ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང༌

ཡོང་ཁུངས་Wikipedia
   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།
Eleanor Roosevelt

<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནི་སྤྱི་ལོ་༡༩༤༨ལོའི་ཟླ་༡༢ཚེས་༡༠ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་གཞི་ཨང་A/RES/217ལ་འོས་འཆམ་བྱུང་ནས། པེལ་རེས་སིའི་chaillotཕོ་བྲང་ནས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་མཛད་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབས་ཀྱི་རྩ་དོན་འཛིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཡིག་ཆ་ཞིག་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་བུའི་ཐོབ་ཐང་གི་སྲུང་བརྩིའི་སྐོར་ལ་བཞག་པའི་ཡིག་ཆ་དང་པོ་དེ་ཡིན་པའི་ངོས་ནས། དང་ཐོག་གི་བསྐྱེད་རྒྱུ་གཙོ་བོ་ཞིག་ནི། འཛམ་གླིང་དམག་ཆེན་གཉིས་པ་ཡིན་པ་དང་། ཡིག་ཆ་དེའི་ནང་དུ་འཛམ་གླིང་མངའ་ཁོངས་ཀྱི་མི་བུ་ཚང་མ་ལ་ཡོངས་ཁྱབ་ཀྱི་ཐོབ་ཐང་ག་རེ་ཡོད་མེད་གསལ་སྟོན་གནང་ཡོད་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒེར་ངོས་དྲ་བ་རུ་དེ་གའི་ཡིག་ཆ་ཆ་ཚང་འཁོད་ཡོད།

<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནི་དོན་ཚན་སུམ་བཅུས་གྲུབ་པ་དང་། ཡང་<<དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་། <<ཆབ་འབངས་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་གསུམ་མཉམ་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་ཡིག་གྲུབ་ཡོད། སྤྱི་ཆིངས་དེ་གཉིས་ཀ་སྤྱི་ལོ་༡༩༦༦ལོར་འོས་འཆམ་བྱུང་ནས། སྤྱི་ལོ་༡༩༦༧ལོར་དངོས་སུ་ལག་བསྟར་བྱས།

བོད་ཡིག་མིང་། འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས།
རྒྱ་ཡིག་མིང་། 世界人权宣言
དབྱིན་ཡིག་མིང་། Universal Declaration of Human Rights

ཐོག་མའི་ཟིན་བཀོད།[རྩོམ་སྒྲིག]

<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ཀྱི་ཐོག་མའི་ཟིན་བཀོད་ཀྱི་ལས་ཀ་དེ་སྤྱི་ལོ་༡༩༤༦ལོར་སྒྲིག་འཛུགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཨུ་ཡོན་ལྷན་ཚོགས་ཀྱིས་འགན་བཞེས་པ་དང་། ཨུ་ཡོན་ལྷན་ཚོགས་དེ་མི་རིགས་མི་འདྲ་བ་དང་། ཆབ་སྲིད་ཀྱི་རྒྱབ་ལྗོངས་མི་གཅིག་པའི་ལྷན་མི་༡༨ཀྱིས་གྲུབ་ཡོད། ཨ་རིའི་སྲིད་འཛིན་ཧྥུ་རན་ཁེ་ལིན་ རོ་སེ་ཝེལ་ཐིའི་(Franklin Roosevelt)ལྕམ་ཨེ་ལེ་ནོར་ རོ་སེ་ཝེལ་ཐི་(Eleanor Roosevelt)ལགས་ནི་དེ་གའི་ལྷན་ཚོགས་ཀྱི་དབུ་བཞུགས་རེད། རྒྱ་མི་སེར་རྒྱལ་ཁབ་ཀྱི་ཚན་ཉིད་རིག་པ་བ་དང་། འཁྲབ་གཞུང་རྩོམ་པ་པོ་ཀྲང་ཕེང་ཁྲུན་(张彭春)ལགས་ཀྱིས་དབུ་བཞུགས་ཟུར་པའི་འགན་བཞེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་གདན་ཞུ་ལྟར། ཁ་ན་ཊའི་ཧྥ་རིག་ཆེད་མཁས་པ་ཅོ་ཧན་ ཕེ་ཐེར་སི་ ཧུམ་ཧྥེ་རེ་(John Peters Humphrey)ལགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ལས་ཁུངས་ཀྱི་འགྲོ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་པ་ཞིག་གི་ངོས་ནས་དེ་གའི་བསྒྲགས་ཡིག་ཀྱི་ཐོག་མའི་ཟིན་བཀོད་ཀྱི་ལས་ཀ་ལ་གཙོ་སྐྱོང་ཞུས། གཞན་ད་དུང་། ཟིན་བཀོད་ལས་ཀའི་ནང་བཞུགས་གནང་མཛད་པའི་མཁས་པ་ཁག་ནི། ལེ་པ་ནོན་ཡི་ལྷ་རིག་རིག་པ་བ་དང་། ཚན་ཉིད་རིག་པ་བ། སློབ་གསོ་བ། ཕྱི་འབྲེལ་བ་བཞི་ལྕོགས་ཀྱི་མ་རི་ཁེ་(查尔斯·哈比卜·马利克)ལགས་དང་། ཧྥ་རན་སིའི་ཧྥ་རིག་རིག་པ་བ་དང་། ཁྲིམས་དཔོན་ག་ཤིང་(瑞纳·塞缪尔·卡辛)ལགས་བཅས་རེད། མ་ཟད། ག་ཤིང་གིས་ཐེངས་གཉིས་པའི་ཟིན་བཀོད་ནང་། ད་ལྟའི་བསྒྲགས་ཡིག་གི་སྤྱི་ཁོག་དེ་ཆགས་པ་རེད། བསྒྲགས་ཡིག་དེ་ནི་མི་སྤྱོད་རྣལ་མ་ཞིག་ཡིན་ནའང་། དེ་ལ་ཁྲིམས་ཐོག་གི་ནུས་པ་མེད་པས། རྗེས་སོར་ཀྱི་<<དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་། <<ཆབ་འབངས་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཀྱི་ཡིག་ཆ་གཉིས་ཀྱིས་དེ་གའི་བསྒྲགས་ཡིག་གི་དོན་ཚན་ཁག་ལ་ཁྲིམས་ཐོག་གི་གོ་ཐང་སྦྱིན་པར་རེད།འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཚོགས་དང་། དཔལ་འབྱོར་དང་སྤྱི་ཚོགས་དོན་གཅོད་ཁང་། ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཚོགས་གསུམ་པས་གྲོས་འཆམ་འོས་འཕེན་གོང་དུ། ཁོངས་མིའི་རྒྱལ་ཁབ་ཁག་ནས་ཞུ་དག་དང་ལེགས་བཅོས་ཐད་ལ་བསམ་འཆར་མང་པོ་སྟོན་ཡོད་རེད།

ཟིན་བཀོད་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི།
Dr. Charles Malik(ལེ་པ་ནོན་)Alexandre Bogomolov(སུ་ལན་)Dr. Peng-chun Chang (རྒྱ་ནག)René Cassin(ཧྥ་རན་སི་)Eleanor Roosevelt (ཨ་རི་)Charles Dukes(དབྱིན་ཇི་)William Hodgson(ཨོ་སི་ཁྲུ་རི་ཡ་)Hernan Santa Cruz (ཆི་ལི་)John P. Humphrey(ཁ་ན་ཊ་)

འོས་འཆམ།[རྩོམ་སྒྲིག]

