User talk:Khargong Sonam Wangden W
བརྗོད་གཞི་ཁ་སྣོན།བྱང་ཆུབ་ལམ་སྒྲོན་གྱི་རང་འགྲེལ་ལ་དཔྱད་པ།
བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་རང་འགྲེལ་དུ་གྲགས་པ་འདི་ཇོ་བོ་ཆེན་པོའི་གསུང་ཡིན་ནམ་མིན་ཞེ་ན། འདི་ལ་ཇོ་བོའི་གསུང་མིན་པར་བཤད་པ་ཞིག་ཡོད་རབས་འདུག་པ་བདག་གིས་མཐོང་ཐོས་བྱུང་ཡང་འདིའོ་ཞེས་པ་ཞིག་ད་ལྟར་མི་ངེས་མོད། གང་ལྟར་དཔྱད་པ་བྱ་རྒྱུ་ནི་ཡོད་དེ། འདི་ལྟར། 1. རང་འགྲེལ་འདིའི་རྩོམ་འགྲོས་སྤྱི་ལ་དཔག་ན། རྒྱ་གར་འཕགས་པའི་ཡུལ་གྱི་པཎ་ཆེན་དག་གི་གསུང་འགྲོས་ཁོ་ནར་སྣང་སྟེ། རྒྱབ་རྟེན་གྱི་ལུང་འདྲེན་གནང་ཚེ། སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཀྱི་བཀའ་རྣམས་མཐར་ཆགས་སུ་བགྲང་ཞིང་། ཚད་མར་གྱུར་པའི་བསྟན་བཅོས་དག་དྲངས་པར་མཛད་པར་མ་ཟད། 2. དབུར། རྗེ་བཙུན་འཕགས་མ་སྒྲོལ་མ་དང་འཇམ་དབྱངས་གཉིས་ལ་འགྱུར་ཕྱག་དང་། དེ་ནས་ཡང་བདེ་མཆོག་ལ་སོགས་པ་ནས་སྒྲོལ་མའི་བར་གྱི་ཡི་དམ་རྣམས་ལ་མཆོད་བརྗོད་མཛད་འདུག་པས། ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷའི་གཙོ་བོ་ཞིག་ཏུ་མཛད་པའི་རྣམ་ཐར་དང་ཤིན་ཏུ་མཐུན་ཞིང་། 3. སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །ཞེས་པའི་ཐད་དུའང་། དེས་བདག་ལ་འདི་སྐད་དུ། ཞེས་སོགས་དང་། 4. དེ་ལྟར་བདག་གི་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང་། བླ་མ་རྗེ་བཙུན་སུ་ཝརྞྞ་དྭི་པ་དག་ཀྱང་འཕགས་པ་དེ་དག་གི་རྗེས་སུ་འབྲང་བ་དང་། བདག་ཀྱང་བླ་མ་རྗེ་བཙུན་དེ་དག་གི་རྗེས་སུ་འབྲང་བ་ཡིན་པས། ཞེས་སོགས་བླ་མ་དེ་གཉིས་ཀྱི་མཚན་སྨྲོས་སྐབས་བདག་གི་བླ་མ་ཞེས་ལན་མང་དུ་འབྱུང་བ་དང་། 5. བདག་མེད་གཏན་ལ་འབེེབས་པའི་སྐབས་སུ་སློབ་དཔོན་ཆེན་པོ་དག་གིས་གསུངས་པའི་རིགས་པ་རྣམས་བསྟན་ནས། སངས་རྒྱས་ཀྱི་གསུང་མདོ་ཚན་སུམ་ཅུ་སོ་དྲུག་གི་མཚན་དང་། དེ་དག་ལས་དང་པོ་བརྒྱད་ཀྱི་མདོ་ཚིག་དངོས་སུ་བགྲངས་ཤིང་། སོགས་སྒྲའང་སྦྱར་གནང་མཛད་པ་སོགས་ལ་བརྟེན་ན་ནི། མཐའ་གཅིག་ཏུ་གཞུང་འདི་ཇོ་བོའི་གསུང་མིན་པར་ཡང་སྨྲ་བར་མི་སྤོབས་སོ། །
འོན་ཀྱང་ལྷ་གཅིག་དི་པཾ་ཀ་རའི་གསུང་མིན་པར་དོགས་པའི་གཞིའང་མང་དུ་མཆིས་ཏེ་འདི་ལྟར། 1. རྩ་ཤེའི་འགྲེལ་པ་བགྲངས་སྐབས། ག་ལས་འཇིགས་མེད་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཡིན་པར་མཛད་འདུག་སྟེ། དེ་ཉིད་ལས། འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང། ཞེས་འབྱུང་ཡང་། འགྲེལ་པ་དེར། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་བཞི་བརྒྱ་པའི་ལུང་དྲངས་པས། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུ་མི་རིགས་ཚུལ་རྗེ་བདག་ཉིད་ཆེན་པོས་དྲང་ངེས་སུ་གསུངས། 