Jump to content

User talk:Dortse

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

མནར་གཅོད་ཀྱི་གོ་རིམ་ཞིག་ སྨིན་དྲུག

(1)

ངས་ད་དུང་མལ་ན་བུད་མེད་ཁེ་དབང་སྐོར་གྱི་དེབ་ཅིག་ལ་བལྟས་ནས་ཉལ་སྡོད་སྐབས། འགོ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཁ་པར་ཞིག་བཏང་ཡོང་ནས་ང་མྱུར་མོར་གཞུང་ལས་ཁང་དུ་ཤོག་དང་དོན་དག་ཅིག་འདུག་ཟེར། ང་ལམ་སེང་མལ་ལས་ལངས་ཏེ་སྨད་གཡོགས་དམར་ནག་དང་སྟོད་ལྭ་བར་ཚངས་ཅན་དམར་ཁྲ་དེ་གྱོན་རྗེས། ཁ་ངོ་བཀྲུ་ཙམ་གྱིས་ནངས་ཇ་ཡང་མ་འཐུངས་པར་གཞུང་ལས་ཁང་དུ་འགྲོ་གྲབས་བྱེད་སྐབས་ཚ་མོས་ནངས་ཇ་བསྐོལ་ཚར་འདུག་ཟེར། ངས་ཁོ་མོར་སྔོ་ཚོད་གྲ་སྒྲིག་བྱོས་དང་ཉིན་གུང་རྒྱ་ཁོག་ཟ་ཟེར་ཞོར་ཤུར་སེ་གཞུང་ལས་ཁང་དུ་སོང་། ལམ་བར་དུ་ཆེད་སྒྲིག་ལེ་ཚན་ལེའུ་འགའ་སྒྲིག་སྦྱོར་ཚར་གྲུབ་མེད་པའི་དོན་དེ་ཡིན་ནམ། ཡང་ན་དོན་གཞན་ཞིག་གི་ཆེད་ཡིན་ཞེས་ཡིད་ལ་ཐེ་ཚོམ་རབ་རིབ་ཅིག་སྐྱེས། དེ་ནི2008ལོའི་ཟླ4པའི་ཚེས1ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་པ་དང་ཕྱེད་ཀ་མ་ཟིན་ཙམ་གྱི་སྟེང་རེད།

  གཞུང་ལས་ཁང་རྩེག་བཞི་ཐོག་གི་བར་ཁྱམས་སུ་ཚན་གཙོ་པན་གྲུབ་དང་ཕྲད་ལ་ཁོ་པས་བདག་གི་ཁྱམས་སྒམ་གྱི་ལྡེ་མིག་དེ་ལས་གྲོགས་ཚེ་ཕྱུག་ཐར་གྱི་ལག་ཏུ་ཡོད་ཅེས་བཤད་རྗེས་ཕྱི་རོལ་ཏུ་བུད་སོང་།   འགོ་གཙོའི་གཞུང་ལས་ཁང་དུ་འབྱོར་སྐབས་དེ་རུ་བུད་མེད་གཅིག་དང་སྐྱེས་པ་གསུམ་འདུག ང་མཐོང་བ་དང་སྐྱེས་པ་གཅིག་གིས་ཁོ་མོ་འཇམ་དབྱངས་སྐྱིད་ཨེ་རེད་ཅེས་དྲིས་ཤིང་འགོ་གཙོས་ཡིན་པའི་བརྡ་བསྟན་པ་དང་།   ཁོ་རང་ཡར་ལངས་ཏེ་ང་ཚོ་མཁར་ནུབ་ཡན་ལག་ཉེན་རྟོག་རུ་ཁག་ནས་ཡིན།   དོན་དག་ཅིག་ལ་རྩད་གཅོད་བྱེད་ཀྱི་ཡོད།   ཁྱོད་ང་ཚོ་དང་མཉམ་དུ་འགྲོ་དགོས་ཟེར།   ཁོ་ཚོ་ཚང་མས་ཉེན་རྟོག་པའི་ལས་ཞྭ་ལས་གོས་ཅི་ཡང་གྱོན་མི་འདུག   ངས་ཅི་ཡིན་ཆ་མ་འཚལ་བར་ཁོ་ཚོས་ཅི་བྱེད་བསམ་པ་རེད་ཅེས་འདྲི་ཞོར་ཡིག་ཅོག་སྟེང་གི་ཐམ་ག་དམར་པོ་བརྒྱབ་པའི་ཤོག་ལྷེ་དེ་ལག་ཏུ་བླངས་ནས་བལྟ་ཙམ་བྱས་ཀྱང་ཡིད་བློང་བློང་བོར་གྱུར་ཏེ་དོན་ཀླད་པའི་ནང་ཅི་ཡང་མ་ཤར།   འགོ་གཙོས་ཅི་བཤད་འདི་ཚོར་མ་བྱུང་།  སྐབས་དེར་ངས་དོན་དེ་བཟང་ལྟས་ཤིག་མིན་པ་ཤེས།   ལས་གྲོགས་ལག་གི་ལྡེ་མིག་ལེན་པར་ཁ་གཡར་ནས་ཁ་གཏད་ཀྱི་སྒྲིག་སྦྱོར་གཞུང་ལས་ཁང་དེར་སོང་སྟེ་ལྡེ་མིག་ལེན་ཞོར་ཁྱོ་གར་ཁ་པར་ཞིག་བཏང་ནས་གནས་ཚུལ་དེ་བཤད་མ་ཐག   ཁྱོ་གས་ཉེན་རྟོག་ལས་ཁུངས་གང་ཡིན་གསལ་པོར་དྲིས་བྱུང་།   སྐབས་དེར་ཉེན་རྟོག་པ་གཉིས་བརྒྱུགས་ཡོང་ནས་ཁ་པར་གཏོང་མི་ཆོག   གནས་ཚུལ་དྲིས་ཚར་རྗེས་ཕྱིར་ཡོང་ཆོག་གི་རེད་ཟེར།   ཡིན་ནའང་ངས་ཁྱོ་གར་བུ་མོ་བུ་བཅོལ་ཁང་ནས་ལེན་དགོས་ཚུལ་བཤད་ཀྱིན་ཡོད་ཅེས་ཁ་པར་རྒྱུན་སྐྱོང་ཙམ་བྱས།   དེ་ནས་ང་ལ་ཚིག་གསུམ་བཤད་དབང་དང་གོམ་གསུམ་སྤོ་དབང་མེད་པར་ཁྲིད་དེ་གློག་སྐས་ལས་མར་བབས་ནས་གཞུང་ལས་ཐོག་ཁང་གི་སྒོ་ར་ནང་སླེབས།   དེ་རུ་སྐྱེས་པ་ཞིག་རླངས་འཁོར་ནང་མ་བུད་པར་བསྡད།   མི་དེ་ང་ཚོའི་ལས་ཁུངས་ཀྱི་སྒོ་སྲུང་ཡིན་ས་རེད། ང་འཁྲིད་མཁན་གཙོ་བོ་ཉེན་རྟོག་པ་གཟུགས་བོངས་ཆེན་པོ་དེས་ཁོ་ལ་འོ་བརྒྱལ་ཆེ་ཞུས་རྗེས། སྐྱེས་པ་གཉིས་དང་བུད་མེད་གཅིག་ང་བཅས་ཉེན་རྟོག་པའི་རྟགས་གང་ཡང་མེད་པའི་སང་ཐ་ནའ་རྟགས་ཅན་གྱི་རླངས་འཁོར་དཀྱུས་མ་དེའི་ནང་བསྡད་དེ་ཐད་ཀར་མཁར་ནུབ་ཡན་ལག་ཉེན་རྟོག་རུ་ཁག་ཏུ་སོང་།   རླངས་འཁོར་ལས་ཁོ་ཚོས་གང་བྱུང་དུ་ཁ་བརྡ་བྱས་ཤིང་ང་དང་ངའི་ཁྱིམ་མིའི་གནས་ཚུལ་འདྲ་ཡང་དྲིས་བྱུང་།  
གློག་སྐས་དང་ཐེམ་སྐས་བརྒྱུད་ཐོག་སོ་དགུ་པའི་གཞུང་ལས་ཁང་ཆེན་པོ་ཞིག་གི་ནང་དུ་ཁྲིད།   དེ་ནི་རྒྱལ་ཁབ་ནང་ཁུལ་བདེ་འཇགས་སྲུང་སྐྱོབ་རུ་ཁག(རྒྱལ་ནང་བདེ་སྲུང་རུ་ཁག)གི་གཞུང་ལས་ཁང་རེད།  ང་འབོལ་ཁྲི་ཆ་གཅིག་ཡོད་པ་ལས་གཅིག་གི་སྟེང་འདུག་བཅུག དེ་ནས་ཅུང་མ་འགོར་བར་ཁྱོ་གས་ངའི་ངག་བཀོད་ལྟར་ཞོགས་པའི་ཚོང་ར་ནས་ཉོས་པའི་སྔོ་ཚོད་འགྱིག་ཁུག་གང་ཁྱེར་ནས་ཉེན་རྟོག་ཁང་དུ་སླེབས་སོང་།   སླེབས་པ་དང་ཁོ་ཚོར་ང་བཀག་བསྐྱིལ་བྱས་པའི་རྒྱུ་མཚན་དྲིས།  ང་ཚོ་ཕན་ཚུན་སྐད་ཆ་བཤད་པར་ཁོ་ཚོས་བཀག་འགོག་བྱས།   ཡུན་རིང་མ་འགོར་བར་ཁོ་གཞུང་ལས་ཁང་དེ་རུ་སྡོད་མ་བཅུག་པར་སྒོར་ཕུད།   འགྲོ་ཁར་ངས་ཁོ་ལ་ཁྱོད་ཀྱིས་སེམས་ཁྲལ་གཏན་ནས་བྱེད་མི་དགོས།   ངས་མི་མ་བསད་མེ་མ་བཏང་།   ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མེད།  ཁྱོད་རང་ཁྱིམ་དུ་ལོག་ནས་ཉིན་གུང་ཁ་ལག་བཟོས་དང་ང་མགྱོགས་པོར་སླེབས་ཡོང་ཞེས་ཁ་ཕོ་བཤད་པ་ཡིན།   དེ་ནི་ངའི་དྲན་ཚུལ་ངོ་མའང་ཡིན།   དེར་འབྱོར་རྗེས་ཀྱི་དུས་ཚོད་ཐུང་ཐུང་ནང་དུ་གྲོགས་པོ་རེ་གཉིས་ཀྱིས་ངའི་གནས་ཚུལ་འདྲི་བའི་ཁ་པར་འབྱོར་ཡང་རང་དབང་ལ་མ་ཡོང་བས་ཁ་པར་གཅིག་ལ་མ་གཏོགས་ལན་སློག་མ་ཐུབ།  
   ཉིན་དེའི་ཆུ་ཚོད་བཅུ་གཅིག་པ་ནས་བཟུང་འདྲི་གཅོད་ཀྱི་མགོ་བརྩམས་སོང་།   ཐོག་མར་ཁོ་ཚོས་ང་བཀག་བསྐྱིལ་བྱེད་དོན་པེ་ཅིན་ནས་ཁོ་ཚོར་བཀའ་བབས་པས་ཡིན་ལ།  གཙོ་བོ་ངས་ལྷ་སའི་དོན་རྐྱེན་གྱི་གནས་ཚུལ་དང་།   ནུབ་བྱང་སློབ་ཆེན་གྱི་སློབ་མས་ཁྲོམ་སྐོར།   བོད་ཁམས་སུ་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་བྱུང་ཚུལ་གཞན་ལ་ཁ་པར་བཏང་སོང་།   དེ་ཚང་མ་ཁྲིམས་འགལ་ཡིན་ཟེར།   ཡིན་ནའང་དོན་དག་དེ་བྱུང་ནས་ཟླ་ཕྱེད་ཙམ་ཕྱིན་ཚར་བས།   ངའི་བློ་ལ་ཁ་པར་བཏང་བའི་དོན་ཞིག་གསལ་པོར་མི་དྲན་པས་ཁས་ལེན་བྱེད་ཐབས་བྲལ།   མི་གསུམ་བཞི་ཙམ་གྱིས་དོན་དག་དེ་ཡང་འདྲི་བསྐྱར་འདྲི་བྱས་མཐར་ཉིན་གུང་སྔ་མོ་ནས་ཡོལ་སོང་།   ཡུལ་ལ་འགྲོ་འདོད་ཀྱི་སེམས་པ་འགོག་ཐབས་བྲལ་ནའང་རང་གིས་མ་བྱས་པའི་དོན་ཞིག་ཁས་ལེན་ག་ལ་ཉན་སྙམ།   ཁོ་ཚོས་དོན་དེ་བརྒྱ་འདྲི་སྟོང་འདྲི་བྱས་ཀྱང་ང་ལ་བཤད་རྒྱུ་མེད་སོང་བས།   ལི་ཞའོ་ཕིང་ཟེར་བའི་ཉེན་རྟོག་པ་དེས་ཁ་པར་ཨང་གྲངས་ཤིག་གི་ཨང་ཀི་ཐོག་མ་གསུམ་པོ་དེ་ང་ལ་བཤད་སོང་།   ཁོ་པ་ནི་ང་བཀག་བསྐྱིལ་བྱས་དུས་ཀྱི་རྒྱལ་ནང་བདེ་སྲུང་རུ་ཁག་གི་འདྲི་གཅོད་ལས་འཁུར་པ་གཙོ་བོ་དང་།   ང་རང་ལས་ཁུངས་ནས་འཁྲིད་མཁན་ནང་གི་གཙོ་བོ་དེ་རེད།   བུད་མེད་ཉེན་རྟོག་པ་དེའི་རུས་ཀྱང་ལི་རེད།   ཉེན་རྟོག་པ་གཞན་པ་དེ་ཧུའུ་ཐའེ་མངག་གཏོང་ཁང་ནས་རེད།   གཞན་ཐེངས་དེའི་འདྲི་གཅོད་ཁྲོད་རུས་ཝང་ཅན་གྱི་རུ་གཙོ་ཞིག་དང་རུས་མིང་མི་ཤེས་པའི་སྐྱེས་པ་ཉེན་རྟོག་པ་རྒན་གཞོན་གཉིས་ཀྱང་འདུག   

ལི་ཞའོ་ཕིང་གིས་དྲིས་པའི་ཨང་གྲངས་དེ་ནི་ང་རང་ལ་ཧ་ཅང་ཆ་རྒྱུས་ཡོད་པ་ཞིག་ཡིན་པར་མ་ཟད། ངའི་ཁ་པར་ཨང་དེབ་ཏུ་ཨང་གྲངས་དེ་འདྲ་གཅིག་མ་གཏོགས་མེད། ངས་ཁ་པར་བཏང་བ་མི་དྲན་པར་འཕྲིན་ཐུང་བསྐུར་པའི་གནས་ཚུལ་དེ་ཁོ་ཚོར་བཤད་ལ། འཕྲིན་ཐུང་དེ་བདག་གི་ཨང་དེབ་ལས་གང་བྱུང་དུ་བསྐུར་པ་གླེང་རྗེས། ཁོ་ཚོས་དེ་མ་ཐག་ངའི་འཁུར་ཁུག་ནང་གི་ཨང་དེབ་སྤྲོད་ཅིག་ཟེར་ནས་སྔོག་རྩིས་བྱས། ངས་ཨང་དེབ་དེ་བླངས་ནས་ལི་ཞའོ་ཕིང་ལ་སྤྲད་པ་ན། ཁོས་ཁ་པར་ཨང་གྲངས་དེ་བཙལ་འགོ་བརྩམས། ཅུང་མ་འགོར་བར་གོང་རིམ་ནས་ཁོ་ཚོར་སྤྲད་པའི་འོད་ཟེར་གྱི་ཁ་པར་ཨང་གྲངས་དང་ངའི་ཨང་དེབ་སྟེང་གི་གྲངས་ཀ་དེ་གཉིས་ཐོད་གཏུགས་རྗེས། ཁྱོད་རང་གིས་ཨང་གྲངས་བཙལ་ནས་ང་ཚོར་དྲང་མོར་བཤད་དགོས་ཟེར་བཞིན་ཨང་དེབ་དེ་ངའི་ལག་ཏུ་བཞག དེ་ནས་ངས་ཨང་གྲངས་དེ་བཙལ་ཙམ་བྱས་རྗེས་དེ་ནི་འོད་ཟེར་ལགས་ཀྱི་ཁ་པར་ཡིན་ཚུལ་བཤད། ཁོ་ཚོས་པེ་ཅིན་དུ་ད་དུང་གྲོགས་པོ་དང་བཟང་ས་ཡོད་མེད་དྲིས། ངས་རང་གི་བུ་མོས་པེ་ཅིན་གྱི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དབྱིན་ཡིག་སློབ་ཀྱིན་ཡོད་ཚུལ་བཤད་པ་དང་། ཁོ་ཚོས་དེ་མུར་བུ་མོའི་སློབ་གྲྭའི་མིང་དང་ཁ་པར་དྲིས་བྱུང་བ་ལ་དེའང་ཇི་བཞིན་བཤད་པ་ཡིན། དོན་དངོས་སུ་བུ་མོའི་ལོ་ཚོད་དང་ཁྱོ་གའི་མིང་། ད་དུང་བུ་མོ་ཆུང་བ་སོགས་ཀྱི་གནས་ཚུལ་སྔ་མོ་ནས་ཤེས་འདུག མི་རེ་རེའི་མིང་ནས་བཟུང་སྟེ་འདོན་སྐབས་ང་རང་ཡ་མཚར་སོང་། སྐབས་ཤིག་ལ་རུས་ལི་ཅན་གྱི་བུད་མེད་ཉེན་རྟོག་པ་དེ་ཕྱི་རོལ་ཏུ་སོང་ནས་མགྱོགས་ཐུག(方便面)འགའ་ཉོས་ཡོང་ཞིང་ངས་ཉིན་གུང་ཁ་ལག་ཟ་ཁུལ་བྱས་པ་ཡིན།

ཕྱི་དྲོར་ཁོ་ཚོས་མུ་མཐུད་དུ་འཕྲིན་ཐུང་དེ་བསྐུར་པའི་རྒྱུ་མཚན་དྲིས།   ངས་རང་ལ་གར་ཡོང་ཆ་མེད་ཀྱི་འཕྲིན་ཐུང་ཞིག་འབྱོར་ཚུལ་དང་འཕྲིན་ཐུང་དེའི་གཤམ་དུ་གཞན་ལ་སྐུར་དགོས་ཚུལ་བྲིས་འདུག   དེ་བས་བདག་གི་སེམས་སུ་གཞན་ལ་མ་བསྐུར་པ་ཡིན་ན།   རང་ལ་བགེགས་བར་ཆད་ཡོང་གིས་དོགས་ཏེ་འཕྲིན་ཐུང་དེ་བསྐུར་པ་ཡིན།   རྒྱུ་མཚན་གང་ཡིན་ཟེར་ན།   སྔོན་ཆད་ཀྱང་གར་ཡོང་ཆ་མེད་ཀྱི་འཕྲིན་ཡིག་འབྱོར་མྱོང་ལ་གལ་སྲིད་དེ་གཞན་ལ་མ་བསྐུར་པ་ཡིན་ན།   རང་དང་ཁྱིམ་མི་ལ་བཀྲ་མི་ཤིས་པ་འབྱུང་ཟེར་བའི་བག་ཆགས་ཤིག་སྔ་མོ་ནས་བཞག་འདུག་པས་ཞེད་སྣང་དེས་བསྐུལ་ཏེ་བསྐུར་པ་ཡིན་ཞེས་བཤད།   ཉེན་རྟོག་པས་སྐྲག་སྣང་ཁོ་ན་ཙམ་ཡིན་ནམ་ཞེས་དྲིས།   བདག་གིས་ཡིན་ཞེས་ལན་བསློགས།   ཁྱོད་ཀྱིས་འཕྲིན་ཐུང་དེ་རིགས་བསྐུར་ན་ཁྲིམས་འགལ་ཡིན་པ་མི་ཤེས་སམ།  བརྙན་འཕྲིན་དང་ཚགས་པར་སོགས་སུ་ལྷ་ས་རུ་བོད་པ་སྐོར་ཞིག་གིས་རྡུང་གཅོག་འཕྲོག་སྲེག་གི་གདུག་རྩུབ་ཀྱི་སྦྱོར་བ་བརྩམས་པ་མ་མཐོང་ངམ་ཞེས་དྲིས།   ངས་ང་བརྙན་འཕྲིན་ལ་བལྟ་རྒྱུར་ཧ་ཅང་མི་དགའ།   ཡང་གཅིག་བཤད་ན།   ངས་འཕྲིན་ཐུང་བསྐུར་པའི་ཉི་མ་དེ་ནི་ཟླ3པའི་ཚེས16ཉིན་ཡིན་པས་སྐབས་དེར་བརྙན་འཕྲིན་དང་ཚགས་པར་སོགས་སུ་དོན་རྐྱེན་དེའི་སྐོར་དྲིལ་བསྒྲགས་གང་ཡང་བྱེད་ཀྱིན་མེད་པས་ཚབས་དེ་འདྲ་ཇེ་ཆེར་འགྲོ་འདོད་མེད།   གང་ཡིན་ཟེར་ན།   དོན་དག་དེའི་རིགས་བོད་ཁམས་གཅིག་པུ་མ་ཡིན་པར89ལོར་པེ་ཅིན་དུ་བྱུང་མྱོང་ལ།   ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་དོན་རྐྱེན་ཡང་བྱུང་མྱོང་བ་རེད་ཅེས་བཤད་མ་ཐག   བལྟས་ཡོང་ན་ཁྱོད་ཀྱིས་ཆབ་སྲིད་ལ་དོ་སྣང་བྱེད་ཀྱི་ཡོད་པ་མ་ཡིན་ནམ་ཟེར།   དེར་མཐུད་ནས་ངས་ལྷ་སའི་དོན་རྐྱེན་དེCCTV-1ནས་ཐོག་དང་པོར་མཐོང་སྐབས་ཟླ3པའི་ཚེས22ཙམ་ལ་སླེབས་འདུག གཟའ་འཁོར་དེར་ང་རང་གསར་འགྱུར་སྒྲིག་སྦྱོར་གྱི་ལས་རེས་ཡིན། ཕྱི་ཉིན་དགོང་མོརCCTV-1སྟེང་གི་ལྷ་སའི་དོན་རྐྱེན་གྱི་གསར་འགྱུར་དེ་སྒྲིག་སྦྱོར་བྱེད་དགོས་པ་གོང་རིམ་ནས་བོད་སྐད་ལྟེ་གནས་ལ་བརྡ་བཏང་།   ཡིན་ནའང་འགོ་ཁྲིད་ཀྱིས་ང་ལ་སྐད་བཏང་མ་སོང་།   དེ་ཕལ་ཆེར་ང་ནད་པ་ཡིན་པར་ལྟ་སྐྱོང་བྱས་པ་ཡིན་ལས་ཆེ།   ལས་གྲོགས་ཚོས་ལྷ་སའི་དོན་རྐྱེན་གྱི་གསར་འགྱུར་སྒྲིག་སྦྱོར་བྱས་ནས་ནམ་གུང་ཡོལ་སོང་ཞེས་ཁོ་ཚོས་ང་ལ་བཤད་ཅེས་པར།   ཉེན་རྟོག་པས་ལྷ་ས་སོགས་ཀྱི་གསར་ལམ་དུ་དོན་རྐྱེན་དེ་སྔ་མོ་ནས་དྲིལ་བསྒྲགས་བྱས་ཟིན།   ཁྱོད་རང་གསར་འགྱུར་གྱི་བྱ་བ་བྱེད་མཁན་ཞིག་གིས་གསར་འགྱུར་ལ་མི་བལྟ་བའི་རྒྱུ་མཚན་ཅི་ཡིན།   ད་སྐབས་སློབ་གྲྭ་སོ་སོའི་དགེ་རྒན་རྣམས་ཀྱིས་ཀྱང་སློབ་ཕྲུག་དག་ལ་དགོང་མོ་ཐོག་མར་ཀྲུང་དབང་གི་གསར་འགྱུར་མཉམ་བསྒྲགས་ལ་བལྟས་རྗེས།   ད་གཟོད་ལས་བྱ་འབྲི་དགོས་ཚུལ་བཤད་ཀྱིན་འདུག་པ་རེད་ཟེར།   ང་གསར་འགྱུར་ལ་མི་དགའ་བའི་རྒྱུ་མཚན་ནི།   ང་རང་གསར་འགྱུར་གྱི་བྱ་བ་བྱེད་མཁན་ཞིག་ཡིན་པས་རྒྱུན་དུ་བརྙན་འཕྲིན་ལ་འབྲེལ་འདྲིས་ཆེ་བའི་རྐྱེན་ཡིན་གྱི་རེད་ཅེས་བཤད།   