དེ་གའི་བསྒྲགས་ཡིག་ཉིད། སྤྱི་ལོ་༡༩༤༨ལོའི་ཟླ་༡༢ཚེས་༡༠ཉིན། རྒྱལ་ཚོགས་ལ། འོས་འབུལ་ཞུས། མཐའ་མར། ཁོངས་མིའི་རྒྱལ་ཁབ་༥༦ལས། རྒྱལ་ཁབ་༤༨ཀྱིས་མོས་པའི་འོས་ཤོག་འཕེན་པ་དང་། རྒྱལ་ཁབ་བརྒྱད་(སུ་ལན།Soviet苏联 ཡུག་རེན།Ukrainian乌克兰,བྷེ་ལ་རུ་སི།Byelorussian白俄罗斯 ཡུ་གོ་སི་ལ་ཝི་ཡ།Yugoslavia南斯拉夫 ཕོ་ལན།Poland波兰 ལྷོ་ཧྥེ།South Africa南非 ཆེ་ཁི།Czechoslovakia捷克斯洛伐克 ས་དི་ཨ་རབ།Saudi Arabia沙特阿拉伯 )ཀྱིས་འོས་འཕེན་དབང་ཆ་དོར། ཧོན་ཏུ་ར་སི་(Honduras)དང་། ཡེ་མེན་(Yemen) རྒྱལ་ཁབ་གཉིས་འོས་འཕེན་དུ་འཛུལ་མེད། ལྷོ་ཧྥེུས་(South Africa)འོས་འཕེན་དབང་ཆ་དོར་བ་ནི་ཁོ་རེའི་རིགས་བརྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་ལ་སྲུང་སྐྱོང་བྱ་ཆེད་དང་། དེ་ལྟར་ན། བསྒྲགས་ཡིག་གི་དོན་ཚན་མང་དག་ཅིག་དང་འགལ་ཡོད་པར་རེད། ས་དི་ཨ་རབ་(Saudi Arabian)ཀྱིས་འོས་མི་འཕེན་དོན་ནི། གཙོ་བོ་བསྒྲགས་ཡིག་གི་དོན་ཚན་གཉིས་ལ་ཐུག་ཡོད་རེད་ཟེར། དེ་གཉིས་ནི། དོན་ཚན་༡༨ནང་གི སུ་ཡིན་ཡང་རུང་ཆོས་ལུགས་སམ། དད་མོས་བསྒྱུར་ཆོག་པའི་ཐོབ་ཐང་ཡོད་ཅེས་པ་དེ་དང་། དོན་ཚན་༡༦ནང་གི་གཉེན་སྒྲིག་རང་དབང་ཐད་ཀྱི་ནང་དོན་དེ་གཉིས་རེད། ཡང་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་དྲུག་གིས་འོས་འཕེན་དབང་ཆ་དོར་དོན་ནི། ཁོ་ཚོས་དེ་གའི་བསྒྲགས་ཡིག་ཏུ་ན་ཙི་དང་ཧྥ་ཤི་ཟི་ལ་དགག་བཞག་ནན་པོ་རྒྱབ་མི་འདུག་ཅེས་ཟེར་གི་ཡོད་རེད། ཨེ་ལེ་ནོར་ རོ་སེ་ཝེལ་ཐི་ཡིས་བསམ་ན་ཁོ་ཚོས་འོས་མི་འཕེན་དོན་ནི་དོན་ཚན་༡༣ནང་གི་ཆབ་འབངས་མི་སེར་གང་ཉིད་རང་ཡུལ་ནས་ཕྱིར་ཐོན་དང་ཕྱིར་ལོག་གི་རང་དབང་ཡོད་ཅེས་པའི་དོན་ཚན་ཁས་ལེན་དགོས་པས་རེད་ཟེར། དང་པོའི་ཟིན་བཀོད་ཀྱི་ལས་ཀའི་ནང་དུ། ཅོ་ཧན་ ཕེ་ཐེར་སི་ ཧུམ་ཧྥེ་རེ་(John Peters Humphrey 约翰·汉弗莱)ནི་གཙོ་སྒྲིག་པ་ལྟ་བུ་ཞིག་ཡིན་ནའང་། ཟིན་བཀོད་ཀྱི་དང་པོའི་འོས་འཕེན་ནང་དུ། ཁ་ན་ཊས་འོས་འཕེན་དབང་ཆ་དོར་བར་རེད། འོན་ཀྱང་། མཐའ་མའི་ཟིན་བཀོད་དུ་འོས་འཕེན་བྱས་ཡོད།
མོས་པའི་འོས་ཤོག་འཕེན་པའི་རྒྱལ་ཁབ་ཁག
ཨབ་གྷན་སི་ཐན། Afghanistan 阿富汗ཨ་གིན་ཐིན། Argentina 阿根廷ཨོ་སི་ཁྲུ་ལི་ཡ། Australia 澳大利亚 བྷེལ་ལྗམ། Belgium 比利时 བྷོ་ལི་ཝི་ཡ Bolivia 玻利维亚 བྷུར་ཟེལ Brazil 巴西འབར་མ། Burma 缅甸ཁ་ན་ཊ། Canada 加拿大ཆི་ལི། Chile 智利རྒྱ་ནག China 中国ཁོ་ལོམ་པི་ཡ། Colombia 哥伦比亚ཁོ་སི་ཐ་རི་ཁ། Costa Rica 哥斯达黎加ཁུ་པ། Cuba 古巴ཏན་མག Denmark 丹麦Dominican Republic多明尼加共和国ཨེ་ཁོ་དོར། Ecuador 厄瓜多尔ཨེ་ཅིབ། Egypt 埃及སེལ་ཝ་དོ། Salvador 萨尔瓦多ཨེ་སེ་ཨོ་ཕི་ཡ། Ethiopia 埃塞俄比亚ཧྥ་རན་སི། France 法国གྷི་རི་སི། Greece 希腊གྷ་ཐཉ་མ་ལ། Guatemala 瓜地马拉ཧེ་ཐི། Haiti 海地འཁྱགས་གླིང་། Iceland 冰岛 རྒྱ་གར། India 印度 ཏ་ཟིག Iran 伊朗 དབྱི་རག Iraq 伊拉克ལེ་པ་ནོན། Lebanon 黎巴嫩ལི་པེ་རི་ཡ། Liberia 比里亚ལུ་སེམ་པག Luxembourg卢森堡མེག་སི་ཁོ། Mexico 墨西哥ཧོ་ལན། Netherlands 荷兰ནེའུ་ཟེ་ལན། New Zealand 新西兰ནི་ཁ་ར་གྭ Nicaragua尼加拉瓜ནོར་ཝེ། Norway 挪威པ་ཀི་སི་ཐན། Pakistan 巴基斯坦ཕ་ན་མ། Panama 巴拿马ཕ་ར་གུ་ཝེ། Paraguay 巴拉圭ཕེ་རུ། Peru 秘鲁ཧྥི་ལི་ཕིན། Philippines 菲律宾སི་ཨམ། Siam 暹罗སི་ཝེས་དན། Sweden 瑞典སི་རི་ཡ། Syria 叙利亚ཏུར་ཁེ། Turkey 土耳其མཉལ་འབྲེལ་རྒྱལ་ཁབ། United Kingdom 联合王国 ཨ་རི། United States 美国ཡུ་གུ་གྷེ། Uruguay 乌拉圭ཝེ་ནེ་ཟུ་ཝེ་ལ། Venezuela 委内瑞拉

འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས་གཉིས།[རྩོམ་སྒྲིག]

