User talk:Mr.snowland
བརྗོད་གཞི་ཁ་སྣོན།དེང་རབས་བོད་ཀྱི་དགོན་པའི་སྐོར་ལ་ཅུང་ཟད་བསམ་པ།
ཆོས་དཔལ་བཟང་བོས་བརྩམས།
དགོན་པ་ཞེས་པ་དེ་དབེན་པའི་གནས་ཤིག་དང་མདོ་སྔགས་གཙུག་ལག་བཞུགས་པའི་གནས་ཤིག བཤད་སྒྲུབ་སྤྱོད་གསུམ་དང་འཆད་རྩོད་རྩོམ་གསུམ་སྤེལ་བའི་གནས་ཤིག་བཅས་ཡིན་པ་གནའ་དེང་བོད་ཀྱི་མཁན་དབང་ནམ་མཁའི་སྐར་ཚོགས་ཀྱི་ཁྱུ་ལ་བསྒྲུན་ནུས་པ་དག་གིས་གསུངས་ཡོད་ལ། བོད་ཀྱི་ལྔ་ཟུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པའང་ཀུན་པོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཡིན་ནའང་། དེང་སང་གི་ཆབ་སྲིད་མི་སྣ་ལ་ལ་ཞིག་དང་བོད་ཀྱི་ན་གཞོན་ཁ་ཤས་ཀྱི་སེམས་སུ་དགོན་པ་ཞེས་པ་དེ་མི་སྒྱིད་ལུག་ཚོགས་པའི་འདུ་ར་ཞིག་དང་དྲག་སྤྱོད་པ་འདུ་བའི་བསྟི་གནས་ཤིག ཡང་ན་འཇིག་རྟེན་མིའི་འགྲོ་ལུགས་འདུག་སྟེངས་ཅུང་ཙམ་ཡང་མི་ཤེས་པའི་གླེན་རྒན་ཁ་ཤས་ཚོགས་གནས་ཤིག་ཏུ་རློམས་ཀྱིན་འདུག དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད། ནོར་འཁྲུལ་གྱི་ལྟ་བ་དེ་དག་སེལ་བྱེད་པ་དང་ནོར་འཁྲུལ་ཡིན་པའི་གནས་ཚུལ་ར་སྤྲོད་བྱེད་དགོས་ན་སེར་མོ་བའི་ཀུན་སྤྱོད་ལ་རེག་ལས་ཡོད་ལ། ང་ཚོ་སྟེ་བོད་ཀྱི་རིག་གནས་ལ་སྦྱངས་བ་ཨེན་ཙམ་རེ་བྱེད་མྱོང་བའི་སློབ་མ་བ་དང་ཐ་ན་ཀ་ངོ་ཙམ་མི་ཤེས་པའི་ཡུལ་མི་རང་ག་བ་སོགས་ཚང་མར་རེག་ལས་ཡོད་པ་ཞིག་རེད། འོན་ཀྱང་དེང་སང་དགོན་པ་མང་པོ་གསར་འཛུགས་བྱེད་པ་དང་། འདུ་ཁང་གང་ཞིག་གསོ་ཙམ་བྱེད་དགོས་པའི་ཚད་དུ་སླེབས་མེད་རུང་དེ་བསྐྱར་འཛུགས་བགྱིས་ཤིང་སྔར་གྱི་ལོ་ངོ་མང་པོའི་ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་རྩ་མེད་དུ་བཏང་། རྒྱ་ཡུལ་ནས་བོད་ཀྱི་ཆོས་དང་རིག་གནས་ལ་འདུ་ཤེས་ཏོག་ཙམ་ཡང་མེད་པའི་རྒྱ་མི་སྐོར་ཞིག་ལ་ཨར་འདམ་དང་སོ་ཕག་སོགས་གྱིས་རྒྱུ་ཆ་བྱས་པའི་དགོན་པ་ཕྱི་བལྟས་ཁྲ་ཁྲ་རྫིག་རྫིག་ན་ཆུང་བུ་མོ་ལུས་འདྲ་བ། ནང་མྱངས་རྫ་རྫ་རྫོབ་རྫོབ་ཨ་ནེ་རུལ་མའི་ཁྱིམ་ལྟ་བུ་རེ་བཞེངས་བསྐྲུན་བྱེད་དུ་འཇུག་གིན་པ་དེ་དགོན་བདག་ཚོའི་སྐྱོན་ཞིག་ཏུ་མཐོང་ལ། ལྷག་པར་ཏུ་དེང་སང་ཆེད་དུ་ཡུལ་སྐོར་བར་སྟབས་བདེ་བཟོ་ཆེད་དགོན་པའི་གནས་སྤོར་གྱིན་པའི་དགོན་པ་མང་པོ་ཞིག་མང་ཚོགས་རང་བཞིན་ཅན་དུ་འགྱུར་བཞིན་པ་འདིའང་དགོན་པའི་འགན་གཙོ་བཞེས་མཁན་གྱི་བླ་སྤྲུལ་དག་གི་མ་འདང་ས་ཞིག་ཏུ་བསམ་གྱིན་ཡོད། རྒྱུ་མཚན་ནི་དེང་དུས་དགོན་སྡེ་མང་པོའི་ཉེ་འགྲམ་ན་མགྲོན་ཁང་དང་ཟས་ཁང་བཙུགས་འདུག་ལ་ངོ་ཚ་ཁྲེལ་མེད་ཀྱི་རྒྱ་བོད་བུད་མེད་མང་པོ་ཞིག་གིས་ཆོས་ལུགས་ལ་ཁ་གཡར་ནས་མངོན་ལྐོགས་གང་རུང་གིས་ང་ཚོའི་དགེ་འདུན་པའི་སྡེ་ལ་དཔུང་འཇུག་བྱེད་ཀྱིན་ཡོད། གལ་ཏེ་གྲྭ་བ་ཚོའི་སྒྲུབ་སྦྱང་ལ་བར་ཆད་བཟོས་ན་ནམ་ཞིག་བོད་ཀྱི་ནང་བསྟན་ཆོས་ལུགས་ལའང་ཆོས་འཁོར་སྒོམ་སྒྲུབ་ལྟ་བུའི་སྒོམ་ལོག་ཏུ་སོང་བའི་གནད་དོན་འབུད་སྲིད་ལ། དེ་ནི་ངན་སྐྱོན་ཁབ་རྩེ་ན་འཚོལ་གྱིན་པའི་མི་བུ་ཁ་ཤས་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྩ་མེད་དུ་གཏོང་བར་གོ་སྐབས་སྤྲད་པ་དང་ཨ་ན་མ་ན་ཡིན། གཞན་ཁོ་བོས་སྔོན་ཆད་ཀྱི་དགོན་པའི་གསར་བརྗེ་ཞེས་པའི་འབོལ་རྩོམ་ཞིག་ཏུ་ཕལ་ཆེར་འདི་ལྟར་བྲིས་ཡོད་དེ། དགོན་པ་འདི་ཤེས་རིག་འབྱུང་བའི་གནས་ཡིན་ན། དེའི་ནང་དུ་རིག་པའི་གནས་བཅུས་མཚོན་པའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་སྦྱོང་དགོས་པ་གཞིར་བཞག རྒྱ་སྐད་དང་དབྱིན་སྐད་ལ་སོགས་སྐད་རིགས་འདྲ་མིན་སྣ་ཚོགས་དང་ཆོས་ལུགས་དང་མི་འགལ་བའི་དེང་རབས་ཀྱི་ཚན་རིག་ལག་རྩལ་དཔེར་ན་རྩིས་འཕྲུལ་གྱི་བེད་སྤྱོད་དང་ཚན་རིག་ཐོན་རྫས་ཀྱི་ཞིག་གསོ་སོགས་སློབ་དགོས་ལ། དུས་དང་འཚམས་པའི་ལས་རིགས་སྦྱངས་གཞི་མང་པོ་ཞིག་སྟེ་ལྷ་བཟོ་དང་དང་རྡོ་རྐོའི་ལག་རྩལ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐབས། ཟས་བཅུད་འཕྲོད་བརྟེན། རང་ལུས་བདག་སྲུང༌།ཞིང་ཕྱུགས་ལག་རྩལ་སོགས། རྣམ་ཐར་འཁྲབ་སྟོན། གླུ་གར་རོལ་མོ་སོགས་སློབ་སྦྱོང་བྱེད་ཆོག་པས་མ་ཚད། བོད་བརྒྱུད་ནང་བསྟན་དང་གསོ་རིག་གི་ཡ་གྱལ་སེམས་ཁམས་གསོ་སྦྱོང་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་དབྱེ་ཞིབ་པ་དང་། དེང་གི་དུས་འདིར་ཐོལ་བྱུང་བའི་དོན་དག་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས། མི་ལ་ལ་ཞིག་གིས་བདེ་བ་མི་རྟག་པ་མི་ཤེས། སྡུག་བསྔལ་ངེས་མེད་པ་མི་གོ བདེ་བ་བྱུང་ན་དགའ་ནས་ལུས་སེམས་བཟི། སྡུག་བསྔལ་བྱུང་ཚེ་སྐྱོ་གདུང་བཟོད་མི་ཚུགས་པའི་དཀའ་སྡུག་མང་པོ་མྱངས་བཞིན་ཡོད་པས་དེའི་ཐད་ལ་བདེན་པ་བཞིའི་ཆོས་ཀྱིས་དབྱེ་ཞིབ་བྱེད་པ་སོགས་སེམས་ཁམས་གསོ་སྐྱོང་བ་སྦྱོང་བརྡར་བྱེད་ཆོག་ཆོག་ཡིན་ལ། ཡར་གོང་རིམ་ལ་རེ་བ་ཞུས་ཤིང་ནམ་ཞིག་གྲྭ་ས་ནས་ཕྱིར་ཐོན་རུང་རང་ཉིད་ཀྱིས་རང་ཁ་རང་སོས་བྱེད་ཆོག་པའི་ཆེད་ལས་ལག་ཁྱེར་དང་དཔང་ཡིག་སྩོལ་བ་སོགས་བྱ་ཐུབ་ན་ཅི་མ་རུང་ཨང་སྙམ་བཞིན་ཡོད་ལགས། ཡིན་ནའང་། ངས་འདི་ལྟར་བཤད་ཚེ་མི་ལ་ལ་ཞིག་གིས། ཆོས་དཔལ་བཟང་བོ་ཁྱོད་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་མིན་མི་ཤེས་ཀྱང་། བོད་ཁུལ་གྱི་དགོན་པ་དག་ངེས་པ་དོན་གྱི་སྤྱི་ཚོགས་རང་བཞིན་དང་རུལ་སུངས་རང་བཞིན་ཅན་དུ་བསྒྱུར་བའི་ཐབས་བཀོད་ཆེས་དཔེ་མེད་ཅིག་འཐེན་འདུག་ཅིང་། འདི་ནི་རྒྱ་ནག་གིས་ཀྱང་མ་དྲན་པའི་དགོན་པ་ཐོར་ཞིག་གི་སྔོན་འགྲོའི་བསམ་བློ་རེད་ཡ་ཞེས་ཁྲེལ་དགོན་བྱེད་དུ་སྲིད་ཀྱང་། ངས་ནི་གཙོ་བོ་ཚོགས་ཆེན་འདུ་ཁང་ནང་ན། སྡུག་མེད་རུང་ཨོང་ཤ་ན་ཀི འཇིག་རྟེན་འཁོར་བའི་ནང་ན། སྐྱིད་མེད་རུང་སྐྱོ་བ་སངས་ཀི་བསྙམས་ཤིང་སྐྱ་སར་འབབ་བཞིན་པའི་གཞོན་སྐྱེས་ཚོའི་མདུན་ལམ་ལ་བསམ་པ་ཡིན་ཞིང་། དགོན་པའི་གཅིག་སྡུད་ཀྱི་ནུས་པ་འདིར་བསྟེན་ནས་བོད་མི་རིགས་ལ་འཕྲལ་ཕུགས་གཉིས་པོར་ཕན་པ་མིག་མཐོང་ལག་ཟིན་ཅན་སྤེལ་ཐུབ་པའི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱེད་པའི་རྒྱང་ཇུས་ལ་བསམ་པ་ལས་གཞན་ཅི་ཡང་མིན་ནོ་ཞེས་ད་ནས་དག་སེལ་བྱས་པའོ། །
Start a discussion with Mr.snowland
Talk pages are where people discuss how to make content on Wikipedia the best that it can be. Start a new discussion to connect and collaborate with Mr.snowland. What you say here will be public for others to see.