དེ་ནས་ཁོ་ཚོས་འཕྲིན་ཐུང་དེ་སུས་ང་ལ་བསྐུར་ཚུལ་ཡང་འདྲི་བསྐྱར་འདྲི་བྱས། ངས་ལན་དུ་ང་རང་བོད་ཀྱི་གླུ་མ་ཞིག་ཡིན་ལ། ངའི་ཁ་པར་དང་གློག་རྡུལ་ཡིག་སྒམ་གྱི་ཁ་བྱང་གསང་མེད་དུ་འོད་སྡེར་དང་སྒྲ་ཐག་སོགས་ཀྱི་སྟེང་བཀོད་ཡོད་པས། མི་གཞན་གྱིས་ངའི་ཁ་པར་ཤེས་པ་ནི་ཧ་ཅང་རྒྱུན་ལྡན་རེད། ཁ་པར་དང་འཕྲིན་ཐུང་རྒྱུན་དུ་འབྱོར་ལ་འཕྲིན་ཐུང་སྐུར་མཁན་གྱི་ཁ་པར་ཨང་གྲངས་གང་ཡིན་འདི་ཡིན་ལ་ཁ་ཡ་བྱེད་ཀྱི་མེད་ཅེས་བཤད། དེ་ནས་ཁོ་ཚོས་ངས་མི་ག་ཚོད་ལ་འཕྲིན་ཐུང་བསྐུར་ཚུལ་དྲིས། ངས་རང་གི་ཁ་པར་ཨང་དེབ་ལས་གང་འདོད་དུ་མི་གསུམ་བཞི་ཙམ་ལ་བསྐུར་ཚུལ་ལབ་པ་ན། ཁོ་ཚོས་མི་སུ་སུ་ཡིན་པ་རེ་རེ་བཞིན་དྲང་མོར་བཤད་དགོས་ཟེར། ཡིན་ནའང་ངས་གཏན་ནས་བཤད་ཐབས་བྲལ། ཡུན་རིང་བོར་ནན་འདྲི་བྱས་མཐར། ང་ཐབས་ཟད་འུ་ཐུག་སྟེ་གལ་ཏེ་ཁྱོད་ཚོས་སྦྲག་ཁང་ནས་འོད་ཟེར་གྱི་ཁ་པར་ཨང་གྲངས་ལྟར་འཕྲིན་ཐུང་བསྐུར་ཡུལ་གྱི་ཁ་པར་ཨང་ཡིག་དཔར་ཡོང་ན་ངས་རང་གིས་བསྐུར་པའི་ཁ་པར་རྣམས་ཁས་ལེན་ངེས་ཡིན། དེ་མ་གཏོགས་ཁས་ལེན་བྱེད་དཀའ། རྒྱུ་མཚན་ངས་མི་སུ་དང་གང་ལ་བསྐུར་པ་བརྗེད་ཚར་འདུག གང་འདོད་དུ་བཤད་ན་མི་གཞན་ལ་གནོད་པ་བསྐྱལ་ངེས་རེད། ངས་དེ་ལྟར་གཏན་ནས་བྱེད་མི་ཉན་ཞེས་བཤད་པ་ཡིན། ཁོ་ཚོས་འོ་ན། ཁྱོད་ཀྱི་འཕྲིན་ཐུང་གི་ནང་དོན་ཅི་ཡིན་གསལ་པོར་ཤོད། གང་ལྟར་ང་ཚོས་སྦྲག་ཁང་ནས་པར་བཤུ་བྱས་ཡོང་ཡོད། འཕྲིན་ཐུང་སུ་ལ་བསྐུར་མིན་དང་འཕྲིན་ཐུང་གི་ནང་དོན་ཚང་མ་གསལ་པོར་ཤེས་ཡོད། གཙོ་བོ་ཁྱོད་རང་གི་རྣམ་འགྱུར་དྲང་མིན་དང་རང་སྐྱོན་ངོས་ལེན་བྱེད་མིན་ལ་ལྟ་ཡི་ཡོད་ཅེས་བཤད། ངས་འཕྲིན་ཐུང་བསྐུར་པའི་ཁ་པར་གྱི་ཨང་གྲངས་གསལ་པོར་ཡིད་ལ་མི་དྲན། རྒྱུ་མཚན་ཉི་མ་དེ་ཚོར་ངས་ཁང་པར་རྒྱན་བཟོ་བྱེད་སྒང་ཡིན་པས་འཕྲིན་ཐུང་དེ་སྐུར་སྐབས“བྱང་རི་ཚོང་ར”ན་ཚོང་རྒྱག་པའི་གཞུང་ཡིན་ཞེས་ལབ་པ་ཡིན། ཁྱོད་ཀྱི་ཡིད་འཛིན་དེ་འདྲ་བཟང་བས་ཉི་མ་ཁ་ཤས་སྔོན་གྱི་དོན་དག་ཅིག་བརྗེད་པ་དཔེ་སྲིད་རྒྱུ་མ་རེད་ཟེར། དེའི་ལན་དུ་ལོ་བརྒྱད་ཙམ་གྱི་སྔོན་ལ་ངའི་བུ་མོ་གཡང་འཛོམས་བཟང་མོར་འགྲིམ་འགྲུལ་ཆག་སྒོ་བྱུང་ཞིང་དེས་ངའི་ཡིད་འཛིན་ལ་སྐྱོན་ཞུགས་ཡོད་ཚུལ་བརྗོད། ཆག་སྒོ་དེ་ཉེན་རྟོག་པ་ཁ་ཤས་ཀྱིས་གོ་ཐོས་བྱུང་འདུག ཡིན་ནའང་ཁོ་ཚོས་དེར་དོ་སྣང་གང་ཡང་མི་བྱེད་པར་མུ་མཐུད་དུ་དོན་ཆུང་དོན་ཆེན་དུ་སྒྲོ་བཏགས་ནས་ཉེན་རྟོག་པ་གཉིས་གསུམ་གྱིས་རེས་མོས་སུ་གོང་གི་དོན་དག་རྣམས་བསྐྱར་ཟློས་ཡང་ཟློས་ཀྱིས་རྫོགས་པ་མེད་པར་དྲིས་པས། ང་བཟོད་བསྲན་དཀའ་བའི་གནས་སུ་ལྷུང་། དེ་བས་ངས་འཕྲིན་ཐུང་ནང་བོད་ཁུལ་དུ་དོན་རྐྱེན་བྱུང་བའི་ཁྲོད། དམག་དང་མང་ཚོགས་བར་འགལ་རྩོད་བྱུང་སྟེ་བོད་མིའི་ཚེ་སྲོག་ཤོར་བའི་དོན་དག་བྲིས་འདུག་ཅེས་སྐྲག་ཅིང་འཇིགས་བཞིན་དོན་དེ་རགས་རིམ་ཙམ་བཤད་པ་ཡིན། བོད་མི་ཤི་བའི་གྲངས་ཀ་ག་ཚོད་བྲིས་འདུག་ཅེས་དྲིས་བྱུང་། དེ་ངས་ཡིད་ལ་གསལ་པོར་མི་དྲན་ཞེས་བཤད། ཁོ་ཚོས་ད་དུང་ཟླ་གསུམ་པའི་ནང་ང་ས་གཞན་དུ་སོང་མིན་དང་། ས་གཞན་དུ་ཁ་པར་བཏང་མིན་སོགས་དྲིས། མནར་གཅོད་ཀྱི་གོ་རིམ་ཞིག་

(2)

བདག་ལ་ལྷ་ས་རུ་ཚ་མོ་ཞིག་ཡོད་པ་དེར་ཐོབ་ཐང་ལག་འཁྱེར་མེད་པས་ཉེན་རྟོག་པས་འཛིན་པར་དོགས་ནས། ཁྱིམ་ཐོའི་སྟེང་གི་ཐོབ་ཐང་ལག་འཁྱེར་གྱི་གྲངས་ཀ་དགོས་མཁོ་ཆེ་བས་ང་ལ་ཁ་པར་ཐེངས་རེ་གཉིས་བཏང་ཡོང་། ཁོ་མོས་སྐད་ཆ་ཅི་ཞིག་བཤད་སོང་ཟེར། མོས་ལྷ་ས་ནས་བྱུང་བའི་དོན་རྐྱེན་ཧ་ཅང་འཇིགས་པོ་རེད། རྒྱ་མི་དང་ཁ་ཆེའི་ཚོང་པ་སོགས་ཀྱིས་བོད་པ་གསོད་རྒྱུ་ཟེར་ནས་ཁོ་ཚོ་ལྷ་ས་གྲོང་ཁྱེར་གྱི་ནང་མ་ཁང་དུ་སྡོད་མ་ཐུབ་པར་མཁར་འདབས་ཀྱི་གྲོང་གསེབ་ཏུ་བསྐུངས་བསྡད་ཡོད། ཉེན་རྟོག་པས་དུས་ངེས་མེད་དུ་ཁྱིམ་གློང་རྒྱག (ཁྱིམ་ལ་སྔོག་བཤེར)གིན་འདུག་ཅིང་། མདང་དགོང་ཁོ་མོ་གསང་སྤྱོད་དུ་སྦས་པ་མིན་ན་འཇུ་བཟུང་བྱས་སོང་། ཐོབ་ཐང་ལག་འཁྱེར་མེད་པའི་བོད་པ་འཛིན་བཟུང་བྱས་རྗེས་བཀག་བསྐྱིལ་བྱས་ནས་གཏོང་གི་མེད་པ་རེད་ཅེས་ཚ་མོའི་སྐད་ཆ་རྣམས་དྲང་མོར་བཤད། དེ་རྗེས་སུ་འོད་ཟེར་ལགས་ཇི་ལྟར་ངོ་ཤེས་ཚུལ་དང་། ངེད་གཉིས་དངོས་སུ་ངོ་འཕྲད་ཡོད་མེད། མོའི་ཕ་ཡུལ་དང་། ལོ་ཚོད། ལས་ཀ་གང་ཡིན་པ། ད་ལྟ་གང་དུ་འཚོ་སྡོད་བྱས་ཡོད་ཚུལ། ཁོ་མོའི་ལྟ་བ་ཅི་ཡིན། ངས་ཁོ་མོར་རྩོམ་ཡིག་བསྐུར་མྱོང་མིན། ང་ཚོ་ཕན་ཚུན་བར་ཁ་བརྡ་ཅི་བྱས། རྟག་པར་འབྲེལ་འདྲིས་བྱེད་ཀྱིན་ཡོད་མེད་སོགས་གང་འདོད་དུ་དྲིས། ངས་དང་ཐོག་མོ་རང་བོད་མིའི་རིག་གནས་པའི་དྲ་ཚིགས་སུ་ངོ་ཤེས་པ་ཡིན་ལ། རྗེས་སུ་མོའི་ཁྱོ་ག་ཐེངས་གཉིས་དང་མོ་རང་ཐེངས་གཅིག་ལ་ངེད་ཁྱིམ་དུ་ཡོང་མྱོང་བ། ཁོ་མོའི་ཕ་ཡུལ་སྡེ་དགེ་ནས་ཡིན་ཞིང་། ལྷ་ས་ནས་འཚར་ལོངས་བྱུང་ཚུལ། ལོ་ཕལ་ཆེར་ང་དང་ན་མཉམ་ཡིན་ཚུལ་དང་། མོའི་ཆེད་ལས་སྙན་ངག་འབྲི་རྒྱུ་དེ་ཡིན་པ། ང་ཚོས་ཁ་བརྡ་ཁྱད་པར་ཅན་བྱས་པ་མི་དྲན་ཡང་། མོས་ཕ་ཡུལ་སྡེ་དགེ་རུ་རྩྭ་ས་རྩོད་གླེང་ཁྲོད་དུ་བོད་མིའི་ཚེ་སྲོག་འཕྲོ་བརླག་ཏུ་ཤོར་བའི་དོན་ཞིག་གླེང་གིན་འདུག ཁོ་མོ་ཝང་ལི་ཞུང་དང་གཉེན་བསྒྲིགས་རྗེས་ད་ལྟ་པེ་ཅིན་དུ་འཚོ་སྡོད་བྱས་ཡོད་ཚུལ་སོགས་བཤད། ཡང་འོད་ཟེར་ལགས་ཀྱིས་སྔོན་ཆད་ལས་ཀ་གང་བྱས་མྱོང་བ་དང་། ད་ལྟ་ལྷ་སར་འགྲོ་ཡི་ཡོད་མེད། ཕྱི་རྒྱལ་དུ་སོང་མྱོང་མིན། ད་དུང་མོས་དཔེ་ཆ་དང་རྩོམ་ཡིག་གང་དག་བྲིས་པ། ངས་བལྟས་མྱོང་མིན་སོགས་དྲིས། མོའི་སྔོན་ཆད་ཀྱི་དོན་དག་ངས་གསལ་པོར་མི་ཤེས། ཕལ་ཆེར་དུས་དེབ་ཁང་ཞིག་གི་རྩོམ་སྒྲིག་པ་ཡིན་པ་འདྲ། ལྷ་སར་ལན་རེར་འགྲོ་ཡི་ཡོད་པ་རེད། ཕྱི་བགྲོད་ལམ་ཡིག་མ་རག་པས་ཕྱི་རྒྱལ་དུ་སོང་མྱོང་མེད་པ་རེད། རྩོམ་ཡིག་མང་ཆེ་བ་སྙན་ངག་རེད། ངའི་ཆུ་ཚད་ཞན་པས་ཧ་མི་གོ་ཞེས་བཤད་པ་ན། ངའི་སྐད་ཆ་དེར་ཡིད་མ་ཆེས་པར་འོད་ཟེར་གྱི་རྩོམ་ཡིག་གི་ནང་དོན་ཅི་རེད་ཅེས་བསྐྱར་འདྲི་ཡང་ཡང་བྱས་སོང་། གཞན་ད་དུང་། ང་དང་ཁྱོ་ག་པེ་ཅིན་དུ་སོང་མྱོང་མིན་དང་། པེ་ཅིན་དུ་འོད་ཟེར་བཟའ་ཟླ་གཉིས་ལ་འབྲེལ་འདྲིས་དང་ཁོ་ཚོའི་ཁྱིམ་ལ་སོང་མིན་སོགས་ཀྱང་དྲིས་བྱུང་། ངས་པེ་ཅིན་དུ་སོང་ཡང་ཁོ་ཚོར་འབྲེལ་འདྲིས་བྱས་མྱོང་མེད་ཚུལ་ལབ་པ་ན། ཅི་ཞིག་ལ་འབྲེལ་འདྲིས་མི་བྱེད་པའི་རྒྱུ་མཚན་ཡང་དྲིས་སོང་། འོད་ཟེར་གྱི་གནས་ཚུལ་དྲིས་ཚར་རྗེས་མོའི་ཁྱོ་ག་ཝང་ལི་ཞུང་མི་རིགས་གང་ཡིན་པ་དང་ལས་ཀ་དང་སྡོད་ཡུལ། བརྩམས་ཆོས་དང་ལྟ་བ། ང་ཚོ་ཕན་ཚུན་བར་ཁ་བརྡ་གང་ཅི་བྱས་ཚུལ། ཟི་ལིང་དུ་མི་གཞན་ལ་འབྲེལ་འདྲིས་བྱས་མིན། ས་ཆ་གང་དག་ཏུ་སོང་མིན་དང་འགྲོ་རོགས་གཞན་ཡོད་མེད་སོགས་དྲིས། ངས་ཁོ་རང་ནི་རྒྱ་མི་མཁས་པ་གྲགས་ཆེན་ཞིག་ཡིན་ལ། སྡོད་ཡུལ་པེ་ཅིན། ལས་ཀ་རྩོམ་འབྲི། བརྩམས་ཆོས་བོད་དོན་སྐོར་གྱི་རྩོམ་ཡིག་དང་ཡུ་གུར་རིགས་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་ཀྱང་རེ་གཉིས་བྲིས་འདུག་ཟེར་བ་ཐོས་མྱོང་། ཐོས་མྱོང་ཞེས་པའི་སྐད་ཆ་དེར་ངེས་པར་དུ་གཞི་འཛིན་ས་དགོས། དེ་བས་ངས་དེ་ཕལ་ཆེར་དགེ་རྒན་ཝང་ལགས་ཀྱིས་གླེང་བ་ཡིན་ལས་ཆེ་ཞེས་བཤད་པ་ཡིན། འགྲོ་རོགས་ཐོག་དང་པོར་ཁ་ལོ་པ་ཞིག་རེད། ཁོ་གཉིས་མགྲོན་ཁང་དུ་བསྡད། ཐེངས་གཉིས་པར་ཁོའི་ཆུང་མ་འོད་ཟེར་ལགས་དང་ཁོ་གཉིས་ཡུལ་ཤུལ་གྱི་རྟ་རྒྱུག་འགྲན་ཚོགས་སུ་འགྲོ་སྐབས་ཟི་ལིང་བརྒྱུད་ངེད་ཁྱིམ་དུ་ཉི་མ་གསུམ་ཙམ་བསྡད། སྡོད་རིང་ལ་སྐུ་འབུམ་དང་རེབ་གོང་དུ་སོང་། ཁོ་ཚོར་ཁོམ་ལོང་མེད་པས། ཁ་བརྡ་མང་པོ་བྱེད་ཐུབ་མ་སོང་ཞེས་བཤད་ཀྱང་ཁོ་ཚོ་ཡིད་མ་ཆེས་པར་ནན་འདྲི་བྱས་པར་ངས། དགེ་རྒན་ཝང་གིས་རྒྱ་མི་དང་བོད་མིའི་ཚོང་ལས་གཉེར་སྟངས་མི་འདྲ་བའི་ཁྱད་པར་དང་། རྒྱ་མིའི་མིག་ནང་དུ་བོད་མིའི་སྣང་བརྙན་ལ་གས་ཀ་ཤོར་བཞིན་པའི་གཏམ་རྒྱུད་ཅིག་ཀྱང་གླེང་སོང་ཞེས་བཤད་པ་ཡིན། ཁོ་ཚོས་དགེ་རྒན་ཝང་གིས་བོད་དོན་སྐོར་གྱི་རྩོམ་ཡིག་གང་དག་བྲིས་མིན་དང་། ངས་བལྟས་མྱོང་མིན་དྲིས། བདག་གིས《བྱ་གཏོར། བོད་ཀྱི་ལས་དབང》ཞེས་པའི་དཔེ་ཆ་ཞིག་དང་། ཡང་བོད་སྤྱི་ཚོགས་སྟེང་གི་སྣང་ཚུལ་མི་ལེགས་པ་འབྲི་ཡི་ཡོད་པ་རེད། ཡིན་ནའང་ངས་དཔེ་ཆ་དེར་བལྟས་མྱོང་མེད་ལུགས་བརྗོད། ཁོ་ཚོས་དཔེ་ཆ་གཅིག་ལ་བལྟས་པ་ཤེས་རྗེས། དེ་གང་ནས་ཁྱེར་ཡོང་བ་དང་། སུས་ངོས་སྦྱོར་བྱས་པ། ལྟ་འདོད་ཀྱི་འདུན་པ་ཇི་ལྟར་སྐྱེས་པ། བལྟས་ཚར་རྗེས་མྱོང་ཚོར་ཅི་ཞིག་ཐེབས་ཚུལ། རང་ཉིད་ལས་གཞན་སུ་ཡིས་བལྟས་མྱོང་བ། ད་ལྟ་དཔེ་ཆ་དེ་གང་དུ་ཡོད་པ་སོགས་ཕ་འདྲི་ཕུགས་འདྲི་བྱེད་ངེས། འོ་ན་ཁྱོད་ཀྱིས་དཔེ་ཆ་དེ་འདྲ་ཞིག་ཡོད་པ་ཇི་ལྟར་ཤེས་པ་ཡིན་ཟེར། ངས་དེ་ང་བལ་ཡུལ་ནས་སྡོད་སྐབས་དགེ་རྒན་ཝང་གི་དཔེ་ཆ་དེར་དཔྱད་བརྗོད་བྱེད་པའི་དཔེ་ཆ་ཞིག་མཐོང་སྟེ་ཤེས་པ་ཡིན་ཞེས་བཤད་པ་ན། དཔེ་ཆ་དེའི་མིང་ལ་ཅི་ཞིག་ཟེར་ཞེས་དྲིས་པར། ངས་དེའི་མིང་ལ《སླར་བོད་དུ་ལོག་པ》ཟེར་ཞེས་བཤད། འོ་ན་རྩོམ་ཡིག་གཞན་དག་གང་དུ་མཐོང་བ་ཡིན་ཞེས་དྲིས། ངས་འོད་ཟེར་གྱི་ཟིན་བྲིས་སུ་མཐོང་བ་ཡིན་ཞེས་པ་ན། འོད་ཟེར་གྱི་ཟིན་བྲིས་གང་དུ་འདུག་ཅེས་དྲིས། ངས་བོད་མིའི་རིག་གནས་པའི་དྲ་ཚིགས་སུ་ཁོ་མོར་ཟིན་བྲིས་ཡོད་པ་རེད་ཅེས་བཤད། དྲ་བ་དེ་སུས་བསྒྲུབས་པ་རེད་ཟེར། ངས་དེ་སྒྲུབ་མཁན་ལན་གྲུ་ནས་ཡིན་པ་འདྲ་ཞེས་བཤད། ཁྱོད་ཚོའི་ལྟ་བ་དང་བསམ་ཚུལ་འདྲ་མཚུངས་ཡིན་གཤིས་ངན་པ་ཁྱུ་འདྲེས་བྱུང་བ་རེད་ཟེར་ནས་ཁོ་ཚོས་ཚིག་ཐོག་ཚིག་གིས་མནན། འདྲི་གཅོད་བྱེད་མཁན་གྱི་མི་སྣ་མི་འདྲ་བ་རེ་རེ་ནས་དོན་དག་གཅིག་ཐེངས་མང་དྲིས་ཤིང་སྙིང་པོ་སྤུ་ཙམ་མེད་ནའང་། དོན་དག་བཤད་ཁུལ་གྱིས་ཉི་མ་འཁྱོལ་ཐབས་བྱས་པ་ཡིན། གཞན་ད་དུང་ཉེན་རྟོག་པ་ལི་ཞའོ་ཕིང་གིས་བོད་པ་གསུམ་ཙམ་གྱི་མིང་ནས་བཟུང་སྟེ་ངས་ངོ་ཤེས་མིན་དྲིས་ཤིང་། དེའི་ཁྲོད་ཀྱི་བོད་པ་ཞིག་གི་མིང་ལ་དཀོན་མཆོགxxཟེར། བོད་པ་དེ་ཚོ་ཁོ་ཚོས་འཇུ་བཟུང་བྱེད་འཆར་ཡོད་པའི་མི་སྣ་གཙོ་བོ་འདྲ་ཡིན་ཚོད་རེད། ཉི་མ་དེར་འདྲི་གཅོད་ཚན་པ་གསུམ་ཙམ་བྱས། འདྲི་གཅོད་རེ་རེ་ཚར་རྗེས། དེ་དག་ཟིན་བྲིས་སུ་བཏབ་པའི་གཤམ་དུ་གོང་གི་ཟིན་བྲིས་ལ་ངས་བལྟས་ཚར། ངས་བཤད་པ་དང་གཅིག་འདྲ་རེད་ཅེས་ཟླ་ཚེས་དང་བཅས་པ་འབྲི་རུ་བཅུག་རྗེས། ཤོག་ངོས་ཨང་ཀི་རེ་རེ་དང་། རང་གི་མིང་ཡིག ཁོ་ཚོས་ཟིན་བྲིས་འདེབས་སྐབས་བྲིས་ནོར་བྱུང་བའི་ཡི་གེ་དང་། ད་དུང་དོན་དག་གཙོ་བོ་སོགས་ཀྱི་སྟེང་དུ་མཛུབ་ཐེལ་མང་པོ་གནོན་དུ་བཅུག ཁོ་ཚོས་དེ་འདྲའི་གཟབ་གཟབ་བྱེད་པ་མཐོང་དུས། ང་ལ་ཐར་ ལམ་རེ་ཨེ་ཡོད་འདོད་ཡོང་། ཐེལ་དམར་དེ་དག་ལ་ང་རྣམ་རྟོག་ཟ་ཞིང་། མཛུབ་མོའི་སྟེང་གི་ཚོས་དམར་ངས་གཙང་ཤོག་གི་ཕྱི་ཕྱི་བྱས་པ་ཡིན། སྐབས་དེར་ལི་ཞའོ་ཕིང་གིས་ཁྱོད་ཀྱི་རིག་ལམ་ཧ་ཅང་གསལ་པོར་འདུག་ཅེས་ཐེངས་གཉིས་གསུམ་ཙམ་ལ་བཟླས། ཁོ་ཚོས་ངས་བཤད་པ་ཐམས་ཅད་ལ་ཟིན་བྲིས་བཏབ་མི་འདུག རྒྱུ་མཚན་གང་ཡིན་ཧ་མ་གོ དེ་ལྟར་སྙིང་པོ་མེད་པའི་འདྲི་གཅོད་ཉ་ཉོག་དང་མཛུབ་ཐེལ་མང་པོ་བརྒྱབ་མཐར། ས་རུབ་སྟེ་དགོང་མོའི་ཆུ་ཚོད་ཉེར་གཉིས་པ་ཟིན་འདུག སྐབས་དེར་ད་དུང་ཁྱིམ་ལ་ལོག་མི་ཐུབ་པ་བསམ་པའི་རྒྱུད་ལའང་འཆར་གྱིན་མེད། ཉི་མ་དེར་ཁྱོ་ག་རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་ཐེངས་བཞི་ལ་ཡོང་། ཁྱོ་གའི་སྐྱོ་དུང་དུང་གི་མིག་མདངས་ཀྱིས་ང་ལ་ངན་ཤན་རེ་ཐེབས་ཀྱིན་ཡོད་ན་ཡང་སྐབས་དེར་ངས་ད་དུང་ཁྱོ་གར་སེམས་གསོ་བྱས་ཏེ་ཡིད་དཔའ་ངར་གྱིས་བརྟས་ཡོད།