<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནང་དུ། ཁག་དང་པོའི་ཆབ་འབངས་མི་སེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་ཚུད་ཡོད་ལ། ཁག་གཉིས་པའི་སྤྱི་འབངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐད་ཀྱི་ཐོབ་ཐང་ཡང་ཚུད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧ་གོ་དོན་གསལ་དུ། སྤྱི་ཆིངས་གཅིག་རང་གིས་ཁག་གཉིས་ཀྱི་སྤྱི་འབངས་མི་སེར་གྱི་ཐོབ་ཐང་ལ་འགན་ལེན་བྱ་མི་ཐུབ་ལ། གསལ་བསྒྲགས་དེ་ཁོ་ན་ལ་མཉམ་འབྲེལ་རྒྱལ་ཚོགས་སུ། གཅིག་མཐུན་གྱི་མོས་ཕྱོགས་སླེབས་གིན་མེད། དཔེར་ན། རྒྱལ་ཁབ་ཁ་ཤས་ཀྱིས་སྤྱི་འབངས་ཀྱི་ཆབ་སྲིད་དབང་ཆ་ལ་མོས་ཕྱོགས་ཆེ་བ་དང་། ཡང་ཁ་ཤས་ཀྱིས། སྤྱི་འབངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཀྱི་ཐོབ་ཐང་ལ་མོས་ཕྱོགས་ཆེ་བས། མཉམ་འབྲེལ་རྒྱལ་ཚོགས་ནས། དེ་གའི་ཕྱོགས་གཉིས་ཀྱི་མོས་ཁ་བཀོང་ཕྱིར། དེ་ལྟའི་སྤྱི་ཆིངས་<<དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་། <<ཆབ་འབངས་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>གཉིས་ཁྱབ་བསྒྲགས་མཛད།སྤྱི་ཆིངས་དེ་གཉིས་ལ། མཉམ་འབྲེལ་རྒྱལ་ཚོགས་ནས། སྤྱི་ལོ་༡༩༦༦ལོའི་ཟླ་༡༢ཚེས་༡༦ཉིན་གྲོས་ཨང་༢༢༠༠ལ་གྲོས་འཆམ་བྱུང་ནས། སྤྱི་ལོ་༡༩༧༦ལོའི་ཟླ་༡ཚེས་༣ཉིན་དངོས་སུ་ནུས་པ་ཐོན་པར་བྱས། <<དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>སུ། སྤྱི་འབངས་ལ་ཐོབ་འོས་པའི་དབང་ཆ་དང་། གཞི་རྩའི་རང་དབང་སོགས་འཁོད་ཡོད། གཙོ་བོ། སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། ལུས་པོ་བདེ་སྲུང་བཅས་ཀྱི་ཐོབ་ཐང་དང་། ཚེ་གཡོག་དང་། བྲན་གཡོག་ཏུ་མི་བཀོལ་བའི་རང་དབང་། མནར་གཅོད་མི་མྱོང་བའི་རང་དབང་། ཁྲིམས་ལུགས་མི་གཞིའི་ཐོབ་ཐང་(法律人格权) སྲིད་ཁྲིམས་རང་སྐྱོབས་ཀྱི་དབང་ཆ་(司法补救权) བཙན་བཟུང་དང་། བཙན་བཀག བཙན་འབུད་མི་མྱོང་བའི་ཐོབ་ཐང་། དྲང་བཞག་དང་། སྤྱི་བསྒྲགས་ཀྱི་ངང་ནས་དྲི་ཞིབ་ཕོག་པའི་ཐོབ་ཐང་། བྱས་ཉེས་ར་འཕྲོད་མ་བྱུང་བར་ཉེས་མེད་དུ་སྡོད་པའི་ཐོབ་ཐང་། སྒེར་དོན་དང་། ནང་ཚང་། ཁང་ཁྱིམ། ཡིག་འགྲུལ་འབྲེལ་གཏུགས་བཅས་ལ་ཐེ་བྱུས་མི་བྱ་བའི་རང་དབང་། གནས་སྤོས་རང་དབང་། རྒྱལ་ཁོངས་མངའ་བའི་ཐོབ་ཐང་། གཉེན་སྒྲིག་དང་ཁྱིམ་ཚང་ཟིན་པའི་རང་དབང་། རྒྱུ་ནོར་སྒེར་བདག་གི་ཐོབ་ཐང་། བསམ་བློ་དང་། དཔྱད་ཤེས། ཆོས་ལུགས་ཀྱི་རང་དབང་། བསམ་བློ་གཏོང་བ་དང་། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་། སྐྱིད་སྡུག་སྒྲིག་འཛུགས་དང་འདུ་འཛོམས་ཀྱི་རང་དབང་། སྲིད་ཀྱི་ལས་ཀ་རུ་འཛུ་བའི་ཐོབ་ཐང་བཅས་འཁོད་ཡོད།

<<ཆབ་འབངས་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཀྱིས་ཀྱང་། ཐོབ་ཐང་ཁག་ཅིག་གི་སྔོན་འགྲོའི་རང་བཞིན་དང་། གཏན་འཁེལ་རང་བཞིན་ལ་གསལ་འགྲེལ་བྱས་ཡོད། དཔེར་ན། དོན་ཚན་བཞི་པའི་ནང་འཁོད་དོན། ཆིངས་བཅའ་མཁན་གྱི་རྒྱལ་ཁབ་ག་གེ་མོ་ལ་འཚོ་གནས་ཀྱི་ཐད་དུ་ཉེན་ཁ་འཕྲད་ནས། དེ་གའི་སྤྱི་ཚོགས་ཀྱི་གནས་བབ་དེ་དངོས་སུ་དངངས་ཚབ་རང་བཞིན་དུ་ཡོད་པར་གཏན་འཁེལ་བ་ཡིན་ན། དེ་གའི་ཆིངས་བཅའི་རྒྱལ་ཁབ་ནས། འོས་བབས་ཀྱི་ལས་འགན་ཡངས་སུ་གཏོང་ཆོག འོན་ཀྱང་། དེ་ལ་ཚད་གཞི་ཡོད་དེ། ཡངས་བབས་གཏོང་ཚད་དེ་དོན་དངོས་གནས་ཚུལ་འོག་གི་ཆེས་དམའ་ཐའི་ཚད་གཞི་དེ་ཡིན་དགོས་ལ། ཡངས་བབས་གཏོང་བ་ལ། རིགས་རྒྱུད་དང་། ཤ་མདོག ཕོ་མོ། སྐད་ཡིག དད་མོས། སྤྱི་ཚོགས་གནས་བབས་སོགས་རྒྱུ་མཚན་དུ་བྱས་པའི་མཐོང་བྱུང་རིགས་ཡོད་མི་ཆོག ཡང་། སྲོག་འཚོ་བའི་ཐོབ་ཐང་དང་། མི་སྤྱོད་ཐོབ་ཐང་ལ་སོགས་ནི་གནས་བབ་དང་ཆ་རྐྱེན་གང་གི་འོག་ཏུའང་ཚད་བཀག་བཟོ་མི་ཆོག་ཅེས་པའང་འཁོད།
འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཨུ་ཡོན་ལྷན་ཚོགས་བཙུགས་ནས་དེ་གའི་སྤྱི་ཆིངས་ཀྱི་དོན་ཚན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་ལ་ལྟ་བསྐུལ་བྱ་གིན་ཡོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ།[རྩོམ་སྒྲིག]

དབྱིན་ཡིག་ཏུ། Human Rights Day སྤྱི་ལོ་༡༩༥༠ནས་བྱས་པའི་ལོ་རེའི་སྤྱི་ཟླ་༡༢ཚེས་༡༠ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རུ་གཏན་འཁེལ་ཡོད།

ཤུགས་རྐྱེན།[རྩོམ་སྒྲིག]