2. དེ་ཉིད་ལས། དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཙརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང། ཨ་ཙརྱ་དེ་བ་ཤར་མས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཞེས་འབྱུང་ཡང་། དཀར་པོ་འཆར་བ་ནི་དེའི་འགྲེལ་པ་མིན་པར། དེ་གང་ལ་བརྟེན་པའི་ཁུངས་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་བཤད་དོ། །ཞེས་གསུངས་པས་སོ། ། 3. གཞན་ཡང་། སློབ་དཔོན་ལེགས་ལྡན་དང། དཔལ་ལྡན་ཟླ་བ་སོགས་ཀུན་ཀྱང་ལྟ་བ་ལ་མཐོ་དམན་མེད་པ་ལྟ་བུར་བྱས་ནས་གོང་འོག་དུ་མར་ལྷན་དུ་བགྲང་བར་མཛད་འདུག་པ་དེ་དག་ལ་བལྟས་ན། ཇོ་བོ་ཆེན་པོ་ལྷ་གཅིག་དི་པཾ་ཀ་ར་ཤྲཱི་ཛྙ་ན་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པའི་པཎ་ཆེན་ཁོང་གནས་རགས་པ་འདི་ཙམ་ལ་འཁྲུལ་ག་ལ་སྲིད། དེས་ན། ཁོ་བོའི་རྨོངས་བློར་འཆར་ཚོད་ཙམ་བྱས་ན། ཇོ་བོ་རང་གིས་རང་འགྲེལ་འདི་མཛད་པ་ལ་ཕྱིས་སུ་དུམ་བུ་འགའ་རེ་སློབ་མ་ལ་སོགས་པས་བཅུག་པ་ཡིན་ནམ་སྙམ་ཡང་ད་དུང་རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱད་པར་བྱའོ། །
འདི་ནི་དེ་རིང་སེར་བྱེས་ཡིད་དགའ་ཆོས་གླིང་དུ་བོད་གཞུང་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་ཚུལ་སྐོར་གྱི་བཀའ་སློབ་གསུང་བཤད་སྐབས་བགྲོ་གླེང་བྱུང་བའི་རྐྱེན་བྱས་ཏེ། སླར་ཡང་ལམ་སྒྲོན་རང་འགྲེལ་ལ་བམ་ཀློག་རགས་ལྟ་ཞིག་བྱེད་ཚེ་བསམ་བློའི་འཆར་སྒོ་འགའ་བྱུང་བ་ཕྲན་མཁར་སྒང་བསོད་ནམས་དབང་ལྡན་གྱིས་འཕྲལ་དུ་ཡིག་ཐོག་ཏུ་ཕབ་པའོ། །
༸གོང་ས་མཆོག་གི་གསུང་སྒྱུར་དགེ་བཤེས་དགྲ་འདུལ་གྱིས། ༡༽ ཁྱེད་ལྟར་ན་ཇོ་བོ་རྗེ་དང་རྗེ་བདག་ཉིད་ཆེན་པོ་རྣམ་གཉིས་མཐའ་གཅིག་ཏུ་དོན་གནད་ཀུན་ལ་དགོངས་པ་མཐུན་དགོས་པ་ལྟ་བུར་མངོན་པས་དེ་ལྟར་ཁྱེད་འདོད་དམ། འདོད་ན་དེའི་ཡང་སྒྲུབ་བྱེད་ཇི་ལྟར་འགོད་དམ། ༢༽ ཐལ་རང་གཉིས་ཀྱི་ལྟ་བ་ལ་ཁྱད་མེད་པར་འདོད་པའི་བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་ཡང་སྔར་ནས་ཡོད་མུས་ཡིན་ལགས་ན་དེ་ལྟར་བཟུང་བ་འཁྲུལ་བ་ཞིག་ཏུ་ཁྱེད་ཀྱིས་ལུང་ལ་མ་བརྟེན་པར་(ལུང་ཙམ་ཕྱོགས་གཉི་གར་ཚང་བས་)ཇི་ལྟར་བསྒྲུབ་བམ། དེར་མ་ཟད་དེ་གཉིས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་པར་ལྟ་བའི་ལུགས་སུའང་ཁྱད་པར་དེ་གཞུང་ལུགས་ཀྱི་ཚིག་འགྲོས་དང་(དེ་ཡང་མཐར་གཏུགས་ན་ལེགས་སྦྱར་གྱི་གཞུང་ལ་གཞི་བཅོལ་དགོས་)། སྔ་ཕྱིའི་སྒྲུབ་བྱེད་འགོད་ལུགས་མང་དག་ཅིག་གུང་བསྒྲིགས་ནས་འཆད་དགོས་པས་འདི་གནས་རགས་པ་ཞིག་ཏུ་ཇི་ལྟར་གྲུབ་བམ།
