་ཅན།  སོ་དུང་སོ་ཡོད་པ།  སོར་མོ་ཤའི་དྲ་བས་འབྲེལ་བ་བཅས་ཡོད་པ་ཞིག་བྱུང་བ་དེ་ལ་ཡུལ་མིས་གདོན་འདྲེར་རྩིས་ཏེ་ཡུལ་དེ་ནས་ཕུད་པ་རིམ་གྱིས་ལྷོ་ཁ་ཡར་ལུང་དུ་འབྱོར་བ་ན།  ཡར་ལུང་གི་མི་རྣམས་ཀྱིས་བོད་ཀྱི་རྒྱལ་པོ་གསར་པ་འཚོལ་བའི་སྐབས་དང་འཁེལ་ཏེ་བྱང་ལམ་གཡའ་མེ་གོང་ཟེར་བ་དེར་འཕྲད་ནས་ཁོང་ཚོས་ཁྱོད་སུ་ཡིན།  གང་ནས་འོང་ཞེས་དྲིས་པར་ང་མ་བྱ་མུ་བཙན་གྱི་བུ་ཨུ་བེ་ར་ཟེར་བ་དེ་ཡིན།  སྤོ་བོ་ཡུལ་ནས་འོང་ཟེར།  འོ་ན་ཁྱོད་ལ་མཐུ་རྩལ་གང་འདྲ་ཡོད་བྱས་པས་ང་མཐུ་རྩལ་ཆེ་དྲགས་པའི་རྐྱེན་གྱིས་ཡུལ་མིས་སྡང་པོ་བྱས་ཏེ་ཡུལ་ནས་ཕུད་པ་ཡིན་ཞེས་སྨྲས།  དེ་འདྲ་ཡིན་ན་བོད་ཀྱི་རྗེ་བོ་ཨེ་ནུས་བྱས་པས།  ཁྱེད་རྣམས་ཀྱིས་ང་གཉའ་བར་ཁྲི་བཏེགས་བགྱིས་ན་མཐུ་སྟོབས་ནུས་པ་སོགས་རིམ་གྱིས་ཤེས་ཡོང་ཞེས་སྨྲས་པ་བཞིན་མི་གཞན་དང་མི་འདྲ་བའི་མཚན་མ་དང་ལྡན་པ་ཡ་མཚན་སྐྱེས་ཏེ་བོད་ཀྱི་རྒྱལ་པོར་འོས་སོ་ཞེས་རྒྱལ་པོ་འཚོལ་ཞིབ་པ་རྣམས་ཀྱིས་གཉའ་བར་ཁྲི་བྱས་ཏེ་བཏེགས་ནས་རྗེ་བོར་བཀུར་བས་མཚན་ལའང་གཉའ་ཁྲི་བཙན་པོ་ཞེས་ཐོགས།  དེ་ལྟར་གཉའ་ཁྲི་བཙན་པོ་ནི་སྤོ་བོའི་ཡུལ་ནས་ཡར་ལུང་དུ་ཡུལ་བྱོལ་དུ་ཕེབས་པའི་བོད་མི་རང་ཡིན།

གང་ལྟར་སྐབས་དེ་དུས་རྒྱལ་ཕྲན་བཅུ་གཉིས་ཡོད་པའི་སྤྱིའི་གཙོ་བོར་གྱུར་པས་བོད་སྤྱིའི་རྒྱལ་པོ་ཐོག་མ་ཡིན།  དུས་དེ་ནས་བཟུང་སྤུར་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས།  སྤུར་རྒྱལ་ལམ་པུར་རྒྱལ་ཞེས་པ་སྔ་རབས་ཀྱི་དུས་སུ་བོད་ཀྱི་ཡུལ་སྤྱི་ལ་ཟེར།  དེ་ཡང་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་རྟ་རྫིས་གྲི་འོག་ཏུ་གུམ་པའམ་བཀྲོངས་རྗེས་བཙུན་མོ་ཆུང་མར་བཟུང་།  སྲས་རྣམས་ཀོང་པོར་བྲོས།  འདིས་རྒྱལ་སྲིད་ལོ་འཁོར་གཅིག་བཟུང་།  མཐར་བློན་པོ་རུ་ལས་སྐྱེས་ཀྱིས་སྲས་འབྲིང་པོ་བྱ་ཁྲི་སྤྱན་དྲངས་ཏེ་རྒྱལ་སར་འཁོད།  ཡུམ་གྱིས་སྲས་ལ་འཇུས་ནས་ལྷ་ལ་དམོད་པ་འདོར་བ་སྟེ་བདེན་ཚིག་བརྗོད་ནས་ལྷ་རྒྱུད་སྐུལ་བས་ནམ་མཁའ་ལས།  ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་ཞེས་སྒྲ་བྱུང་བས་དེ་ལྟར་མཚན་དུ་ཆགས།  