<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་འོས་འཆམ་བྱུང་བའི་བསྒྲགས་ཡིག་ཙམ་ཞིག་ཡིན་པས། ཁོ་ལ་བཙན་སྒྲུབ་ཀྱི་རང་བཞིན་མེད་ནའང་། རྗེས་སོར་ཀྱི་དབང་བཙན་རང་བཞིན་གྱི་<<དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་། <<ཆབ་འབངས་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཞེས་པའི་སྤྱི་ཆིངས་གཉིས་ཀྱི་རྨང་ལྟ་བུ་ཆགས་ཡོད་རེད། ཆེད་མཁས་པ་དང་། ཁྲིམས་དཔོན། ད་དུང་། ཁྲིམས་ཁང་གི་ཁྲིམས་མཆོད་ཡི་གེའི་ནང་། རྟག་ཏུ་<<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནང་གི་དོན་ཚན་དྲངས་ནས་རང་ཉིད་ཀྱི་ལྟ་བའི་བདེན་ཚོད་ལ་རིག་དེད་བྱ་གིན་ཡོད་རེད། ཡང་མཁས་པ་འགའ་ཤས་ཀྱིས། <<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ནི་རྒྱུན་ལྡན་རང་བཞིན་གྱི་ཁྲིམས་ཡིག་ཅིག་རེད་ཟེར། གང་ལྟར་དེའི་ཐད་ལ་བཤད་སྟངས་གཅིག་པ་བྱུང་མེད། <<འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་>>ཀྱི་དོན་ཚན་ལྔ་པ་སྟེ། སུ་ཡིན་རུང་མནར་གཅོད་གཏོང་བ་དང་། ཡ་ང་སྙིང་རྗེ་བྲལ་ཞིང་མི་སྤྱོད་པ་ལས་འདས་པའམ། མ་རབས་ཀྱི་སྤྱོད་ཚུལ་བཅས་ཏེ། སྡིག་ཉེས་ཅན་གྱི་བྱ་སྤྱོད་འཛིན་པའི་རིགས་མི་ཆོག་ཅེས་པ་ནི་རྩོད་རྙོག་ཤིན་ཏུ་ཆེ། དོན་ཚན་དེས་སྲོག་ཁྲིམས་གཏན་འགོག་གི་སྐད་ཆ་བཤད་མེད་ནའང་། དོན་ཚན་གསུམ་པ་རུ། སྐྱེ་བོ་རེ་རེར་སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། ལུས་པོ་བདེ་སྲུང་བཅས་ཀྱི་ཐོབ་ཐང་ཡོད་ཅེས་འཁོད་ཡོད། ད་ལྟའི་བར་དུའང་། རྒྱ་ནག་མི་སེར་སྤྱི་མཐུན་རྒྱལ་ཁབ་དང་། ཉི་ཧོང་། རྒྱ་མི་སེར་རྒྱལ་ཁབ། སིང་ག་ཕོར། ཐོན་ཀཱ་(tonga汤加王国) པོ་ཚི་ཝཱ་ནཱ་(Botswana波札那) བྷེ་ལ་རུ་སི། ད་དུང་ཨ་རིའི་མངའ་སྡེ་ཁག་ཏུ་སྲོག་ཁྲིམས་ནི་སྔར་བཞིན་ཡོད་པ་རེད། མཁས་པ་འགའ་ཤས་ཀྱིས། གལ་སྲིད་སྐྱེ་བོ་རེ་རེར་སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། ལུས་པོ་བདེ་སྲུང་བཅས་ཀྱི་ཐོབ་ཐང་ཡོད་ན། སྲོག་ཁྲིམས་དེ་ངེས་པར་དུ་གཏན་འགོག་བྱ་དགོས་ཟེར། ཡང་། གལ་སྲིད། སྐྱེ་བོ་རེ་རེར་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད་ན། བཙོན་འཇུག་ཀྱང་ངེས་པར་དུ་གཏན་འགོག་བྱ་དགོས་ཟེར།

ཡིག་རིགས་གཞན་དུ་བསྒྱུར་མང་ཤོས་ཀྱི་ཡིག་ཆ་ཞིག[རྩོམ་སྒྲིག]

Unicodeསྒྲིག་འཛུགས་ཀྱི་རོགས་རམ་འོག་ཏུ། གང་དེ་ཉིད་ནི་འཛམ་གླིང་ཐོག་ཏུ་ཆེས་བསྒྱུར་མང་ཤོས་ཀྱི་ཡིག་ཆ་ཞིག་ཏུ་གྱུར་པ་རེད།

གཞུང་དངོས།[རྩོམ་སྒྲིག]

སྤྱོ་ལོ་༡༩༤༨ལོའི་ཟླ༡༢ཚེས༡༠ཉིན།

སྔོན་བརྗོད། འགྲོ་བ་མིའི་ཁྱིམ་ཚང་ཁག་གི་ནང་མི་ཡོངས་ལ་རང་བཞིན་ཉིད་ནས་ཡོད་པའི་ཆེ་མཐོངས་དང་འདྲ་མཉམ། སུས་ཀྱང་འཕྲོག་ཏུ་མི་རུང་བའི་ཐོབ་ཐང་བཅས་ཀྱི་གནད་དོན་རྟོགས་པར་བྱེད་པ་ནི། འཛམ་གླིང་ནང་གི་རང་དབང་དང་། དྲང་བདེན། ཞི་བདེ་བཅས་ཀྱི་རྨང་གཞི་ལྟེ་བ་ཡིན།
འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་ཁྱད་གསོད་དང་། དམའ་འབེབས་བྱས་པ་ལ་བརྟེན་ནས་ཀླ་ཀློའི་བྱེད་སྟངས་ཤིག་བྱུང་ཡོད་པ་སྟེ། དེ་ནི་མིའི་རིགས་ཀྱི་བསམ་ཚུལ་བཟང་པོ་དང་མི་མཐུན་པའི་གནས་ཚུལ་ཞིག་བྱུང་བ་རེད། འགྲོ་བ་མིའི་རིགས་ལ་གཏམ་བརྗོད་དང་། དད་མོས་ཀྱི་རང་དབང་སྲུང་སྐྱོབ། དགོས་མཁོ་སྒྲུབ་པའི་རང་དབང་བཅས་ལ་ལོངས་སུ་སྤྱད་ཆོག་པའི་འཛམ་གླིང་ཞིག་འབྱུང་ཐབས་དེ་ནི་སྤྱིར་བཏང་མི་མང་ཡོངས་ཀྱི་རེ་འདོད་ཆེ་ཤོས་ཤིག་ཏུ་ངེས་པ་རྒྱ་ཁྱབ་ཡོངས་སུ་གྲགས་པ་ཡིན།
སྐྱེ་བོ་དག་གིས་འུ་ཐུག་ཐབས་ཟད་ཀྱིས་རྐྱེན་པས་བཙན་དབང་དང་། གཉའ་གནོན་ལ་ངོ་རྒོལ་སྒེར་ལངས་བྱེད་པའི་མཐའ་མའི་བྱ་ཐབས་ལག་བསྟར་མི་དགོས་པ་ཞིག་བྱེད་ན། དེ་ནི་ཁྲིམས་ལུགས་དྲང་འཛིན་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་པ་དེ་རང་གལ་གནད་ཆེ་བ་ཡིན།
རྒྱལ་ཁབ་ཁག་གི་དབར་མཛའ་མཐུན་གྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཆེ་བསྐྱེད་དགོས་པ་དེ་ནི་ཧ་ཅང་གལ་གནད་ཆེ་བ་ཞིག་ཡིན།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་མང་རྣམས་ཀྱི་རང་དབང་རྒྱ་ཆེའི་ཐོག་ནས་སྒྲིག་ཡིག་གི་གཞི་རྩའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོངས་དང་འོས་མཐོངས། ཕོ་མོ་འདྲ་མཉམ་བཅས་ལ་བློ་མོས་གདེངས་འཁེལ་གྱིས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ལ་ནུས་ཤུགས་འདོན་པ་དང་། འཚོ་བའི་གནས་ཚད་ལེགས་སུ་གཏོང་རྒྱུར་སེམས་ཐག་གཙང་མར་བཅད་ཡོད།
འཐུས་མིའི་རྒྱལ་ཁབ་ཚོས་མཉམ་སྦྲེལ་རྒྱལ་ཚོགས་དང་མཉམ་མཐུན་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་སྤྱི་ཡོངས་ནས་མོས་བཀུར་དང་བརྩི་འཇོག་ཤུགས་ཆེ་བྱེད་པའི་ལས་དོན་དེ་དག་ཁོང་ཚོ་རང་ཉིད་ནས་ལག་ལེན་ལེགས་པར་བསྟར་རྒྱུའི་ཁས་ལེན་བྱས་ཡོད།
གོང་གསལ་ཐོབ་ཐང་དང་། རང་དབང་འདི་རྣམས་ཚང་མས་ཤེས་པར་བྱེད་པ་དེ་ནི། ཁས་ལེན་བྱས་པའི་དོན་སྙིང་ལག་ལེན་མཐིལ་ཕྱིན་བསྟར་བའི་ཐབས་ཚུལ་གལ་གནད་ཆེ་ཤོས་ཤིག་ཡིན།
གནས་ལུགས་འདི་ལྟར་ལ་སོང་ད་ཆ་ཚོགས་ཆེན་ནས་ཁྱབ་བསྒྲགས་བྱ་རྒྱུར། མི་མང་ཐམས་ཅད་དང་། རྒྱལ་ཁབ་ཐམས་ཅད་ཀྱི་དོན་དུ་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་འདི་དག་ཀུན་གྱི་མིག་དཔེ་ལྟ་བུར་ཡོངས་སུ་འགྲུབ་པར་བྱེད་པའི་མཐའ་དོན་སྙིང་པོ་ནི་སྐྱེ་བོ་རེ་རེ་དང་། སྤྱི་ཚོགས་ཀྱི་སྡེ་ཚན་རེ་རེ་ནས་གསལ་བསྒྲགས་འདི་དོན་ཡིད་ལ་བརྟན་པོར་རྒྱུན་དུ་བཟུང་སྟེ་མྱོང་འཁྲིད་དང་། སློབ་སྟོན་ལ་བརྟེན་ནས་ཐོབ་ཐང་དང་། རང་དབང་འདི་དག་ལ་བརྩི་བཀུར་རྒྱ་ཆེར་བྱེད་པ་དང་འབྲེལ་རྒྱལ་ཁབ་ཁག་དང་། རྒྱལ་སྤྱིའི་ཐོག་ཏུ་དེའི་གནས་ཚད་གོང་མཐོར་གཏོང་བ་དང་། དེ་དག་ཡོངས་སུ་ཁྱབ་པ་དང་། ཤེས་རྟོགས་དང་བརྩི་བཀུར་དངོས་སུ་འབྱུང་ཐབས་སུ་འཐུས་མིའི་རྒྱལ་ཁབ་ཁག་གི་མི་མང་ཚོ་དང་། ཁོང་ཚོའི་ཁྲིམས་དབང་འོག་ཏུ་ཡོད་པའི་མངའ་ཁུལ་གྱི་མི་མང་བཅས་ཚང་མས་འདི་དོན་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན།