ཤིན་ཏུ་བཀུར་འོས་དགེ་བཤེས་དགྲ་འདུལ་མཆོག་གིས་ཕྲན་གྱིས་དཔྱད་ཐུང་འདིར་ཐུགས་སྣང་གིས་དྲི་བ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རང་གི་བསམ་ཚུལ་ཞིག་ཞུ་འདོད་བྱུང་བ་འདི་ལྟར། 1. སྤྱིར་ན། ཇོ་བོ་ཆེན་པོ་ལྷ་གཅིག་དི་པཾ་ཀ་ར་མཆོག་དང་རྗེ་བདག་ཉིད་ཆེན་པོ་རྣམ་གཉིས་དོན་གནད་ཀུན་ལ་དགོངས་པ་གཅིག་པའི་ངེས་པ་ཡོད་དགོས་རྒྱུ་མེད་ཀྱང་། ག་ལས་འཇིགས་མེད་རང་འགྲེལ་མིན་པ་དང་། ལེགས་ལྡན་དེ་བ་ཤར་མའི་རྗེས་སུ་འབྲངས་པའི་སྐོར་ནི་གཉིས་ཀས་ཀྱང་བཞེད་དགོས་ངེས་ཡིན་ཏེ། རིམ་བཞིན་ག་ལས་འཇིགས་མེད་རང་དུ་སློབ་དཔོན་འཕགས་པ་ལྷའི་གསུང་། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་ཤེས་བྱེད་དུ་དྲངས་འདུག་པའི་ཕྱིར་དང་། སློབ་དཔོན་ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་ཚུལ་སྤྱན་རས་གཟིགས་བརྟུལ་ཞུགས་རང་གིས་གསུངས་པའི་ཕྱིར་རོ། །དང་པོ་ལ་ཁྱབ་པ་གྲུབ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རང་གི་སློབ་མ་ཨརྱ་དེ་བའི་གསུང་ཞིག་ཤེས་བྱེད་དུ་དྲངས་ནས་མར་གཏུགས་པ་ཤིན་ཏུ་མི་བདེ་བའི་ཕྱིར་དང་། སློབ་དཔོན་ལེགས་ལྡན་དང་དཔལ་ལྡན་ཟླ་བ་སོགས་ཀྱིས་ཀྱང་ག་ལས་འཇིགས་མེད་འདི་ལ་ཁུངས་གཏུགས་པ་མེད་པའི་རྒྱུ་མཚན་ཞིག་ཡོད་པའི་ཕྱིར་རོ། །རྩ་བའི་རྟགས་གཉིས་པ་ལའང་ཁྱབ་པ་ཡོད་དེ། ཤེས་རབ་སྒྲོན་མེའི་ཁུངས་སུ་གྱུར་པའི་དཀར་པོ་རྣམ་པར་འཆར་བ་དེ་ཤེས་སྒྲོན་གྱི་འགྲེལ་པར་ཤིན་ཏུ་འགལ་བའི་ཕྱིར་རོ། །དེས་ན་འདི་གཉིས་ནི་རྗེ་བདག་ཉིད་ཆེན་པོས་བཀའ་སྩལ་པ་ལྟར་ཇོ་བོ་ཆེན་པོས་ཀྱང་ངེས་པར་དུ་བཞེད་དགོས་ངེས་རེད་ལ། དེ་ལྟར་མིན་ན། ཇོ་བོས་འགྲེལ་པ་དེ་གཉིས་མ་གཟིགས་པའམ། གཟིགས་ཀྱང་གནས་ཚུལ་འདི་དག་མ་མཁྱེན་ཅིང་། ཐུགས་རྟོག་མཛད་མེད་པར་ཁས་ལེན་པ་ལས་འོས་མེད་པས། ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པ་ཞིག་ལ་དེ་ལྟ་བུ་བདེ་བོ་མེེད་སྙམ་པ་ལགས་སོ། ། 