ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་

ཡོང་ཁུངས་Wikipedia

(ཁལ་ཁ་སྐུ་ཕྲེང་དང་པོ)ཡོན་སོག་པོའི་རྒྱལ་རབས་འཐོར་ནས་སོག་ཡུལ་གཅིག་པུར་སྲིད་དབང་བཟུང་བའི་ཁལ་ཁའི་རྒྱལ་པོ་ཨ་སུ་ཐའི་རྡོ་རྗེ་རྒྱལ་པོ་ཞེས་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོར་མཇལ་མྱོང་བ་དེའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག(༡༦༣༥)ལོར་སྐུ་འཁྲུངས། དབེན་ས་པ་ཆེན་པོ་བློ་བཟང་དོན་གྲུབ་ཀྱི་དྲུང་དུ་རབ་ཏུ་བྱུང༌། འབྲས་སྤུངས་སྔགས་པ་བླ་མ་ནམ་མཁའ་བསོད་ནམས་ཡོངས་འཛིན་དུ་གདན་དྲངས། དགུང་ལོ་བཅོ་ལྔ་པ་ས་གླང(༡༦༤༩)ལོར་སྐུ་འབུམ་དང་བྱ་ཁྱུང་སོགས་བརྒྱུད་ནས་དབུས་གཙང་དུ་ཕེབས། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང༌། པཎ་ཆེན་རིན་པོ་ཆེས་ཇོ་ནང་ཏཱ་ར་ནཱ་ཐའི་སྤྲུལ་སྐུར་ངོས་འཛིན་གནང༌། དགུང་ལོ་བཅུ་བདུན་ཐོག་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པར་མཇལ་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་རང་ཡུལ་དུ་ཕེབས། དགུང་ལོ་ཉེར་གཅིག་པ་ཤིང་ལུག(༡༦༥༥)ལོར་སླར་ཡང་དབུས་གཙང་དུ་ལན་གཉིས་པ་ཕེབས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་སོགས་དམ་པ་མང་པོའི་དྲུང་ནས་ཆོས་རྒྱུན་མཐའ་ཡས་པ་གསན་ནས་ལོ་རྗེས་མར་རང་ཡུལ་དུ་ཕེབས། དགུང་ལོ་ང་གཉིས་པ་མེ་སྟག་(༡༦༣༦)ལོར་ཁལ་ཁ་དང་ཨོ་རོད་ཇུན་གར་གཉིས་འཁྲུགས་པ་བྱུང་བར་དགའ་ལྡན་ཁྲི་རིན་པོ་ཆེ་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་དང་ལྷན་དུ་འདུམ་འགྲིག་གནང་བར་ཕན་ནུས་ཆེན་པོ་ཐོན་ཏེ་ལོ་ཤས་རིང་དམག་འཁྲུག་མ་བྱུང༌། དགུང་ལོ་རེ་གཅིག་ཏུ་ཕེབས་པའི་ཤིང་ཕག(༡༦༩༥)ལོར་ཇུན་གར་གྱི་དཔོན་སྐལ་ལྡན་བོ་ཤོག་ཐུས་ཁལ་ཁ་ལ་དམག་དྲངས་ཏེ། ཁལ་ཁར་ཕམ་ཉེས་ཆེན་པོ་ཁེལ་བར་བརྟེན། དམ་པ་འདི་ཉིད་ཀྱིས་གཙོས་པའི་ཁལ་ཁའི་དཔོན་རིགས་རྣམས་ཆིང་གོང་མ་ཁང་ཤིས་ལ་སྐྱབས་བཅོལ་ཞུ་གནང་མཛད་པ་བཞིན་པེ་ཅིན་དུ་གདན་དྲངས་ཏེ་བསྙེན་བཀུར་སྣེ་ལེན་གཟབ་རྒྱས་ཐོག་གོང་མ་ཁང་ཤིས་རང་ཉིད་ངོ་མས་དམག་འདི་སྣེ་ཁྲིད་བཀོད་འདོམས་མཛད་དེ་ཇུན་གར་གྱི་དམག་དཔུང་ཁལ་ཁ་ནས་མཐར་སྐྲོད་བཏང་ཐུབ་པ་བྱུང༌། དགུང་ལོ་དྲུག་ཅུ་རེ་དྲུག་ཐོག་སླར་ཡང་རང་ཡུལ་དུ་ཕེབས་ནས་ནས་དམག་འཁྲུག་གི་རིང་ཉམས་ཆག་བྱུང་བའི་ཡུལ་སྡེ་དང༌། དགོན་པ། རྟེན་གསུམ་བཅས་ཉམས་གསོ་དང་གསར་བཞེངས་སྔར་ལས་ལྷག་པ་མཛད། ལོ་ཙཱ་བ་མང་པོ་བོས་ནས《དག་ཡིག་ཟ་མ་ཏོག》སོག་སྐད་དུ་བསྒྱུར། རྗེ་ཉིད་ཀྱིས་སོག་ཡིག་གསར་བཟོ་འགའ་ཞིག་གནང༌། མཐར་དགུང་ལོ་གྱ་དགུ་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་(༡༧༢༣)ལོར་རང་ཡུལ་དུ་སྐུ་གཤེགས། ལོ་རྒྱུས་རྣམ་ཐར་རྒྱས་པ་ཞིག་ཁལ་ཁ་དགེ་བཤེས་ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པས་མཛད་པ་ཁ་བྱང་དུ《ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བསྐལ་བཟང་དད་པའི་ཤིང་རྟ》ཁལ་ཁ་ཁུ་རེ་དགོན་གྱི་ཤིང་དཔར་ཤོག་གྲངས༧༢ཡོད་པ་ཞིག་ཁོང་གི་གསུང་འབུམ་པོད[ཁ]པའི་འགོར་ཡོད་ཀྱང་ཁོ་བོར་དཔེ་ཆ་ལག་ཏུ་མ་སོན་ཞིང༌། ལོ་རྒྱུས་ཐར་ཐོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་ནང་འཁོད་འདུག་པ་གཟིགས་པར་འདོད་ན《ཆོས་འབྱུང་དཔག་བསམ་ལྗོན་བཟང》(སུམ་པ་ཆོས་འབྱུང)ལྕགས་དཔར་མའི་ཤོག་གྲངས༩༩༡ནས༩༩༢བར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།