དོན་ཚན་དང་པོ།
འགྲོ་བ་མིའི་རིགས་རྒྱུད་ཡོངས་ལ་སྐྱེས་ཙམ་ཉིད་ནས་ཆེ་མཐོངས་དང་། ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་ལ། ཁོང་ཚོར་རང་བྱུང་གི་བློ་རྩལ་དང་བསམ་ཚུལ་བཟང་པོ་འདོན་པའི་འོས་བབས་ཀྱང་ཡོད། དེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་གྱི་འདུ་ཤེས་འཛིན་པའི་བྱ་སྤྱོད་ཀྱང་ལག་ལེན་བསྟར་དགོས་པ་ཡིན།

དོན་ཚན་གཉིས་པ།
སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་བཀོད་པའི་ཐོབ་ཐང་དང་རང་དབང་སྟེ། མི་རིགས་དང་། ཤ་མདོག ཕོ་མོ། སྐད་ཡིག ཆོས་ལུགས། སྲིད་དོན་བཅས་སམ། འདོད་ཚུལ་གཞན་དག་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་དབང་། རིགས་རྒྱུད། དེ་མིན་གནས་ཚུལ་འདི་རིགས་གང་ཡང་རུང་བར་དབྱེ་འབྱེད་མེད་པའི་ཐོབ་དབང་ཡོད། ད་དུང་རྒྱལ་ཁབ་བམ། ས་གནས་གང་ཞིག་རང་བཙན་ཡིན་པ་དང་། ལྟ་རྟོག་འོག་ཏུ་གནས་པ། རང་སྲིད་རང་སྐྱོང་མ་ཡིན་པ། གཞན་དག་བདག་དབང་ཚད་འཛིན་ཡོད་པ་བཅས་ཇི་ལྟར་ཡང་དེ་དག་གི་སྐྱེ་བོ་གང་ཞིག་སྲིད་དོན་དང་། ཁྲིམས་དབང་། རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་ཐོག་ཏུ་ཁྱད་པར་མི་དབྱེ་བ་ཡིན།

དོན་ཚན་གསུམ་པ།
སྐྱེ་བོ་རེ་རེར་སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། ལུས་པོ་བདེ་སྲུང་བཅས་ཀྱི་ཐོབ་ཐང་ཡོད།

དོན་ཚན་བཞི་པ།
སུ་ཡིན་རུང་ཚེ་གཡོག་དང་། བྲན་གཡོག་ཏུ་བཀོལ་བ་དང་། ཚེ་གཡོག་དང་བྲན་གཡོག་ཉོ་ཚོང་བཅས་ཀྱི་རིགས་རྣམས་ལག་ལེན་མི་ཆོག་པའི་བཀག་བསྡོམས་བྱས་ཡོད།

དོན་ཚན་ལྔ་པ།
སུ་ཡིན་རུང་མནར་གཅོད་གཏོང་བ་དང་། ཡ་ང་སྙིང་རྗེ་བྲལ་ཞིང་མི་སྤྱོད་པ་ལས་འདས་པའམ། མ་རབས་ཀྱི་སྤྱོད་ཚུལ་བཅས་ཏེ། སྡིག་ཉེས་ཅན་གྱི་བྱ་སྤྱོད་འཛིན་པའི་རིགས་མི་ཆོག

དོན་ཚན་དྲུག་པ།
སྐྱེ་བོ་རེ་རེར་ཁྲིམས་ཀྱི་མདུན་ས་གང་འདྲ་ཞིག་ཏུའང་འགྲོ་བ་མི་ཞིག་ལ་ངོས་འཛིན་ཆ་འཇོག་དགོས་པའི་ཐོབ་ཐང་ཡོད།

དོན་ཚན་བདུན་པ།
སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་རྒྱབ་གཉེར་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད། ཚང་མས་གསལ་བསྒྲགས་ཀྱི་སྙིང་དོན་འདི་ལས་འགལ་བའི་དབྱེ་འབྱེད་ཀྱི་གནས་ཚུལ་ལ་ངོ་རྒོལ་གང་ཡང་བྱེད་པ་དང་། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ངན་འགུལ་ལའང་ངོ་རྒོལ་གང་ཡང་བྱེད་པ་བཅས་ལ་རྒྱབ་གཉེར་བྱེད་དགོས་པའི་ཐོབ་དབང་འདྲ་མཉམ་དུ་ཡོད།

དོན་ཚན་བརྒྱད་པ།
སྐྱེ་བོ་རེ་རེར་རྩ་ཁྲིམས་སམ། ཁྲིམས་ཀྱི་ཐོག་ནས་སྤྲད་པའི་གཞི་རྩའི་ཐོབ་ཐང་རྣམས་དང་། ཕྱོགས་འགལ་གྱི་བྱ་སྤྱོད་རིགས་བྱུང་ཚེ་རྒྱལ་ཁབ་ཀྱི་ཁྲིམས་ཁང་ཚད་ལྡན་ཞིག་ནས་ཕན་ནུས་ལྡན་པའི་གུན་གསབ་ཡོང་དགོས་ཀྱི་ཐོབ་ཐང་ཡོད།

དོན་ཚན་དགུ་པ།
སུ་ཡིན་ཡང་བཙན་ཤུགས་ཀྱིས་འཛིན་བཟུང་དང་། དོ་དམ། ཡང་ན་ཕྱིར་འབུད་བྱེད་པ་བཅས་ཀྱི་མནར་གཅོད་མྱོང་དུ་བཅུག་མི་ཆོག

དོན་ཚན་བཅུ་པ།
སྐྱེ་བོ་རེ་རེར་རང་དབང་ལྡན་ལ་དྲང་ཚུགས་ཆེ་བའི་ཁྲིམས་ཁང་ཞིག་ནས་གང་ལ་གཞན་གྱིས་ཁྲིམས་འགལ་ཉེས་སྐྱོན་གང་ཡང་བཙུགས་པ་དེ་དང་། གང་གི་ཐོབ་ཐང་དང་འོས་འགན་སྐོར་ཐག་གཅོད་བྱེད་པ། དེ་ཡང་ཕྱོགས་ལྷུང་བྲལ་ཞིང་ཀུན་གྱིས་གསལ་ཤེས་ཐུབ་པ་བཟོ་དགོས་བཅས་ཀྱི་ཐོབ་དབང་འདྲ་མཉམ་དུ་ཡོད།