     སྐབས་ཤིག་ལ་རུས་ཀྲང་ཅན་གྱི་ཅུའུ་ཀྲང་ཞིག་ཡོང་སྟེ་ཁ་ལག་ཟ་རུ་འགྲོ་ཟེར་ནས་ཐོག་ཁང་ལས་མར་བབས་ཏེ་ཁོའི་རླངས་འཁོར་ནང་བུད་རྗེས།   ཉེན་རྟོག་པ་བཞི་བོས་ཁ་ཆེའི་ཤ་བསྲེགས་མ་ཟ་རྒྱུར་གྲོས་བྱས་ཏེ་ཁ་འཆམས།   ཡིན་ནའང་ང་དེ་ལ་ཡིད་འཐད་མ་བྱུང་།   རྒྱུ་མཚན་དྲིས་པས།   ངས་ཁ་ཆེའི་ཟ་མར་བྲོ་རྫས་ཁ་བས་ཕོ་བར་མི་འཕྲོད་ཅེས་པ་ན།   དེ་ག་ལས་ཁུངས་ཉེ་འགྲམ་གྱི་རྒྱ་ནག་ཟ་ཁང་ཞིག་ཏུ་སོང་།   དེ་རུ་ཁོ་ཚོས་རང་མོས་ལྟར་སྔོ་ཚོད་དང་བྱ་ཤ།   ཉ་ཤ་སོགས་སྡེར་མ་དྲུག་ཙམ་བླངས་ཏེ་གང་དགར་གྱིས་ཟས་ལ་རོལ།   ཟ་མ་འཚལ་མ་དེ་ཟོས་ཚར་རྗེས་ང་རང་ཡུལ་ལ་ཨེ་གཏོང་སྙམ་པའི་སེམས་གསོ་ལྡམ་ལྡོམ་ཞིག་གིས་ཟས་ཟ་བའི་ཡི་གའང་མེད་སོང་།   ཁ་ལག་ཟོས་ནས་ཚར་གྲབས་འདུག་སྐབས།   ཁྱོ་གས་བཏང་བའི་ཁ་པར་ཞིག་འབྱོར།   ཁོ་རང་ཉེན་རྟོག་ལས་ཁུངས་སུ་སླེབས་ཏེ་ང་ཡོད་ས་འདྲི་རྩད་བྱེད་བཞིན་པ།   ལི་ཞའོ་ཕིང་གིས་ཚོར་ནས་ལས་ཁུངས་སྒོ་ཁ་རུ་སྒུགས་སྡོད་ཅེས་བཤད་པ་ལྟར་ངས་ཁྱོ་གར་དེ་ལྟར་ལན་བཏབ་པ་ཡིན།   ཁོ་ཚོས་སྒུགས་སྡོད་ཅེས་པའི་སྐད་ཆ་དེར་གཞིགས་ན།   ང་ཁྱོ་ག་དང་མཉམ་དུ་ཁྱིམ་ལ་ལོག་འཇུག་པ་ཨེ་ཡིན་འདོད་ནས་སེམས་ལ་བདེ་བ་ཉི་ཚེ་བ་ཞིག་བྱུང་། ཁ་ལག་ཟོས་ཚར་ཏེ་ཕྱིར་གཞུང་ལས་ཐོག་སོ་དགུ་པའི་བར་ཁྱམས་སུ་འབྱོར་སྐབས།   ཁྱོ་ག་དེར་སླེབས་ནས་སྒུག་འདུག   ང་མཐོང་མ་ཐག་ཁོའི་ཉམ་ཐག་པའི་འཛུམ་མདངས་ཀྱིས་ང་ལ་བསུ་བ་བྱས།   ངས་ཁྱོ་གའི་སྡུག་བསྔལ་གྱིས་གཟིར་བའི་བཞིན་མདངས་ཀྱི་ཕུག་ན།   ང་གློད་བཀྲོལ་ཨེ་གཏོང་གི་རེ་བ་ཆེན་པོ་བཅངས་འདུག་པ་ཚོར་ལ།   ཚོར་པ་དེས་ངའི་ད་ལྟའི་མིག་ཀོང་ཡང་མཆི་མས་བརླན་སོང་།  

བར་ཁྱམས་དེར་ཉེན་རྟོག་པ་གཞན་པ་འགའ་ཡང་སླེབས་འདུག ལི་ཞའོ་ཕིང་གིས་བུད་མེད་ཉེན་རྟོག་པ་དེར་ང་སྔར་གྱི་འདྲི་གཅོད་བྱེད་སའི་གཞུང་ལས་ཁང་དེར་འཁྲིད་དགོས་པའི་བརྡ་བསྟན། སྐྱེས་པ་ཉེན་རྟོག་པ་འགས་ཁྱོ་ག་གཞུང་ལས་ཁང་གཞན་ཞིག་ཏུ་ཁྲིད། བྱ་སྤྱོད་དེར་སེམས་གཏན་ནས་མ་བདེ་བར་ང་འདུག་སའི་གཞུང་ལས་ཁང་དེའི་སྒོ་ཁ་ནས་ཁོ་ཚོའི་གྲགས་འགུལ་ལ་ཀྱིལ་ལེར་ཉན་ནས་ཅུང་ཙམ་སྡོད་སྐབས། བུད་མེད་ཉེན་རྟོག་པ་དེས་ཁྱོད་བཟའ་ཟླ་གཉིས་ཀྱིས་ང་ཚོ་ཉེན་རྟོག་པ་རྣམས་ཇག་པའི་ས་ལ་བཞག་འདུག ཁྱོད་ཁྱོ་གར་གཅར་རྡུང་བྱེད་པར་སྐྲག་ལ། ཁྱོ་གས་ཁྱོད་གར་སོང་ཆ་མེད་དུ་འགྲོ་བར་དོགས། དེ་འདྲ་ཞིག་ག་ལ་འབྱུང་། ཡང་གཅིག་བཤད་ན། ཁྱོད་ལས་ཁུངས་ཡོད་པའི་མི་ཞིག་རེད་མོད་ཅེས་གད་མོ་དགོད་བཞིན་བཙན་གྱིས་ང་གཞུང་ལས་ཁང་དེའི་ནང་དུ་དྲུད། སྐད་ཆ་དེར་ཉན་ན་ལས་ཁུངས་མེད་པའི་མི་རྣམས་ལ་ཁོ་ཚོར“སྣེ་ལེན”བྱེད་སྟངས་གཞན་ཞིག་ཡོད་པ་མིན་ནམ་བསམ། གཞུང་ལས་ཁང་དེ་རུ་དུས་ཚོད་ག་ཙམ་འདས་པ་མི་དྲན་རུང་གང་ལྟར་ཡུན་རིང་ཞིག་འགོར་སོང་། དེ་བས་སེམས་སུ་ཁྱོ་གས་ང་གློག་བཀྲོལ་གཏོང་བའི་འགྲོ་ལུགས་སྒྲུབ་ཀྱིན་ཡོད་པ་ཨེ་ཡིན་ནམ་སྙམ། སྐབས་ཤིག་ལ་ངེད་གཉིས་འགྲོ་ཞེས་སྐད་བཏང་། དེ་ནས་ང་ཚོ་མཉམ་དུ་ཐེམ་སྐས་ལས་མར་འབབ་སྐབས་ཁྱོ་གས་ངའི་ལག་པ་གཡས་ནས་སྐྱོར་བཞིན། ངའི་ཆུང་མར་སྒལ་ཚིགས་ཀྱི་ནད་བྱུང་ཡོད། སྤྱིར་ཡིན་ན་ཉི་མ་འདི་ཚོར་སྨན་ཁང་ལ་འདུག་རྩིས་བྱེད་ཀྱིན་ཡོད། ང་ཚོའི་ཁ་བརྡ་དེ་ཁྱོད་ཚོས་ཕལ་ཆེར་ཐོས་ཡོད་ལས་ཆེ་ཟེར། ཁོ་ཚོའི་སྐད་ཆ་ལས་ང་གཏོང་རྒྱུ་ཡིན་ནམ་འགོག་རྒྱུ་ཡིན་པ་ཅི་ཡང་རྟོགས་མ་སོང་། ཐེམ་སྐས་གཉིས་ལས་མར་ཡོང་ནས་ཐོག་རྩེག་བདུན་པའི་སྟེང་དུ་གློག་སྐས་ལ་བསྡད་དེ་མར་ཐང་ལ་བབས་པ་ན། ཁྱོ་གས་བདག་ལ་སྐེ་འཇུ་དྲོན་མོ་ཞིག་བྱེད་ཞོར་ད་འདི་ཚོས་ཁྱོད་འདུག་ཏུ་འཇུག་རྒྱུ་མ་རེད། དོ་དགོང་ཞག་གང་བོར་འདྲི་གཅོད་བྱེད་ཀྱང་ཐང་། དགོང་མོར་གྲང་ངར་ཆེ་བས་ངས་ཁྱོད་ལ་ལྭ་བ་ཞིག་སྐུར་ཡོང་། ཉེན་རྟོག་པ་འདི་གཉིས་འུ་ཚང་ལ་ཁྱིམ་གློང་རྒྱག་ཏུ་འགྲོ་རྒྱུ་རེད་ཟེར། ང་ཚོ་ཁ་འབྲལ་སྐབས་ཁྱོ་གས་རྒྱ་མི་དེ་དག་ལ་རྒྱ་སྐད་ཀྱིས་ངེད་བཟའ་ཟླ་གཉིས་ཀྱིས་མི་མང་པོའི་གྲས་སུ་འདི་ལྟར་སྐེ་འཇུ་བྱས་པ་ཐོག་མ་ཡིན་ཞེས་བཤད། ཁྱོ་གའི་སྐད་ཆ་དེར་དོགས་སྐྲག་སྐྱེས་པའམ། ཡང་ན་མཚན་མོ་དེར་གྲང་རླུང་ལྡང་བའི་རྐྱེན་ནམ། གང་ལྟར་ངའི་སྙིང་ཁམས་ཀྱི་འཕར་ལྡིང་ཇེ་མགྱོགས་སུ་སོང་སྟེ། ང་དབང་མེད་དུ་ཁོང་འདར་འགའ་བརྒྱབ་བྱུང་། དེ་བཞིན་ང་རང་ཉེན་རྟོག་པ་གསུམ་དང་མཉམ་དུ་རླངས་འཁོར་ཞིག་ལ་བསྡད་པ་དང་། ཁྱོ་ག་ཁྱིམ་གློང་རྒྱག་མཁན་གྱི་ཉེན་རྟོག་པ་གཉིས་དང་མཉམ་དུ་རླངས་འཁོར་གཞན་ཞིག་ལ་བསྡད་དེ་བཞུད་སོང་། སྐབས་དེར་ངའི་མིག་མདུན་དུ་གོ་མིན་ཏང་གིས་གུང་ཁྲན་ཏང་མིའི་ཁྱིམ་དུ་གང་འདོད་དུ་ཁྱིམ་གློང་རྒྱག་པའི་གློག་བརྙན་ནང་གི་པར་རིས་དག་རབ་རིབ་ཤར་བྱུང་ལ། ཞེད་སྣང་གིས་ཅེར་བའི་ངའི་བུ་མོའི་ནག་ཀྲིག་ཀྲིག་གི་མིག་ཟུང་དེ་ཡང་གསལ་པོར་མངོན་ཡོང་།

      རླངས་འཁོར་ལས་མར་བབས་དུས་ཧུའུ་ཐའེ་མགྲོན་ཁང་ལ་སླེབས་འདུག   མགྲོན་ཁང་དེ་ཧ་ཅང་ལེགས་པོ་འདུག་པས་ང་གྲང་བར་ཡེ་ནས་སྐྲག་མི་དགོས།  དོན་དེ་ཁྱོ་གར་བཤད་བསམ་ནས་ཁ་པར་ཞིག་གཏོང་རྩིས་བྱེད་པའི་མོད་ལ།   ཉེན་རྟོག་པ་ཞིག་གིས་བཙན་གྱིས་ངའི་ཁ་པར་ཁ་གཏན་དུ་བཅུག   བཟོ་ཉམས་དེས་ང་ལ་གར་ཡོང་མི་ཤེས་པའི་ཞེད་སྣང་ཞིག་བྱིན། རེ་ཞིག་འགོར་རྗེས་སྐྱེས་པ་ཉེན་རྟོག་པ་དེས་ཏག་ཏག་ངེད་ཚང་ལ་ཁྱིམ་གློང་རྒྱག་པའི་ཉེན་རྟོག་པ་ཞིག་ལ་ཁ་པར་གཏོང་གིན་པ་མཐོང་མ་ཐག   ཁྱོ་གའི་སེམས་པ་བདེ་ཆེད།   ངས་ང་སྡོད་སའི་མགྲོན་ཁང་ཧ་ཅང་བཟང་ལྭ་བ་སྐུར་མི་དགོས་ཞེས་བརྡ་ཞིག་རྒྱག་རོགས་ཟེར་ནས་ཉེན་རྟོག་པ་དེར་ཞུ་བ་བྱས་པ་ཡིན།   ང་མགྲོན་ཁང་དེར་སླེབས་ནས་ཅུང་མ་འགོར་བར་བུད་མེད་ཉེན་རྟོག་པ་གཞན་པ་ཞིག་འབྱོར་ལ།   ཁོ་མོ་གཉིས་ཉལ་ཁྲི་གཅིག་སྟེང་བཙིར་ནས་ཉལ། ཁོ་ཚོའི་སྐད་ཆ་ལས་མགྲོན་ཁང་དེར་སྐྱེས་པ་ཉེན་རྟོག་པ་སྡོད་སའི་ཁང་པ་གཞན་ཞིག་ཀྱང་མངགས་འདུག་པ་ཤེས།   དགོང་མོ་དེར་འདྲི་གཅོད་དང་མནར་གཅོད་གང་ཡང་མ་བྱས་པར་མཚན་གུང་ཡོལ་བའི་ཆུ་ཚོད་གཉིས་པ་ཙམ་ལ་གཉིད་ཉལ་དུ་བཅུག  སེམས་སུ་ཁྱོ་གས་སེམས་ཁྲལ་ལྷག་མ་ཞིག་བྱེད་ཀྱི་འདུག་སྙམ།   ཡིན་ནའང་གཙང་ཁང་དུ་འགྲོ་སྐབས་བུད་མེད་ཉེན་རྟོག་པས་རྗེས་སྙེག་ཡོང་ནས་གཙང་ཁང་གི་སྒོ་ཡང་རྒྱག་ཏུ་མི་འཇུག་ཅིང་།   མཚན་གང་བོར་མགྲོན་ཁང་གི་གློག་སྒྲོན་མ་གཟིམས་པར་བཞག   

མནར་གཅོད་ཀྱི་གོ་རིམ་ཞིག་

              (3)

སྔ་མོར་ནམ་ལངས་ཉི་མ་ཤར་དྲོས་ཙམ་ལ། ང་ཚོ་འགྲོ་ཞེས་སྐད་འབྱོར་བ་དང་མགྲོན་ཁང་ནས་མར་བབས་ཏེ་ཉེན་རྟོག་པའི་རླངས་འཁོར་ལས་ཕྱིར་ལས་ཁུངས་དེའི་གཞུང་ལས་ཁང་ལ་ཡོང་། གཞུང་ལས་ཁང་དུ་སླེབས་རྗེས་བུད་མེད་ཉེན་རྟོག་པ་གཞན་དེ་ཕྱིར་བུད་སོང་། འདུག་གྲོགས་རུས་ལི་ཅན་གྱི་བུད་མེད་དེས་ང་ལ་ནངས་ཇ་འཐུང་མིན་གྱི་སྐད་ཆ་དྲིས། ང་ལ་ཡི་ག་མེད་པས་ནངས་ཇ་མི་འཐུང་ཞེས་ལན་བསློགས། ཁ་སང་ནས་བཟུང་ང་གསང་སྤྱོད་ལ་འགྲོ་སྐབས་བུད་མེད་དེ་རྗེས་སྙེག་སྙེག་ཏུ་འདུག་ལ། ཁང་པ་དེ་ལས་སྒོ་ཕྱི་རུ་གོམ་པ་གང་ཡང་སྤོ་རུ་མི་འཇུག མོས་ཁ་ལག་ཟ་བ་དང་ཕྱི་ལ་འགྲོ་སྐབས་མི་གཞན་པས་མོའི་ཚབ་ཏུ་ང་སྲུང་བ་རེད། དེ་ལྟར་ཅུང་ཙམ་འགོར་བ་ན། ལས་མི་འགའ་རེ་གཞུང་ལས་ཁང་དེར་ཚུར་ཡོང་ཕར་འགྲོ་བྱེད་ཀྱིན་འདུག སྐབས་ཤིག་ལ་རིག་མ་མྱོང་བའི་ཉེན་རྟོག་པ་ཞིག་དེར་ཡོང་སྟེ་ཁོ་པས་ཁ་སང་ང་ལ་འདྲི་གཅོད་བྱས་པའི་ཟིན་བྲིས་དེར་བལྟས་རྗེས། ཁྱོད་ལ་ཆབ་སྲིད་ཀྱི་ནད་བྱུང་ཡོད་པ་མིན་ནམ་ཞེས་དྲིས། ངས་ལན་དུ། ངའི་ལུས་ཕུང་བདེ་ཐང་མིན་རུང་བསམ་བློ་བདེ་ཐང་ཡིན་ཞེས་ལན་མེད་དུ་གཏོང་སྐབས། ལི་ཞའོ་ཕིང་གིས་ངེད་གཉིས་བར་འགལ་ཟླ་ཡོང་བར་དོགས་ནས། སྐད་ཆ་དེའི་བར་ལ་བརྒྱབ་སྟེ་གཞན་ཞིག་གླེང་བྱུང་། ཁོ་ཚོས་དེ་ལྟར་མཐོང་ཆུང་དང་དམའ་འབེབས་བྱེད་སྐབས་ང་ལ་བཤད་མི་ཤེས་པའི་ཁེར་རྐྱང་གི་ཚོར་པ་སྐྱུར་མོ་ཞིག་འཁོར་ཡོང་། ཉི་མ་གཉིས་པ་དེའི་སྔ་དྲོར་ཁྱོ་ག་ཡང་བསྐྱར་ཉེན་རྟོག་ལས་ཁུངས་ལ་ཡོང་། ཁོས་ད་དུས་ཚོད་གཅིག་ལྷག་གི་རྗེས་སུ་ཁྱོད་བཀག་བསྐྱིལ་བྱས་ནས་ཆུ་ཚོད་ཉེར་བཞི་འགོར་སོང་བ་རེད། ཁྲིམས་ལྟར་ན། མི་ཞིག་བཀག་བསྐྱིལ་བྱས་ནས་ཆུ་ཚོད་ཉེར་བཞི་འགོར་རྗེས་བཤད་ཚུལ་གཞན་མེད་ཚེ་བཀག་བསྐྱིལ་མྱོང་མཁན་གཏོང་དགོས་པ་རེད་ཟེར། སྐད་ཆ་དེར་བསམ་ན་ཁྱོ་གས་ང་ཨེ་གཏོང་གི་རེ་བ་ཆེན་པོ་བཅངས་འདུག བཀག་བསྐྱིལ་བྱས་པ་ནས་བཟུང་། ཁོ་ཚོས་ངེད་གཉིས་འབྲེལ་འདྲིས་ལ་བཀག་འགོག་བྱེད་ཀྱིན་འདུག་པས་སྐད་ཆ་མང་པོ་བཤད་པའི་གོ་སྐབས་མ་བྱུང་། སྟབས་ལེགས་པ་ཞིག་ལ་དེ་དུས་ཁ་པར་ད་དུང་ངའི་ལག་ཏུ་བཞག་ཡོད་པས་ངེད་གཉིས་བར་འབྲེལ་འདྲིས་ཐར་ཐོར་རེ་བྱེད་ཀྱི་ཡོད། མདང་དགོང་ངེད་ཚང་ལ་ཁྱིམ་གློང་རྒྱག་སྐབས། ཁྱིམ་གྱི་སྟེགས་འཇོག་རྩིས་འཁོར་གྱི་ཨ་མ་དང་། ངས་ཨ་རི་ནས་ཁྱེར་ཡོང་བའི《སེམས་པ་རང་དབང་ལ་ཕྱོགས་པ》ཞེས་པའི་རྒྱ་ཡིག་གི་དཔེ་ཆ་དེ་གཉིས་ཁྱེར་སོང་། ཉི་མ་དེར་རུ་གཙོ་ཝང་གིས་རྩིས་འཁོར་ཆེད་མཁས་པས་ཁྱེད་ཚང་གི་རྩིས་འཁོར་ལ་མྱུལ་བཤེར་བྱེད་ཀྱི་འདུག རྩིས་འཁོར་ནང་ཡིག་ཆ་སྐྱོན་ཅན་མེད་ན་ད་དོན་དག་ཆེན་པོ་མེད་པ་འདྲ་ཞེས་དྲིས་པར། ངས་གང་ཡང་མེད་ཅེས་བཤད། དཔེ་ཆ་དེ་གང་ནས་ཁྱེར་ཡོང་བ་དང་མི་སུས་བྱིན་པ་དྲིས། ངས་དེ་ནི2006ལོར་ཨ་རི་ལ་སོང་དུས་ཁྱེར་ཡོང་བ་ཡིན་ལ། རྒྱལ་ཁོངས་ཨ་རི་ནས་ཡིན་པའི་རྒྱ་མོ་སློབ་མ་ཞིག་གིས་བྱིན་ཚུལ་བཤད། ཁོ་མོའི་མིང་ལ་ཅི་ཟེར་དང་། སྟེར་སའི་ས་གནས་དང་སྟེར་དོན་གང་ཡིན་དྲིས། མིང་ལ་ཐོ་ནེ་དང་སྟེར་ཡུལ་ཀོ་ལུམ་སྦི་ཡ་སློབ་ཆེན། རྒྱུ་མཚན་ཅི་ཡིན་བཤད་མ་སོང་ཞེས་བཤད། རྒྱལ་ནང་དུ་ལོག་དུས་སྔོག་བཤེར་མི་བྱེད་དམ་ཞེས་དྲིས་ཤིང་། ངས་དཔེ་ཆ་དེ་སྒམ་དུ་བཅུག་ཡོད་ལ་དེར་ཅི་ཡང་ཟེར་མཁན་མ་བྱུང་ཞེས་བཤད་པ་ཡིན།

