གྲུབ་དབང་པདྨ་ནོར་བུ།

ཡོང་ཁུངས་Wikipedia

༸གྲུབ་དབང་པདྨ་ནོར་བུ་ནི། ཤར་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་དང་འབྲེལ་བའི་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་རོལ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་རིམ་བྱོན་གྱི་མཚན་གནས་ཡིན། སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་ནོར་བུ་དང་། སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པ་དང་། སྐུ་ཕྲེང་གསུམ་པ་གྲུབ་དབང་པདྨ་ནོར་བུ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དང་། སྐུ་ཕྲེང་བཞི་པ་བདེ་ཆེན་མི་འགྱུར་གར་དབང་ཟིལ་གནོན་རྡོ་རྗེ་བཅས་ཡིན།


༸གྲུབ་དབང་པདྨ་ནོར་བུ།[རྩོམ་སྒྲིག]

སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ནང་གསེས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་གསུམ་པ་ཡིན། རཏྣ་གླིང་པའི་གཏེར་ལུང་དུ། ཀཿཐོག་ལྷོ་རུ་ནོར་བུའི་མིང་ཅན་འབྱུང་༔ ཞེས་དང་། གཏེར་སྟོན་འཇའ་ཚོན་སྙིང་པོའི་མ་ནིང་གི་གཏེར་ལུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང་༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་དང་འདི་ཕྲད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ ཞེས་དང་། གནམ་ཆོས་མ་ནིང་ཆོས་བདག་གི་ལུང་བྱང་དུ། པདྨ་མ་ཎི་མཚལ་གྱི་མིང་༔ ཞེས་པའི་ལུང་བསྟན་ལྟར། པཎ་ཆེན་བི་མ་ལ་མི་ཏྲ་དང་རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས་པའི་མཁས་གྲུབ་དམ་པ་འདི་ནི། སྤྱི་ལོ་ ༡༦༧༩ ལོར་མདོ་ཁམས་སྒང་དྲུག་གི་ཡ་གྱལ་དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས་དཔལ་ཡུལ་གྱི་བྱེ་བྲག་ཨ་མཆོག་གྲོང་ལས་བཀྲ་ཤིས་པའི་གནས་ཆགས་རིལ་ཞེས་པར། བོད་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་ལོར་སྐུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ལྷུ་འབི་ཞེས་གྲགས། རྨུགས་སངས་སྒྲུབ་གནས་སུ་རིག་འཛིན་མི་འགྱུར་རྡོ་རྗེས་རྗེས་སུ་བཟུང་སྟེ་གནམ་ཆོས་ཀྱི་ཆོས་བཀའ་དུ་མའི་གཏད་རྒྱ་མཛད།

དགུང་ལོ་ཉེར་གཅིག་པར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དྲུང་དུ་ཆོས་བཀའ་མང་དུ་གསན། མཁན་ཆེན་པདྨ་ལྷུན་གྲུབ་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས་ནས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་དང་། བཀའ་དགོངས་ཕུར་གསུམ། རཏ་གླིང་། གནམ་ཆོས། འཇའ་ཚོན་སོགས་བཀའ་གཏེར་གྱི་རྒྱུན་གང་ཡོད་དང་། ཕྱག་རྫོགས་ཟུང་འཇུག་གི་མྱོང་ཁྲིད་དང་། གནམ་ཆོས་སངས་རྒྱས་ལག་འཆང་གི་སྔོན་འགྲོ་དང་། དངོས་གཞི་འོད་གསལ་ཐོད་རྒལ་གྱི་ཕྲ་ཁྲིད་དང་མུན་ཁྲིད་བཅས་ཡོངས་སུ་རྫོགས་པར་གསན། གོང་མའི་ཕྱག་བཞེས་ལྟར་ཉམས་ལེན་བསྐྱངས་པས་ཁ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་ནས་གྲུབ་པའི་གོ་འཕང་མཐོན་པར་གཤེགས་པས་གྲུབ་དབང་ཞེས་པའི་མཚན་ཐོགས།