དོན་ཚན་བཅུ་གཅིག་པ།
༡ སྐྱེ་བོ་རེ་རེར་ཁྲིམས་འགལ་ཉེས་སྐྱོན་བཙུགས་རིགས་ལ་གང་གི་བདེན་པ་དག་སྐྱེལ་གྱི་འགན་ལེན་དང་འབྲེལ་ཡོངས་གྲགས་ཁྲིམས་ཞིབ་ཐོག་ནས་འགལ་འཛོལ་བྱས་ཉེས་ར་འཕྲོད་མ་བྱུང་བར་ཉེས་མེད་དུ་སྡོད་པའི་ཐོབ་ཐང་ཡོད།
༢ སུ་ཡིན་ཡང་བྱ་ངན་ལག་ལེན་བསྟར་བའི་དུས་སྐབས་སུ་རྒྱལ་ཁབ་བམ། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་མ་གསལ་བའི་འགལ་ཉེས་སམ། ཡང་ན་བྱ་སྤྱོད་གང་ཡང་རུང་བ་ཞིག་སྟེ། སྙིང་པོ་ཁྲིམས་འགལ་དོན་རྩར་མ་གཏོགས་པའི་ཁྲིམས་འགལ་གྱི་གནས་ཚུལ་ཅི་འདྲ་ཞིག་བྱུང་རུང་ཉེས་ཅན་དུ་ངོས་འཛིན་མི་བྱེད་པའི་ཁར། དེ་འབྲེལ་ཁྲིམས་འགལ་གྱི་བྱ་ངན་ལག་ལེན་བསྟར་བའི་སྐབས་དེར་ཉེས་ཆད་ཇི་བཏང་དེ་ལས་ལྕི་རུ་གཏོང་བའི་རིགས་ཀྱང་མི་ཆོག

དོན་ཚན་བཅུ་གཉིས་པ།
སུ་ཡིན་རུང་དབང་ཤེད་ཀྱིས་སྒེར་དོན་དང་། ནང་ཚང་། ཁང་ཁྱིམ། ཡིག་འགྲུལ་འབྲེལ་གཏུགས་བཅས་ལ་ཐེ་བྱུས་མི་ཆོག་པ་དང་། གཟི་མཐོངས་དང་མིང་དོན་ལ་གནོད་སྐྱོན་གཏོང་བའི་རིགས་ཀྱང་མི་ཆོག སྐྱེ་བོ་རེ་རེར་དེ་འདྲའི་ཐེ་བྱུས་སམ། གནོད་སྐྱོན་བྱུང་རིགས་ལ་ཁྲིམས་ཐོག་ནས་བདེན་རྒྱབ་བྱེད་པའི་ཐོབ་ཐང་ཡོད།
དོན་ཚན་བཅུ་གསུམ་པ།

༡ སྐྱེ་བོ་རེ་རེར་རྒྱལ་ཁབ་སོ་སོའི་ས་མཚམས་ནང་ཁོངས་སུ་འགྲིམས་འགྲུལ་བྱེད་པ་དང་། གནས་སྡོད་ཀྱི་རང་དབང་ཐོབ་ཐང་ཡོད།
༢ སྐྱེ་བོ་རེ་རེར་རང་ཡུལ་ཐེ་བས་ཡུལ་ལུང་གང་འདྲ་ཞིག་ནས་ཕྱིར་ཐོན་བྱེད་པའམ། ཡང་ན་རང་ཡུལ་དུ་ཕྱིར་ལོག་བྱེད་པའི་ཐོབ་ཐང་ཡོད།

དོན་ཚན་བཅུ་བཞི་པ།
༡ སྐྱེ་བོ་རེ་རེར་རང་ཉིད་གནོད་འཚེ་ལས་གཡོལ་ཆེད་རྒྱལ་ཁབ་གཞན་དག་གི་མངའ་ཁོངས་སུ་སྐྱབས་འཚོལ་གྱི་འཚོ་བར་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད།
༢ ཐོབ་ཐང་འདི་ལ་བརྟེན་ནས་སྲིད་དོན་མ་ཡིན་པའི་ཁྲིམས་འགལ་ལམ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་། བསྒྲུབ་བྱ་ཕྱོགས་འགལ་གྱི་བྱ་སྤྱོད་ལས་དངོས་སུ་བྱུང་བའི་རྩོད་གཞིའི་རིགས་ཞུ་གཏུགས་མི་ཆོག

དོན་ཚན་བཅོ་ལྔ་པ།
༡ སྐྱེ་བོ་རེ་རེར་རྒྱལ་ཁབ་ཅིག་ཡོད་དགོས་པའི་ཐོབ་ཐང་ཡོད།
༢ སུ་གང་གིས་གང་ཞིག་གི་རྒྱལ་ཁབ་ཐོབ་ཐང་བཙན་ཤེད་ཀྱིས་འཕྲོག་པ་དང་། ཡང་ན་དེའི་རྒྱལ་ཁབ་བརྗེ་བསྒྱུར་གྱི་ཐོབ་ཐང་བཀག་འགོག་བྱེད་པའི་རིགས་མི་ཆོག

དོན་ཚན་བཅུ་དྲུག་པ།
༡ སྐྱེ་བོ་ཕོ་མོ་ན་ཚོད་ལོན་པ་རྣམས་ལ་རིགས་རུས་དང་། རྒྱལ་ཁབ། ཆོས་ལུགས་བཅས་ཀྱི་ཚད་འགོག་གང་ཡང་མེད་པར་ཆང་ས་རྒྱག་པ་དང་། ཁྱིམ་ཚང་འཛུགས་པའི་ཐོབ་ཐང་ཡོད། ཁོང་ཚོར་ཆང་སའི་སྐོར་དང་། བཟའ་ཚང་བྱེད་པའི་རིང་། ཁ་བྲལ་དུ་འགྲོ་སྐབས་བཅས་སུ་འདྲ་མཉམ་གྱི་ཐོབ་ཐང་སྤྱོད་པའི་ཐོབ་དབང་ཡོད།
༢ བཟའ་མི་གཉིས་ཀས་རང་དབང་ཁས་ལེན་ཆ་ཚང་བྱེད་པ་ཁོ་ནའི་སྒོ་ནས་ཆང་ས་རྒྱག་དགོས་པ་ཡིན། ༣ ཁྱིམ་ཚང་ནི་རང་བཞིན་གྱི་གཞི་རྩ་ལྡན་པའི་སྡེ་ཚན་གཅིག་སྒྲིལ་གྱི་ཚོགས་པ་ཞིག་ཡིན་ཞིང་། དེ་ལ་ཚོགས་སྡེ་དང་། རྒྱལ་ཁབ་གཞུང་ནས་སྲུང་སྐྱོབ་བྱེད་དགོས་ཀྱི་ཐོབ་དབང་ཡོད།

དོན་ཚན་བཅུ་བདུན་པ།
༡ སུ་ཡིན་རུང་རང་གི་མཁར་དབང་ཇི་ཡོད་རང་ཉིད་ཁེར་རྐྱང་ནས་བདག་གཉེར་བྱེད་པ་དང་། གཞན་དག་དང་སྐྱིད་སྡུག་འདོད་སྒྲིལ་ཇི་བྱེད་བཅས་ཀྱི་ཐོབ་ཐང་ཡོད།
༢ སུ་གང་གིས་གང་ཞིག་གི་མཁར་དབང་བཙན་འཕྲོག་བྱེད་པའི་རིགས་མི་ཆོག

