པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

པཎ་ཆེན་སྐུ་ཕྲེང་རིམ་བྱོན།


བེ་རི་འཇིགས་མེད་དབང་རྒྱལ།


སྣང་མཐའི་ཟློས་གར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི། སྟོན་པའི་སྤྱན་སྔར་གནས་བརྟན་རབ་འབྱོར། རིགས་ལྡན་འཇམ་དཔལ་གྲགས་པ། འཕགས་ཡུལ་ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད། དབུ་མའི་སྲོལ་འཛིན་རིག་པའི་ཁུ་བྱུག དཔལ་ལྡན་ཆོས་ཀྱི་གྲགས་པ། མཁས་གྲུབ་ལྷ་དབང་བློ། རྡོ་རྗེ་གདན་གྱི་སྨྲ་བའི་སེང་གེ་ཀརྨ་དེ་བ། དྲང་སྲོང་ཆེན་པོ་ལེགས་པའི་བློ་གྲོས། སློབ་དཔོན་ཨ་བྷ་ཡ། དྲིལ་བུ་བ། ལོ་ཆེན་བཻ་རོ་ཙ་ན། སྣ་ནམ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས། བསོད་ནམས་བླ་མ། གཡུང་སྟོན་རྡོ་རྗེ་འབང་བ། གནས་ལྔ་རིག་པའི་དབང་ཕྱུག་ས་སྐྱ་པབརྤ༣་ཏ། ལ་སོགས་པའི་འཕགས་བོད་ཀྱི་མཁས་གྲུབ་དུ་མའི་སྐྱེ་བ་བཞེས་པའི་རྣམ་པར་ཐར་པ་རེ་རེ་བཞིན་བརྗོད་ཀྱིས་མི་ལངས་ཤིང༌། འདིར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གང་ནས་བརྩི་བའི་ཐོག་མ་མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་འཇོག་པའི་སྲོལ་ལྟར་བྱས་ཏེ་ད་ལྟའི་བར་གྱི་སྐུ་རབས་ཕྲེང་བའི་རྣམ་པར་ཐར་བ་མདོ་ཙམ་གླེང་བར་བྱ་སྟེ།


དེ་ཡང་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་མདོར་བསྡུས་པ་གོང་དུ་དགའ་ལྡན་ཁྲི་རབས་རིམ་བྱུང་གི་སྐབས་སུ་བཤད་ཟིན་པ་ལྟར་ལགས་སོ། །


པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ།

པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ་ནི། གཙང་གཞིས་རྩེ་རྒྱ་མདའ་དབེན་ས་ཁུལ་དུ་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་རབ་བྱུང་བདུན་པའི་ས་ལུག་༡༤༣༩ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་སྐུ་འཁྲུངས། སྐུ་ན་ཆུང་དུས་མདོག་དང་ལུས་སྟོབས་ཞན་པས་བེའུ་ཞེས་པའི་མིང་འདོགས་བཏགས། ཡབ་ཡུམ་གཉིས་ཀྱིས་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་མདུན་དུ་ཁྱེར་བས། བ་སོ་རྗེས་བེའུ་རྒན་ན་གླང་དུ་འགྱུར་བས་འདི་ལ་བསོད་ནམས་ཕྱོགས་ཀྱི་གླང་པོ་ཞེས་ཐོགས་གསུང་ཏེ་མཚན་སྤོས། སེམས་དཔའ་བློ་གྲོས་སྦས་པ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཚད་མ་རིགས་གཏེར་དང་བྱམས་ཆོས་སྡེ་ལྔ།། མངོན་པ་མཛོད། དབུ་མ་རིགས་པའི་ཚོགས་དྲུག འདུལ་བ་མདོ་རྩ་ལ་སོགས་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད་པས་མཁས་པའི་མཚན་སྙན་གང་སར་འཕུར། གསང་ཕུ་སོགས་སུ་གཞུང་ཆེན་པོད་ལྔའི་གྲྭ་སྐོར་མཛད་པས་མཁས་པ་ཀུན་གྱི་ཐུགས་ཡིད་འཕྲོགས། རྟེན་གྱི་ཁྲོད་ནས་ལི་ཡི་ཐུབ་པའི་སྐུ་ཞིག་ཡོད་པ་དེས་ལུང་བསྟན་པ་ལྟར། དབེན་རྩ་ཕུར་ཆོས་འཁོར་དབུས་སྡིངས་ཞེས་པའི་མོ་དགོན་གསར་དུ་བཏབ། དེ་རྗེས་དབེན་དགོན་པ་ཕྱག་བཏབ་ཏེ་དགོན་དེའི་ཁྲི་བའི་ཐུགས་འགན་བཞེས། འཇམ་མགོན་བླ་མའི་བསྟན་པའི་རྒྱུད་རིམ་དུ་དབེན་ས་སྙན་བརྒྱུད་ཅེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་སྲོལ་གསར་དུ་བཏོད་དེ་ད་ལྟའི་བར་དུ་དགེ་ལྡན་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར། སློབ་མའི་ཚོགས་ཤིན་ཏུ་མང་པོ་ལ་ཟབ་རྒྱས་ཆོས་ཚུལ་རྒྱ་ཆེར་གསུངས། འདབ་ཆགས་དང་གླེང་མོལ་མཛད་ཚུལ་སོགས་སྙན་འཇེབས་ལྡན་པའི་ཉམས་མགུར་གྱི་གསུང་རྩོམ་ཡང་ཤིན་ཏུ་མང་པོ་མཛད་དེ། མཐར་དགུང་གྲངས་རེ་དྲུག་པ་རབ་བྱུང་བརྒྱད་པའི་ཤིང་བྱི་༡༥༠༤ལོའི་བོད་ཟླ་གསུམ་པའི་ཚེས་ཉེས་ལྔ་ཉིན་དབེན་དགོན་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན།


པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་བ་རྒྱལ་བ་བློ་བཟང་དོན་འགྲུབ།


པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་བ་རྒྱལ་བ་བློ་བཟང་དོན་འགྲུབ་ནི། གཙང་གཡས་རུ་དབེན་ས་ཞེས་པར་ཡབ་བསོད་ནམས་རྡོ་རྗེ་དང༌། ཡུམ་དཔལ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་གླང་༡༥༠༥ལོར་སྐུ་འཁྲུངས། སྐྱེ་མ་ཐག་ནས་མ་ཎི་འབྲེུ་དྲུག་ཞལ་མདོན་མཛད་པ་སོགས་ཡ་མཚན་པའི་རང་རྟགས་དུ་མ་བསྟན། དགེ་འཕེལ་མཁན་པོ་ལེགས་བློ་བས་མཚན་ལ་མགོན་པོ་སྐྱབས་ཞེས་བཏགས། རྗེ་སྐྱབས་མཆོག་དཔལ་བཟང་ལ་ལྷག་པའི་ལྷ་དང་བླ་མ་དུ་མས་ལུང་གིས་བསྟན་པ་ལྟར་ཐམས་ཅད་མཁྱེན་པ་བསོད་ནམས་ཕྱོགས་ཀྱི་གླང་པོའི་གདན་ས་དབེན་དགོན་ལ་ཕེབས་ཏེ། ཆུང་དུས་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་སོགས་བསླབས་པས་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་གཅིག་པར་ལྷ་རི་རྩེ་བ་ཆོས་རྗེ་གྲགས་པ་དོན་འགྲུབ་པའི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་དོན་འགྲུབ་ཞེས་གསོལ། དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ཆོས་རྗེ་ལྷ་རི་པ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་དང༌། དཔེ་ཆོས་རིན་ཆེན་སྤུངས་པ་སོགས་བཀའ་ཆོས་དུ་མ་དང༌། དུས་འཁོར་དང་འཇིགས་བྱེད་སོགས་གསང་སྔགས་རྒྱུད་སྡེའི་དབང་ལུང་མན་ངག་རྒྱ་ཆེར་གསན། སླར་གཙང་དུ་ཕེབས་ནས་དགེ་འཕེལ་དུ་ཆོས་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་ནས། དཔལ་གསང་བ་འདུས་པ་སོགས་རྒྱུད་སྡེ་དུ་མའི་དབང་ལུང་དང་བཀའ་ཆོས་དུ་མ་གསན། བཀྲིས་ལྷུན་པོའི་ཆོས་གྲྭར་ཞུགས་ནས་ཐོས་བསམ་གླིང་གྲྭ་ཚང་གི་གདན་ས་བ་འཇམ་དབྱངས་བློ་བཟང་བཤེས་གཉེན་པའི་དྲུང་ནས་བསྡུས་གྲྭ་སོགས་རིགས་ལམ་ལ་བསླབས་པས་གཏན་ཚིགས་རིག་པ་དང་གཞུང་ཆེན་མོ་དག་ལ་མཁས་པའི་སྙན་པ་གང་སར་འཕུར་བའི་ངེས་དོན་གྱི་མཁས་པའི་གོ་སར་བརྙེས། འོན་ཀྱང་ཚིག་སྤྱིའི་རྩོད་པ་དང་སློབ་གཉེར་ནི་ཆུའི་ལྦུ་བ་དང་ཆུ་ཤིང་གི་ལྤགས་པ་ལྟར་དོན་གྱི་སྙིང་པོ་དང་མི་ལྡན་པར་དགོངས་ནས། སྲས་བཅས་རྒྱལ་བ་གང་དུ་གཤེགས་པའི་ལམ་བཟང་ལ་སྒྲུབ་པ་སྙིང་པོ་བྱེད་རྒྱུའི་འདུན་པ་བཅོས་མིན་འཁྲུངས་ཏེ། དགེ་འཕེལ་བ་རྗེ་བློ་གྲོས་རྒྱལ་མཚན་ལས་འདུལ་བའི་བསླབ་བྱ་དང༌། རྗེ་ཙོང་ཁ་པའི་རྣམ་ཐར་སོགས་ཆོས་བཀའ་དུ་མ་གསན། རྗེ་སྐྱབས་མཆོག་དཔལ་བ་ལས་དབང་ལུང་མན་ངག་རྒྱ་ཆེར་ཞུས། སྒྲུབ་པ་ལ་གཞོལ་བས་རྗེ་ཙོང་ཁ་པ་སོགས་བླ་མ་དང་ལྷག་པའི་ལྷ་དུ་མས་ཞལ་གཟིགས་བྱིན་གྱིས་རླབས་པའི་ངེས་ཤེས་རྙེད། གྲུབ་ཆེན་ཆོས་རྡོ་རྗེའི་འཁོར་དུ་གྲུབ་པ་ཐོབ་པའི་སློབ་མ་བཅུ་ཙམ་ཡོད་པའི་ནང་ནས། རྗེ་འདི་ཉིད་སྲས་ཀྱི་ཐུ་བོར་དགོངས་ནས། དགའ་ལྡན་སྙན་བརྒྱུད་ཀྱི་བེའུ་བུམ་དང༌། དགའ་ལྡན་སྤྲུལ་པའི་གླེགས་བམ་ཕྱག་ཏུ་གཏད་དེ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། དོན་འདི་ལ་དགོངས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས། དེ་ནས་རང་གི་ཆོས་ཀྱི་རྒྱལ་ཚབ་ཏུ། །དབང་བསྐུར་སྤྲུལ་པའི་གླེགས་བམ་ཕྱག་ཏུ་བཞུགས། །ཆོས་ཀྱི་རྒྱལ་སྲིད་ཡོངས་གཏད་དབེན་ས་བ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་སོ། །དགུང་ལོ་སོ་གསུམ་པར་དཔལ་ལྡན་འབྲས་སྤུངས་ཆོས་གྲྭ་ཆེན་པོ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། འདུལ་བའི་བཅས་མཚམས་ཕྲ་མོ་ཚུན་ཆད་ཀྱང་མིག་འབྲས་བཞིན་སྲུང་ཞིང་ས་ཕྱོགས་ངེས་མེད་དུ་བྱ་བཏང་དབེན་པའི་བརྟུལ་ཞུགས་འཆང་སྟེ་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས། བསྟན་པ་སྤྱི་དང་ཡང་སྒོས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུ་ཉིད་དུ་གྱུར་པ་ཡིན་ཏེ། རྗེ་རང་གི་ཞལ་སྔ་ནས། འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་མཆོག །བློ་བཟང་གྲགས་པ་ཞེས་པའི་བླ་མ་དེའི། །གསུང་གི་སྙིང་པོ་སྙན་བརྒྱུད་འཛིན་པ་ནི། །དེང་སང་དུས་ན་ཁོ་བོ་ཙམ་དུ་བས།། ཞེས་གསུངས་པ་ལྟར་རོ། །དགའ་ལྡན་སྤྲུལ་པའི་གླེགས་བམ་དང་སྙན་བརྒྱུད་བསྟན་པའི་རྒྱལ་ཚབ་དུ་དབང་བ་སློབ་མའི་གཙོ་བོ་མཁས་གྲུབ་སངས་རྒྱས་ཡེ་ཤེས་སོགས་ས་ལྟ་བུའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་དང་སྐལ་ལྡན་ལས་འཕྲོ་ཅན་གྱི་གདུལ་བྱ་ཤིན་ཏུ་མང་པོ་བསྐྱངས་ཤིང༌། རྩོམ་པའི་ལེགས་བཤད་ཀྱང་པོད་གཉིས་མཛད། མཐར་དགུང་གྲངས་རེ་གཉིས་པ་རབ་བྱུང་དགུ་པའི་མེ་སྟག་༡༥༦༦ལོར་དབེན་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། །


པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།


པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། གཙང་རོང་མཚམས་ལྷན་དྲུག་ཏུ། ཡབ་དཔོན་ཚང་ཀུན་དགའ་འོད་ཟེར་རམ་ཚེ་རིང་དཔལ་འབྱོར་དང༌། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ལྕགས་རྟ་ལོར་༡༥༧༠སྐུ་འཁྲུངས། དགུང་ལོ་ལྔ་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་འཛིན་སྐྱོར་གནང༌། དགུང་ལོ་བཅུ་གསུམ་པར་སྐུ་གོང་མའི་གདན་ས་དབེན་དགོན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོད་ལྔར་གསན་བསམ་སློབ་གཉེར་མཛད་པའི་དབུ་ཚུགས། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པར་བཞེས་པའི་མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གསོལ། དགུང་ལོ་བཅུ་བཞི་པར་བཀྲིས་ལྷུན་པོའི་ཆོས་གྲྭར་ཕེབས་ཏེ་གཞུང་ཆེན་ཁག་གི་སློབ་གཉེར་འཕྲོ་མཐུད་ཀྱིས་གོ་རིག་ཟུང་དུ་འབྲཻལ་བའི་མཁས་པའི་སྙན་པ་འབྲེ། ཉེར་གཉིས་པར་བཀྲིས་ལྷུན་པོའི་མཁན་པོ་པཎ་ཆེན་དམ་ཆོས་ཡར་འཕེལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་གངས་ཅན་ཆོས་འཕེལ་གླིང་གི་ཆོས་གྲྭའི་ཁྲིར་འཁོད། དགུང་ལོ་སུམ་ཅུ་པར་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་ཁྲིར་འཁོད་དེ་གཙང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ཚོགས་སྲོལ་གསར་དུ་བཏོད། སྔགས་པ་གྲྭ་ཚང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་གཙང་ཁུལ་དུ་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དགུང་ལོ་སོ་བཞི་པར་དབུས་སུ་ཞབས་སོར་འཁོད་དེ་རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། གདན་ས་འབྲས་སྤུངས་སུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཅིག་པར་རྒྱལ་དབང་སྐུ་ཕྲེང་བཞི་པ་དགོངས་པ་རྫོགས་པའི་ཡང་སྲིད་ངོས་འཛིན་གནང༌། དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་གསོལ། དགུང་ལོ་ཞེ་བརྒྱད་པར་སེར་འབྲས་གཉིས་ཀྱི་ཁྲིར་ཕེབས་ཏེ་ལྷ་ས་སྨོན་ལམ་ཆེན་པོའི་གྲལ་དབུ་ཡུན་རིང་མཛད། དབུས་གཙང་ཁུལ་གྱི་ས་རྙིང་བཀའ་དགེ་རིས་སུ་མ་ཆད་པའི་ཆོས་རྒྱུན་འཛིན་པའི་དགོན་སྡེ་ཀུན་ལ་རྟེན་གསུམ་གསར་བཞེངས་དང༌། འགྱེད་དང་གཏོང་རྩ་བློ་ཡུལ་ལས་འགོངས་པར་གནང༌། གདན་ས་གསུམ་ལ་གསེར་འགྱེད་གནང་བ་དང་ཇོ་ཤཀ་རྣམ་གཉིས་སོགས་དབུས་གཙང་གི་རྟེན་གཙོ་ཁག་རྣམས་ལ་ཞལ་གསེར་དང་མཆོད་རྒྱུན་རྒྱ་ཆེར་སྤེལ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། གོང་ས་ལྔ་པ་ཆེན་པོ། སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན་སོགས་དགེ་ལྡན་བསྟན་པའི་སྐྱེས་ཆེན་ཐམས་ཅད་ལ་བསྟན་པ་སྤྱི་དང་སྒོས་སུ་དགེ་ལྡན་བསྟན་པའི་རྒྱུན་ལས་བྱུང་བའི་དབང་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང༌། སྐབས་དེར་རིས་མེད་གྲུབ་མཐའ་སྐྱོང་བའི་བསྟན་འཛིན་སྤྱི་དང་ལྷག་པར་དགེ་ལྡན་པའི་རིང་ལུགས་འཆང་བའི་བསྟན་འཛིན་ཆེ་ཕྲ་ཕལ་བོ་ཆེ་དམ་པ་འདིའི་སློབ་མ་མ་གྱུར་པ་མེད་པ་དང་འདྲ་ཞིང༌། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་མཐར་སྒྲེངས་པ་ལ་བརྟེན་ནས་རྒྱལ་བ་གཉིས་པའི་རྣམ་འཕྲུལ་དུ་ངོས་འཛིན་བྱེད། དགུང་ལོ་ང་བརྒྱད་པར་ཆེན་པོ་ཧོར་གྱིས་དབུས་སུ་དམག་བྱེད་པའི་སྐབས་རྒྱུ་འགྲོ་ཕངས་མེད་བཏང་ནས་བར་འདུམ་བྱས། དགུང་ལོ་དོན་གཉིས་པར་སོག་རིགས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་སྲིད་གཏོར་ནས་བོད་ཤིང་སྒོ་ཅན་ཡོངས་རྫོགས། ྋགོང་ས་ལྔ་པར་ཕུལ་བ་ནས་རྒྱལ་པཎ་རྣམ་གཉིས་ལ་གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས་ཞེས་ད་ལྟའི་བར་དུ་ཡོངས་སུ་གྲགས་པ་བྱུང༌། དགུང་ལོ་དོན་ལྔ་པར་གོང་མའི་གདན་ས་དབེན་དགོན་གཙུག་ལག་ཁང་ཀ་ཆེན་ཉེར་ལྔ་ཡོད་པའི་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། ལམ་རིམ་དམར་ཁྲིད་དང་སྔགས་བསྐྱེད་རྫོགས། བསྟོད་ཚོགས་སོགས་ཀྱི་ལེགས་བཤད་གསུང་འབུམ་པོད་ཆེན་ལྔ་བརྩམས། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྟན་པ་སྤྱི་དང་དགེ་ལྡན་རིང་ལུགས་པའི་སྲོལ་བཟང་ལ། ཇི་སྐད་དུ། སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང༌།། སྒོས་ཞྭ་སེར་ཅོད་པན་འཆང་བ་ཡི། །དཔལ་མཉམ་མེད་རི་བོ་དགའ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཞེས་གང་གིས་ཐུགས་སྨོན་གནང་ས་དང་རྗེས་སུ་མཐུན་པར་མཛད་དེ། མཐར་དགུང་གྲངས་གོ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་༡༦༦༢ལོར་སྐུ་ཞི་བར་གཤེགས།


པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས།


པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ནི། གཙང་ཐོབ་རྒྱལ་དུ་ཡབ་ཞབས་དྲུང་བསོད་ནམས་དབང་གྲགས་དང༌། ཡུམ་ཚེ་བརྟན་བུ་འཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་༡༦༦༣ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། ཆུང་དུས་ནས་གོང་ས་ལྔ་པ་ཆེན་པོས་པཎ་ཆེན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས། དགུང་ལོ་དྲུག་པར་དཔལ་གྱི་ཆོས་གྲྭ་ཆེན་པོ་བཀྲིས་ལྷུན་པོར་གདན་དྲངས་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་སྐྱོར་སྦྱོང་གནང་པས་ཚེགས་མེད་མཁྱེན། དགུང་ལོ་བརྒྱད་པར་དབུས་སུ་ཕེབས་ནས་རྒྱལ་མཆོག་ལྔ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་བློ་བཟང་ཡེ་ཤེས་གསོལ། དགུང་ལོ་བཅུ་གཅིག་པ་ནས་བཟུང་ཟུར་བཞིའི་སློབ་དཔོན་གྱི་དྲུང་ནས་གཞུང་ཆེན་པོད་ལྔར་གསན་སྦྱོང་མཛད་པའི་དབུ་ཚུགས། དགུང་ལོ་ཉེར་གཉིས་པར་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་དྲུང་བློ་བཟང་ནོར་བུའི་དྲུང་ནས་སྒྲ་སྙན་མངོན་སྡེབ་སོགས་ཐ་སྙད་རིག་གནས་སྐོར་ལ་གསན་བསམ་མཛད་དེ་བྱ་དཀའི་སྙན་ཚིག་དང་ལེའུ་བར་པའི་དཔེར་བརྗོད་ཀྱང་མཛད། དགུང་ལོ་སོ་གསུམ་པར་རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་ཡང་སྲིད་དགུང་ལོ་བཅུ་གསུམ་ལོན་པ་ལ་དགེ་ཚུལ་གྱི་སྡོམ་པ་གནང་སྟེ་མཚན་ལ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་གསོལ། རྒྱ་ནག་མན་ཆིང་གོང་མ་ཁང་ཤིང།བོད་རྒྱ་ཧོར་གསུམ་གྱི་ཡི་གེ་ཡོད་པའི་གསེར་ཐམ་ཕུལ་ཏེ་མཆོད་ཡོན་གྱི་འབྲཻལ་བའི་རྒྱུན་སྐྱོང༌། དགུང་ལོ་ང་ལྔ་པར་རྒྱལ་དབང་སྐུ་ཕྲེང་དྲུག་པའི་ཡང་སྲིད་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་བའི་མཚན་ལ་སྐུ་ཞང་ཨ་དགེ་བཀྲིས་ཀྱིས་གནང་བའི་བསྐལ་བཟང་རྒྱ་མཚོའི་གོང་དུ་བློ་བཟང་ཞེས་བསྣན་ཏེ་བློ་བཟང་བསྐལ་བཟང་རྒྱ་མཚོ་གསོལ། དགུང་ལོ་རེ་ལྔ་པར་རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་སངས་རྒྱས་དངོས་དང་མཉམ་པའི་སྐྱེས་ཆེན་དུ་མ་ལས་སྔ་ཕྱིར་མདོ་སྔགས་ཀྱི་དབང་ལུང་མན་ངག་སོགས་རྒྱ་ཆེར་གསན་ཏེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་སྤྱི་སྒེར་ལ་སྨན་པའི་མཛད་པ་རྒྱ་ཆེར་སྐྱོང༌། མདོ་སྔགས་དང་བསྟོད་ཚོགས་སོགས་ཀྱིས་མཚོན་པའི་ལྗགས་རྩོམ་ཡང་པོད་བཞི་མཛད་དེ། མཐར་དགུང་གྲངས་དོན་ལྔ་པ་མེ་སྦྲུལ་༡༧༣༧ལོར་སྐུ་ཞི་བར་གཤེགས།།


པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།


པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ནི། གཙང་གི་ས་ཁུལ་ཤངས་བཀྲིས་རྩེར་ཡབ་ཚེ་རིང་དཔལ་འབྱོར་དང༌། ཡུམ་ལྷ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་རྟ་༡༧༣༨ལོར་སྐུ་འཁྲུངས། རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་པཎ་ཆེན་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང༌། དགུང་ལོ་གསུམ་ནས་ཡི་གེ་འབྲེི་ཀློག་སོགས་བསླབས་པས་ཚེགས་མེད་པར་མཁྱེན། དགུང་ལོ་བཞི་པར་བཀྲིས་ལྷུན་པོར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། རྒྱལ་མཆོག་བདུན་པ་ཆེན་པོས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། བཀྲས་ལྷུན་སྔགས་ཆེན་བློ་བཟང་བཟོད་པ་ཡོངས་འཛིན་དུ་བསྟེན་ཏེ་དགུང་ལོ་བདུན་པར་རབ་བྱུང་གི་སོྡམ་པ་བཞེས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་གསན་བསམ་གྱི་དབུ་ཚུགས། དགུང་ལོ་བཅུ་གཉིས་པར་དབུས་སུ་ཕེབས་ཏེ་རྒྱལ་མཆོག་བདུན་པ་ཆེན་པོའི་དྲུང་ནས་དབང་ལུང་མན་ངག་ཤིན་ཏུ་མང་པོ་གསན། ཇོ་ཤཀ་གཉིས་དང་གདན་ས་གསུམ་རྒྱུད་གྲྭ་གཉིས་ལ་སོགས་པར་ཞབས་ཀྱིས་བཅགས་ཏེ་གནས་མཇལ་དང་མཆོད་འབུལ་རྒྱ་ཆེར་གནང༌། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་གཉིས་པ་བློ་བཟང་ཆོས་འཕེལ་ལས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་ཡང་བསྐྱར་དབུས་སུ་ཕེབས་ཏེ་རྒྱལ་མཆོག་བདུན་པ་ཆེན་པོ་སྐུ་གཤེགས་པའི་གདུང་རྟེན་གསེར་གྱི་མཆོད་སྡོང་ལ་རབ་གནས་མཛད། གདན་ས་གསུམ་དང་རྒྱུད་གྲྭ་གཉིས་ཀྱིས་གཙོས་པའི་རིས་མེད་སེར་སྐྱ་མང་པོར་དམ་པའི་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་འགྱེད། །དགུང་ལོ་ཉེར་བརྒྱད་པར་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པར་རབ་བྱུང་གི་སྡོམ་པ་གནང་པའི་མཚན་ལ་འཇམ་དཔལ་རྒྱ་མཚོ་གསོལ། །དགུང་ལོ་ཞེ་གཅིག་པ་མདོ་ཁམས་སྨད་ཕྱོགས་སུ་ཕེབས་ཏེ། བོད་རྒྱ་ཧོར་གྱི་སྐྱེ་འགྲོ་འབུམ་ཕྲག་བརྒལ་བར་དམ་པའི་ཆོས་ཀྱི་སྦྲང་ཆར་ཕབ། ཞེ་གཉིས་པར་མན་ཆིན་གོང་མ་ཆན་ལུང་གི་དབུ་བླ་གནང་སྟེ་མཆོད་ཡོན་གྱི་འབྲཻལ་བའི་རྒྱུན་སྐྱོང༌། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང༌། ལྕང་སྐྱ་རོལ་བའི་རྡོ་རྗེ། གོང་མ་ཆན་ལུང་སོགས་རྒྱ་བོད་ཀྱི་སྐྱེས་ཆེན་དང་མི་ཆེན་དེ་བཞིན་རབ་བྱུང་ངུར་སྨྲིག་འཆང་བའི་སྡེ་དང༌། སྔགས་པ་ལྕང་ལོ་འཆང་བའི་སྡེ། ཚེ་བློས་གཏོང་བའི་བྱ་བརལ། སྟོབས་དང་འབྱོར་པས་ཕྱུག་པའི་སྡེ་བ་སོགས་སྐྱེ་རྒུ་ཕལ་བོ་ཆེ་སློབ་མར་སྐྱོང་ཞིང༌། གསུང་གི་ལེགས་བཤད་ཀྱང་མདོ་སྔགས་ཀྱི་དཀའ་འགྲེལ་དང༌། ཆོས་སྤྱོད་ཆོ་ག་བསྟོད་ཚོགས་སོགས་ཀྱི་བསྡུས་པའི་པོད་ཆེན་བརྒྱད་ཙམ་མཛད་དེ། མཐར་དགུང་གྲངས་ཞེ་གསུམ་པར་ལྕགས་བྱི་༡༧༨༠ལོར་རྒྱ་ནག་པེ་ཅིན་ཧོང་སེ་དགོན་དུ་སྐུ་གཤེགས། །


པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ།


པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ནི། གཙང་ཉང་སྨད་པ་སྣམ་སྐྱིད་གཤོངས་སུ་ཡབ་དཔལ་ལྡན་དོན་གྲུབ་དང༌། ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་༡༧༨༢ལོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་སྐུ་འཁྲུངས། ཆུང་དུས་ནས་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པས་པཎ་ཆེན་གོང་མའི་ཡང་སྲིད་ངོས་འཛིན་གནང་སྟེ། དགུང་ལོ་གསུམ་པའི་ཐོག་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་ཞུས། སྐུ་ན་ཕྲ་དུས་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ཚེགས་མེད་པར་མཁྱེན། གཞུང་ཆེན་པོ་ལྔར་གསན་བསམ་མཛད་ཞོར་དགུང་ལོ་ཉི་ཤུ་པར་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། །དགུང་ལོ་ཉེར་བདུན་པར། རྒྱལ་མཆོག་བརྒྱད་པར་དགོངས་པ་རྫོགས་པའི་ཡང་སྲིད་ངོས་འཛིན་གནང་ཞིང༌། སོ་གཉིས་པར་རྒྱལ་མཆོག་སྐུ་ཕྲེང་དགུ་པར་རབ་བྱུང་གི་སྡོམ་པ་གནང་བའི་མཚན་ལ་ལུང་རྟོགས་རྒྱ་མཚོ་གསོལ། དགུང་ལོ་ཞེ་བཞི་པར་རྒྱལ་མཆོག་དགུ་པ་ལུང་རྟོགས་རྒྱ་མཚོ་དགོངས་པ་རྫོགས་པའི་ཡང་སྲིད་འཁྲུལ་བརལ་ངོས་འཛིན་མཛད། དབུ་སྐྲ་གཙུག་ཕུད་བཞེས་པའི་མཚན་ལ་ཚུལ་ཁྲིམས་རྒྱ་མཚོ་གསོལ། དགུང་ལོ་ང་གསུམ་པར་རྒྱལ་མཆོག་སྐུ་ཕྲེང་བཅུ་པར་རབ་བྱུང་གི་སྡོམ་པ་གནང༌། དགུང་ལོ་རེ་གསུམ་པར་ཟླ་བ་དགུ་ཙམ་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྐྱོང༌། གདན་ས་གསུམ་དང་རྒྱུད་གྲྭ་གཉིས། བླ་བྲང་བཀྲིས་ལྷུན་པོ་སོགས་དབུས་གཙང་གི་ཆོས་སྡེ་ཆེན་པོའི་གྲྭ་རྒྱུན་སྤྱི་དང༌། རྒྱ་སོག་གི་ཡུལ་གྲུ་ཚུན་ཆད་དུའང་དངོས་སློབ་དང་ཡང་སློབ་ཀྱིས་ཡོངས་སུ་ཁྱབ་ཅིང་མཛད་པ་དང་འཕྲིན་ལས་བཟང་པོས་ཐུབ་བསྟན་སྤྱི་དང་ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། མདོ་སྔགས་ཀྱི་དཀའ་འགྲེལ་དང༌། ཐ་སྙད་རིག་གནས། བསྟོད་ཚོགས་སོགས་གསུང་རྩོམ་པོད་དགུ་མཛད། དབུས་གཙང་ཁམས་ཀྱི་རིས་མེད་ཆོས་སྡེ་ཀུན་དང་ལྷག་པར་ཇོ་ཤཀ་རྣམ་གཉིས་སུ་མཆོད་འབུལ་དང་གཏོང་རྩ་རྒྱ་ཆེར་གནང་ཏེ། མཐར་དགུང་ལོ་དོན་གཉིས་པ་ཆུ་གླང་༡༨༥༣ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།


པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག


པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ནི། གཙང་ཐོབ་རྒྱལ་དུ་ཡབ་བོན་རིགས་བསྟན་འཛིན་རྣམ་རྒྱལ་དང༌། ཡུམ་བཀྲིས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་༡༨༥༥ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་སྐུ་འཁྲུངས། དགུང་ལོ་གསུམ་པའི་ཐོག་ནས་པཎ་ཆེན་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་གདན་འདྲེན་ཞུས། དགུང་ལོ་དྲུག་ལ་དགོན་པའི་གསེར་ཁྲིར་ཕེབས་ནས། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བདུན་པ་ནས་ཉེར་གཅིག་བར་གཞུང་ཆེན་པོད་ལྔར་གསན་བསམ་དཔྱིས་ཕྱིན་པར་མཛད། །དཔལ་ལྡན་ས་སྐྱ་བའི་འདུལ་འཛིན་ཆེན་པོ་མེ་ཏྲི་རྡ་རྨ་བ་རྡ་དཔལ་བཟང་པོའི་དྲུང་ནས་པཎ་ཆེན་སྡོམ་རྒྱུན་གྱི་བསྙེན་རྫོགས་སྡོམ་པ་བཞེས། སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་ལས་སྔ་འགྱུར་རྙིང་མའི་ཆོས་སྐོར་རྒྱ་ཆེར་གསན། དགུང་ལོ་ཉེར་གསུམ་པར་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོའི་དྲུང་ནས་བླ་ཆེན་སྡོམ་རྒྱུན་གྱི་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་བཞི་པར་དགའ་ལྡན་ཕོ་བྲང་པས་དབུས་སུ་གདན་དྲངས་པ་ལྟར་ཕེབས་ནས་གོང་ས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བརལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ཐུགས་རབ་གཞན་དྲིང་མེད་པས་ཉིན་རེར་གསུང་རབ་ཐུགས་འཛིན་ཁབ་གང་རེ་བཟུང་ཐུབ་པ་དང་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཆེ་ཞིང༌། ཐ་སྙད་རིག་པའི་གནས་ལའང་མཁྱེན་རྒྱ་ཤིན་ཏུ་ཡངས་པས་སྙན་ངག་གི་དཔེར་བརྗོད་ཚངས་སྲས་དགྱེས་པའི་རོལ་མོ་སོགས་ཀྱང་ལྗགས་རྩོམ་མཛད། གཞན་ཡང་ཆོས་སྤྱོད་ཆོ་ག་དང༌། བསྟོད་ཚོགས་སོགས་ཀྱི་ལྗགས་རྩོམ་པོད་གསུམ་མཛད་དེ། མཐར་བསྟན་འགྲོའི་བསོད་ནམས་ཀྱི་མཐུ་དམན་པས་ཕྱི་ཚུལ་ལ་ཡུམ་དང་ཡོངས་འཛིན་གཉིས་ཐུགས་མ་མཐུན་པར་གླེང་སློང་དང་གྱོད་གཞི་ཆེན་པོ་བྱུང་བར་དགོངས་པ་སྙོག་པའི་ཚུལ་གྱིས་དགུང་གྲངས་ཉེར་བརྒྱད་པ་ཆུ་རྟ་༡༨༨༢ལོའི་བོད་ཟླ་དྲུག་པའི་ཚེས་དྲུག་ཉིན་སྐུ་གཤེགས། །


པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ།


པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ནི། དྭགས་པོ་ཀ་ཤར་ཡུལ་དུ་ཡབ་རྟ་མགྲིན་དང༌། ཡུམ་དམ་ཆོས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་༡༨༨༣ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་སྐུ་འཁྲུངས། དགུང་ལོ་དྲུག་ནས་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ། ཡོངས་འཛིན་དཔོན་བྲང་བསྟན་འཛིན་དབང་རྒྱལ་བསྟེན་ནས་གཞུང་ཆེན་པོད་ལྔར་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད། དགུང་ལོ་ཉེར་གཅིག་པར་རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས་པའི་མཚན་ལ་ཐུབ་བསྟན་ཆོས་ཀྱི་ཉི་མ་གསོལ། ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་སོགས་སུ་དམ་པའི་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་སྩལ། དགུང་ལོ་ཞེ་གཅིག་པར་བསྟན་པའི་གད་ཆག་ལྟ་བུའི་དབང་གིས་སྨོན་ལམ་ལོག་པའི་ནང་འཁོར་མི་སྲུན་པ་དུ་མས་ཕུང་བཀྲུགས་ཀྱི་སྦྱོར་བ་ལ་བརྟེན་ནས་མདོ་སྨད་ཨ་མདོའི་ཁུལ་དུ་ཉེན་ཡོལ་གྱི་ཚུལ་དུ་ཕེབས་ཏེ་སྐྱེ་བོ་ཁྲི་ཕྲག་མང་པོར་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་བསྩལ། རྒྱ་ནག་གོ་མིན་ཏང་སྲིད་གཞུང་གི་གབྱེན་སྦྱོར་དཀྲུགས་ཤིང་རབ་དང་རིམ་པའི་འོག་ནས་སྐུ་ངལ་ཅི་ཆེར་ཐོག་དགུང་གྲངས་ང་ལྔ་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་༡༩༣༧ལོར་སྒ་སྐྱེ་རྒུ་མདོར་སྐུ་གཤེགས་པ་དང༌། ཏྲེ་ཧོར་ཁང་སར་སྐྱབས་མགོན་རིན་པོ་ཆེ་དང༌། ཁང་སར་དཔོན། དཀར་མཛེས་དགོན་བཅས་ཀྱིས་པཎ་ཆེན་ནང་མ་སྒང་བཅས་དཀར་མཛེས་ཁུལ་དུ་གདན་འདྲེན་བྱས། དམག་ཆེན་གཉིས་པ་མཇུག་སྒྲིལ་མིན་གྱི་མཚམས་སུ་གོ་མིན་ཏང་གིས་དཀར་མཛེས་ཁུལ་དུ་བཙན་འཛུལ་བྱས་པར། པཎ་ཆེན་ནང་མ་སྒང་དང་དཀར་མཛེས་ཡུལ་དགོན་བཅས་གཅིག་ཏུ་བསྒྲིལ་ཏེ་འཛིང་པས་རེ་ཞིག་རྒྱ་ལ་ཕམ་ཉེས་ཅི་ཆེར་བཏང་ཡང༌། རྒྱལ་ཁའི་མཐའ་འབྲས་དེ་མང་ཉུུང་གིས་རྐྱེན་པས་གོ་མིན་ཏང་གི་ཐོབ་སྟེ་དཀར་མཛེས་ཁུལ་དང་པཎ་ཆེན་ནང་མ་སྒང་གི་གནས་བབ་ལ་ཕམ་ཉེས་ཚབས་ཆེ་ཐེབས་ཏེ་ཡུལ་གྱར་དུ་འགྲོ་དགོས་བྱུང་བའི་ལོ་རྒྱུས་ཤིན་ཏུ་འགངས་ཆེ་ལ། གསུང་འབུམ་པོ་ཏི་བཞི་ཙམ་བཞུགས། མཐར་སྐུ་གདུང་རིན་པོ་ཆེ་གཙང་དུ་གདན་དྲངས་ཐུབ་ཙམ་བྱུང་ཐོག་གདུང་རྟེན་དངུལ་གྱི་མཆོད་སྡོང་དཔེ་མེད་གསར་བཞེངས་ཞུས་ཀྱང་དམར་པོའི་རིག་གསར་གྱི་རླུང་འཚུབ་ཁྲོད་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་གདུང་རྟེན་ཡོངས་རྫོགས་རྩ་གཏོར་བཏང་བའི་ཚབ་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱིས། པཎ་ཆེན་ལྔ་པ་ནས་དགུ་པའི་བར་གྱི་གདུང་རྟེན་གཅིག་ཏུ་སྒྲིལ་ཏེ། མཆོད་རྟེན་དཔེ་མེད་གསར་བཞེངས་མཛད་པ་ལུས་ཅན་འགྲོ་བའི་གདུང་སེལ་དཔལ་དུ་བྱིན་རླབས་ཀྱི་ཚན་ཁ་འབྲེ་བཞིན་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་བཞུགས་བཞིན་པ་འདི་བཞིན་ལགས་སོ། །


པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག


པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། བོད་ཤར་ཕྱོགས་མདོ་སྨད་བིས་མདོ་ཤོག་ཁའི་མ་ཞུ་གྲོང་སྡེར་ཡབ་མགོན་པོ་ཚེ་བརྟན་དང༌། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ལོའི་བོད་ཟླ་དང་པོའི་ཚེས་གསུམ་ཉིན་སྐུ་འཁྲུངས། དགུང་ལོ་བདུན་པར་མདོ་སྨད་བསྟན་པའི་གསལ་བྱེད་ཨ་ལགས་བླ་ཁོ་རིན་པོ་ཆེས་པཎ་ཆེན་གོང་མའི་ཡང་སྲིད་འཁྲུལ་བརལ་དུ་ངོས་འཛིན་གནང་སྟེ། འཇམ་མགོན་རྒྱལ་བ་གཉིས་པ་གང་དུ་བལྟམས་པའི་གནས་མཆོག་སྐུ་འབུམ་དགོན་དུ་གདན་དྲངས། ཨ་ལགས་བླ་ཁོ་རིན་པོ་ཆེ་དང༌། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་སོགས་ལ་བསྟེན་ནས། ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས་པས་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་གསུམ་པར་པཎ་ཆེན་གོང་མའི་ཡང་སྲིད་དོགས་གཞི་བྱུང་བ་ཁོང་དང༌། ཁམས་ལི་ཐང་དང༌། ཚ་བ་དཔའ་ཤོད་ནས་ཡིན་པའི་ཡ་མཚན་ཅན་གྱི་ཕྲུ་གུ་གསུམ་བྱུང་བའི་ནང་ནས་རྒྱལ་དབང་ཐམས་ཅད་མཁྱེན་པས་ཨ་ལགས་བླ་ཁོ་རིན་པོ་ཆེས་ངོས་འཛིན་གནང་བའི་དམ་པ་འདི་ཉིད་ལ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཀའ་ཡིག་དང་སྦུག་དམ་གནང༌། དགུང་ལོ་བཅུ་བཞི་པར་དབུས་སུ་ཕེབས་ཏེ། གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས་ཕན་ཚུན་གསེར་ཞལ་མཇལ་འཕྲད་གནང་སྟེ། སྐུ་གོང་མའི་སྐབས་སྨོན་ལམ་ལོག་པའི་བདུད་བློན་ཚོས་གཡེན་སྦྱོར་དཀྲུགས་ཤིང་འདྲ་མིན་བྱས་པའི་ངན་ཇུས་ལ་མཐའ་སྡོམ་གྱི་རྫོགས་ཚིག་བཏབ། དགུང་ལོ་བཅོ་བརྒྱད་པར་མདོ་སྨད་ཁུལ་དུ་དད་ལྡན་སྟོང་ཕྲག་མང་པོར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང༌། ཏྲེ་ཧོར་གཟིག་རྒྱབ་བླ་བྲང་གིས་ཞུས་ངོ་བཞིན་བདེ་ཆེན་ཕོ་བྲང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ། གུང་ཁྲན་ཏང་གིས་བོད་ས་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང༌། གོམས་པའི་གཤིས་ལུགས་སོགས་མདོར་ན་གངས་ཅན་པའི་སྣོད་བཅུད་ཆ་ལག་དང་བཅས་པར་གད་ཆག་ཚད་མེད་དུ་བཟོས་པ་དང༌། ཉེས་མེད་བོད་པ་འབུམ་ཕྲག་མང་པོར་ངོ་ལོག་པ་དང༌། རྨོངས་དད་པ་ལ་སོགས་པའི་མིང་འདོགས་སྣ་ཚོགས་འོག་དམར་བསད་དང་བཙན་འཛུགས་བརྡུང་བརྡེག་ཚད་མེད་བཏང་བ་དང༌། མུ་གེའི་བསྐལ་པ་ཡ་ང་བའི་འོག་ནས་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ལ་གད་ཆག་བྱུང་བའི་ཚུལ་རྣམས་གཟིགས་ནས་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོ་བགོས་ཏེ། གུང་ཁྲན་ཏང་ལ་ཡིག་འབྲེུ་ཁྲི་བདུན་ཞེས་པའི་སྙན་ཞུ་ཕུལ་བ་ལས། རིག་གསར་སྐབས་གསར་བརྗེ་ངོ་ལོག་པའི་གྲས་སུ་འཇོག་ཏེ་དམར་སྲུང་དམག་གིས་ཉེས་བརྡུང་ཚད་མེད་བཏང་བ་དང་མི་ལོ་དགུའི་རིང་ལ་ས་འོག་མུན་དོང་དུ་བཙོན་འཇུག་བྱས། དགུང་ལོ་ཞེ་གཉིས་པར་བཙོན་བཀྲོལ་བྱུང་བ་དང་མུ་མཐུད་ལྷ་ས་དང༌། མདོ་སྟོད་སྨད་རྣམས་སུ་གཟིགས་སྐོར་ལ་ཕེབས་ནས། དམངས་ཀྱི་བདེ་སྡུག་དང་ཆོས་ལུགས། གོམས་སྲོལ་སོགས་སླར་གསོའི་ཕྱག་ལས་རྒྱ་ཆེར་གནང༌། ལྷ་སར་སྨོན་ལམ་ཆེན་པོ་ཚུགས་ཏེ་ཚོགས་དབུར་ཕེབས་པ་དང༌། མདོ་དབུས་ཁམས་སུ་བོད་ཡིག་གི་སློབ་གྲྭ་མང་པོ་གསར་འཛུགས་གནང༌། རིས་མེད་དགོན་སྡེ་མང་པོའི་ཆོས་སྒོ་ཕྱེས་ཏེ་དགེ་འདུན་གྱི་སྡེ་ཚུགས་པ་དང་བཤད་སྒྲུབ་འཆད་ཉན་གྱི་སྲོལ་རྒྱུན་སླར་གསོ་བྱས། དཀར་མཛེས་ཁུལ་དུ་མི་དམངས་ཁྲི་ཁྲག་བདུན་ལྷག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་གནང་བས་མཚོན་བོད་ས་སྟོད་སྨད་ཀུན་ཏུ། ཟབ་རྒྱས་ཆོས་ཚུལ་རྒྱ་ཆེར་སྤེལ། ཕྱི་རྒྱལ་གསར་འགོད་པ་ཚོས་དྲི་བ་བཀོད་པར། ངས་ཕྱི་རྒྱལ་ལ་ཡོད་པའི་ཆོས་ཀྱི་གྲོགས་པོ་ཏཱ་ལའི་བླ་མ་ཤིན་ཏུ་དྲན། གལ་སྲིད་ཁོང་བོད་དུ་ཕེབས་ན་ཁ་བཏགས་ཉིན་མོ་བདེ་ལེགས་ཀྱི་སྔུན་བསུས་ཏེ་ཐོག་མའི་འཚམས་འདྲི་དེ་ང་རང་གིས་ཞུ་གི་ཡིན་སོགས་གསུང༌། སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པས་འཕགས་ཡུལ་ནས་བོད་དུ་ལྟ་སྐོར་སྔ་ཕྱིར་མངགས་པ་ཚོའི་རྒྱུད་ནས་ནང་མོལ་གྱི་ཕྱག་བརིས་གནང་བ་དབུ་ཐོག་ཏུ་བསྣམས་ཏེ་ཐམས་ཅད་མཁྱེན་པ་སྐུ་ཁམས་བདེ་བ་རེད་འདུག་གམ་ཞེས་ཕྱག་རྒྱ་དང་བཅས་འཚམས་འདྲི་གནང་བར་མ་ཟད། འབྱུང་འགྱུར་བོད་རྒྱའི་འབྲཻལ་བ་ཐོག་གནད་དུ་སྨིན་པའི་བཀའ་སློབ་ལམ་སྟོན་རྒྱ་ཆེར་གནང༌། དགུང་ལོ་ཞེ་དགུ་པར་པེ་ཅིན་ཏུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་དུ་གཙུགས། དགུང་ལོ་ང་གཅིག་པ་ནས་དབུས་གཙང་ཁུལ་དུ་ཕེབས་ཏེ་པཎ་ཆེན་ལྔ་པ་ནས་དགུ་པའི་བར་གྱི་སྐུ་གདུང་མཆོད་རྟེན་རིག་གསར་སྐབས་སུ་རྩ་གཏོར་བཏང་ཟིན་པ་རྣམས་ཀྱི་ནང་རྟེན་ལྷག་མ་གང་རྙེད་འཚོལ་སྒྲུབ་གནང་ནས་མཆོད་རྟེན་བཀྲིས་རྣམ་རྒྱལ་ཆེན་པོ་གསར་བཞེངས་གནང༌། དེ་ལྟར་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་བདེ་དོན་ཁོ་ནའི་ཆེད་སྐུ་སྲོག་ལ་འཛེམ་པ་མེད་པའི་རླབས་ཆེན་གྱི་མཛད་འགན་རྒྱ་ཆེར་ལྷུར་བླངས་པ་ན་གུང་ཁྲན་ཏང་གི་དབང་འཛིན་པ་ཚོས་སྟག་གིས་སྒོ་ཁྱི་མི་འོང་པར་ཤེས་ནས་གསོལ་ཚིགས་ལ་དུག་དྲངས་ཏེ། དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་༡༩༨༩ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གཙང་བཀྲིས་ལྷུན་པོ་བདེ་ཆེན་ཕོ་བྲང་དུ་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས། གསུང་རྩོམ་ཡང་ཡིག་འབྲེུ་ཁྲི་བདུན་གྱི་སྙན་ཞུ་དང༌། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ་སོགས་བཞུགས།།


པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ།


པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་ནི། བོད་ཆེན་པོའི་མདོ་ཁམས་སྟོད་ཀྱི་ཆར་ནག་ཆུ་ལྷ་རི་རྫོང་དུ། ཡབ་དཀོན་མཆོག་ཕུན་ཚོགས་དང༌། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་སྤྱི་ལོ་༡༩༨༩ཟླ་༤ཚེས་༢༥ཉིན་སྐུ་འཁྲུངས། སྨྲ་བརྗོད་ཐུབ་ཙམ་ནས། ངའི་དགོན་པ་བཀྲིས་ལྷུན་པོ་ཡིན། ང་པཎ་ཆེན་ཡིན་ང་ཁྲི་མཐོན་པོའི་སྟེང་དུ་སྡོད་ཡོད་གསུང་པས་མཚོན། སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པ་ཆགས་ཐོགས་མེད་པའི་ལུང་སྟོན་གསལ་པོར་གནང༌། བྱིས་པ་ཕལ་བ་གཞན་དང་མི་འདྲ་བའི་མཛད་སྤྱོད་ཡ་མཚན་པ་དུ་མ་དང་ལྡན་པས་ཡུལ་མི་ཚོས་སྐྱེས་ཆེན་དམ་པ་ཞིག་གི་སྐྱེ་སྤྲུལ་དུ་ངེས་པར་རྙེད་ནས་རང་བཞིན་གྱིས་དད་གུས་བྱེད་ཡུལ་དུ་གྱུར། བཞུགས་སྒར་རྡ་རམ་ས་ལ་ནས་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས་ཀྱི་སྐྱེ་སྤྲུལ་ཕན་ཚུན་ངོས་འཛིན་གནང་ཕྱོགས་ཀྱི་ལོ་རྒྱུས་རྨང་གཞིར་བཅོལ་ཏེ་གཞིས་བྱེས་བོད་མི་ཡོངས་དང་ཧི་མ་ལ་ཡི་རི་རྒྱུད། ལྷག་དོན་དགེ་ལྡན་པ་དང་སྒོས་སུ་གཞིས་བྱེས་གཉིས་འཁོད་ཀྱི་གདན་ས་བཀྲིས་ལྷུན་པོའི་གྲྭ་རིགས་འབྲཻལ་ཡོད་ལྟོས་བཅས་ཁག ཡང་དགོས་པཎ་ཆེན་གོང་མའི་ཡང་སྲིད་འཚོལ་ཞིབ་ལས་བྱེད་བྱ་བརལ་རིན་པོ་ཆེ་སོགས་ཀྱིས་དངོས་ཤུགས་བརྒྱུད་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། མོ་ལུང་ཟན་བརྟག་དང་ལྷག་དོན་ཡེ་ཤེས་མཁྱེན་སྤྱན་གྱིས་གོང་མའི་ཡང་སྲིད་འཁྲུལ་བརལ་ངེས་རྙེད་བྱུང་བ་བཞིན་ཡོངས་ཁྱབ་གསལ་བསྒྲགས་བྱས། མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་བ་དང་འབྲཻལ། ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་མ་ཡང་ལྗགས་རྩོམ་གནང༌། ྋགོང་ས་མཆོག་གིས་ཡང་སྲིད་ངོས་འཛིན་བྱེད་སྒོ་འདིའི་ཐད་ཆོས་ཕྱོགས་ཀྱི་བྱ་བ་ལས། ཆབ་སྲིད་ཀྱི་གནད་དོན་མིན་སྟབས་རྒྱ་ནག་གཞུང་གིས་ཀྱང་ཡང་སྲིད་ཁྲི་འདོན་གྱིས་མཚོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་མཐུན་འགྱུར་རོགས་རམ་ཚུལ་བཞིན་གནང་རྒྱུའི་རེ་བ་ཡོད་ཅེས་པའི་ཕྱག་བརིས་གནང་བར། རྒྱ་གཞུང་གིས་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡིག་ཕྱག་བརིས་ལ་ཉན་འཇོག་ལྟར་ཞོག དེ་ལས་ལྡོག་སྟེ་མང་ཚོགས་ནང་ཏཱ་ལའི་བླ་མས་ཁ་བརལ་གྱི་ལས་འགུལ་སྤེལ་ཚུལ་དང་པཎ་ཆེན་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྲུང་དབྱངས་སྲིད་གཞུང་མ་གཏོགས། ཏཱ་ལའི་བླ་མ་ལ་ལོ་རྒྱུས་ཀྱི་ཐོག་ནས་དབང་ཚད་མེད་སྟངས་སོགས། ཕྱིན་ཅི་ལོག་གི་བྱ་སྤྱོད་འབའ་ཞིག་སྤེལ་ཏེ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་རྒྱ་ནག་ཏུ་བཙན་འཁྲིད་བྱས་པ་ནས་ལོ་ངོ་བཅུ་ཕྲག་ལྷག་ལ་གསང་ཉར་གྱིས་ད་ཆར་ག་ཡོད་སུས་ཀྱང་མི་ཤེས་པར་རྒྱལ་སྤྱིའི་ཐོག་གི་གསར་འགོད་པ་དུ་མས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འདི་ཉིད་འཛམ་གླིང་ནང་གི་བཙོན་པ་ལོ་ན་ཆུང་ཤོས་དེ་ཡིན་པ་ངོས་འཛིན་གནང༌། བྱ་བརལ་རིན་པོ་ཆེ་ལ་ཁྲིམས་འགལ་གྱི་ཉེས་དམིགས་བཀལ་ནས་བཙོན་འཇུག་བྱས། ནག་ཆུའི་ཁུལ་གྱི་ཕྲུ་གུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་པཎ་ཆེན་གོང་མའི་ཡང་སྲིད་ཁྲི་འདོན་བྱས་པ་སོགས། ལོ་རྒྱུས་ཐོག་གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་ཕན་ཚུན་ཡང་སྲིད་ངོས་འཛིན་གནང་སྲོལ་གྱི་ལོ་རྒྱུས་རྡོག་རོལ་དུ་བཏང་བ་དང༌། ཆོས་ཁས་མི་ལེན་པའི་རྒྱལ་ཁབ་ཅིག་གིས་ཆོས་པའི་མི་སྣ་སྐྱེ་སྤྲུལ་ངོས་འཛིན་བྱས་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྐྱུགས་བརོ་བ་དུ་མ་སྤེལ་ཏེ་རྒྱལ་སྤྱིའི་བོད་དོན་ཉམས་ཞིབ་པ་ཀུན་གྱིས་དབུགས་རིང་འབྱིན་པ་དང༌། ཧི་མ་ལ་ཡི་རི་རྒྱུད་དང་གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་དྲག་ཐབས་མེད་པའི་རྨ་ཁ་བཟོས་པ་སོགས་ཉེ་དུས་ཀྱི་ཡ་ང་བའི་ལོ་རྒྱུས་ཀྱི་རླུང་འཚུབ་ཁྲོད་ཆུང་སྲིད་རིན་པོ་ཆེ་གང་དུ་ཇི་ལྟར་བྱས་ནས་བཞུགས་པའི་ཚུལ་ཕྱོགས་ཙམ་གོ་ཐོས་མེད་པ་ནི་ཤིན་ཏུའང་ཕོངས།།


འོག་མིན་བདེ་ལྡན་ཞིང་གི་དགའ་ཚལ་ནས། །

ཐུགས་རྗེ་སྤྱན་གྱི་བུང་བའི་ལྡིང་སྐོར་གྱིས། །

གངས་རིའི་འདབ་མ་གྲོལ་བའི་བསིལ་ལྡན་ལྗོངས། །

འཕུར་ལྡིང་རྩེན་པའི་སྐྱེས་རབས་ཚར་དུ་དངར། །

གང་གི་མཚན་དཔེའི་འཁྲི་ཤིང་གསར་པའི་འཛུམ། །

བཞད་པའི་མོད་ལ་གདུག་ཅན་ཀླ་ཀློ་ཡིས། །

བཙན་པོའི་མེ་ཡི་དྲ་རྒྱར་བཙུད་པ་འདི། །

སྙིང་ལ་བཟོད་པར་ནུས་སམ་གངས་ཅན་པ། །ཞེས་ཀྱང་སྨྲས་སོ། །