ཉི་མ་དེའི་སྔ་དྲོ་དེ་ལྟར་འདས་སོང་།   ཉིན་གུང་རུས་ལི་ཅན་གྱི་བུད་མེད་ཉེན་རྟོག་པ་དེས་ང་ཁྲིད་ནས་ཁ་ལག་ཟ་རུ་སོང་།   ཟོས་ཚར་རྗེས་ངའི་རེ་བ་ལྟར་ངེད་གཉིས་ཚོང་རའི་ནང་སིལ་ཏོག་དང་ཀུབ་འབྲུ(瓜子)ཉོ་རུ་སོང་།   ཕྱི་དྲོར་ཁོ་མོས་དཔེ་ཆ་དེའི་འབྱུང་ཁུངས་རྩ་བ་དང་བཅས་ཡིག་ཐོག་ཏུ་ཕབ།   དེ་རྗེས་ངེད་གཉིས་འབྲེལ་མེད་ཀྱི་ཁ་བརྡར་གློད་དེ་དུས་འདའ་བར་བྱས་པ་ཡིན།   མོས་ཉི་མ་དེར་ང་ལས་ཁུངས་སུ་ཐོག་དང་པོར་མཐོང་སྐབས་མོ་རང་ཡ་མཚར་སོང་ཟེར།   ངས་རྒྱུ་མཚན་དྲིས་པར།   མོས་ང་ཐེངས་འདིར་བོད་ཡུལ་དུ་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པ་གཞིར་བཞག་གིས་དེ་བློ་ངོར་ཤོང་གི་མེད།   རྒྱུ་མཚན་ང་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་རྐྱེན་ཡིན་ཚོད་རེད།   མོས་བརྙན་འཕྲིན་ལས་བསྟན་པའི་རྡུང་གཅོག་འཕྲོག་སྲེག་སྐོར་ཡང་ཡང་གླེང་བྱུང་རུང་།   དེར་ང་ནི་ངག་བསྡམས་ནས་སྡོད་པ་ལས་ཐབས་གཞན་མེད་སོང་།   

མོས་ད་དུང་དེང་སྐབས་གླ་སྤྱོད་རླངས་འཁོར་ཁ་ལོ་པ་རྣམས་བོད་མིའི་སྟེང་སྡང་སེམས་སྐྱེས་པའི་རྒྱུ་མཚན་བཤད་སོང་། ལྷ་སར་སོལ་རླངས་མང་པོ་སྐྱེལ་འདྲེན་བྱས་རྗེས་ཟི་ལིང་དུ་སོལ་རླངས་ཧ་ཅང་དཀོན། དེ་བས་ཁ་ལོ་པས་རླངས་འཁོར་དུ་སོལ་རླངས་བླུགས་སྐབས་དུས་ཚོད་མང་པོ་འཕྲོ་བརླག་བཏང་སྟེ་གྲལ་བསྒྲིགས་ནས་བསྒུག་དགོས་པས་རེད་ཟེར། ངས་བསམ་ན་དེ་ནི་རྒྱལ་ཁབ་ཀྱི་དགོས་མཁོ་ཙམ་ཡིན་པ་ལས། ལྷ་སའི་མང་ཚོགས་ལ་འབྲེལ་བ་ཆེར་མེད་པར་འདོད་ཅིང་དེ་ལྟར་ལབ་པ་ཡིན།

ངས་མོ་རང་ལ་ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དེར་ལྟ་ཚུལ་ཅི་ཡོད་དྲིས་པ་ན།   མོས་ང་ཆོས་འཁོར་རྩ་རླུང་སྦྱོང་མཁན་ལ་སྡང་སེམས་སྐྱེ།   རྒྱུ་མཚན།   ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་མི་ལ་རང་གི་བཟའ་ཚང་དང་བུ་ཕྲུག་ཀྱང་མི་དགོས་པར།   རྒྱུ་འབྲས་དང་སྙིང་རྗེ་གང་ཡང་མེད་པར་གྱུར་འདུག   མོས་སྔོན་ཆད་ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་གྱོད་དོན་ཞིག་ཐག་གཅོད་བྱས་མྱོང་བས་མོ་རང་ལ་ཆ་རྒྱུས་ཡོད་ཟེར།   ཡིན་ནའང་ངས་ཨ་རི་ནས་མཐོང་བའི་ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དེ་འདི་གའི་གསར་ལམ་ནས་སྒྲོག་པའི་གནས་ཚུལ་དང་ཁ་ཁ་ཡིན་ཚུལ་བཤད།   

ང་སྲུང་བའི་ཉི་མ་དེ་ཚོར་མོའི་ཁྱོ་གས་རྒྱུན་དུ་ཁ་པར་བཏང་ཡོང་། མོས་བཤད་ན། ཁྱོ་གས་མོའི་བདེ་འཇགས་ལ་སེམས་ཁྲལ་བྱེད་ཀྱི་འདུག་ཟེར། རྒྱུ་མཚན། ཁྱོ་གས། བོད་པའི་སྐྱེས་པ་ལས་བུད་མེད་ལ་གདུག་རྩུབ་ཆེ། ལྷ་སའི་དོན་རྐྱེན་ཁྲོད་བུ་མོ་ལོ་ཆུང་དག་གིས་མེ་བཏང་ནས་མི་གཞན་གྱི་ཚེ་སྲོག་ལ་གནོད་པ་བཏང་བ་རེད་ཟེར། དེ་བས་མོས་ཁྱོ་གའི་ངག་བཀོད་ལྟར་གོང་རིམ་ལ་ཡར་ཞུ་བྱས་ནས། མཚན་མོར་སྲུང་རོགས་ལ་བུད་མེད་ཉེན་རྟོག་པ་རེས་མོས་སུ་བཀོད་སྒྲིག་བྱེད་དུ་བཅུག་པ་ཡིན་ཟེར། མོ་དང་ཁྱིམ་མིས་དེ་འདྲའི་གཟབ་གཟབ་དང་ང་ལ་ལྟ་ཚུལ་དེ་འདྲ་མི་ལེགས་པ་འཛིན་པ་ཤེས་སྐབས་ང་རང་ངོ་ཡང་གནོང་ལ་དོགས་ཀྱང་མི་བདེ། རང་གི་མི་རིགས་ལ་ལྟ་སྟངས་དེ་འདྲ་འཛིན་པ་མཐོང་དུས་སེམས་པ་ཤིན་ཏུ་སྡུག་འོང་། དུས་དེར་ང་ནི་མི་རང་ཉིད་ཙམ་མིན་པར་མི་རིགས་ཀྱི་ཚབ་ལྟ་བུ་ཡིན་པ་ཤེས། མོའི་བྱིས་པས་མོ་ལ་ཁ་པར་མི་གཏོང་བའི་རྒྱུ་མཚན། མོས་བོད་མི་དོགས་གཞི་ཉེས་ཅན་ཞིག་སྲུང་ཡོད་པས་རེད། ལྷ་སའི་དོན་རྐྱེན་དེ་བརྙན་འཕྲིན་ལས་མཐོང་རྗེས། མོའི་བུ་ཆུང་གིས་བོད་རང་བཙན་གླེང་མཁན་བོད་པ་ཚང་མ་དམར་གསོད་བྱེད་དགོས་ཞེས་དམོད་མོ་བྱེད་ཀྱིན་འདུག་ཟེར། འཇར་པན་པས་རྒྱ་མི་མང་པོ་བསད་པས་མོ་རང་འཇར་པན་ལའང་ཞེ་སྡང་དྲག་པོ་ལངས་ཞེས་བཤད། སྐབས་དེར་ངའི་བསམ་པར་ཁྱོད་ཞེ་སྡང་ལངས་ན་བཤད་པའི་དབང་ཆ་འདུག་ལ། ང་ཞེ་སྡང་ལངས་ཀྱང་བཤད་རྒྱུའི་དབང་ཆ་ག་ལ་ཡོད་སྙམ། ཉིན་གཉིས་པ་དེ་བཞིན་འདའ་བར་བྱས་ཏེ། ས་རུབ་ནས་ནུབ་འཚལ་འཐུངས་རྗེས། ཡན་ལག་ཉེན་རྟོག་ལས་ཁུངས་ཉེ་ལོགས་ཀྱི་ཞིན་ཉིང་མགྲོན་ཁང་དུ་ཉལ་ཁྲི་བཞི་ཅན་གྱི་ཁང་པ་ཞིག་ཏུ་སྡོད་བཅུག མགྲོན་ཁང་དུ་འབྱོར་ནས་ཅུང་མ་འགོར་བར་སོག་མོ་ཉེན་རྟོག་པ་ཞིག་འབྱོར་སོང་། མཚན་མོ་དེར་འདྲི་གཅོད་གང་ཡང་མ་བྱས། རུས་ལི་ཅན་གྱིས། ང་དང་སོག་མོ་ཉེན་རྟོག་པ་གཉིས་ཁང་མིག་སྦུག་མ་རུ་ཉལ་རྒྱུ་དང་། ཁོ་མོ་ཁང་མིག་མདོ་མ་རུ་ཉལ་བར་བཀོད་སྒྲིག་བྱས་པ་ལྟར་ང་ཉལ་ཏེ་ངལ་གསོས་པ་ཡིན། ཁོ་གཉིས་རང་རང་གི་ཉལ་ཁྲིའི་སྟེང་འཕྲེས་ཏེ་བརྙན་འཕྲིན་ལ་ལྟ་ཡི་འདུག སྐབས་ཤིག་ལ་སོག་མོ་ཉེན་རྟོག་པ་དེས་ངའི་གནས་ཚུལ་དྲིས་བྱུང་། ངས་རང་གི་ལས་ཁུངས་གང་ཡིན་དང་འཕྲིན་ཐུང་བསྐུར་པའི་དོན་དེ་དྲང་མོར་ལབ་པ་ཡིན། མོས་དབུགས་རིང་ཞིག་འབྱིན་ཞོར་ཁྱོད་ཉིད་ལས་ཁུངས་ཡོད་པའི་མི་ཞིག་རེད་མོད་ཅེས་ཕངས་སེམས་དྲག་པོས་དེ་ལྟར་བཤད། མོའི་བསམ་པར་ལས་ཁུངས་ཅན་གྱི་མི་ཞིག་གིས་དེ་ལྟར་བྱེད་མི་སྲིད་འདོད་འདུག དབུགས་རིང་དེས་ང་ལ་ཧ་ཅང་བརྗོད་དཀའ་བའི་ཚོར་པ་ཞིག་བྱིན། དོན་ངོ་མར་ཕངས་སེམས་སྐྱེ་དགོས་ས་དེ་ངེད་གཉིས་ལས་སུ་ཡིན་ངས་མི་ཤེས། ངས་མོ་རང་ལ་ལན་ཅི་ཞིག་འདེབས་རྒྱུ་རྙེད་མ་བྱུང་། བརྙན་འཕྲིན་གྱི་སྐད་སྒྲའི་ཁྲོད་ང་རང་གཉིད་དུ་ཡུར་སོང་། ནམ་གུང་ཡོལ་མཚམས་ཤིག་ལ་ང་གཉིད་ལས་སད་དུས་བརྙན་འཕྲིན་ད་དུང་གཟིམས་མི་འདུག ང་འཛེམ་དོགས་ངང་དལ་གྱིས་མལ་ལས་ཡར་ལངས་ཏེ་བརྙན་འཕྲིན་གཟིམས་པ་ཡིན། ཁོ་ཚོས་ང་ལ་ལྟ་རྟོག་དྲག་པོས་གང་བྱུང་འགྲོ་སྐྱོད་མི་ཆོག་པར་བཏང་བས་ངས་ཅི་བྱས་གང་བསྒྲུབས་ཀྱང་སྣང་བ་མི་བདེ་བ་ཞིག་ཏུ་བཟོས། ཉིན་གསུམ་པར་ནམ་ལངས་ཏེ་ལས་ཀར་འགྲོ་རན་སྐབས་སོག་མོ་ཕྱིར་བུད་སོང་། བུད་མེད་ཉེན་རྟོག་པ་ལི་དང་ངེད་གཉིས་གཞུང་ལས་ཁང་དུ་སོང་བ་ཡིན། མོས་ང་ལ་ནངས་ཇ་ཅི་ཞིག་འཐུང་མིན་གྱི་སྐད་ཆ་ནན་གྱིས་དྲིས། ང་ལ་ནངས་ཇ་འཐུང་འདོད་མེད་པས་མི་འཐུང་ཞེས་པ་ན། མི་གཞན་ལ་ང་སྲུང་དུ་བཅུག་རྗེས་མོ་རང་ནངས་ཇ་འཐུང་དུ་བུད་སོང་། ཉི་མ་དེའི་སྔ་དྲོར་ཁྱོ་ག་ཡང་བསྐྱར་རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་སླེབས་སོང་། སླེབས་པས་མི་ཚད་གློ་བུར་བའི་སྐད་ཆ་ཞིག་བཤད་བྱུང་། ཁོ་པས་ང་ལ་ཡུན་རིང་བོར་བཙོན་ཁང་དུ་འདུག་རྒྱུའི་བསམ་བློའི་གྲ་སྒྲིག་དགོས་ཀྱི་རེད་ཟེར། དེ་ནི་ངའི་བློ་ཡུལ་ལས་འདས་པའི་སྐད་ཆ་ཞིག་རེད་ལ། སྐད་ཆ་དེ་ཁྱོ་གའི་བསམ་ཚུལ་མིན་པ་འདྲ་བའི་དོགས་པ་ཞིག་སྐྱེས་བྱུང་། དེ་དུས་ངས་ད་དུང་ཅུང་མ་འགོར་བར་ཁྱིམ་ལ་ལོག་ཐུབ་སྙམ་དུ་ཡིད་རེ་སྨོན་གྱིས་ཁེངས་ཡོད། དེ་བས་ངས་ཁྱོ་གའི་སྐད་ཆ་དེར་ཁ་གཏད་མ་ཁྱོག་པར་སེམས་སྡུག་གིས་གདུང་སྟེ་ལུས་ཡུལ་ཡུལ་པོར་གྱུར་སོང་། ངེད་གཉིས་ཁ་གྱེས་ཁར། ཁྱོ་གས་ཁྱོད་ངའི་སེམས་ཁོང་ན་ཡོད། ངས་ནམ་ཡང་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་བྱེད་ངེས་ཡིན་ཞེས་གཟབ་ནན་གྱིས་བཤད། སྔ་དྲོ་དེར་འདྲི་གཅོད་ཅི་ཡང་མ་བྱས་པར་ཉིན་གུང་ཁ་ལག་ཟ་རན། ཕྱི་དྲོར་དོན་དག་ཆེན་པོ་མེད་པར་མགྲོན་ཁང་དུ་ངལ་གསོ་རུ་བཅུག ནུབ་འཚལ་འཐུངས་ཚར་རྗེས། མགྲོན་ཁང་དུ་ཉེན་རྟོག་པ་བཞི་བོ་དང་མཉམ་དུ་བརྙན་འཕྲིན་ལ་བལྟས་ནས་བག་ཕེབས་ཀྱིས་དགོང་མོའི་དུས་ཚོད་ཉི་ཤུ་ཟིན། སྐབས་དེར་གྲོང་ཁྱེར་བདེ་འཇགས་ལས་ཁུངས་ནས་ཡིན་ལོ་སྐད་ཀྱི་བོད་པ་ཉེན་རྟོག་པ་དམ་ཆོས་ཟེར་བ་ཞིག་དང་། སོག་པོ་ཉེན་རྟོག་པ་མོན་ཁི་ཟེར་བ་གཉིས་ཡོང་། བོད་པ་ཉེན་རྟོག་པ་དེ་ངའི་གླུ་གཞས་ལ་དགའ་མཁན་ཞིག་ཡིན་ཟེར། ཁོས་ཀུ་རེའི་ཚུལ་གྱིས་ཁྱོད་རང་མི་མིང་གྲགས་ཅན་ཡིན་པས་ཁོ་ཚོས་ཁྱོད་ལ་དམིགས་བསལ་བྱིན་འདུག མི་གཞན་དག་ལ་བཀག་བསྐྱིལ་བྱེད་སྐབས་ཁ་པར་འཛིན་རྒྱུ་དང་། བརྙན་འཕྲིན་བལྟ་རྒྱུའི་དབང་ཆ་ཡེ་ནས་མེད་ཟེར། དེ་ནས་ཅུང་མ་འགོར་བར་དངོས་སུ་འདྲི་གཅོད་ཀྱི་མགོ་བརྩམས། བོད་པ་ཉེན་རྟོག་པས་རྒྱ་སྐད་ཀྱི་ལམ་ནས་སྐད་ཆ་དྲིས་ཏེ་སོག་པོ་ཉེན་རྟོག་པས་ཟིན་བྲིས་བཏབ། ཁོ་པས་བདག་ལ་དོན་དག་སྐོར་ཞིག་གཞན་གྱིས་དྲིས་ཚར་འདུག དེ་དག་བསྐྱར་ཟློས་མི་བྱེད། ང་ཚོས་ཁྱོད་ཕྱི་རྒྱལ་དུ་སོང་བའི་གོ་རིམ་དང་། འཁྲབ་སྟོན། འཆད་ཁྲིད། ད་དུང་མི་སུ་སུ་ལ་ཕྲད་པའི་གནས་ཚུལ་དག་འདྲི་རྒྱུ་ཟེར། ཐོག་མར་ཨ་རི་ནས་འཁྲབ་སྟོན་ཅི་ཙམ་བྱས་པ་དང་འཆད་ཁྲིད་ཀྱི་ནང་དོན་གང་ཡིན་པ། ཉན་མཁན་ཁྲོད་བོད་མི་ཡོད་མེད་སོགས་དྲིས་པས་རེ་རེ་བཞིན་ལན་བཏབ་པ་ཡིན། མ་ཟད་ཁོ་ཚོས་པད་མ་འབུམ་དང་གདུགས་དཀར་ཚེ་རིང་གཉིས་ཕ་ཡུལ་གང་ནས་ཡིན་པ་དང་ཕྱི་རྒྱལ་དུ་མ་བྲོས་སྔོན་ལ་ལས་ཁུངས་དང་སློབ་གྲྭ་གང་དུ་མཐར་ཕྱིན་པ། ཐོག་མར་རྒྱ་གར་དུ་བསྡད་ཅིང་ད་ལྟ་ཨ་རི་ནས་ཡོད་པ་སོགས་ཀྱི་གནས་ཚུལ་གླེང་ཞིང་། ད་དུང་ངས་ངོ་མི་ཤེས་པའི་བོད་མི་རེ་གཉིས་ཀྱི་གནས་ཚུལ་ཡང་གླེང་སོང་། དེ་བཞིན་ཆུ་ཚོད་གཉིས་ལྷག་འགོར་རྗེས་ཧ་ལམ་མཚན་མོའི་ཆུ་ཚོད་ཉེར་གཉིས་ཙམ་ལ་སླེབས། འདྲི་གཅོད་དེ་ཧ་ཅང་ཡང་མོའི་ངང་ཚར། འགྲོ་ཁར་བོད་པ་དེས། འཇམ་དབྱངས་སྐྱིད། ཁྱོད་ཀྱིས་གྲོགས་པོ་བསྒྲིགས་པ་ནོར་འདུག བཙན་བྱོལ་བོད་གཞུང་དུ་ལས་ཀ་བྱེད་མཁན་ལྡོང་སྲས་ངོ་ཤེས་པས་མ་འགྲིག་པ་རེད་ཟེར། ཁོས་ལྡོང་སྲས་ངེད་གཉིས་ངོ་ཤེས་ཡིན་པ་ཇི་ལྟར་ཤེས་པ་ཡིན་ནམ་སྙམ་ཞིང་། ཡང་ངེད་གཉིས་ངོ་ཤེས་པ་ཙམ་ལ་ཉེས་པ་ཅི་ཡོད་འདོད། དེ་ནས་ཅུང་མ་འགོར་བར་ཉེན་རྟོག་པ་གཅིག་ཡོང་ནས་ངའི་ལག་པའི་མཛུབ་མོ་བཅུ་བོ་རེ་རེ་ལ་ཚོན་ནག་པོ་བསྐུས་ཏེ་མཛུབ་ཐེལ་དང་དེ་ནས་ལག་མཐིལ་གཉིས་ལ་ཚོན་ནག་པོ་བསྐུས་ཏེ་ལག་ཐེལ་རྒྱག་ཏུ་བཅུག གདོང་དང་སྐྲ་ཡི་ཁ་མདོག་ཡི་གེར་བཀོད། སྲིན་མཛུབ་སྟེང་ཁབ་ཀྱིས་གཙགས་རྗེས་ཚངས་ཐིག་ལ་ལི་སྨི་བཞི། དབྱིབས་ཟླུམ་གོར་ཅན་གྱི་ཤོག་བུའི་སྟེང་ཁྲག་གིས་དམར་བར་བྱས། མཇུག་མཐར་སྒོ་སམ་ནག་པོ་ཆུང་ཆུང་ངའི་མིང་ཡིག་དང་ཟླ་ཚེས་བྲིས་ཡོད་པ་ཞིག་སྐེ་ལ་བསྐོན་ཏེ་པར་བརྒྱབ། སེམས་སུ་དེ་ནི་བཀག་བསྐྱིལ་མྱོང་མཁན་གློད་བཀྲོལ་གཏོང་ཁའི་འགྲོ་ལུགས་ཤིག་ཡིན་ལས་ཆེ་སྙམ། ནམ་གུང་ཆུ་ཚོད་བཅུ་གཉིས་ལ་ཉེ་སྐབས་ཡང་བསྐྱར་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ནས་ཡིན་ལོ་སྐད་ཀྱི་ཉེན་རྟོག་པ་གཉིས་ཡོང་ནས་ང་ལ་འདྲི་གཅོད་བྱས། འདྲི་གཅོད་ཀྱི་ནང་དོན་གཙོ་བོ་ངེད་ཚང་གི་རྩིས་འཁོར་ནང་གི་ཡིག་ཆ“སྐྱོན་ཅན”དེ་དག་རེད། ངས་དེ་གཏན་ནས་ཁས་མ་བླངས། འདྲི་གཅོད་བྱེད་མཁན་ཁྲོད་ཀྱི་མི་གཅིག་རྩིས་འཁོར་ཆེད་མཁས་པ་ཡིན་ཟེར། ཁོས་འདྲི་གཅོད་ཁྲོད་ང་ལ་རྩུབ་འདྲི་དང་སྐད་འགྲགས་གང་ཙམ་བྱས། དེ་ཕྱིར་བདག་གིས་ཀྱང་། ནུས་ཚོད་ཀྱིས་ཡ་ལན་སྤྲད་དེ་ང་ཚོ་ཚང་མའི་ཐོབ་ཐང་འདྲ་མཉམ་ཡིན་པས་མི་གཞི་ལ་དམའ་འབེབས་བྱས་མི་ཆོག་པའི་དྲན་གསོས། ཁོས་རྩིས་འཁོར་ནང་ཕྱི་རྒྱལ་གྱི་དྲ་ཚིགས་ལས་ཕབ་ལེན་བྱས་པའི་ཡིག་ཆ་བསུབས་ཟིན་པ་ཚང་མ་སླར་གསོ་བྱས་པའི་ཁ་བྱང་རྣམས་ཤོག་ལྷེ་ཞིག་གི་སྟེང་དཔར་ཡོང་འདུག དེ་ང་ལ་སྟོན་ཙམ་བྱས་རྗེས། ངས་བལྟས་མྱོང་བའི་རྩོམ་ཡིག་དག་གི་མིང་ཤོད་ཟེར། ཤོག་ལྷེ་སྟེང་གི་རྩོམ་ཡིག་གཉིས་གསུམ་ཙམ་གྱི་ཁ་ཡིག་མཐོང་ཙམ་བྱས་པ་དེ་བཤད་པ་ན། ཁོས་ང་ཕྱི་རྒྱལ་གྱི་དྲ་ཚིགས་སུ་ཇི་ལྟར་ཞུགས་པ་ཡིན་ཟེར། ངས་རྒྱལ་ནང་གི细节的力量ཟེར་བའི་དྲ་ཚིགས་སུ自由门ཞེས་པའི་མཉེན་ཆས་ཕབ་ལེན་བྱས་རྗེས་ཕྱི་རྒྱལ་གྱི་དྲ་བར་ཞུགས་པ་ཡིན་ཞེས་བཤད། མཉེན་ཆས་དེ་དེ་རུ་ཡོད་པ་ཇི་ལྟར་ཤེས་ཟེར། ངས་ང་ཨ་རི་ལ་ཡོད་དུས་ཤེས་པ་ཡིན་ཞེས་བཤད། ཡིན་ནའང་ཆེད་མཁས་པ་ཡིན་ཟེར་མཁན་དེས་རྒྱལ་ནང་གི་དྲ་ཚིགས་སུ་མཉེན་ཆས་དེ་འདྲ་གཏན་ནས་མེད་ཚུལ་ལབ། རྒྱུ་མཚན་རྒྱལ་ཁབ་ཀྱིས་མཉེན་ཆས་དེ་རིགས་བཀག་སྡོམ་ནན་མོ་བྱས་ཡོད་ཟེར། དེས་ན་ཐོ་ནེ་ཡིས་ཨ་རི་ནས་ང་ལ་གློག་རྡུལ་ཡིག་སྒམ་ནང་བསྐུར་ཡོང་བ་ཡིན་ལས་ཆེ། གང་ལྟར་ང་ཨ་རི་ནས་ཕྱི་ལོག་དུས་ལག་ཏུ་ཁྱེར་ཡོང་མེད་ཅེས་པ་ན། ཁོས་རྩིས་འཁོར་ལ་ངེད་བཟའ་ཟླ་གཉིས་ཀའི་སུ་ཆ་རྒྱུས་ཡོད་ཚུལ་དང་། ཡིག་ཆ“སྐྱོན་ཅན”དག་སུས་ཕབ་ལེན་བྱས་ཚུལ། ངེད་བཟའ་ཟླ་གཉིས་དྲ་བར་ཞུགས་ཚད་སུ་མང་བ་དང་ཡོན་ཚད་སུ་མཐོ་ཚུལ་སོགས་དྲིས། ངས་ང་གཙོ་བོ་ཡིན་ཞེས་བཤད། མ་གཞི་ཁོ་ཚོས་ཕྱི་རྒྱལ་གྱི་དྲ་ཚིགས་སྟེང་གི་རྒྱ་ཡིག་གི་རྩོམ་ཡིག་དག་བོད་ཡིག་ཏུ་བཏང་རྗེས་གཞན་ལ་བསྐུར་པར་དོགས་པ་ཟ་ཡི་འདུག དོན་དེ་འདྲ་མེད་པ་ངས་གཅིག་གཅོད་ཀྱིས་ཁག་ཐེག་བྱས་པ་ཡིན། མ་ཟད། ཁྱོད་རྩིས་འཁོར་ཆེད་མཁས་ཡིན་པ་མིན་ན། ངས་རྒྱ་ཡིག་བོད་ཡིག་ཏུ་གཏོང་ཐུབ་པའི་མཉེན་ཆས་ཤིག་ཡོད་པ་ད་སྔ་ཐོས་མ་མྱོང་ཞེས་བཤད་པ་ན། ཁོ་གཉིས་གཏན་ནས་ཡིད་མ་ཆེས་པར་མུ་མཐུད་དུ་ང་ལ་རྫིག་རྫིག་བྱས། ཆེད་མཁས་པ་ཡིན་ཟེར་མཁན་དེས་ངའི་གློག་རྡུལ་ཡིག་སྒམ་དང་བོད་རྒྱ་ཡིག་གི་ཟིན་བྲིས་གཉིས་ཀའི་གསང་ཨང་ཁོ་ཚོར་སྤྲོད་དགོས་ཟེར། དེར་ང་གཏན་ནས་ཡིད་འཐད་མ་བྱུང་། ང་ལ་རང་གི་གསང་ཨང་གསང་བའི་དབང་ཆ་ཡོད་ན་འགྲིག་འདོད་ཡོད། ཁོས་བཤད་ན། ཁོ་ཚོར་དོགས་གཞི་ཉེས་ཅན་གང་ཞིག་གི་གསང་ཨང་ཤེས་པའི་ཁྱད་དབང་རྒྱལ་ཁབ་ཀྱིས་སྤྲད་ཡོད་ཟེར། ངས་འོ་ན། ངའི་ཟིན་བྲིས་སུ་རྩོམ་ཡིག་སྐྱོན་ཅན་སྤེལ་ན་སུས་འགན་འཁུར་དགོས་ཟེར་བ་ན། ཁོ་ཚོས་དེ་དུས་ཚོད་ཀྱིས་བདེན་དཔང་བྱེད་ངེས་རེད། ཁྱོད་ད་ལྟ་བཀག་བསྐྱིལ་བྱས་འདུག་པས་ཟིན་བྲིས་སྤེལ་ཐབས་བྲལ་ཟེར། གང་ལྟར་མཚན་མོ་དེར་ངས་ཁོ་ཚོར་གསང་ཨང་གང་ཡང་མ་བཤད། རྒྱུ་མཚན་ང་ཁོ་ཚོར་གཏན་ནས་ཡིད་མི་ཆེས་པར་མ་ཟད་མི་དེ་རིགས་ལ་དངོས་གནས་ཞེད་སྣང་སྐྱེས་པས་ཡིན། མཇུག་མཐར་ཁོས་ང་ལ་དད་པ་ཡོད་དམ་ཞེས་དྲིས། ངས་བདེན་དོན་ལ་དད་པ་བྱེད་ཀྱི་ཡོད་ཅེས་ལན་བཏབ། ཁོས་ཅི་ཞིག་ལ་བདེན་དོན་ཟེར་ཞེས་དྲིས། ངའི་ཆུ་ཚད་ཞན་པས་དྲི་བ་དེར་ལན་ཡག་པོ་འདེབས་ཐུབ་མ་སོང་བས་དེ་རིང་ང་ད་དུང་ཕངས་སེམས་ཕྲན་བུ་ཞིག་སྐྱེ་ཡི་འདུག