དོན་ཚན་བཅོ་བརྒྱད་པ།
སུ་ཡིན་ཡང་རུང་བསམ་བློ་དང་། དཔྱད་ཤེས། ཆོས་ལུགས་བཅས་ལ་རང་དབང་གི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་ཆོས་ལུགས་སམ། དད་མོས་བསྒྱུར་ཆོག་པ་དང་། རང་ཉིད་ཁེར་རྐྱང་ངམ། གཞན་དག་མཉམ་སྦྲེལ་དང་སྤྱི་ཡོངས་སམ། ཡང་ན་སྒེར་ཁག་བཅས་ནས་ཆོས་དང་དད་མོས་སློབ་སྟོན་བྱེད་པ་དང་། ཉམས་སུ་ལེན་པ། ཆོས་སུ་སྤྱོད་པ། ཚུལ་ཁྲིམས་སྲུང་བ་བཅས་མངོན་གསལ་དུ་ལག་ལེན་ཆོག་པའི་རང་དབང་བཅས་ཀྱང་ཚུད་ཡོད།

དོན་ཚན་བཅུ་དགུ་པ།
སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང་། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་གཞན་གྱིས་ཐེ་བྱུས་བྲལ་བའི་མནོ་བསམ་གཏོང་བ་དང་། ས་མཚམས་ཀྱི་དབྱེ་འགོག་མེད་པར་གནད་དོན་གང་ཡང་རུང་བའི་སྒོ་ནས་གནས་ཚུལ་དང་བསམ་གཞི་སྤེལ་བའམ། འཚོལ་བ། ལེན་པ་བཅས་ཀྱི་རང་དབང་རྣམས་ཀྱང་ཚུད་ཡོད།

དོན་ཚན་ཉི་ཤུ་པ།
༡ ཚང་མར་གཞི་མཐུན་གྱི་སྒོ་ནས་འདུ་འཛོམས་བྱེད་པ་དང་། སྐྱིད་སྡུག་གསར་འཛུགས་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད།
༢ སུ་ཡིན་ཡང་སྐྱིད་སྡུག་གཅིག་ཏུ་ཨུ་ཚུགས་མཐའ་ནན་གྱིས་བདག་ཉར་བྱེད་པའི་རིགས་མི་ཆོག

དོན་ཚན་ཉེར་གཅིག་པ།
༡ ཚང་མར་རང་ཉིད་ནས་ཐད་ཀར་རམ། ཡང་ན་རང་དབང་གིས་འདེམས་བསྐོས་འཐུས་མི་བརྒྱུད་དེ་རང་ཡུལ་གྱི་གཞུང་གི་ལས་དོན་ལ་དོ་འཁུར་བྱེད་པའི་ཐོབ་ཐང་ཡོད།
༢ ཚང་མར་རང་གི་ཡུལ་ལུང་ནང་དུ་མི་མང་ལ་ཞབས་འདེགས་ཞུ་བའི་ཐོབ་ཐང་འདྲ་མཉམ་དུ་ཡོད།
༣ མི་མང་གི་འདོད་པ་ནི་གཞུང་གི་དབང་ཆའི་གཞི་རྩར་འཛིན་དགོས་པ་ཡིན་ཞིང་། འདོད་པ་དེ་ནི་དུས་སྐབས་སོ་སོར་འདེམས་བསྐོ་བྱེད་པའི་ཐོག་གསལ་བར་འདོན་དགོས་པ་དང་། དེ་ཡང་ཡོངས་ཁྱབ་དང་འདྲ་མཉམ་གྱི་འོས་བསྡུའམ། གསང་བ་དང་། རང་དབང་ཅན་གྱི་འོས་བསྡུ་བྱེད་པ་ལ་བརྟེན་ནས་ལག་ལེན་བསྟར་དགོས་པ་ཡིན།

དོན་ཚན་ཉེར་གཉིས་པ།
སྐྱེ་བོ་སུ་ཡིན་རུང་རང་ཉིད་འཇིག་རྟེན་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པར་སོང་རང་ལ་སྤྱི་ཚོགས་བདེ་སྲུང་གི་བྱ་བ་སྒྲུབ་པའི་ཐོབ་ཐང་ཡོད་ཅིང་། དེ་ནི་རྒྱལ་ཁབ་རེ་རེའི་སྒྲིག་འཛུགས་དང་། ཐོན་རྫས་འབྱུང་ཁུངས་ལ་བསྟུན་ཏེ་རྒྱལ་ཁབ་ཀྱི་འབད་བརྩོན་ནམ། ཡང་ན་རྒྱལ་སྤྱིའི་མཉམ་འབྲེལ་ལ་བརྟེན་པའི་སྒོ་ནས་རང་གི་གཤིས་སྤྱོད་འགོག་མེད་རྒྱས་ཐབས་དང་། རང་གི་ཆེ་མཐོངས་ཀྱི་སླད་དུ་ངེས་པར་དགོས་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་དོན་འཁེལ་ཡོང་བའི་ཐོབ་དབང་ཡོད་པ་དེ་ཡིན།

དོན་ཚན་ཉེར་གསུམ་པ།
༡ སྐྱེ་བོ་རེ་རེར་ལས་ཀ་བྱེད་པ་དང་། ལས་རིགས་འདོད་འདེམས་བྱེད་པ། དེ་ཡང་དྲང་ལ་འོས་ཤིང་འཚམས་པའི་གནས་སྟངས་དང་འབྲེལ་བའི་ལས་ཀ་བྱེད་པ། ལས་ཀ་མ་ཐོབ་པའི་གནས་ལས་སྐྱོབ་པ་བཅས་ཀྱི་ཐོབ་ཐང་ཡོད།
༢ ཚང་མར་དབྱེ་འབྱེད་གང་ཡང་མེད་པའི་སྒོ་ནས་ལས་དོན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་དགོས་པའི་ཐོབ་ཐང་ཡོད།
༣ ལས་དོན་བྱེད་པོ་ཚང་མར་འགྲོ་བ་མིའི་ཆེ་མཐོངས་ཀྱི་དངོས་དོན་དང་འཚམས་པར་རང་ཉིད་དང་། རང་གི་ནང་མིར་འོས་ཤིང་འདོད་མཐུན་གྱི་གླ་ཕོགས་འགན་ལེན་ཡོང་བའི་ཐོབ་ཐང་ཡོད་པ་དང་། གལ་ཏེ་དགོས་ངེས་བྱུང་ན་སྤྱི་ཚོགས་སྲུང་སྐྱོབ་ཀྱི་དོན་གནད་གཞན་དག་ཐོག་ནས་ཀྱང་འཚོ་སྣོན་བྱེད་དགོས་པ་ཡིན།
༤ སུ་ཡིན་རུང་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཚོང་སྦྲེལ་མཉམ་ཚོགས་འཛུགས་པ་དང་། ཚོང་སྦྲེལ་ཚོགས་པའི་ཁོངས་སུ་གཞུག་པའི་ཐོབ་ཐང་ཡོད།

དོན་ཚན་ཉེར་བཞི་པ།
སུ་ཡིན་རུང་ལས་ཀའི་དུས་ཚོད་ལུགས་དང་མཐུན་ཞིང་། དུས་སྐབས་སོ་སོར་གླ་ཕོགས་ཅན་གྱི་དགུང་སེང་ཡོད་པས་མཚོན་ངལ་གསོ་རྒྱག་པ་དང་། ལྷོད་དལ་དུ་སྡོད་པའི་ཐོབ་ཐང་ཡོད།