2. ལགས་རེད། ཐལ་རང་གི་ལྟ་བ་ལ་མཐོ་དམན་མེད་པར་བཞེད་པའི་བོད་ཀྱི་མཁས་པ་ཁག་གིས་ནི་ཐལ་རང་གི་བསྟན་བཅོས་རྣམས་ལས་རང་མཚན་གྱིས་གྲུབ་མ་གྲུབ། བདེན་པར་གྲུབ་མ་གྲུབ་ཟེར་བ་སོགས་ཀྱི་ཐ་སྙད་འདྲ་མཚུངས་མང་དུ་བྱུང་བ་ལ་འཁྲུལ་ནས་དེ་ལྟར་བཞེད་པ་ཡིན་སྐོར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་ལ་སོགས་པའི་མཁས་པའི་དབང་པོ་རྣམས་ཀྱིས་གསུངས་ཡོད་ཅིང་། རྗེ་བདག་ཉིད་ཆེན་པོས་ཀྱང་དྲང་ངེས་རྣམ་འབྱེད་དུ། རྫས་སུ་མ་གྲུབ་པ་ལ་སོགས་པ་སློབ་དཔོན་འདིའི་གཞུང་ནའང་མང་བས་དབྱེ་དཀའ་བར་སྣང་ནའང་། ཞེས་སོགས་གསུངས་ཡོད་ལ། ཚིག་ཙམ་ལ་བལྟས་ན་ནི་འཁྲུལ་གཞི་མང་དུ་འོང་བས། གཞུང་གོང་འོག་དང་འཕགས་ཡུལ་གྱི་ཐལ་རང་གི་སློབ་དཔོན་ཕན་ཚུན་གྱིས་རྩོད་ལན་མཛད་ཚུལ་སོགས་མང་དུ་གུང་བསྒྲིགས་པའི་མཐར་ཐལ་རང་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་ཡོད་པར་གསུངས་ཤིང་། དྲང་ངེས་རྣམ་འབྱེད་དུ་ཁུངས་དང་བཅས་ཏེ་རྒྱས་པར་བསྒྲུབས་གནང་བས་ན། དེ་ཙམ་གྱི་ཆ་ནས་ཀྱང་དྲང་ངེས་འདི་ལེགས་བཤད་ཀུན་གྱི་སྙིང་པོར་བསྔགས་པར་སེམས་སོ། ། 3. རང་རྒྱུད་པ་རྣམས་ཀྱིས་རང་མཚན་གྱིས་གྲུབ་པ་ཞལ་གྱིས་བཞེས་པ་ནི་མདོ་སྡེ་དགོངས་འགྲེལ་གྱི་དགོངས་པ་དབུ་མའི་ཚུལ་དུ་བཀྲལ་སྐབས་སུ་རྟོག་གེ་འབར་བ་སོགས་ལས་གསལ་ཡོད་པ་དང་། ཁྱད་པར་དུའང་། དཔལ་ལྡན་ཟླ་བས་འཇུག་འགྲེལ་དུ། དབུ་མ་པ་ཡིན་ན་རང་རྒྱུད་བྱ་མི་རིགས་པར་གསུངས་པ་དང་། གཞན་སྐྱེ་འགོག་པའི་ཕྱོགས་སྔ་ལ་སུ་དང་སུ་ཡོད་པ་སོགས་ལས་གསལ་བ་དང། ལེགས་ལྡན་སོགས་ཀྱིས་གཞན་སྐྱེ་བཞེད་ཚུལ་སོགས་མཐའ་ཡས་པ་ཡོད་པ་མཁྱེན་གསལ་ལྟར་རེད་ལགས། 4. གཞན་ཡང་། སློབ་དཔོན་ལེགས་ལྡན་དང་ཟླ་བ་རྣམ་གཉིས་ཀྱིས་ཆོས་ཅན་མཐུན་སྣང་བ་ཡོད་མེད་བརྩད་པ་ལས་རང་མཚན་གྱིས་གྲུབ་པར་སྣང་བའི་ཆ་ནས་འཁྲུལ་མ་འཁྲུལ་གྱི་བཞེད་པ་ཤིན་ཏུ་གསལ་བར་ཐོན་པ་སོགས་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོའི་བཞེད་པ་ནི། ཐུགས་གཟུ་བོར་གནས་ཤིང་ཤིན་ཏུ་རྣམ་དཔྱོད་དང་ལྡན་པའི་མཁས་པའི་དབང་པོའི་བཞེད་པར་གོ་ལགས་སོ། ། 5. དེའང་ཐལ་རང་གི་སློབ་དཔོན་དག་གི་བཞེད་པ་ཇི་ཡོད་ནི། ཁོང་དག་གི་གསུང་ལ་བརྟེན་ནས་དཔག་དགོས་པ་ལས་མངོན་ཤེས་སམ་དངོས་སུ་མཇལ་ནས་དཔག་པའི་ཐབས་ནི་ད་ལྟར་རང་རེ་ལ་མེད་པས་ན། རྗེ་ཡབ་སྲས་ཀྱི་དཔྱད་ཐབས་དེ་དག་ལ་བརྟེན་དགོས་པར་སྣང་ལགས།
Start a discussion with Khargong Sonam Wangden W
Talk pages are where people discuss how to make content on Wikipedia the best that it can be. Start a new discussion to connect and collaborate with Khargong Sonam Wangden W. What you say here will be public for others to see.