འོན་ཀྱང་འབངས་རྣམས་ཀྱིས་སྒྲ་ཉམས་ནས་པུ་དེ་གུང་རྒྱལ་དུ་གྲགས།  དེ་ནས་སྲས་བྱ་ཁྲི་བཙན་པོས་བློན་པོ་ལོ་ངམ་རྟ་རྫི་བཏུལ་ནས་བོད་ཀྱི་སྲིད་དབང་བཟུང་རྗེས་སྤུར་རྒྱལ་ཞེས་ཐོགས།  བཙན་པོ་འདིས་མཁར་གྱི་ཐོག་མར་ཡུམ་བུ་བླ་སྒང་བརྩིགས།  འདི་ནི་གཡམ་འབག་གི་ཐོག་བཀབ་པ་ཐོག་བརྩེགས་མཐོ་ཚད་མི་ཚད་ཙམ་ཞིག་ཡོད་ཚོད།  འདི་ལ་ཡི་གེ་འབྲི་སྟངས་གཞན་ནི།  ཕོ་བྲང་འདི་ཆགས་སའི་མཐའ་བསྐོར་དུ་ཤིང་གླ་བའི་སྡོང་པོ་ཆུང་ཆུང་མང་པོས་བསྐོར་ཡོད་པའི་དབང་གིས་ཡུམ་བུ་གླ་སྒང་ཞེས་དང་།  ཡང་ཕོ་བྲང་འདི་ཤ་བ་ཡུ་མོ་ (རྭ་ཅོ་མེད་པའི་ཤྭ་བ་མོ་) ཉལ་ནས་སྡོད་པའི་བརླ་ཤའི་སྒང་ལ་ཆགས་པའི་རྒྱུ་མཚན་གྱིས་ཡུམ་བུ་བརླ་སྒང་ཞེས་མིང་དུ་བཏགས།  ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་འབྲིང་ཤཱཀྱ་མགོན་པོས་ཡུམ་བུ་བླ་སྒང་ཉམས་གསོ་གནང་སྟེ་སྟེང་གི་རྒྱ་ཕིབས་ཕུབ།  ༧གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སླར་ཡང་ཉམས་གསོ་དང་།  རྒྱ་ཕིབས་གསར་བརྗེས་མཛད།  རྒྱལ་པོ་འདིས་བདེན་དཔང་ཡོད་པའི་ཡུལ་ཁྲིམས་གསར་བཏོད་གནང་།  སྨན་དཔྱད་དང་རྩིས་འདེབས།  བྲོ་གར་གླུ་གཞས།  རྩེད་འཇོ་ལ་སོགས་པ་དར།  བོད་རྗེ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་བོད་རྗེའི་ཐ་སྙད་གྲངས་འདྲེན་ཙམ་ལས་དབང་ལུང་བསྒྱུར་བའི་མངའ་ཐང་མ་བྱུང་།

བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་འཁྲུངས་རབས་ལ་བཤད་ཚུལ་མི་འདྲ་བ་མང་མོད། འདིར་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་ཆེ་བར་བཞིར་བཟུང་ནས་བརྗོད་ན་ཡོངས་གྲགས་སུ་མང་བོས་བཀུར་བའི་རྒྱལ་པོ་དམག་བརྒྱ་བ་ལས་འཁྲུངས་པར་བཞེད། རྗེ་དེ་ཉིད་འཁྲུངས་མ་ཐག་ཏུ་མིག་མས་འགེབས་པ་གཡུའི་སྨིན་མ་ཅན་ཏེ། གཡུ་མདོག་ཅན། སུ་དུང་སོ་འཁོར་མར་ཡོད་པ། ལག་པ་འཁོར་ལོའི་ཡག་ལག་ཅན་ཏེ་ངང་བ་ལྟར་འབྲེལ་བ། རྣ་བ་ལ་གཡུང་དྲུང་ཡོད་པ་ཞིག་ཡིན་པས་ཡབ་ཀྱིས་མཐོང་ནས། ལྷ་འདྲེའི་སྤྲུལ་བའམ་ལྟས་ངན་ཞིག་རེད་སྙམ་ནས་བློན