མནར་གཅོད་ཀྱི་གོ་རིམ་ཞིག་

    (4)

འདྲི་གཅོད་ཐེངས་དེ་ཚར་རྗེས་ནམ་གུང་ཡོལ་ནས་ཆུ་ཚོད་གཉིས་དང་སྐར་མ་བཅུ་ཙམ་ལ་སླེབས་འདུག་ཅིང་། ཉེན་རྟོག་པ་དེ་གཉིས་བུད་སོང་། རྩིས་འཁོར་ནང་གི་ཡིག་ཆ་དེ་དག་ནི་ངའི་བློ་ཡུལ་ལས་འདས་པའི་དོན་དག་ཅིག་ཡིན་གཤིས་ང་ལ་བསམ་བློའི་གྲ་སྒྲིག་ཉག་ཙམ་ཡང་མེད། དེའི་ཁར་ངའི་རིག་པས་ཁོ་ཚོའི་རྒྱུ་མ་ཕུད་འདེད་ཀྱི་འདྲི་གཅོད་དེའི་རྗེས་མ་ཆོད། འདྲི་གཅོད་སྐབས་དེ་ནི་ཁ་གཏད་གཅོག་དཀའ་བའི་ནང་གི་གཅིག་རེད། བྲེད་ཤ་དང་འཚུབ་ཆ་མཉམ་སྐྱེས་དེས་ངའི་སེམས་པ་ལྷབ་ལྷུབ་ཏུ་བཏང་ནས་སྐད་ཅིག་མར་ཅི་བྱ་གཏོལ་མེད་དུ་གྱུར། སྐབས་དེར་སེམས་སུ་དྲན་པ་གཅིག་པུ་ནི་རང་གི་ཁྱོ་ག་རེད། ནམ་རྒྱུན་ཡིན་ན། ནམ་གུང་དུ་ཁ་པར་བཏང་སྟེ་གཞན་གྱི་ངལ་གསོ་ལ་བར་ཆད་བཟོ་བ་དེ་ངའི་སྤང་བྱ་ཡིན། འོན་ཀྱང་མཚན་མོ་དེར་ངས་དེ་ལ་བསམ་བློ་ཡེ་ནས་གཏོང་མ་ཐུབ། ང་གཙང་ཁང་དུ་སོང་ནས་ལྐོག་ལྐོག་སུད་སུད་ཀྱིས་ཁྱིམ་དུ་ཁ་པར་ཞིག་བཏང་། ཁ་པར་དེ་བསྟུད་མར་ཐེངས་གཉིས་ཙམ་ལ་ཆད་སོང་། ཡིན་ནའང་ངས་ཡང་བསྐྱར་བཏང་བ་ཡིན། ཁོ་ཚོའི་རྩུབ་འདྲི་དེས་ང་ལ་ཞེད་སྣང་ཚ་པོ་བསྐུར། ངས་དངོས་གནས་བཟོད་བསྲན་མི་ཐུབ། ཁོ་ཚོར་ད་དུང་ངེད་ཚང་ལ་ཁྱིམ་གློང་རྒྱག་པའི་འཆར་ཞིག་འདུག་པའི་ཚོར་པ་བྱིན། ང་སྐྲག་ནས་འདར་བཞིན་གནས་ཚུལ་དེ་ཁྱོ་གར་བཤད་རྩིས་བྱས་མོད། ཁྱོ་གས་ཁ་པར་ལ་ལྐོག་ཉན་བྱས་ཡོད་པ་རེད་ཅེས་པའི་ཚིག་དེས་ངའི་ངག་ལྐུགས་སུ་བཅུག མཚན་མོ་དེར་རྒྱལ་ནང་བདེ་སྲུང་རུ་ཁག་གི་ལས་མི་བཞི་བོ་མགྲོན་ཁང་དང་ཁ་མ་བྲལ། ངས་ཁ་པར་རྒྱག་མཚམས་སུ་ཉེན་རྟོག་པ་རྒན་པ་དེས་མྱུར་དུ་གཞུང་ལས་ཁང་ལ་ཤོག་ཟེར་ནས་སྐད་བཏང་སོང་ཞེས་པ་དང་། ཁ་པར་བཙན་གྱིས་བཅད་ནས་དེ་འཕྲལ་ལམ་ལ་ཆས།

གཞུང་ལས་ཁང་དེར་སླེབས་པ་ན།   དེ་རུ་རུ་གཙོ་ཝང་དང་ད་དུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ནས་ཡིན་ལོ་ཟེར་བའི་ཉེན་རྟོག་པ་རྒན་དར་གཉིས་འདུག   ང་ཁོ་གཉིས་སྡོད་སའི་ཡིག་ཅོག་གི་ཁ་གཏད་དུ་བསྡད་དེ་བསམ་བློའི་གྲ་སྒྲིག་དང་སེམས་ཁམས་སྙོམས་སྒྲིག་ཅིག་བྱེད་བསམ་སྐབས།   སྙིང་ཁམས་ཀྱི་འཕར་ལྡིང་སྔར་ལས་ཇེ་མགྱོགས་ཇེ་དྲག་ཏུ་ཕྱིན་ཏེ་སྙིང་ཁ་ནང་ལ་བཙངས་ཡོང་ནས་གནོན་ཡང་མ་ཐུབ།   ང་རྐུབ་སྟེགས་ལས་ཡར་ལངས་ཏེ་གཡོན་ཕྱོགས་ཀྱི་གྱང་རྩར་སོང་ནས།   ལག་པ་ཡ་གཅིག་གྱང་ངོར་ཁེན་ཞིང་ལག་པ་ཡ་གཅིག་གིས་སྙིང་ཁ་ཤུགས་ཀྱིས་མནན་ཏེ་བསྲན་ཀྱང་མ་སྲོན་པར་ངུ་སྐད་ཤོར།   ངུ་བཞིན་ངུ་བཞིན་ཐང་ལ་འགྱེལ།   དེ་མ་ཐག་རུ་གཙོ་ཝང་ཡོང་ནས་ཁྱོད་ལ་ཅི་བྱུང་ཟེར་ཞོར་ང་ཡར་བསྐྱོར།   དེར་བརྟེན་ནས་ཡར་ལངས་ཏེ་སྤྲིན་ནག་ལྟར་འཁྲིགས་པའི་སེམས་ཁམས་བཙན་གྱིས་སྙོམས་སྒྲིག་ཙམ་བྱས་རྗེས།   གོམ་པ་འཆལ་འཆོལ་ངང་ཕྱིར་སོང་སྟེ་རྐུབ་སྟེགས་སྟེང་བསྡད།   སེམས་སུ་དོ་དགོང་ང་འདི་ལྟར་སྨྱོས་ཀྱང་འདྲི་གཅོད་མཚམས་མི་འཇོག་ཁོ་ཐག་རེད།   མི་འདི་ཚོ་ནི་ཇི་འདྲའི་གདུག་རྩུབ་ཆེ་བ་ལ་ཨང་།   འཕྲུལ་འཁོར་ལྟ་བུའི་མི་ཡི་མཚན་གཞིར་ཁོ་ཚོ་ལས་གཞན་སུ་འཇོག་སྙམ། 
དེ་མ་ཐག་ཉེན་རྟོག་པ་རྒྱགས་པ་ཞིག་ཡོད་པ་དེས་ད་མགོ་བརྩམས་ན་ཆོག་གམ་ཞེས་དྲིས།   ངས་འགྲིག་ཅེས་བཤད།   ཁོས་ཐེངས་འདིའི་ལྷ་སའི་རྡུང་གཅོག་འཕྲོག་སྲེག་གི་དོན་རྐྱེན་དེར་ང་ལ་ལྟ་ཚུལ་ཅི་ཡོད་དྲིས།   ངས་དེ་ནི་དོན་རྐྱེན་དེར་ཞུགས་མཁན་གྱི་མི་ལ་དྲིས་ན་འགྲིག   ང་དོན་རྐྱེན་དེའི་ནང་ཞུགས་མེད་པས་ཧ་ཅང་བཤད་དཀའ།  དཔེར་ན།   མི་གཉིས་རྡུང་རེས་བྱེད་དུས་ང་ཡུལ་དེར་མེད་ན་མི་སུའི་སྐྱོན་ཆ་ཡིན་པ་བཤད་དཀའ་བ་བཞིན་རེད།   ཁྱོད་ཀྱིས་བརྙན་འཕྲིན་ནང་བོད་པ་སྐོར་ཞིག་གིས་དྲག་རྩུབ་ཀྱི་བྱ་བ་བྱེད་པ་མ་མཐོང་ངམ་ཟེར།   སྤྱིར་ང་རང་དྲག་རྩུབ་ཀྱི་བྱ་བར་གཏན་ནས་མི་དགའ།   དེ་ནི་ང་ཚོའི་བོད་པ་མང་ཆེ་ཤོས་ཀྱི་གཤིས་ཀའང་ཡིན།   ཁོ་ཚོ་དྲག་རྩུབ་ཀྱི་བྱ་བར་ཞུགས་པ་མཐོང་དུས།   ངས་ཁོ་ཚོར་བཤད་དཀའ་བའི་སྡུག་བསྔལ་ཞིག་ཡོད་པ་ཨེ་ཡིན་ནམ་སྙམ།   ལྷག་པར་དུ་ངས་བརྙན་འཕྲིན་གྱི་ལས་ཀ་བྱས་ནས་ལོ་མང་འགོར་བས། བརྙན་འཕྲིན་སྒྲིག་སྦྱོར་ལ་ཆ་རྒྱུས་ཅུང་ཟད་ཡོད།   ཐེངས་འདིའི་ལྷ་སའི་དོན་རྐྱེན་ཁྲོད་ཀྱི་བརྙན་འཕྲིན་པར་རིས་ཁ་ཤས་ལ་གནད་དོན་འདུག  མ་ཟད།   བརྙན་འཕྲིན་དུ་དོན་དེའི་འབྱུང་རྐྱེན་དང་ཕན་ཚུན་བར་གྱི་འགལ་རྩོད་གང་ཡང་མི་བཤད་མི་སྟོན་པར་མང་ཚོགས་ཁོ་ནས་རྡུང་གཅོག་འཕྲོག་སྲེག་བྱེད་པའི་པར་རིས་རྐྱང་རེད་ཅེས་སྐྲག་ཅིང་འདར་བཞིན་དེ་ལྟར་བཤད།   ཡིན་ནའང་ཁོ་ཚོས་ངའི་སྐད་ཆ་དེ་བཏང་སྙོམས་སུ་བཞག་སྟེ།   རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་བྱས་རྗེས།   བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ལ། ད་ལྟ་ཡང་མུ་མཐུད་དུ་ལོ་རེར་མ་དངུལ་འབོར་ཆེན་བཏང་སྟེ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད།   ལས་བྱེད་པའི་ཟླ་ཕོགས་ཀྱང་ས་གཞན་དང་བསྡུར་ན་ཤིན་ཏུ་མཐོ།   ཁོ་ཚོས་ད་དུང་དྲིན་ཆེན་ལ་དྲིན་ལོག་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ་ཟེར།   ངས་ང་རང་ཉིད་ཀྱི་ཚབ་བྱེད་རྒྱུ་ལས་བོད་མི་ཡོངས་ཀྱི་ཚབ་བྱེད་ཐབས་མེད།   དེ་བས་དོན་དེ་ལ་ལན་འདེབས་དཀའ།   གང་ལྟར་དོན་རྐྱེན་འདི་འདྲ་བྱུང་བར་བློ་ཤིན་ཏུ་སྐྱོ་སོང་།   གང་ཡིན་ཟེར་ན།   ང་རང་བོད་པ་ཞིག་ཡིན་པའི་ཆ་ནས།   བོད་མིའི་ཚེ་སྲོག་འདི་ལྟར་འཕྲོ་བརླག་ཏུ་སོང་ན་སེམས་ཀྱིས་མི་བཟོད།   སྒོ་ང་བྲག་བརྡབས་ཀྱི་དཔེ་རུ་འགྲོ་བས་མཐའ་མཇུག་གྱོང་གུན་རག་མཁན་བོད་མི་རྐྱང་ཡིན་པ་རེད་ཅེས་བཤད།   

ང་ལ་ད་ལྟ་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི། རྒྱལ་ཁབ་ཀྱི་གསར་ལམ་གཙོ་བོ་དག་ནས། ལྷ་སའི་དོན་རྐྱེན་ཁྲོད་ཀྱི་རྡུང་གཅོག་འཕྲོག་སྲེག་གི་གསར་འགྱུར་རྐྱང་རྐྱང་བཏང་ནས། བོད་རྒྱ་མང་ཚོགས་བར་ལ་འགལ་ཟླ་དྲག་པོ་བཟོ་ཡི་འདུག་པ་དེ་ཡིན། སྤྱིར་ང་རང་ལ་མཚོན་ན། ལམ་ལུགས་དང་སྲིད་གཞུང་གི་བྱེད་སྟངས་ཁ་ཤས་ལ་ལྟ་ཚུལ་ཡོད་ནའང་། རྒྱ་མི་མང་ཚོགས་ཕལ་པ་རྣམས་ལ་ལྟ་ཚུལ་མེད། ངས་བསམ་ན་བོད་པ་གཞན་དག་རྣམས་ཀྱང་དེ་བཞིན་ལོས་ཡིན་འདོད། ང་རང་གིས་ཟི་ལིང་དུ་ལོ་ཉི་ཤུ་ལྷག་ལ་ལས་ཀ་བྱས། དོན་མེད་དུ་རྒྱ་མི་ཞིག་ལ་ཁ་འཛིང་ཙམ་ཡང་བྱས་མྱོང་མེད། དོན་རྐྱེན་དེ་འདི་ལྟར་དྲིལ་བསྒྲགས་རྫོགས་མེད་བྱེད་པའི་དམིགས་ཡུལ་གང་ཡིན་མི་ཤེས་ལ། མཇུག་འབྲས་གང་འདྲ་བྱུང་མིན་ཡང་ད་ལྟ་བཤད་དཀའ་བ་རེད་ཅེས་བཤད། ཟིན་བྲིས་འདེབས་མཁན་གྱི་ཉེན་རྟོག་པ་རྒན་པ་དེས། ངེད་བཟའ་ཟླ་གཉིས་ཀྱིས་ཕྱི་རྒྱལ་གྱི་དྲ་ཚིགས་སྟེང་གི་རྩོམ་ཡིག་དེ་དག་བོད་ཡིག་ཏུ་བསྒྱུར་ནས། བོད་པ་གཞན་ལ་བསྐུར་པ་དང་། དེ་དམངས་ཁྲོད་དུ་བསྒྲགས་རྗེས་མང་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དོགས་པ་ཟ་ཡི་འདུག ངས་ལན་དུ། ངེད་བཟའ་ཟླ་གཉིས་ལ་ཐོག་མར་རྩོམ་ཡིག་དེ་དག་བསྒྱུར་བའི་དུས་ཚོད་མེད། ཕྱི་རྒྱལ་དུ་ཡོད་པའི་བོད་པ་རྣམས་ཀྱིས་དེ་ལས་ཀྱང་ལྷག་པའི་གསར་འགྱུར་ངོ་མ་མཐོང་ཐུབ་ཀྱི་ཡོད་པ་རེད། མང་ཚོགས་ཀྱིས་རྩོམ་ཡིག་དེ་རིགས་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་པའང་ཤེས་མི་སྲིད། འདི་ཕྱོགས་སུ་ལྟ་འདོད་མཁན་རྣམས་ཀྱིས་བལྟ་ཐུབ་ཀྱི་འདུག བལྟ་མི་འདོད་མཁན་ལ་བསྐུར་ཚེ་ང་རང་ཡང་ལྐོག་བཙོང་བྱེད་སྲིད། དེ་བས་ཁྱོད་ཚོའི་དོགས་པ་དེ་ནི་ལྷག་མ་ཞིག་རེད་འདོད་ཅེས་བཤད། དེ་རྗེས་རུས་ལི་ཅན་གྱིས་ཐེངས་འདིའི་དོན་རྐྱེན་བྱུང་རྗེས། ཁྱོད་ཚོ་བོད་སྐད་བརྙན་འཕྲིན་དུ་དེའི་ཕྱོགས་ཀྱི་གསར་འགྱུར་བཏང་ཡོད་དམ་མེད། ཡོད་ན་ཉིན་རེར་གསར་འགྱུར་ག་ཚོད་གཏོང་གི་ཡོད། ཁྱོད་ཚོའི་འགོ་ཁྲིད་རྣམས་ཀྱིས་དོན་རྐྱེན་འདིར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་པ་རེད། ལས་གྲོགས་ཕན་ཚུན་བར་སྐད་ཆ་ཅི་ཞིག་གླེང་གིན་འདུག་ཅེས་གཅིག་གཅིག་གཉིས་གཉིས་སུ་དྲིས་ཤིང་། ངས་ང་ཚོས་ཉིན་རེར་གསར་འགྱུར་གསུམ་བཞི་རེ་བཏང་བ་ཡིན། འགོ་ཁྲིད་ཀྱིས་མི་ཚང་མར་ཚོགས་འདུ་བསྡུས་ཏེ་གསར་འགྱུར་ལ་ནོར་འཁྲུལ་མི་འབྱུང་བར་གཟབ་གཟབ་བྱེད་དགོས་ཚུལ་བརྗོད། ལས་གྲོགས་ཕན་ཚུན་བར་ཁ་བརྡ་གང་ཅི་བྱས་པ་ངས་ཧ་གོ་མ་སོང་། ང་རང་དུས་རྒྱུན་འཚོ་བའི་ཁྲོད་ཁྱིམ་དུ་དཔེ་ཆ་བལྟ་བ་དང་རོལ་མོ་རེར་ཉན་ནས་འདུག་རྒྱུ་ལས་མི་གཞན་ལ་འབྲེལ་འདྲིས་དང་སྒོ་ཕྱི་ལ་འགྲོ་བར་དགའ་པོ་མི་འདུག་ཅེས་བཤད་པ་ན། ཁྱོད་ཚོའི་ལས་ཁུངས་སུ་བོད་མི་བརྒྱད་ཅུ་ལྷག་འདུག་ན། དེ་ཁྲོད་ཀྱི་གཅིག་ལའང་ཁ་བརྡ་མ་བྱས་ཟེར་ན་སུའི་རྣ་བར་འགྲོ་ཟེར།