གནས་གསར་པ་ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཀཿཐོག་པ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་ལས་ཕན་ཚུན་གསར་རྙིང་གི་དབང་ཆོས་དུ་མ་གསན་རེས་མཛད། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་གདན་དྲངས་ཏེ་བརྡ་གོ་རི་ཁྲོད་དུ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དགོངས་རྫོགས་ལེགས་པར་གྲུབ་རྗེས་གྲྭ་པ་ཉིས་བརྒྱ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་དབུ་བླར་བྱོན། སྡེ་དགེ་ལྕང་རར་བཞུགས་པའི་དུས་སུ་ཐུགས་རྗེ་ཆེན་པོའི་ཆོ་གའི་སྒོ་ནས་སྐྱེ་བདུན་རིལ་སྒྲུབ་ཀྱི་སྲོལ་གཏོད། དམ་པ་འདིས་བསྐྱངས་པའི་བུ་སློབ་ལ། བླ་མ་མཁས་གྲུབ་ཀརྨ་བཀྲ་ཤིས་དང་། བྲག་སྒང་རྡོ་རྗེ་བཀྲ་ཤིས་དང་། འཁྲུལ་ཞིག་ཀརྨ་དོན་དམ་སོགས་ཀྱིས་གཙོས་མཁས་གྲུབ་གཉིས་ལྡན་གྱི་སློབ་ཚོགས་མང་དུ་བྱུང་།

མཐར་དགུང་གྲངས་དོན་དགུ་པ་སྤྱི་ལོ་ ༡༧༥༧ ལོར་སྐུ་གཤེགས། སྐུ་གདུང་ཉིད་ཀྱི་གཟིམས་ཁང་སྦུག་ཏུ་སྐུ་དམར་གདུང་དང་བཅས་ཏེ་ཤིང་གི་མཆོད་སྡོང་ཆེན་མོར་བཞུགས་སུ་གསོལ།

རིག་འཛིན་དཔལ་ཆེན་འདུས་པ།[རྩོམ་སྒྲིག]

གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གཉིས་པ་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་དགུ་པ་ཡིན། མཚན་གཞན་ཐུབ་བསྟན་ཆོས་ཀྱི་གླང་པོ་ཞེས་ཀྱང་གྲགས། སྤྱི་ལོ་ ༡༨༨༧ ལོར་མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་པའི་པེ་ཡག་དམར་ལྷ་ཚང་གི་སར་བོད་རབ་བྱུང་བཅོ་ལྔ་པའི་མེ་ཕག་ལོར་སྐུ་འཁྲུངས། སྤྱི་ལོ་ ༡༩༣༣ རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོའི་ནག་པ་ཟླ་བའི་ཚེས་གསུམ་ལ་སྐུ་གཤེགས། རྒྱས་པར་རིག་འཛིན་དཔལ་ཆེན་འདུས་པ་ལ་གཟིགས།

༸གྲུབ་དབང་པདྨ་ནོར་བུ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས།[རྩོམ་སྒྲིག]

༸གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་བཅུ་གཅིག་པ་ཡིན། དམ་པ་འདིས་སྤྱི་ལོ་ ༡༩༩༣ ལོར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མཻ་སུ་རུ་རྫོང་ཁོངས་ཀྱི་སྦེལ་ཀོབ་གཞིས་ཆགས་སུ་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཀྱི་བསྟི་གནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ། སྤྱི་ལོ་ ༢༠༠༩ ལོར་སྐུ་གཤེགས། རྒྱས་པར། ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ལ་གཟིགས།

༸གྲུབ་དབང་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ།[རྩོམ་སྒྲིག]

༸གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་བཞི་པ་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་བཅུ་གསུམ་པ་ཡིན།

ཁུངས་ཡིག[རྩོམ་སྒྲིག]

  1. གསང་ཆེན་སྔ་འགྱུར་བསྟན་པའི་མངའ་བདག་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་ཀྱི་བྱུང་བ་བརྗོད་པ་པདྨ་དཀར་པོའི་དོ་ཤལ།