དོན་ཚན་ཉེར་ལྔ་པ།
༡ སུ་ཡིན་རུང་རང་ཉིད་དང་། རང་གི་ནང་མི་བཅས་པར་ཟས་གོས་དང་། སྡོད་ཁང་། སྨན་བཅོས། དེ་མིན་སྤྱི་ཚོགས་ཞབས་འདེགས་ཀྱི་མཐུན་རྐྱེན་དགོས་ངེས་བཅས་ལ་བརྟེན་ནས་ལུས་པོ་ཐང་ཞིང་། བདེ་ཐབས་འགྲིགས་ངེས་ཀྱི་འཚོ་བའི་གནས་སྟངས་ཤིག་དགོས་པའི་ཐོབ་ཐང་ཡོད་པ་དང་། དེ་འབྲེལ་ལས་ཀ་མ་ཐོབ་པ་དང་། ནད་ཀྱིས་མནར་བ། དབང་པོ་ཡན་ལག་ཉམས་ཤིང་ལུས་ཀྱི་ནུས་སྟོབས་ཤོར་བ། བཟའ་ཟླ་གྲོངས་པའི་ཕོ་ཧྲེང་དང་མོ་ཧྲེང་། རྒས་འཁོགས་བཅས་ཀྱི་སྐབས་སམ། གཞན་དག་རང་གི་ནུས་པས་ལྡེང་མིན་གྱིས་རྐྱེན་པའི་འཚོ་ཐབས་ཐོག་དཀའ་ངལ་བྱུང་སྐབས་དེ་ལ་འཚོ་སྐྱོབ་བྱ་དགོས་ཀྱི་ཐོབ་ཐང་ཡོད།
༢ ཨ་མ་དང་། བུ་ཕྲུག་གི་གནས་སྟངས་ལ་དམིགས་བསལ་གྱི་ལྟ་རྟོག་དང་། རོགས་རམ་དགོས་པའི་ཐོབ་ཐང་ཡོད་ཅིང་། ཆང་ས་བརྒྱབ་ནས་སམ། དེ་མིན་འབྲེལ་བ་བྱུང་བ་ལས་བཙས་པ་གང་ལྟར་ཡང་བུ་ཕྲུག་ཡོངས་ལ་སྤྱི་ཚོགས་ཀྱི་སྲུང་སྐྱོབ་འདྲ་མཚུངས་དགོས་པའི་ཐོབ་དབང་ཡོད།

དོན་ཚན་ཉེར་དྲུག་པ།
༡ སྐྱེ་བོ་རེ་རེར་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་ཡོད། མ་མཐའ་ལའང་སྔོན་འགྲོ་དང་གཞི་རིམ་ཤེས་ཡོན་སློབ་སྦྱོང་ཐོག་འགྲོ་སོང་གཏོང་མི་དགོས་པ་ཞིག་དགོས་པ་ཡིན་ལ། ལྷག་པར་སྔོན་འགྲོའི་ཤེས་ཡོན་སློབ་སྦྱོང་མེད་ན་གཏན་ནས་མི་འགྲིགས། མང་ཆེ་བར་བཟོ་ལས་དང་། འཚོ་ཐབས་ལས་རིགས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ་པ་བྱ་རྒྱུ་དང་། འོས་བབས་ཀྱི་གཞི་རྩའི་ཐོག་ནས་ཚང་མར་མཐོ་རིམ་ཤེས་ཡོན་སློབ་སྦྱོང་འདྲ་མཉམ་དུ་ཐོབ་དགོས་པ་ཡིན།
༢ ཤེས་ཡོན་སློབ་སྦྱོང་ནི་འགྲོ་བ་མི་ཡི་གཤིས་སྤྱོད་ཆ་གང་ས་ནས་ཡར་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་བཀུར་གྱི་ཤུགས་ནུས་ཀྱང་ཆེ་བསྐྱེད་བྱེད་དགོས་པ་བཅས་སུ་དམིགས་པ་ཡིན། དེས་རྒྱལ་ཁབ་ཁག་དང་། རིགས་རུས། ཆོས་ཀྱི་ཚོགས་སྡེ་བཅས་ཚང་མའི་དབར་ལ་ཕན་ཚུན་ཤེས་རྟོགས་དང་། བློ་ཡངས་བཟོད་འཁུར། མཛའ་གྲོགས་མཐུན་འབྲེལ་བཅས་པ་གོང་འཕེལ་གཏོང་དགོས་པ་དང་། ཞི་བདེ་ཡུན་གནས་ཀྱི་དོན་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་དོན་རྒྱ་བསྐྱེད་བྱེད་དགོས་པ་ཡིན།
༣ ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གང་འདྲ་ཞིག་སྤྲོད་དགོས་འདོད་འདེམས་བྱེད་པའི་གཙོ་བོའི་ཐོབ་ཐང་དེ་ཡོད།

དོན་ཚན་ཉེར་བདུན་པ།

༡ སྐྱེ་བོ་རེ་རེར་སྡེ་ཚོགས་ཀྱི་རིག་གཞུང་འཚོ་བའི་ནང་རང་དབང་གིས་གཞུག་པ་དང་། རྩོམ་རིག་ལ་སྤྱོད་པ། ཚན་རིག་ཡར་ཐོན་དང་། དེའི་ཁེ་ཕན་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད།
༢ སྐྱེ་བོ་རེ་རེར་ཚན་རིག་དང་། ཡི་གེའི་རིག་གནས། རྩོམ་རིག་བཅས་གང་ཡང་རུང་བ་སྟེ། རྩོམ་པ་པོ་གང་གི་ཐོན་སྤེལ་ལས་བྱུང་བའི་སེམས་སྟོབས་དང་། དངོས་པོའི་ཁེ་ཕན་སྲུབ་སྐྱོབ་བྱེད་པའི་ཐོབ་ཐང་ཡོད།

དོན་ཚན་ཉེར་བརྒྱད་པ།
སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་ཇི་བཀོད་ཀྱི་ཐོབ་ཐང་དང་། རང་དབང་ཁག་ཡོངས་སུ་སྒྲུབ་ཐུབ་པའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ནང་གཞུག་རྒྱུའི་ཐོབ་དབང་ཡོད། དོན་ཚན་ཉེར་དགུ་པ།
༡ སྐྱེ་བོ་རེ་རེས་སྡེ་ཚོགས་ཀྱི་ལས་འགན་འཁུར་དགོས་པ་ཡིན་ཏེ། དེ་ཁོ་ནའི་ནང་དུ་རང་གི་གཤིས་སྤྱོད་ཆ་གང་ས་ནས་འགོག་མེད་ཡར་རྒྱས་འགྲོ་ཐུབ་པ་ཡིན།
༢ རང་གི་ཐོབ་ཐང་དང་། རང་དབང་རྣམས་ལོངས་སུ་སྤྱོད་སྐབས་སུ་སྐྱེ་བོ་རེ་རེས་མི་མང་དབང་གཙོའི་ཚོགས་སྡེ་ཞིག་ནང་མི་མང་གི་སྒྲིག་ལམ་དང་། སྤྱོད་བཟང་། སྤྱིར་བཏང་བདེ་ཐབས་བཅས་སུ་དགོས་ངེས་དང་། དེ་མིན་ཐོབ་ཐང་དང་། རང་དབང་རྣམས་ཁས་ལེན་དང་བརྩི་བཀུར་བྱེད་པར་སྲུང་འདོམས་ཆེད་དུ་ཁྲིམས་ལུགས་ཁོ་ནའི་ཐོག་ནས་ཇི་ལྟར་གཏན་འབེབས་རྒྱས་དཔྱད་ཟིན་རིགས་དེ་རང་ལག་ལེན་བསྟར་དགོས་པ་ཡིན།
༣ ཐོབ་ཐང་དང་། རང་དབང་འདི་དག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་དམིགས་ཡུལ་ཕྱོགས་འགལ་གྱིས་ལོངས་སུ་སྤྱོད་པའི་རིགས་གཏན་ནས་མི་ཆོག

དོན་ཚན་སུམ་ཅུ་པ།
རྒྱལ་ཁབ་བམ། ཚོགས་པ། མི་སྒེར་གང་འདྲ་ཞིག་གི་ཆེད་དུའང་འདི་ནང་ཞིབ་བཀོད་ཀྱི་ཐོབ་ཐང་དང་རང་དབང་བསྟོར་བཤིག་གཏོང་བའི་དམིགས་ཡུལ་བཟུང་སྟེ་ལས་དོན་གང་ཡང་ལག་ལེན་བསྟར་བ་དང་། ལས་འགུལ་གང་རུང་ལ་གཞུག་རྒྱུའི་ཐོབ་ཐང་ཅི་རིགས་ཡོད་པའི་གོ་དོན་བརྗོད་བྱ་གང་ཡང་གསལ་བསྒྲགས་འདིའི་ནང་བཀོད་མེད་པ་བཅས་སོ།

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]