   འདྲི་གཅོད་དེ་མཇུག་རྫོགས་རྗེས།  རུས་ལི་ཅན་གྱི་ཉེན་རྟོག་པ་རྒྱགས་པ་དེས་ང་ཚོ་ཕྱི་རྒྱལ་གྱི་དྲ་ཚིགས་སུ་འཇུག་མི་ཐུབ།   ཁྱོད་ཀྱིས་ཇི་ལྟར་འཇུག་ཚུལ་ཞིག་ཤོད་དང་ཟེར།   ངས་མི་བཤད་རང་ཉིད་སོང་ནས་ཚོལ་ཅེས་བཤད།   ཟིན་བྲིས་འདེབས་མཁན་ཉེན་རྟོག་པ་དེས།   ད་ཁྱོད་ཀྱི་འདོད་ཚུལ་ཤོད་དང་ཟིན་བྲིས་འདེབས་ཀྱི་མིན་ཟེར་བས། ང་དོགས་སྐྲག་ངང་ཡང་བསྐྱར་ཨ་རི་ནས་མཐོང་བའི་ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་ལུས་ནས་དོན་ལྔ་སྣོད་དྲུག་དམར་འདོན་བྱས་ཏེ་ཕྱི་རྒྱལ་དུ་བཙོངས་པ་བཀོད་ཡོད་ཚུལ་གྱི་གསར་འགྱུར་སོགས་བཤད་པ་ཡིན།   ཁོ་པས་ང་ལ་ཁྱོད་ཀྱིས་ཚགས་པར་དེ་གང་དུ་མཐོང་ཞེས་དྲིས་ཤིང་།   ངས་རྒྱ་མིའི་ཟ་ཁང་ཞིག་ཏུ་མཐོང་བ་ཡིན་ལ།   ཚགས་པར་དེ་རིགས་རྒྱ་མི་ཡོད་སའི་སྲང་ལམ་གྱི་ཚགས་པར་བཙོང་ས་ཀུན་ཏུ་འདུག་པ་རེད་ཅེས་བཤད།   ངས་མགོ་མཇུག་བར་གསུམ་དུ་ཉེན་རྟོག་པ་ཚོར་སྐྲག་ཅིང་འཇིགས་བཞིན་དེ་ལྟར་བཤད་དོན།  ཁོ་ཚོའི་ཁྲོད་རྒྱུ་འབྲས་བློ་མིག(良知)ཅན་གྱི་མི་རེ་ཨེ་འབྱུང་ལ་འཁྲེང་བ་ཡིན།   མཇུག་མཐར།   རུས་ལི་ཅན་གྱི་ཉེན་རྟོག་པ་དེས་ང་ལ།   ཁྱོད་རང་གཡོ་སྒྱུ་ཆེ་ཞིང་།   རིག་ལམ་གསལ་པས་བོད་པ་ཞིག་དང་མི་འདྲ།   ང་ནི་མི་གཞུང་དྲང་དང་གཏམ་དྲང་མོར་རྗོད་མཁན་གྱི་བོད་པ་ལ་དགའ་ཟེར།   ངས་ང་ད་ནས་བཟུང་གཞན་གྱི་གཡོ་འོག་ཏུ་མི་ཚུད་ཁོ་ཐག་ཡིན་ཞེས་བཤད་པ་ཡིན།

མཚན་མོ་དེར་མཚན་ཐོག་ཐག་ལ་འདྲི་གཅོད་བྱས་ནས་བལྟས་བལྟས་རིག་རིག་ལ་ནམ་ལངས་ཉི་མ་ཤར་ཏེ་ཚེས་པ་བཞིའི་ཆུ་ཚོད་བརྒྱད་པར་སླེབས། འདྲི་གཅོད་བྱེད་མཁན་དེ་གཉིས་ཀྱིས་རྒྱལ་ནང་བདེ་སྲུང་རུ་ཁག་གི་ཅུའུ་ཀྲང་ཀྲང་ལ་ཁ་པར་བཏང་སྟེ་གོང་རིམ་ལ་སྙན་སེང་ཞུ་རུ་འགྲོ་དགོས་ཚུལ་བཤད། ཉེན་རྟོག་པ་རེ་གཉིས་ལས་ཀར་ཡོང་བཞིན་པའི་སྐབས། ང་མགྲོན་ཁང་དུ་ངལ་གསོ་བར་བཏང་། མགྲོན་ཁང་དུ་ཉལ་ནས་བཙན་གྱིས་གཉིད་ལྡོག་ཀྱང་གཉིད་གཏན་ནས་མ་ཁུགས། ངལ་བ་སེལ་ཆེད་མིག་ཟུང་བཙན་གྱིས་བཙུམས་ནས་ཉལ་ཁུལ་བྱས། ཉིན་དེའི་ཉིན་གུང་ལ་ང་ཡང་བསྐྱར་གཞུང་ལས་ཁང་དེར་ཁྲིད། སྐབས་ཤིག་ཁྱོ་ག་ཉེན་རྟོག་ཁང་དུ་སླེབས་སོང་། ངས་ཉིན་གུང་ཁ་ལག་ཟོས་མེད་པ་ཤེས་ནས། ཁོ་ཕྱི་ལོགས་སུ་སོང་སྟེ་ང་ལ་མགྱོགས་ཟས(快餐)ཤིག་ཉོས་ཡོང་། སྐབས་དེར་གཞུང་ལས་ཁང་དུ་ཉེན་རྟོག་པ་མང་པོ་འཚང་འདུག དེའི་ཁྲོད་དུ་བོད་པ་ཡང་འདུག་ཅིང་། ཁོ་ཚོ་ངེད་ཚང་ལ་ཁྱིམ་གློང་ཐེངས་གཉིས་པ་རྒྱག་ཏུ་འགྲོ་མཁན་ཡིན་པ་ཤེས་པ་ན། སེམས་གྲང་ཤུར་ཤུར་དུ་གྱུར་ནས་ཁ་ལག་ཟ་བའི་ཡི་ག་གཏན་ནས་མེད་སོང་། བུ་མོ་ཁྱིམ་ཚང་གཞན་ཞིག་ཏུ་བཅོལ་དགོས་ཟེར་ནས་ཁྱོ་ག་མྱུར་མོར་ཁྱིམ་ལ་ལོག་ཏུ་བཅུག ཏོག་ཙམ་མ་འགོར་བར་ལི་ཞའོ་ཕིང་ཡོང་ནས། ལྷ་མོ་སྐྱབས་གང་དུ་བུད་སོང་ཟེར། ངས་བུ་མོ་ཁྱིམ་དུ་འདུག་པས་བཀོད་སྒྲིག་བྱེད་པར་བུད་སོང་ཞེས་མ་ཐག ཉེན་རྟོག་པ་དྲུག་བདུན་ཙམ་དེ་འཕྲལ་ལམ་ལ་ཆས་གྲབས་བྱས། ང་ཞེད་སྣང་དང་བྲེལ་ཟུག་གཉིས་འདྲེས་ཀྱིས་ལག་པ་འདར་ཞོར་ཁྱོ་གར་ཁ་པར་ཞིག་གཏོང་ཙམ་བྱེད་སྐབས། བུད་མེད་ཉེན་རྟོག་པ་གཞན་ཞིག་ཡོད་པ་དེས་མཐོང་ནས། བོད་པ་ཉེན་རྟོག་པ་ཞིག་གི་མིང་ནས་བོས་ཏེ་ངས་ཇི་བཤད་ལ་ཉན་དགོས་པའི་བརྡ་བརྒྱབ། ཁོ་ཚོ་སོང་རྗེས་ང་གཞུང་ལས་ཁང་དེ་རུ་བློ་རིག་རྟ་རྒོད་འཕྱོ་འཕྱོ་དང་ཁོང་སྙིང་ལུ་གུ་ལྡིང་ལྡིང་གིས་ཁྱིམ་གློང་རྒྱག་མཁན་ཕྱིར་ཡོང་གི་རེ་སྒུག་ཁྲོད་དུས་ཚོད་རིང་པོ་འདས་ནའང་ཁོ་ཚོ་ཕྱིར་སླེབས་མ་སོང་། དེ་རྗེས་ང་ཡང་བསྐྱར་མགྲོན་ཁང་དུ་ཁྲིད། ཉི་མ་དེར་ང་སྲུང་མཁན་སོག་མོ་ཉེན་རྟོག་པ་དེ་རེད། མོས་ང་ལ་ཁྱོད་ཀྱིས་ཁྲུས་ཤིག་བྱས་ན་འགྲིག གཞན་གྱིས་བསྲུངས་ན་ཁྲུས་བྱེད་ཐུབ་མིན་མི་ཤེས་ཟེར། སྐབས་དེར་མོས་ཀྱང་ང་ཉི་མ་དེ་འདྲའི་མང་པོར་བཀག་བསྐྱིལ་བྱས་འགྲོ་འདོད་ཀྱི་མེད་པ་འདྲ། མོའི་སྐད་ཆར་གནས་ལུགས་འདུག་སྙམ་ནས་མི་འདོད་བཙན་གྱིས་ཁྲུས་ཤིག་བྱས་པ་དེ་ནི་བཀག་བསྐྱིལ་ཉི་མ་ཉི་ཤུའི་རིང་གི་ཁྲུས་གཅིག་པུ་ཡིན། ཁོ་མོས་ད་དུང་ང་ལ་དོར་འགག(裤头)དང་སྟོད་ཐུང་ཞིག་ཉོས་ཡོང་ཟེར་མོད། ངའི་སེམས་པ་དེའི་སྟེང་ཡེ་ནས་མེད་གཤིས་མི་དགོས་པའི་ཚུལ་གྱིས་བཀའ་དྲིན་ཞུས། ཡིན་ནའང་མོའི་གྲོགས་པོ་བོད་པ་ཞིག་གིས་མགྲོན་ཁང་གི་བར་ཁྱམས་སུ་འབྲུ་སེའུ(草莓)དང་རྒུན་འབྲུམ་སོགས་བསྐྱལ་ཡོང་བས་ངས་ད་ལོའི་འབྲུ་སེའུ་ཐོག་མ་ཟོས་པ་ཡིན། སྐབས་དེར་འབྲུ་སེའུ་སྤུས་ལེགས་བརྒྱ་མ་གང་ལ་ཕལ་ཆེར་སྒོར་བཅོ་ལྔ་རེད། ང་སེར་སྣ་སྐྱེས་ནས་ཟ་མ་ཕོད་པ་ཤེས་དུས། མོ་རང་གཏན་ནས་ཡིད་ཆེས་ཀྱི་མེད་ལ། མོས་ངེད་གཉིས་རྩ་བ་ནས་རིགས་མི་འདྲ་བའི་མི་གཉིས་རེད་ཅེས་བཤད། དགོང་མོའི་ནུབ་འཚལ་སྐབས། ཁྱོ་ག་ཡང་ང་ཚོ་རྒྱུན་དུ་འགྲོ་སའི་ཟ་ཁང་དེར་ཡོད་པའི་ཚོར་པ་དྲག་པོ་ཞིག་སྐྱེས་བྱུང་། ང་འཚབ་འཚུབ་ཀྱིས་སོག་མོ་ཉེན་རྟོག་པ་དང་མཉམ་དུ་ཟ་ཁང་དུ་འབྱོར་པ་ན། ཏག་ཏག་ཁྱོ་གས་ཀྱང་དེ་རུ་ཁ་ལག་ཟ་ཡི་འདུག་ཅིང་ཉེན་རྟོག་པ་རྒན་པ་དེས་ཁོ་རང་སྲུང་བསྡད་འདུག ང་དགའ་ཆེ་ནས་ཅོག་ཙེ་དེའི་ལོགས་སུ་བསྡད་དེ་ཁྱོ་ག་དང་ཁ་བརྡ་ཕྲན་ཙམ་བྱེད་སྐབས། ཁྱོ་གར་ཡང་འདྲི་གཅོད་བྱས་པ་ཤེས། ཁྱོ་གས་བཤད་ན། ཚེས་བཞི་ཉིན་གྱི་ཁྱིམ་གློང་བརྒྱབ་ཐེངས་གཉིས་པའི་ནང་། ངའི་ཕྱི་བགྲོད་ལམ་ཡིག་དང་། ཁ་པར་ཨང་དེབ་བཞི། ཚ་མོའི་མཐེབ་སྡེར(U盘)། ངའི་མཐེབ་སྡེར། ད་དུང་ཨ་རི་ནས་གཏམ་བཤད་བྱས་པའི་མ་ཕྱི་ཤོག་གྲངས་སོ་ལྔ་དང་། ཚེས་འདས་ཤིག་ལ་དགེ་རྩ་བསྒྲུབས་པའི་ཡེ་ཤེས་ནོར་བུའི་མཚན་ཡིག་བསྐྱོན་པའི་འབྱོར་ཡིག་གཅིག བརྒྱ་ལོ20པར་རྒྱུན་ལྡན་མ་ཡིན་པའི་ལམ་ནས་བོད་མི་ཤི་གོད་དུ་སོང་བའི་གྲངས་འབོར་ཁྲི་བརྒྱ་དང་ཉི་ཤུ་ཡིན་ཞེས་བྲིས་ཡོད་པའི་ཤོག་ལྷེ་ཞིག་བཅས་ཁོ་ཚོས་ཁྱེར་སོང་ཟེར། ཁོས་ད་དུང་། ང་རང་ཡང་བཀག་བསྐྱིལ་བྱེད་རྩིས་འདུག ད་ནས་བཟུང་ངེད་གཉིས་ཕན་ཚུན་བར་འབྲེལ་འདྲིས་ཀྱང་བྱེད་དཀའ་རྒྱུ་རེད། བུ་མོ་དང་ཚ་མོ་གཉིས་ཕ་ཡུལ་དུ་སྐྱེལ་དགོས་པ་འདྲ། ངའི་ནུ་བོའང་འུ་ཚོར་སྐོར་རྒྱག་པར་འབྱོར་འདུག་ཅེས་བཤད། སྐབས་དེར་གནས་ཚུལ་ཛ་དྲག་ནས་ཛ་དྲག་ཏུ་ཕྱིན་པ་ཚོར། སེམས་སུ་མེ་མུར་བླུགས་པ་ལྟར་ཚ་བེར་བེར་དུ་གྱུར། ངེད་གཉིས་ཁ་བརྡ་བྱེད་པ་མཐོང་ནས་ཉེན་རྟོག་པ་རྒན་པ་དེས་སྡང་སྡུག་བསྟན་ཏེ། ཁ་ལག་ཀྱང་ཟོས་མ་ཚར་གོང་སྐད་བཏང་བྱུང་ཟེར་ནས་ཁྱོ་ག་ཉེན་རྟོག་ཁང་དུ་ཁྲིད། དེ་ནས་བཟུང་ངས་ཉེན་རྟོག་པ་རྒན་པ་དེར་ཁ་ཡ་ཡག་པོ་མ་བྱས། སྟབས་ལེགས་པ་ཞིག་ལ་དགོང་མོ་དེར་ཁྱོ་ག་ཕྱིར་ཁྱིམ་ལ་ལོག་བཅུག་པ་རེད། ཚེས་པ་ལྔའི་ཉིན་ལ་འདྲི་གཅོད་མ་བྱས་པ་འདྲ། མགྲོན་ཁང་དུ་ཉེན་རྟོག་པ་བཞི་བོས་ང་སྲུང་ཞོར་ཤོག་ཕེ(扑克)བརྩེས་ཏེ་རྒྱལ་བཞག་ནས་ཉིན་གུང་སླེབས་པ་ན། ང་ཚོ་མཉམ་དུ་ཟི་ཁྲོན་གྱི་ཟ་ཁང་ཞིག་ཏུ་ཁ་ལག་ཟ་རུ་སོང་། ཕྱིར་མགྲོན་ཁང་དུ་ཡོང་རྗེས་ཁོ་ཚོས་མུ་མཐུད་དུ་ཤོག་ཕེ་བརྩེས་ནས་བསྡད། ངས་གསར་དུ་ཉོས་པའི་ཀློག་པ་པོའི་དུས་དེབ་དེར་ཅུང་ཙམ་བལྟས་པ་ཡིན། མཚམས་ཤིག་ལ་ཁོ་ཚོས་ཤོག་ཕེ་རྩེ་མཚམས་བཞག དུས་དེར་སོག་མོ་ཉེན་རྟོག་པ་དེ་ཁང་པ་སྦུག་མའི་གཙང་ཁང་དུ་འགྲོ་ཞོར་ཁྱོ་གས་ཁྱོད་ལ་ཟ་རྒྱུ་ཞིག་ཀྱང་ཁྱེར་མི་ཡོང་བ་ཅི་རེད་ཟེར། ངས་ང་ལ་ཟ་མ་ཟ་བའི་འདུན་པ་ཡེ་ནས་མེད། ངེད་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་ཀུན་ཏུ་ང་ཡུལ་ལ་གཏོང་བར་རེ་སྒུག་བྱེད་རྒྱུ་ལས། ཟ་འཐུང་ཡིད་ལ་མི་དྲན་པའི་ཚད་དུ་ལྷུང་ཡོད་ཅེས་བཤད། ཡིན་ནའང་། མྱོང་བ་མངོན་སུམ་མེད་པའི་མི་ཞིག་ལ་ཚོར་ཤེས་དེ་འདྲ་ཡོད་མི་སྲིད་ལ་ཚུལ་དེ་ཕར་བཤད་ཀྱང་རྟོགས་དཀའ་བའི་ཚོད་རེད་སྙམ།

སྐབས་ཤིག་ལ་ཁྱོ་གས་བཏང་བའི་ཁ་པར་ཞིག་འབྱོར་བས་དེར་ཉན་ཆོག་མིན་གྱི་སྐད་ཆ་དྲིས་པར།   ལི་ཞའོ་ཕིང་གིས་བཙན་དྲག་གིས་ཁོ་ལ་སྤྲོད་ཟེར་ནས་ཁ་པར་ཁ་གཏན་རྗེས་རང་གི་ཁུག་མའི་ནང་བཅུག  དེ་ནས་བཟུང་ཁྱོ་ག་དང་ཁྱིམ་མིར་ཁ་པར་གྱི་འབྲེལ་འདྲིས་ཀྱང་ཆད་སོང་།  དེ་སྔོན་ཚེས་པ་གསུམ་མམ་བཞིའི་ཉིན་ཞིག་ལ་ཁྱིམ་དུ་ཁ་པར་ཞིག་གཏོང་སྐབས་བུ་མོ་དཀར་རྒྱན་གྱིས་ཨ་མ་ཁྱོད་ནམ་ལོག་ཡོང་གི་ཡིན་ཞེས་དྲན་གདུང་གིས་དྲིས་ཤིང་།   ངས་ཉི་མ་ཁ་ཤས་ཀྱི་རྗེས་སུ་ཨ་མ་ལོག་ཡོང་གི་ཡིན་ཞེས་ལབ་ལ།   སེམས་སུའང་ཉིན་རེ་གཉིས་ཀྱི་རྗེས་སུ་ཁྱིམ་དུ་ལོག་ཐུབ་ཐུབ་ཡིན་པར་འདོད་ཡོད།   དེ་ནི་ཉི་མ་ཉི་ཤུའི་རིང་བུ་མོར་བཏང་བའི་ཁ་པར་གཅིག་པུ་ཡིན།  

ཕྱི་དྲོ་དེ་དེ་ལྟར་འདའ་ཁུལ་བྱས་ནས་ཉི་མ་ནུབ་ཁར་ལི་ཞའོ་ཕིང་ལ་ཁ་པར་ཞིག་འབྱོར་པ་དང་། ཁོས་མྱུར་དུ་ངའི་དངོས་པོ་བསྡུ་གསོག་བྱོས་ཟེར། ངའི་སེམས་སུ་ད་ཐེངས་གཞི་ནས་ཡུལ་ལ་འགྲོ་ཐུབ་སོང་འདོད་ནས་སེམས་ལ་དགའ་བ་ཆེན་པོ་ཞིག་འཕེལ་ཡོང་། ང་ཚོ་ཉེན་རྟོག་གཞུང་ལས་ཁང་དུ་སླེབས་ནས་ཡུན་རིང་འགོར་ཡང་གྲགས་འགུལ་ཅི་ཡང་མ་བྱུང་། ལི་ཞའོ་ཕིང་གིས་ཅི་ཞིག་ལ་སྡིགས་མོ་བྱེད་ཞོར་དཔྲལ་བར་མདུད་པ་ཞིག་བརྒྱབ་སྟེ་མུ་མཐུད་དུ་ཤོག་ཕེ་ལ་རྩེ། དེ་ནས་ལི་ཞའོ་ཕིང་ལ་ཡང་བསྐྱར་ཁ་པར་ཞིག་འབྱོར་ནས་ཅི་ཞིག་ཟིན་བྲིས་འདེབས་དགོས་ཚུལ་བརྗོད་རུང་། ཁོས་མི་ཤེས་ཟེར་བཞིན་རྩེ་མོར་གཡེང་བསྡད། ངས་ང་རང་གློལ་བཀྲོལ་གུ་ཡངས་གཏོང་ཁའི་ཟིན་བྲིས་འདེབས་འདོད་མེད་པ་ཨེ་ཡིན་ནམ་བསམ། རྒྱུ་མཚན་ཁོ་ཚོ་ལས་ཀ་དེར་དེ་འདྲའི་དགའ་པོ་མེད་བཟོ་འདུག་ཅིང་ཟིན་བྲིས་འདེབས་རྒྱུར་ཡང་མགོ་ན་གི་ཡོད་པ་འདྲ། ཁོ་ཚོ་སྔར་བཞིན་ཤོག་ཕེ་ལ་རོལ། ངའི་ཡིད་ལ་རེ་དོགས་ཀྱིས་ཁེངས་བཞིན་གོམ་འགྲོས་དལ་མོས་གཞུང་ལས་ཁང་དེ་རུ་ཡར་འགྲོ་མར་འགྲོ་མང་པོ་བྱས། ཡུན་རིང་ཞིག་འགོར་རྗེས་ཅུའུ་ཀྲང་ཀྲང་གིས་ཁ་པར་ཞིག་གཏོང་ཞོར་བར་ཁྱམས་སུ་འབྱོར། ཁ་པར་ལས་ང་ཚོ་སྡོད་སའི་མགྲོན་ཁང་དེའི་སྦྱིན་བདག་ལ་བཀའ་དྲིན་ཞུ་བཞིན་ད་ཁང་པ་མི་དགོས་ཟེར། དེ་ཐོས་མ་ཐག་ངའི་སེམས་ལྷག་ཏུ་བདེ་ལ་བབས། དེ་དང་འབྲེལ་ནས་ཁྱིམ་མི་དང་བར་ཐག་ཇེ་ཉེར་གྱུར་ཏེ་ཁོ་ཚོ་དྲན་པ་ཇེ་དྲག་ཏུ་ཕྱིན། ལི་ཞའོ་ཕིང་དང་སོག་མོ་ཉེན་རྟོག་པ་ངེད་གསུམ་པོ་ཅུའུ་ཀྲང་ཀྲང་གི་རླངས་འཁོར་དུ་བསྡད། རླངས་འཁོར་འགྲོ་མགོ་བརྩམས། རང་ཁྱིམ་གྱི་ཕྱོགས་སུ་ཨེ་འགྲོ་ལ་འཁྲེང་ནས་མིག་རིག་རིག་གིས་བལྟས་ནའང་། རླངས་འཁོར་ངའི་ཁྱིམ་གྱི་ལྡོག་ཕྱོགས་ཏེ་ཤར་ནས་ཤར་དུ་བསྐྱོད་དེ་ཁྱིམ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་། དེ་དང་བསྟུན་ངའི་རེ་བའི་ཐག་པ་ཇེ་ཕྲ་ནས་ཇེ་ཕྲ་རུ་གྱུར། དེ་བཞིན་སོང་བའི་མོད་ལ་རྒྱང་མིག་ཆད་དེ་ཐག་རིང་མི་མཐོང་། མཚམས་ཤིག་ལ་ངས་སྐད་དམའ་མོས་གང་དུ་འགྲོ་ཡི་ཡོད་དམ་ཞེས་ཁེར་བཤད་ཅིག་བརྒྱབ་པ་ན། སོག་མོ་ཉེན་རྟོག་པ་དེས་ངའི་ལག་པའི་སྟེང་ཁོ་མོའི་ལག་པ་ཡང་མོས་ཀྱི་བཞག མྱུར་ལམ་ལས་ཤར་དུ་སོང་སོང་མཐར་བྱང་ཕྱོགས་སུ་ཁ་ལོ་བསྒྱུར་ཏེ་ཡུན་རིང་མ་འགོར་བར་ཞི་ཧུའུ་མགྲོན་ཁང་ཟེར་བ་ཞིག་གི་སྒོ་ཁར་འབྱོར་པ་དང་རླངས་འཁོར་བསྡད། ལི་ཞའོ་ཕིང་དང་སོག་མོ་ཉེན་རྟོག་པས་རླངས་འཁོར་ལས་ངའི་དངོས་པོ་འཁྱེར་རོགས་བྱས། འགྲོ་ཁར་མོས་ཅུའུ་ཀྲང་ཀྲང་ལ་འཁུར་ཁུག་རླངས་འཁོར་སྟེང་བཞག་ན་འགྲིག་མིན་དྲིས་པར། ཅུའུ་ཀྲང་གིས་ཆོག་ཟེར། དེ་དུས་ང་ཡུལ་ལ་འགྲོ་རྒྱུའི་རེ་བ་མེད་པ་ཤེས། ཡིན་ནའང་སེམས་ཕུག་ཏུ་མགྲོན་ཁང་དུ་འགྲོ་ལུགས་བསྒྲུབས་རྗེས་ཡུལ་དུ་འགྲོ་ཨེ་ཐུབ་སྙམ་པའི་རེ་བ་ཚ་མོ་ཞིག་སྔར་བཞིན་རུས་པའི་གཏིང་དུ་ཟུག་འདུག མནར་གཅོད་ཀྱི་གོ་རིམ་ཞིག་