་པོ་དག་ལ་ཆུར་སྐྱུར་ཅིག་ཅེས་བཀའ་བསྒོས་པས། བློན་པོ་རྣམས་ཀྱིས་སྒམ་གྱི་ནང་དུ་བཅུག་ནས་ཆུར་འཕངས་པ་ཆུས་ཁྱེར་ནས། ཡངས་པ་ཅན་གྱི་ཞིང་པ་རྣམས་ཀྱིས་ཞིང་ཆུ་འདྲེན་པའི་རྐ་ནང་ནས་རྙེད་དེ་ཁ་ཕྱེས་པས་བྱིས་པ་རིགས་མི་འདྲ་ཞིག་ཡོད་པས། ངོ་མཚར་སྐྱེས་ཏེ་བླངས་པ་ཡུལ་འཁོར་སྐྱོང་གི་དམག་སྡེ་ཐོབ་ཀྱང་ཟེར། གང་ལྟར་ཆེར་སྐྱེས་ནས་ཁོ་རང་ཆུ་རྐའི་ནང་ནས་རྙེད་པའི་ལོ་རྒྱུས་དང་། སྔོན་གྱི་དམག་འཁྲུག་གི་ལོ་རྒྱུས་ལ་སོགས་བཤད་པའི་རྐྱེན་གྱིས་ཁྱིམ་ལ་སྐྱོ་བ་སྐྱེས་ནས་འཁོར་འགའ་ཞིག་དང་བཅས་ཡུལ་གཞན་དུ་འཁྱམས། མཐར་འཁོར་གླུ་བུ་འཛིན་མཆེད་དྲུག་དང་བཅས་བོད་ཡུལ་རི་མཐོ་ལ་ས་གཙང་ཞིང་བསིལ་བར་མཐོང་ནས་དེར་ཕེབས་ཏེ། ལྷ་རི་གྱང་ཐོའི་རྩེ་ལ་བསླེབས་ཏེ་གཟིགས་པས། ཡར་ཀླུང་གི་ཡུལ་འདི་གཙང་ཞིང་ཡིད་དུ་འོང་བ། ཡར་ལྷ་ཤམ་པོའི་གངས་རི་འདི་མཛེས་ཤིང་ལྟ་ན་སྡུག་པར་མཐོང་སྟེ། ལྷ་རི་རོལ་བོའི་རྩེ་ལ་བཤེགས་ནས། བཙན་ཐང་སྒོ་བཞིར་བབ། སྐབས་དེར་བོད་ཡུལ་དུ་རྒྱལ་ཕྲན་རྣམས་མ་འཆམས་པའི་འཐབ་རྩོད་སོགས་ལ་སྐྱོ་ཞིང་། བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་ཡོད་ན་སྙམ་སྟེ་གླེང་མོལ་མཆིད་འགྲོས་བྱེད་བཞིན་ཡོད། དེ་ནས་བོད་ཀྱི་མི་ཡོན་ཏན་ཅན་བཅུ་གཉིས་ཀྱིས་གནས་དེར་ཕྱུགས་སྐྱོང་ཞིང་བསྡད་ཡོད་པ་དང་འཕྲད། གཟུགས་བྱད་ལྟ་བས་ཆོག་མི་ཤེས་པར་མཐོང་ནས་ངོ་མཚར་སྐྱེས་ཏེ་ཁྱེད་གང་ནས་འོང་བར་དྲིས་ཀྱང་། ཁོང་འཁོར་དང་བཅས་པས་བོད་སྐད་མི་གོ་སྟབས། གནམ་ལ་མཛུབ་མོ་ཀེར་བས། འདི་ནི་གནམ་ལས་བབ་པའི་ལྷ་རེད་དོ་ཟེར་ཞིང་། བོད་ཀྱི་རྒྱལ་པོར་འོས་ཟེར་ནས་ཤིང་གིས་ཁྱོགས་ཤིག་བཟོས་ཏེ་གཉའ་བར་ཁུར་ནས་གདན་དྲངས། བོད་འབངས་ཐམས་ཅད་ཀྱིས་ལྷ་ལས་ཆད་པའི་ངོ་མཚར་ཅན་དུ་བཟུང་སྟེ་ཐམས་ཅད་ཀྱིས་བཀུར་སྟི་ཞུས་ཤིང་རྒྱལ་པོར་བཀུར་བས་དབང་ཐང་ཆེར་གྱུར་ཏེ་རྒྱལ་ཕྲན་བཅུ་དབང་དུ་བསྡུས། ཐོག་མར་གཉའ་བར་ཁྲི་བཅས་ནས་གདན་དྲངས་པས། མཚན་ལ་གཉའ་ཁྲི་བཙན་པོར་གསོལ། རྒྱལ་པོ་འདིའི་རིང་ལ་ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་བརྩིགས་སོ། །