User talk:Woba derek

Page contents not supported in other languages.
ཡོང་ཁུངས་Wikipedia

འཛམ་གླིང་ས་ལྒང་ཐོག་གནས་པའི་འགྲོ་བ་མིའི་རིགས་སུ་གྱུར་པའི་མི་རིགས་གང་མང་ཞིག་འཚོ་དང་འཚོ་བཞིན་གནས་པས་མི་རིགས་དང་མི་རིགས་ཞིག་ལ་དགོས་པའི་ལག་ཆ་གཙོ་བོ་ནི་སྐད་དང་ཡི་གེ་ཡིན་ལ་དེའི་ཕྱིར་རང་མི་རིགས་ལ་མཚོན་ན་སྐད་ཡིག་ཡིན་པ་སྨོས་ཅི་དགོས། དེའི་ཕྱོགས་ནས་མཁས་པ་གང་མང་ཞིག་གིས་ཉམས་པ་སོར་ཆུད་སོགས་ལ་ཐུགས་ཁུར་རྒྱབ་སྐྱོར་གང་མང་བྱས་པའི་ཤུགས་སྐྱེན་གྱིས་མདོ་དབུས་ཁམས་གསུམ་ན་དོ་སྣང་བྱེད་དང་བྱེད་བཞིན་པ་ཡིན་པས་དགའ་འོས་པའི་དོན་དག་ཞིག་དུ་གྱུར་ཡོད། ཡིན་ཡང་མཐུན་སྒྲིལ་བྱེད་མཁན་ནི་ཉུང་ཉུང་ཡིན་པས་མཐུན་སྒྲིལ་མེད་པའི་མི་རིགས་ཤིག་ཡོད་ཀྱང་རང་བཞིན་ཉམས་རྒུད་ཀྱི་གནས་སུ་ལྷུང་འགྲོ་བ་ཡིན། མཐུན་སྒྲིལ་ནི་མི་རིགས་གང་ཡིན་རུང་དགོས་མཁོ་ཆེ་བའི་སྔོན་ཐོན་གྱི་ལམ་བུ་ཡིན། དེའི་ཕྱིར་ང་ཚོ་མི་རིགས་ལ་མཐུན་སྒྲིལ་གྱི་ལག་ཆའམ་མ་ལག་ཡོད་ཀྱང་ངོས་ཟིན་མཁན་ཧ་ཅང་ཉག་ཕྲ་མོ་རེད། དེང་དུས་ཆོས་ལུགས་དང་ཆོས་ལུགས་བར། ཞིང་བ་དང་འབྲོག་པའི་བར། མཁས་པ་དང་མཁས་པའི་བར་ཆགས་སྡང་སོགས་ང་བཟང་ཁྱོད་ངན་གྱིས་དམོད་ཚིག་བརྡབས་སྟེ་ཉེས་མེད་ལ་ཉེས་འདོག་དང་སྐྱོན་མེད་ལ་སྐྱོན་འཛུག་བྱེད། དེ་ནི་གཅིག་གི་གཅིག་ལ་རྩི་བཀུར་མི་བྱེད་པ་ཡིན་པས་གཅིག་གི་གཅིག་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་དགོས། དེང་དུས་ལྟ་བ་དང་བསམ་བློ་འདྲ་མིན་ཡོད་ཀྱང་དེ་ལ་ལྟ་ཚུལ་མི་མཐུན་པ་ཅུང་ཟད་ཡོད་ན་ཡང་མཁས་པའི་ལན་འདེབས་ལུགས་ཡོད་པས་གུ་དོགས་དང་དངངས་འཚབ་ཀྱི་སྒོ་ནས་ངོ་མདོག་འགྱུར་ག་ལ་དགོས། ང་ཚོ་མི་རིགས་ཀྱི་ཆེད་དུ་འཛོམས་པ་ཡིན་ན་ང་ཚོ་ལ་མཐུན་སྒྲིལ་དགོས། ང་ཚོ་རང་ཉིད་ཀྱི་ཆེད་ཡིན་ཡང་མཐུན་སྒྲིལ་དགོས། མཐུན་སྒྲིལ་ཡོད་ན་དམིགས་ཡུལ་འགྲུབ་ལ་མཐུན་སྒྲིལ་ཡོད་ན་བདེ་སྐྱིད་དང་ཞི་བདེ་ཡང་ཡོད། ཆོས་ལུགས་པའི་བསམ་བློ་ནི་བྱམས་དང་སྙིང་རྗེ་ཡིན་པས་ང་བཟང་ཁྱོད་ངན་གྱི་འགྲན་རྩོད་མིན། ཆོས་ལུགས་པའི་དམིགས་འདུན་ནི་སེམས་ཅན་ལ་བདེ་སྐྱིད་བསྐྲུན་པ་དེ་ཡིན་པས་རྒྱ་ཡུལ་ལ་སོང་ནས་གཅིག་གི་གཅིག་ལ་ཕྲག་དོགས་དང་བླ་བཙག་བཞིན་སེམས་ཅན་ལ་མགོ་སྐོར་བ་དེ་གཏན་ནས་མིན། སྤྲུལ་སྐུའི་མཛད་སྤྱོད་ནི་སེམས་ཅན་གང་མང་ཞིག་གི་རྒྱུད་ལ་ལེགས་ལམ་གྱི་ས་བོན་འདེབས་པ་ཡིན་པས་སྒོར་མོ་དང་བུད་མེད་ཀྱི་དོན་ལ་རིགས་རུས་དང་མཆེད་གྲོགས་བཙོང་བ་དེ་མིན། རིགས་པ་སྨྲ་བའི་གཏན་ཚིགས་ནི་བདེན་པ་དང་བདེན་དྲང་གི་ལམ་ལུགས་འཚོལ་བ་དེ་ཡིན་པས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་མིན། ཁ་ཕྱོགས་དང་དམིགས་འདུན་གཅིག་པའི་གྲོགས་པོ་དང་རེ་བ་དང་མདུན་ལམ་འཚོལ་བའི་རིག་རུས་གཅིག་པའི་སྤུན་ཟླ་རྣམས་མཐུན་སྒྲིལ་གྱི་གཞི་རྩ་བཟུང་དེ་བདེན་པ་བདེན་རྐྱང་གི་འཚོ་བ་རོལ་ཏེ་ང་ཚོ་ལག་རྡིང་སྤྲེལ་ན་སྔོན་ལ་བསྒྲོད་པའི་ལམ་བུ་ཞིག་རྙེད་སྲིད།