            (5)

ང་ཚོ་ཐོག་སོ་གཉིས་པའི་ཁང་མིག་ཅིག་གི་ནང་སླེབས་པ་ན། དེ་རུ་བུད་མེད་ཉེན་རྟོག་པ་གསུམ་ཙམ་འདུག ང་ཁོ་མོ་ཚོར་སྤྲད་རྗེས། ལི་ཞའོ་ཕིང་དང་སོག་མོ་ཉེན་རྟོག་པ་ཁང་པ་གཞན་ཞིག་ཏུ་བུད་སོང་། བུད་མེད་ཅིག་གིས་ཧ་ཅང་གུས་པའི་སྒོ་ནས་ནུབ་འཚལ་ཉོས་འདུག་པ་དེ་བསྟན། ངས་མི་འཐུང་བའི་བརྡ་ལ་མགོ་བོ་གཡུགས། སྐབས་དེར་ང་ཡུལ་དུ་ལོག་པའི་རེ་བ་རྩ་བ་ནས་མེད་པ་ཤེས་ཏེ། སེམས་སྐྱ་མོ་ཐང་ལ་ལྷུང་། དེ་ནས་སིལ་ཏོག་ཨ་མྲ་ཞིག་ཁྱེར་ཡོང་ནས་ང་ལ་བྱིན། སེམས་པ་སྡུག་བཞིན་སིལ་ཏོག་དེ་ངས་ཟོས་པ་ཡིན།

ཡུན་རིང་ཞིག་འགོར་རྗེས་ལི་ཞའོ་ཕིང་དང་ཉེན་རྟོག་པ་གཞན་གཉིས་ཕྱིར་ང་ཡོད་སའི་ཁང་པ་དེར་ཡོང་། ལི་ཞའོ་ཕིང་གིས་ཉེན་རྟོག་པ་ཞིག་ལ་ངའི་ཁ་པར་དང་ཁ་པར་ཨང་དེབ་བཅས་རྩིས་སྤྲོད་ཞོར་སྐད་གསང་མཐོན་པོས།   འཇམ་དབྱངས་སྐྱིད།   ད་བར་དུ་ང་ཚོས་ཁྱོད་དང་མཉམ་ཟ་མཉམ་འཐུང་གིས་ཡག་པོ་བྱས་པ་ནི་ཁྱོད་ཀྱིས་རང་སྐྱོན་ཁས་ལེན་བྱེད་ཆེད་ཡིན་ཟེར།   སྐད་ཆ་དེ་ཐོས་མ་ཐག   ཁོ་ཚོས་ང་ལས་སླ་མོས་གློད་བཀྲོལ་མི་གཏོང་བ་ཚོར་ལ། སྣེ་ལེན་སྟབས་བདེ་དེ་གཡོ་འཕྲུལ་ཞིག་ཡིན་པ་དེ་དུས་སོ་མ་ཤེས་པ་ཡིན།  རྩིས་སྤྲད་ཚར་རྗེས་ལི་ཞའོ་ཕིང་བུད་སོང་།  མགྲོན་ཁང་དང་ཁ་འབྲལ་སྐབས་སོག་མོ་ཉེན་རྟོག་པ་དེ་ངའི་སར་མ་ཡོང་།   དེར་མཐུད་ནས་ཉེན་རྟོག་པ་གཅིག་གིས་གནས་ཚུལ་འགའ་དྲིས་ཀྱང་ཉི་མ་དེར་ཡུལ་ལ་ལོག་མ་ཐུབ་པས་སེམས་ཡུལ་ཡུལ་པོར་གྱུར་ནས།   སྐད་ཆ་ཇི་བཤད་ཡིད་ན་གང་ཡང་མི་འདུག   སྐབས་ཤིག་ལ་ཉེན་རྟོག་པ་གཞན་ཞིག་གིས་ང་བཀག་བསྐྱིལ་གྱི་ཉི་མ་བསྲིངས་པའི་སྟེང་མིང་རྟགས་ཁོད་ཟེར།   ཞེ་སྤོ་གཏིང་ནས་ལངས་ཏེ་ངས་མིང་རྟགས་གཏན་ནས་མ་བཀོད་པས་མི་ཚད།   མ་ཉེས་ཁག་གཡོགས་བྱས་པ་ཚད་ལས་བརྒལ་ན།   རང་ཤི་རྒྱག་རྒྱུ་ཡིན་ཞེས་བསྒྲགས་པ་ཡིན།  ཁ་ནས་ཁ་ཕོ་ཆེ་བའི་སྐད་ཆ་དེ་བཤད་ཀྱང་ཁོག་ཏུ་སྔར་བྱུང་མ་མྱོང་བའི་སྐྱོ་ཤས་དང་བློ་ཕམ་གཉིས་འགྲན་གྱིས།  རང་ཉིད་ཁོ་ཚོའི་ལག་ཏུ་བརྡབས་མནར་ཅི་ཆེ་ཕོག་པར་དོགས་འཇིགས་སྐྱེས་ཡོང་།   དེ་ནས་ཁོ་ཚོས་ངའི་ཁྱིམ་གྱི་སྟེགས་འཇོག་རྩིས་འཁོར་དང་།   ཕྱི་བགྲོད་ལམ་ཡིག   ཨ་རི་ནས་ཁྱེར་ཡོང་བའི་དཔེ་དེབ་བཅས་ཀྱི་འབྱོར་ཡིག་སྟེང་མཛུབ་ཐེལ་རྒྱག་ཏུ་བཅུག་རྗེས་འབྱོར་ཡིག་དེ་ང་ལ་སྤྲད།   

མཚམས་ཤིག་ལ་བུད་མེད་ཉེན་རྟོག་པ་གསུམ་གྱིས་ང་ཁང་མིག་སྦུག་མའི་ནང་ཁྲིད་དེ་སྒོ་གཏན་དྲ་ཡོལ་འཐེན་རྗེས། ངའི་སྟོད་ལྭ་དང་སྨད་གཡོགས། ལྷམ་མགོ་བཅས་ཚང་མ་འཕུད་བཅུག་སྟེ་རེ་རེ་བཞིན་གཙང་བཤེར་བྱས། ཁོ་ཚོས་ངའི་ལུས་ཀྱི་རྒྱན་ཆ་ལེན་སྐབས། ཁྱོ་གས་ལོ་བདུན་བརྒྱད་ཙམ་གྱི་སྔོན་ལ་སྐྱེས་སུ་ཉོས་པའི་མཛུབ་དཀྲིས་དེ་འཕུད་མ་ཐུབ། དེར་བུད་མེད་གཉིས་ཀྱིས་ང་ཁང་པ་སྦུག་མའི་ལོགས་ཀྱི་རྒྱས་སྤྲས་གཙང་ཁང་དེར་ཁྲིད། སྦུག་མཆུ(水龙头)ཕྱེ་ནས་ལག་པར་སྤོས་ཆལ(香皂)བརྒྱབ་རྗེས་ཡང་ཡང་འཐེན། མཛུ་གུ་དམར་པོར་བཏང་བ་དང་ད་གཟོད་མཛུབ་དཀྲིས་དེ་ལེན་ཐུབ་ཙམ་བྱུང་། མཛུབ་དཀྲིས་དེ་ཉོས་པ་ནས་ངའི་ལག་པ་དང་ཁ་བྲལ་བ་ཐེངས་དེ་ཙམ་ཡིན། ཁོ་ཚོས་ད་དུང་ངའི་སྟོད་ལྭ་བར་ཚངས་ཅན་དེའི་གློ་ཁུག་ནང་གྲི་གུ་ཞིག་ཡོད་པ་དེ་གཞུང་བཞེས་བྱེད་རྒྱུ་ཡིན་ཞེས་བཤད་ཅིང་། གསེར་དཀར་གྱི་རྣ་ལུང་ཆ་གཉིས་དང་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་དེ་ཁོ་ཚོས་ཉར་རྩིས་བྱས། དེ་ལ་ངས་ཕྱིར་སྟེར་མིན་དོགས་ནས་ཐེངས་གཉིས་ལ་དྲིས་པ་ན། བུད་མེད་ཉེན་རྟོག་པ་ཞིག་གིས་སྐད་ཆ་མག་མོག་ཅིག་བཤད་ཞོར་ངའི་འཁུར་ཁུག་ནང་བཅུག ལུས་བཤེར་བྱེད་དུས་ངའི་ལྭ་བ་འབག་བཙོག་ཏུ་གྱུར་འདུག་པ་མཐོང་ཞིང་། ཡང་ང་མྱུར་མོར་གློད་བཀྲོལ་མི་གཏོང་བ་ཤེས་ནས་ལྭ་བ་ཞིག་བརྗེ་པོ་རྒྱག་དགོས་ཚུལ་བཤད་པ་ན། བུད་མེད་ཅིག་གིས་ངའི་མགོ་གཡོགས་ཏེ་སང་ཉིན་ཁྱིམ་ལ་ལེན་དུ་སོང་ཆོག་རབས་ལབ། དེ་མ་ཐག་སེམས་སུ་དགའ་བ་ཞིག་རྒྱས་ནའང་། ཡུན་གྱིས་ཉེན་རྟོག་པའི་ལྟ་སྲུང་འོག་ཁྱིམ་དུ་ལོག་ན་རང་གི་སྣང་བརྙན་མི་ཡག་པ་དང་། ཡང་ཕྱིར་ཡོང་དུས་བུ་མོར་ཞེན་ཆགས་ཀྱི་སྔར་ལས་དྲན་ཆེ་རུ་འགྲོ་ངེས། དེ་ལས་ཁྱོ་གས་ལྭ་བ་འགའ་བསྐྱལ་ན་འགྲིག་ཅེས་སྟོང་སེམས་སྐྱིད་པོ་བརྒྱབ་ཅིང་། ང་ཉེན་རྟོག་སློབ་གྲྭ་རུ་འབྱོར་མ་ཐག་པའི་དུས་སུ་ཡང་། ཁྱོ་གས་ང་འཇུག་སའི་ཁང་ཆག་དང་འདོགས་སའི་ལག་སྒྲོག་དེ་མཐོང་ན་སེམས་པ་རྦད་དེ་འཁྱག་ཤག་རེད་འདོད་དེ། ད་ལྭ་བ་གཡུག་ཞོག་ཅེས་སེམས་སུ་འདྲ་མིན་སྣ་ཚོགས་དྲན། དོན་དངོས་སུ་ང་ཉེན་རྟོག་སློབ་གྲྭ་རུ་བཀག་བསྐྱིལ་བྱེད་རིང་ཁྱིམ་དུ་གཏོང་རྒྱུ་དང་ཁྱིམ་མིར་འཕྲད་དུ་འཇུག་རྒྱུ་ཕར་ཞོག ཁྱོ་ག་དང་ཚ་མོ་གཉིས་ཀྱིས་ས་དེར་མི་འཚམ་པའི་ལྭ་བ་ཐེངས་གཅིག་བསྐུར་པ་དེ་ལས། ངས་ང་ལམ་སེང་གློད་བཀྲོལ་མི་གཏོང་བ་ཚོར་ནས། དཔེ་དེབ་དང་ལྭ་བ། སིལ་ཁུ་སོགས་བསྐུར་དགོས་ཚུལ་ལབ་པ་དེ་ལ་ཡང་ཁོ་ཚོས། ཁྱོད་ས་འདིར་ལུས་པོ་གསོས་བསྒྲོན་བྱེད་པར་ཡོང་བ་མ་རེད་ཟེར་ནས་འཕྱ་དམོད་བྱེད་སྤྱད་རྐྱང་དུ་གྱུར།

མཚན་མོ་དེར་བུད་མེད་ཉེན་རྟོག་པ་གཉིས་ཀྱིས་ང་ལ་ལྟ་སྲུང་བྱས།  སྐབས་དེར་ངས་ཁྱོ་གས་ང་ས་འདིར་ཁྲིད་ཡོང་བ་ཤེས་མེད་པས་སེམས་ཁྲལ་བྱེད་ངེས་ཞེས་པ་ན།   བུད་མེད་ཉེན་རྟོག་པ་དར་མ་དེས།   ད་ཐེངས་ཁྱོད་ཀྱི་ཁྱོ་གར་ཉམས་སད་བྱེད་པའི་དུས་ཚོད་ཡག་ཤོས་རེད་ཟེར།   ཁོ་ཚོའི་བྲེ་མོའི་ལོང་གཏམ་དེར་ང་ལ་ཉན་སེམས་ཡེ་ནས་མེད་ནའང་།   ངའི་ཁྱོ་ག་ཁྱོད་ཀྱིས་བསམ་པའི་སྐྱེས་པ་དེ་འདྲ་མིན་ཞེས་ཁ་ཚོན་བཅད།   དེ་མ་ཐག་མོས་སྐྱེས་པ་བཅུ་ལས་དགུ་ནི་མོ་དགའ་ཡིན་ལ།   གཅིག་དེ་འདྲ་མིན་པའང་གོ་སྐབས་མ་རག་པས་རེད་ཟེར་ནས་འཇིག་རྟེན་གྱི་སྐྱེས་པ་ཐམས་ཅད་ལ་ཡིད་རྟོན་མི་རུང་བའི་གདམས་ངག་བསླབས།   ཡིན་ནའང་ང་རང་ལྟ་ཚུལ་དེར་བློ་འཐད་མ་བྱུང་།   དགོང་མོ་དེར་མོ་རང་ཁང་པ་སྦུག་མའི་ནང་ཉལ་ཞིང་ང་འབོལ་ཁྲིའི་སྟེང་ཉལ་བ་ཡིན།   བུ་མོ་ལོ་གཞོན་དེ་འབོལ་ཁྲི་གཞན་ཞིག་སྟེང་ཉལ་ཏེ་མཚན་ཕྱེད་རིང་བརྙན་འཕྲིན་ལ་བལྟས་ནས་གློག་སྒྲོན་ཞག་གང་པོར་མ་གཟིམས་པས།   ང་རང་གཉིད་ཡག་པོ་ཁུགས་མ་ཐུབ།  

ཉིན་དྲུག་པའི་ནམ་ལངས་ཏེ་ཉི་མ་ཤར་བ་དང་། བུད་མེད་ཉེན་རྟོག་པ་གཞན་གཉིས་ཡོང་ནས་ནངས་ཇ་ཉོས་ཡོང་ཡོད་ཟེར། སྐབས་དེར་ངས་གཙོ་ཟས(主食)བཅད་ཚར། སྔ་དྲོ་དེར་དོན་དག་གཞན་མེད་པས་བརྙན་འཕྲིན་ལ་བལྟས། བརྙན་འཕྲིན་ལས་བརྩེ་དུང་མཚོན་པའི་ལྷོ་ཁོ་རེ་ཡའི་སྐྱོ་གར་བརྙན་འཕྲིན་ཟློས་གར་ཞིག་བཏང་སོང་། སེམས་པ་སྐྱོ་བའི་སྒང་ཡིན་པས་མཆི་མ་ཞམ་ཞམ་བཞུར་ཡོང་། མདང་དགོང་འཇམ་པོའི་ངག་གིས་ཁ་ལག་ཟོ་ཟེར་བའི་བུད་མེད་དེས་ཚུལ་དེ་མཐོང་ནས་ང་ལ། ཁྱོད་ཀྱི་སེམས་པ་ཇི་འདྲའི་སྙི་བ་ལ་ཨང་། བརྙན་འཕྲིན་ཟློས་གར་ཞིག་ལ་བལྟས་ནས་ཀྱང་མིག་ཆུ་ལྷུང་སོང་ཟེར། དོན་དངོས་སུ་ཉི་མ་དེ་ཚོར་ངའི་མིག་ཀོང་སྐམ་པོར་ལུས་མྱོང་མེད་པ་སུ་ཡིས་ཤེས། བུད་མེད་ཉེན་རྟོག་པ་དེས་མོ་རང་མཚོ་སྔོན་མི་རིགས་སློབ་གླིང་ནས་མཐར་ཕྱིན་པ་ཡིན་ལ། ཁོ་མོར་སློབ་གྲོགས་བོད་མོ་བཟང་ས་རེ་གཉིས་འདུག་ཟེར། བོད་པ་རྣམས་མི་གཤིས་དྲང་ཞིང་རྒྱུ་འབྲས་བརྩི་བ། གྲོགས་པོའི་སླད་དུ་ཡོད་ཚད་གཏོང་ཕོད་ཅེས་ལབ། རང་གིས་ཀྱང་དེའི་སྟེང་ཡག་ཐོག་ཡག་བརྩེགས་བྱས་པ་ཡིན། བོད་པ་རྣམས་གདོན་འདྲེར་སྒྱུར་བའི་དུས་ཁྱད་པར་བ་འདིར་ཁོར་ཡུག་དེ་འདྲ་ནས་རང་གི་མི་རིགས་ལ་རྒྱུ་འབྲས་ཀྱི་སྐད་ཆ་རེ་བཤད་མཁན་བྱུང་བ་བློ་ཡུལ་ལས་འདས། ཉིན་དྲུག་པའི་ཉིན་གུང་མ་ལོན་ཙམ་ལ། སྐྱེས་པ་ཉེན་རྟོག་པ་དྲུག་བདུན་ཙམ་སླེབས་ཏེ་ཁང་པའི་ནང་འཁྲུག་ཆ་དོད་པོར་གྱུར། རུས་ཝང་ཅན་གྱི་ཉེན་རྟོག་པ་དེས་བུད་མེད་ཉེན་རྟོག་པ་གཉིས་ལ་ངའི་ཅ་དངོས་ཙག་ཙིག་བསྡུ་གསོག་རྒྱག་ཏུ་བཅུག ང་ལ་ལྷམ་གྱོན་ནས་གྲ་སྒྲིག་བྱོས་ཟེར། ལྷམ་གོན་ཚར་མ་ཐག རུས་ཝང་ཅན་གྱིས་རས་ནག་གི་ཞྭ་མོ་ཁུག་མ་ལྟ་བུ་ཞིག་ངའི་མགོར་བསྐོན་ཏེ་མར་འཐེན། ང་ནི་མིག་གཉིས་ལོང་པ་ལྟར་ཅི་ཡང་མི་མཐོང་། བུད་མེད་གཉིས་ལ་ངའི་ལག་གཡས་གཡོན་ནས་བཟུང་འཁྲིད་བྱེད་དུ་བཅུག ཁོ་མོ་གཉིས་ཀྱི་འགྲོས་ལྟར་གོམ་པ་དལ་མོས་གློག་སྐས་ལས་མར་བབས། བཟུང་འཁྲིད་མཁན་དག་གི་དོ་མི་མཉམ་པའི་གོམ་སྒྲ་དང་ངའི་ལྷོག་ལྷོག་ཏུ་ལྡིང་བའི་སྙིང་སྒྲ་ཡིས་ངའི་གོམ་འགྲོས་ངང་གིས་འཁྱོལ་དུ་བཅུག རྒྱལ་སྒོ་ལས་ཐོན་རྗེས་བཙོན་མ་སྐྱེལ་འདྲེན་གྱི་རླངས་འཁོར་ནང་འབུད་བཅུག་པ་ཚོར། རླངས་འཁོར་འགྲོ་མགོ་བརྩམས། གདོང་ཡོངས་བཏུམས་ཏེ་དབུགས་ཀྱང་འབྱིན་དཀའ་བར་གྱུར། ལག་ཟུང་དམ་པོར་ཐལ་མོ་སྦྱར་བས་ལག་མཐིལ་ལས་རྔུལ་ཆུ་བབས། སེམས་སུ་ང་གང་ཞིག་ཏུ་འཁྲིད་རྒྱུ་ཡིན་ནམ། ཕྱི་རྒྱལ་གྱི་བརྙན་འཕྲིན་ལྟར་ན་མི་ལ་སྲོག་ཁྲིམས་གཅོད་ཁར་མགོ་ལ་ཞྭ་རས་ནག་པོ་བསྐོན་པ་རེད། ཚུལ་དེ་ཧ་ཅང་འཇིགས་ཡེར་བ་ཞིག་ཡིན་པས་ང་ལ་དབང་མེད་དུ་བྲེད་སྣང་དྲག་པོས་གཙེས་ཡོང་། དེ་བཞིན་དུས་ཚོད་གང་ཙམ་ཞིག་ལ་སོང་མཐར། རླངས་འཁོར་བསྡད་དེ་ང་མར་འབབ་ཏུ་བཅུག རྒྱལ་སྒོ་གཉིས་བརྒྱུད་ཁང་པ་ཞིག་གི་ནང་དུ་སླེབས། བུད་མེད་གཉིས་ཀྱིས་གཡས་གཡོན་ནས་ཡར་འཐེན་ཏེ་ང་འདུག་སྟེགས་ཤིག་གི་སྟེང་སྡོད་བཅུག མི་ཞིག་གིས་ངའི་མགོ་ལ་བསྐོན་པའི་རས་ཁུག་དེ་བླངས། ཁོས་ཞྭ་ཁུག་དེ་གྱང་རྩ་ན་སྒམ་མཐོན་པོ་ཞིག་ཡོད་པ་དེའི་སྟེང་ལ་འཕངས་རྗེས། རྐུབ་སྟེགས་དེར་ལྕགས་ཟྭ་སེར་པོ་འབྲིང་ཙམ་ཞིག་བརྒྱབ་སྟེ་བསྒྲོགས་རྗེས་ལྡེ་མིག་རང་གི་དོར་མའི་བརླ་ཁུག་ཏུ་བླུགས་ཏེ་སྒོ་ཕྱིར་བུད་སོང་། ངས་ཁྭ་ཏའི་མདོག་ལྟར་ནག་པའི་རྐུབ་སྟེགས་དེར་མིག་ལྷེམ་མེ་ལྷེམ་མེ་བལྟ་བཞིན་ཧད་དེ་ལུས། ང་བསྒྲོགས་པའི་རྐུབ་སྟེགས་དེ་ལ་ཁོ་ཚོས“འདྲི་གཅོད་རྐུབ་སྟེགས”ཟེར། མི་ལོ་བཞི་བཅུར་ཕྱིན་ཀྱང་རྒྱལ་ཁབ་ལ་སྒྲོག་ཟྭ་ཅན་གྱི་རྐུབ་སྟེགས་ཁྱད་པར་བ་དེ་འདྲ་ཞིག་ཡོད་པ་ཐོས་ཀྱང་མྱོང་མེད། ཕྱིས་སུ་གཞན་གྱིས་བཤད་ན། རྐུབ་སྟེགས་དེའི་མིང་གཞན་ལ་བཙོན་མ་ཚོས“སྟག་རྒོད་རྐུབ་སྟེགས”ཟེར་བ་རེད། མིང་དེ་ནི་རྐུབ་སྟེགས་དེའི་སྟེང་ལ་བསྒྲོགས་མྱོང་བའི་མི་ཞིག་གིས་བཏགས་པ་མིན་ནམ་སྙམ། བཞི་པའི་ཚེས་པ་ལྔ་ཡི་དགོང་མོར། ངས་ཞི་ཧུའུ་མགྲོན་ཁང་དུ་རྐུབ་སྟེགས་དེ་ཐོག་དང་པོར་མཐོང་བ་ཡིན་ལ། རྐུབ་སྟེགས་དེ་ལས་བཤད་མི་ཤེས་པའི་འཇིགས་སྣང་ཞིག་མངོན་ཡོང་། སེམས་ལ་ཕྱིས་སུ་དེ་མཐོང་བའི་གོ་སྐབས་མི་འདུག་སྙམ་ནས། རྐུབ་སྟེགས་དེའི་མིང་བློར་འཛིན་སླད་བུད་མེད་གཤིས་འཇམ་མ་དེར་བསྟུད་མར་ཐེངས་གཉིས་ལ་དྲིས་པར། མོའི་བསམ་པར་ངས་ང་དེའི་སྟེང་ལ་སྒྲོག་རྒྱུར་སེམས་ཁྲལ་བྱེད་པར་དོགས་ནས། དེ་ནི་ང་སྒྲོག་ས་ཞིག་མིན་པའི་བརྡ་བསྟན་ལ། ངས་ནི་དེ་བས་ཀྱང་དེ་ནི་ཉེས་ཅན་ངོ་མ་སྒྲོག་ས་ལས། རང་ཉིད་དེའི་སྟེང་ཉིན་བཅུ་གསུམ(ཆད་ཆད་མཐུད་མཐུད)ལ་བསྒྲོགས་འཇོག་བསམ་པའི་རྒྱུད་ལའང་ཤར་མྱོང་མེད།

