Jump to content

User talk:Wanshujiayang

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

༄༅།། འཁྱམ་པོའི་བློས་བསླངས།

[རྩོམ་སྒྲིག]

༄༅།། འཁྱམ་པོའི་བློས་བསླངས།

                  བན་ཤུལ་འཁྱམ་བསེ་རུ།

ལྷོ་སྤྲིན་ནག་པོ་མཁའ་མཐའི་སྤྲིན་ལ་འདྲེས།། སྨུག་སྤྲིན་བན་བུན་རྫ་རིའི་གསེབ་ཏུ་ཐིམ།། ཤག་ཤག་ཆུ་བོའི་འཁུན་སྒྲ་སྙིང་ལ་ཟུག། འཁྱམ་པོའི་རྐང་ལམ་ལྷོ་མཐའི་ཡུལ་དུ་བསྲིངས།།

ཁྲུང་ཁྲུང་དཀར་མོའི་གཤོག་རྡང་ལྷོ་རུ་འཐེན།། ངང་བ་སེར་བོའི་མིག་ཆུ་འདམ་ལ་འདྲེས།། ཐང་དཀར་རྒོད་པོའི་རྒྱང་གླུ་མཁའ་ནས་གྱེར།། འཁྱམ་པོའི་ལས་དབང་འདི་ལ་བརྡ་ཞིག་བཏང་།།

དཔོན་པོའི་བཀའ་ཁྲིམས་བཙན་པོས་མཐའ་ནས་བཅུམས།། གསང་བའི་མིག་ཟུང་སྟོང་གིས་གར་འགྲོ་འཚོས།། བདེན་དོན་གཏམ་གྱི་རིན་ཐང་རྐང་བས་བརྫིས།། འཁྱམ་པོའི་སེམས་ལ་ན་ཟུག་ཐེངས་དགུར་བསླངས།།

མཐོང་སར་བརྩེ་བའི་ཉམས་ཀྱི་འཛུམ་ཞིག་སྟོན།། ལྐོག་ཏུ་སྲོག་དབང་འགག་པའི་ཐབས་ཤིག་འཐེན།། བསླུ་བྲིད་གཡོ་ཁྲམ་རྒོད་པའི་འཇིག་རྟེན་འདིར།། འཁྱམ་པོའི་རྐང་ལམ་བདེ་མོ་གང་དུ་འཚོལ།།

ཕན་བདེ་འདོད་པ་ཡོངས་དག་མཚུངས་མོད་ཀྱང་།། རང་ཉིད་ཁོ་ནས་བདེ་ཐབས་དོན་གཉེར་བས།། དམར་བོ་ཁྲག་གིས་ཚེས་པའི་ལོ་ཟླ་འདི།། འཁྱམ་པོའི་སྨྱུག་རྩེར་དྲངས་ནས་གླུ་ཞིག་ལེན།།

མི་ཆུ་སེམས་སུ་བཞུར་ནས་ལོ་མང་འགོར།། རེ་སྒུག་སྙིང་ལ་བཅིངས་ནས་ཟླ་མང་འདས།། གྱེས་བྲལ་གདུང་བ་ཁུར་ནས་ཉིན་མང་སོང་།། འཁྱམ་པོའི་རྣམ་ཤེས་བདག་པོ་གང་དུ་ཡོད།།

ཤི་ན་ཁྱེད་ཡིན་ཐར་བའི་ལམ་སྣེ་སྟོན།། གསོན་ན་ཁྱེད་ཡིན་ཚེ་ཡི་བར་ཆད་སེལ།། ཉིན་དང་མཚན་ལ་ཁྱེད་ཀྱི་ལྷག་བསམ་གླེང་།། འཁྱམ་པོའི་སྙིང་གི་ལྷ་མཆོག་པད་དཀར་འཆང་། །