 རྐུབ་སྟེགས་དེ་ནི་སྤྱིར་བཏང་གི་རྐུབ་སྟེགས་ལས་ཅུང་མཐོ་ཞིང་བོངས་ཆེ་ལ།   ལྕགས་ལས་བྱས་པ་ཞིག་རེད།   དེའི་གོམས་མིང་ལ་འདྲི་གཅོད་རྐུབ་སྟེགས་ཟེར་ནའང་།   དོན་ངོ་མར་དེ་ནི་རྐུབ་སྟེགས་དང་ཅོག་ཙེ་གཉིས་གཞི་གཅིག་ཏུ་བྱས་ནས་གོ་ཉིས་ཆོད་ཅིག་བཟོས་འདུག   ཅོག་ཙེ་དེ་རིམ་པ་གཉིས་ཀྱིས་གྲུབ་ལ་རིམ་པ་ཐོག་མ་ནི་ཅོག་ངོས་ཤིང་ལེབ་དང་རིམ་པ་འོག་མ་ནི་ལྕགས་ནར་རིང་པོ་རིང་ཚད་ཅོག་སྲིད་དང་མཉམ་པ་ཞིག་རེད།   ལྕགས་ནར་དེའི་སྣེ་གཉིས་ཀར་དཔང་དུ་མཐོ་གང་ཙམ་གྱི་ལྕགས་ནར་ཐུང་ངུ་གཞན་གཉིས་ཀྱིས་ཅོག་སྲིད་ཀྱི་ནང་སྣེ་གཉིས་ལ་སྦྲེལ་འདུག   མི་ཞིག་རྐུབ་སྟེགས་དེའི་སྟེང་བསྡད་དེ་བལྟས་ན།   ཅོག་ཙེ་དེའི་གཡོན་འགྲམ་གྱི་ནང་ལོགས་དང་རྐུབ་སྟེགས་གཡོན་གྱི་མདུན་སྣེ་གཉིས་སྐབས་སྦྱར(合叶)ཞིག་གིས་སྦྲེལ་འདུག   སྐབས་སྦྱར་དེ་ལ་བརྟེན་ནས་ཅོག་ཙེ་དེ་གཡས་ནས་གཡོན་དུ་སྒོ་ལྟར་ཕྱེ་ཆོག་ལ།  གཡོན་ནས་གཡས་སུ་སྒོ་ལྟར་བརྒྱབ་ཆོག  དེ་ལྟར་བཟོས་པར་བསྟུན།   དེ་རྐུབ་སྟེགས་ལ་མཚོན་ན་ཅོག་ཙེ་ཡིན་པར་མ་ཟད།  ད་དུང་རྐུབ་སྟེགས་དེའི་སྒྲོག་སྒོའང་རེད།   དེར་མ་ཟད།   སྒྲོག་སྒོ་དེ་བརྒྱབ་རྗེས་གཡས་ལོགས་ཀྱི་ལྕགས་ལུང་བསྐོན་ཏེ་ཟྭ་བརྒྱབ་ནས་བསྒྲོག་ཀྱང་ཆོག   མི་ཞིག་དེ་རུ་བསྡད་དེ་བསྒྲོགས་རྗེས་ཅོག་ངོས་འོག་གི་ལྕགས་ནར་དེ་ཏག་ཏག་དོར་མའི་ཁ་འདིག་གི་མདུན་ཐད་ལ་ཁེལ་འདུག   ཐེངས་ཤིག་ང་རྐུབ་སྟེགས་དེ་ལས་ཡར་ལངས་རྩིས་བྱས་པ་ན།   བརླ་སྒང་གཉིས་ལྕགས་ནར་དེར་ཐོགས་ནས་ལངས་ཐབས་ཡེ་ནས་མེད།   ཅོག་ངོས་དཀྱིལ་གྱི་གཡས་གཡོན་དུ་ལག་ལྕགས་གཉིས་བཟོས་འདུག་ཅིང་།   ཅོག་ཙེའི་འོག་གི་རྐང་པ་གཉིས་འཇོག་སར་རྐང་ལྕགས་གཉིས་བཟོས་འདུག   ལག་ལྕགས་དང་རྐང་ལྕགས་སྟེང་མར་ཇི་ཙམ་མནན་ན་དེ་ཙམ་དམ་དུ་སོང་སྟེ་རྐང་ལག་འཚིར་སྡོམ་བྱེད་པ་རེད།   ང་རྐུབ་སྟེགས་སྟེང་བསྒྲོགས་བཞག་པ་ལས་རྐང་ལྕགས་ལག་ལྕགས་བརྒྱབ་མ་བྱུང་།
 ཡར་མར་ལ་ལྟ་ཙམ་བྱས་པ་ན།   ཁང་པ་དེ་ནི་རྒྱ་ཁྱོན་ཆུང་ཞིང་ཉམས་ཤོར་ཐ་ཞན་ཞིག་རེད།   ཉལ་ཁང་དེའི་སྒོ་ནུབ་འཁོར་རེད། ནང་རོལ་གྱི་སྒོ་ཡོད་སའི་གྱང་དེའི་གྱང་རྩ་རུ་ཤིང་སྒམ་མཐོ་ཚད་ལ་སྨི་གཉིས་ཙམ་ཞིག་ཡོད་ཅིང་དེ་ལ་བང་རིམ་གསུམ་འདུག  གཡས་གཡོན་གྱི་ཉལ་ཁྲི་དེ་གཉིས་ཁང་པའི་སྒེའུ་ཁུང་གི་གྱང་ལ་གཏད་འདུག་ཅིང་དེ་གཉིས་བར་དུ་སྔས་ཅོག(床头柜)སོ་མ་ཆ་གཅིག་གདའ།  གཡས་ཀྱི་ཉལ་ཁྲི་དང་འཆའ་སྒམ་བར་དུ་འདྲི་གཅོད་རྐུབ་སྟེགས་དེ་བཞག་འདུག་ལ།   རྐུབ་སྟེགས་དེའི་ཁ་བྱང་དུ་བསྟན་འདུག   དེའི་མདུན་དུ་མི་གཅིག་སྡོད་སའི་འབོལ་ཁྲི་ལྗང་ཁུ་གཉིས་བཤིབས་ནས་བཞག་ཡོད།   འདྲི་གཅོད་རྐུབ་སྟེགས་དེའི་གཡས་ལོགས་སུ་རྐང་སྣམ་ཁ་འདིག་གསུམ་བཞི་ཙམ་གཡུགས་འདུག  དེ་ལས་ཁང་པ་དེའི་ནང་མི་མང་པོ་ཞིག་ལ་འདྲི་གཅོད་བྱས་མྱོང་བ་ཤེས་ཐུབ།   ཁང་པ་དེའི་སྒོ་སྟེང་ལ་ཉལ་ཁང་གསུམ་པ་ཞེས་བྲིས་འདུག  
ཁང་པ་དེར་སླེབས་རྗེས།   བུད་མེད་ཉེན་རྟོག་པ་གཉིས་ལ་ང་སྲུང་དུ་བཅུག   སྐྱེས་པ་ཉེན་རྟོག་པ་ཚོ་ཁང་པ་གཞན་དག་ཏུ་བུད་སོང་།   བུད་མེད་ངག་འཇམ་མ་དེའི་བུས་ད་ལོར་སློབ་ཆེན་ལ་རྒྱུགས་སྤྲོད་ཀྱི་ཡོད་པས་ཁོ་མོས་ལས་ཁུངས་ཀྱི་བཀོད་སྒྲིག་ལ་ལེ་བདའ་བྱེད་ཀྱིན་འདུག ཉི་མ་དེར་མོས་ནུབ་འཚལ་ཡང་མ་འཐུངས།   དོན་དངོས་སུ་ཁོ་མོ་གཉིས་ཀྱིས་ཀྱང་ས་དེར་སྡོད་དགོས་ཚུལ་ཤེས་མི་འདུག  གང་ལྟར་ཀྱང་ཁང་ཆག་དེར་འདུག་རོགས་ནི་བུད་མེད་ཉེན་རྟོག་པ་གཉིས་ཡིན་པ་ཤེས་དུས་ངའི་སེམས་པ་ཅུང་བདེ་ལ་བབས།   བུད་མེད་ངག་འཇམ་མ་དེས་ང་ལ་ཁྱོད་ཀྱིས་ནག་ཉེས་ཅི་ཡང་བཟོས་མེད་ན།   ཁོ་ཚོས་ཁྱོད་ལ་འདི་ལྟར་བྱེད་སྲོལ་མི་འདུག   ཁྱོད་ཀྱིས་རང་ལ་ནག་མེད་ཉེས་འགེལ་བྱས་སོང་ཟེར་ནས་སྡུག་ཤོད་རྒྱོབ་དང་ཞེས་ཐེངས་འགར་བཤད་ཀྱང་དེ་ནི་ངའི་ཐོབ་ཐང་དང་མི་འཚམ་སྙམ་ནས་དེ་ལྟར་མ་བྱས།   མོས་ང་ལ་ཁོ་ཚོར་བཤད་ཚུལ་གཞན་ཞིག་མེད་ན།   ཁྱོད་ཀྱིས་ཁྲིམས་ལ་གཏུགས་ན་འགྲིག་ཅེས་བཤད།   ངས་ཁ་ནས་མོའི་བསམ་ཚུལ་དེར་མོས་མཐུན་ཡོད་བཟོ་སྟོན་ཞོར།  ཁོག་ཏུ་གལ་ཏེ་རྒྱལ་ཁབ་འདི་ལ་ཁྲིམས་ལུགས་ཤིག་འདུག་ན་བོད་མི་མང་པོས་འདི་བཞིན་བརྙས་གཙེས་བཟེད་དགོས་སམ་ཞེས་དྲན།  མོ་རང་གི་བུའི་དོན་དག་དེའི་རྐྱེན་གྱིས་ཉིན་གཉིས་ཙམ་གྱི་རྗེས་ནས་ལས་རེས་ལ་མ་ཡོང་།  
རྗེས་སོར་ང་གསང་སྤྱོད་དུ་འགྲོ་སྐབས།   བར་ཁྱམས་ཀྱི་ཕུ་ན་ཁ་ཚུར་འཁོར་བའི་ཁང་མིག་དེའི་ནང་ཉལ་ཁྲི་འགའ་འདུག་པ་མཐོང་།   བར་ཁྱམས་དེའི་གཞོགས་གཅིག་ཏུ་ཁང་མིག་ལྔ་དྲུག་ཙམ་འདུག་ཅིང་།  གཞོགས་གཞན་དུ་ཁང་པ་མེད་པར་སྒེའུ་ཁུང་རེད།   སྒེའུ་ཁུང་ཕྱི་རོལ་ཏུ་སོ་ཕག་བརྩིགས་པའི་མཁར་ཆག་མཐོན་པོ་ཞིག་ལས་ཅི་ཡང་མི་མཐོང་ཞིང་།   མཁར་ཆག་དང་ཁང་པ་དེ་གཉིས་ཀྱི་བར་ན་ལོ་མ་འབུས་ཙམ་གྱི་ལྕང་སྡོང་ཁེར་རྐྱང་ཞིག་འདུག  
ཉིན་གུང་ཡོལ་མཚམས་ལ་ང་སྲུང་མི་བཀོད་སྒྲིག་བྱས་ཏེ།   གཞན་པ་རྣམས་ཁ་ལག་ཟ་རུ་སོང་།   དུས་ཚོད་ཡུན་རིང་ཞིག་འགོར་རྗེས།   ཁོ་ཚོས་ང་དང་སྲུང་མཁན་བཅས་ལ་ཁ་ལག་ཉོས་ཡོང་།   ཡིན་ནའང་ང་ལ་ཁ་ལག་ཟ་བའི་ཡི་ག་མེད་ལ་གཙོ་ཟས་ཀྱང་བཅད་ཚར།   ཕྱི་དྲོ་དེར་སྐྱེས་པ་ཉེན་རྟོག་པ་རེ་གཉིས་འདྲི་གཅོད་ཁང་པའི་ནང་ཕར་འགྲོ་ཚུར་ཡོང་བྱེད་ཀྱི་འདུག   མཚམས་ཤིག་ལ་ཕྱི་རོལ་ཏུ་མི་ཁ་ཤས་འགྲོ་འོང་བྱེད་པའི་གོམ་སྒྲ་ཐོས་ཡོང་།   ཁོ་ཚོར་གནས་ཚུལ་དང་གྲགས་འགུལ་འདྲ་ཡོད་དུས།   བུད་མེད་གཉིས་ཀྱིས་ཁང་པའི་སྒོ་དམ་པོར་གཏན་ནས།   གང་ནུས་ཀྱིས་སྒོ་ཕྱི་ཡི་གྲགས་འགུལ་ངས་མི་ཚོར་བར་བྱེད།   སྐབས་ཤིག་ལ་བོད་པ་ཉེན་རྟོག་པ་དེ་ཡོང་ནས་ཉལ་ཁྲིའི་སྟེང་བསྡད་རྗེས།   ངས་ཟླ་ཕྱེད་ཙམ་ལ་འདུག་པར་གྲ་སྒྲིག་གིས་ཤེལ་ཕོར་དང་ངོ་བཀྲུ་ཆས།   ཇ།   དུ་བ་སོགས་འདང་ཚོད་དུ་བཟུང་ཡོད།   བལྟས་ཡོང་ན་དགོས་མཁོ་མེད་པ་འདྲ།   ཤེལ་ཕོར་རླངས་འཁོར་དུ་ཡོད་པས་གནས་སྐབས་སུ་ཆུ་ཁོལ་ཤོག་ཕོར་འདིའི་ནང་འཐུང་ཞེས་བཤད་པ་ཐོས་འཕྲལ།   ང་ལམ་སེང་གློད་བཀྲོལ་གཏོང་རྒྱུར་རེ་དོགས་ཤིག་སྐྱེས།  

ང་དེ་ལྟར་མུ་མཐུད་དུ་འདྲི་གཅོད་རྐུབ་སྟེགས་སྟེང་བསྒྲོགས་ནས་བཞག ཉི་མ་ནུབ་ཚར་འདུག སྐབས་ཤིག་ལ་ངའི་སྒལ་ཚིགས་ན་ནས་ཉལ་ཁྲིའི་སྟེང་འཕྲེས་ཏེ་ངལ་ཞིག་གསོ་བསམ། བུད་མེད་ཅིག་ལ་ཁོ་ཚོར་ཡར་ཞུ་ཞིག་བྱེད་རོགས་ཞེས་བཤད། མ་བསམ་ས་ནས་ཅུང་མ་འགོར་བར། ཐེངས་དེའི་འདྲི་གཅོད་ནང་ཞུགས་མཁན་སྐྱེས་པ་ཉེན་རྟོག་པ་དྲུག་པོ་སྔ་གཞུག་ཏུ་སླེབས། ལས་འཁུར་གཙོ་བོ་མན་ཇུ་པ་རུས་ཀྲང་ཅན་ཞིག་རེད། འདྲི་གཅོད་མཁན་གཞོན་པ་ངའི་མགོ་ལ་ཞྭ་ཁུག་ནག་པོ་སྐོན་མཁན་རུས་ཝང་ཅན་དེ་རེད་ལ། ཁོའང་ཉེན་རྟོག་འགོ་པ་ཞིག་ཡིན་ཟེར། ད་དུང་རུས་ཧྲིན་ཅན་ཞིག་དང་། རུས་ལན་ཅན་ཞིག དེ་སྔོན་ང་ལ་འདྲི་གཅོད་བྱས་མྱོང་བའི་མི་རྒྱགས་པ་རུས་ལི་ཅན་དེ། དེ་མིན་ཕ་ཡུལ་བླ་བྲང་ནས་ཡིན་པའི་བོད་པ་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་ཞིག་བཅས་འདུག ཁོ་རང་བོད་པ་ཡིན་ཚུལ་འདྲི་གཅོད་མཇུག་འགྲིལ་ཁད་ཙམ་དུ་ཁོས་ང་ལ་བཤད། ལས་གྲོགས་ཚོས་ཁོ་ལ་རྒྱ་མིང་ནས་འབོད་ཀྱང་མིང་དེ་ངའི་ཡིད་ལ་མི་དྲན། གོང་གི་ཉེན་རྟོག་པ་རྣམས་ལས་མང་ཆེ་ཤོས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཁང་ནས་ཡིན་པ་འདྲ། ཞིང་ཆེན་སྤྱི་བདེ་ཁང་ནས་ཡིན་པ་ཡང་ཡོད་པ་འདྲ། དེའི་སྐོར་ཁོ་ཚོས་ང་ལ་གསང་ནས་གསལ་པོར་མི་བཤད་ཅིང་ང་ལ་ཡང་འདྲི་བའི་འདུན་པ་མེད། རྗེས་སུ་ཤེས་པ་ཡིན་ན། སྐྱེས་པ་དྲུག་པོ་ཉིན་མཚན་བར་མེད་དུ་དེ་རུ་གཏན་སྡོད་བྱེད་པ་དང་བུད་མེད་དྲུག་པོ་མི་གཉིས་རེར་ཁག་བགོས་ཀྱིས་ལས་རེས་བྱེད་པ་རེད། གཞན་པ་རྣམས་ཉལ་ཁྲི་གཉིས་ཀའི་སྟེང་བསྡད། འདྲི་གཅོད་བྱེད་མཁན་གཙོ་བོ་རུས་ཀྲང་དང་རུས་ཝང་ཅན་གཉིས་ངའི་མདུན་གྱི་འབོལ་ཁྲི་ཆ་དེའི་སྟེང་བསྡད། འདྲི་གཅོད་བྱེད་འགོ་བརྩམས། ཐོག་མར་ངའི་མདུན་དུ་སྒྲ་ལེན་ཆས་ཆུང་ཆུང་ཞིག་བཞག་སྟེ། རུས་ཀྲང་ཅན་གྱིས་ཁྱོད་རང་བརྙན་འཕྲིན་ལས་ཁུངས་ནས་ཡིན་པས། མདུན་གྱི་སྒྲ་ལེན་ཆས་དེར་གསལ་ཆ་ཡོད་ངེས་རེད་ཟེར། ངས་སྒྲ་ལེན་ཆས་འདི་འདྲའི་ཆུང་ཆུང་མཐེ་བོང་འདྲ་མཐོང་བ་ཐོག་མ་ཡིན་པ་དྲང་མོར་བཤད། སྐྱེས་པ་ཉེན་རྟོག་པ་དྲུག་པོས་དུས་གཅིག་ཏུ་ངའི་གདོང་ལ་ཅེར་ཏེ་མིག་ཟུང་གློ་འོད་འཁྱུག་འཁྱུག་དང་། ཚིག་མཚོན་མདའ་མོ་འཕེན་འཕེན་བྱེད་སྐབས། ང་ལ་འཇིགས་སྣང་གི་ཚོར་པ་བཤད་མི་ཤེས་པ་ཞིག་སྐྱེས་བྱུང་། ཡིན་ནའང་བཀག་བསྐྱིལ་བྱས་པ་ནས་བཟུང་ཁོ་ཚོས་རྟག་པར་ང་ལ། ཅི་བྱས་ཀྱང་ཁྱོད་ས་འདིར་སླེབས་པས་འདྲི་གཅོད་ལ་གཡོལ་ཐབས་གཏན་ནས་མེད་ཅེས་པ་ལྟར་གདོང་ལེན་མི་བྱེད་ཀ་མེད་བྱུང་། མན་ཇུ་པ་དེས། ཐོག་མར་སྐད་གསང་མཐོན་པོས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་རབས་བཟང་རབས་བཅོ་བརྒྱད་བཤད་མཐར། ང་ཐེ་བའི་བོད་པ་རྣམས་ཀྱིས་དེ་ལྟར་བྱེད་སྲོལ་མེད་ལུགས་མེད་ཚུལ་བརྗོད་ལ། དེ་ནི་ཁོ་ཚོའི་ལས་ཀའི་གོ་རིམ་ཞིག་དང་ཡང་ན་སྒྲ་ལེན་ཆས་དེར་དམིགས་པ་མིན་ནམ་སྙམ། དེ་ནས་འདྲི་གཅོད་དངོས་ཀྱི་སྟེང་བབས། བོད་པ་རྣམས་ཀྱིས་སྒེར་ཚུགས་བྱེད་པའི་སྟོང་བསམ་བཅངས་འདུག ཁྱོད་ཚོ་སྒེར་ཚུགས་བྱས་རྗེས་རྒྱལ་ཁབ་སྐྱོང་ཐུབ་བམ། ང་རང་མན་ཇུ་པ་ཞིག་ཡིན། ངའི་མི་རིགས་ཀྱིས་ལོ་ཉིས་བརྒྱ་ལྷག་ལ་རྒྱལ་ཁབ་བཟུང་མྱོང་། ཡིན་ནའང་ཚི་ཞི་ཐའེ་ཧོའུ(慈禧太后)དུས་སུ་མོ་རང་གཙོ་བྱས་རྒྱལ་ཁབ་རུལ་སུངས་རུལ་ནག་ཏུ་གྱུར་ནས་ཉམས་པ་རེད། དེར་ང་རང་ལ་འགྱོད་པ་མེད། རྒྱུ་མཚན་རྒྱལ་ཁབ་ཅིག་ཉམས་སོང་ན་མི་གཅིག་གཉིས་ཙམ་གྱིས་སྐྱོབ་ཐུབ་ཀྱི་མ་རེད། ད་ལྟ་ཀྲུང་གོ་རྒྱལ་ཁབ་འདི་འདྲའི་དར་རྒྱས་ཆེ་ལ། ང་ཚོའི་ཟླ་ཕོགས་དང་ལག་འབབ་ཇེ་མང་ནས་ཇེ་མང་རེད། གུང་ཁྲན་ཏང་གིས་ང་ལ་སྒོར་མོ་མང་པོ་བྱིན། ང་རང་གུང་ཁྲན་ཏང་ལ་དགའ། ཁྱོད་ཀྱིས་གུང་ཁྲན་ཏང་གི་ཟླ་ཕོགས་ལེན་ཞོར་གུང་ཁྲན་ཏང་གི་ཁ་གཏད་དུ་ལངས། མའོ་ཀྲུའུ་ཞིའི་དུས་སྐབས་ཡིན་ན་ཁྱོད་ཀྱི་མགོའང་འབྲེག་ངེས། དེ་ལྟར་བྱས་ན་འབབ་ཡོང་ཅི་ཞིག་ཡོད། བོད་རང་བཙན་བྱས་རྗེས་ཁྱོད་རྒྱལ་མོ་བྱེད་རྒྱུ་ཡིན་ནམ་ཞེས་བཤད། ངའི་ཁོག་ཏུ་ཁོང་ཁྲོ་མེ་ལྟར་འབར་ཡང་ཁ་ནས་གུང་ཁྲན་ཏང་གི་ཁ་གཏད་དུ་ལངས་མ་མྱོང་ཚུལ་དང་། ཁ་བྲལ་གྱི་སྐད་ཆ་དང་བརྩམས་ཆོས་ཅི་ཡང་སྤེལ་མེད་ཚུལ་བརྗོད་པ་ཡིན། མན་ཇུ་པ་ཞིག་བོད་པའི་སྟེང་དེ་འདྲའི་སྙིང་ནད་ཡོད་པ་ཐོག་དང་པོར་མཐོང་ཞིང་། སྤྱིར་ཡིན་ན་ང་ཚོ་ཚང་མའི་ལས་དབང་གཅིག་པ་ཡིན་གཤིས། ཕན་ཚུན་ལ་བསམ་ཤེས་རེ་བྱས་ན་འགྲིག་སྙམ་མོད་ཀྱང་། ཁོས་རང་གི་མི་རིགས་ཉམས་པར་ཕངས་སེམས་མེད་བཟོ་སྟོན་སྐབས། གཞན་གྱི་རིག་གནས་ཀྱིས་ཟོས་ཚར་ན་འདི་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་ཨེ་ཡིན་ནམ་དོགས་ནས། ཡིད་ལ་རང་གི་བུ་མོ་ཆེ་བ་དྲན་བཞིན་ཁ་ནས་དངན་པ་ཞིག་ཤོར། མནར་གཅོད་ཀྱི་གོ་རིམ་ཞིག་

            (6)

རུས་ཝང་ཅན་གྱིས་ཐོག་མར་ང་ལ་དད་མོས་ཡོད་མེད་དྲིས། དེ་ལའང་རྒྱུ་རྐྱེན་མེད་པ་མ་ཡིན་པར། ཁྱིམ་གློང་རྒྱག་སྐབས་ཁྱིམ་དུ་རིན་པོ་ཆེའི་སྐུ་པར་གཅིག་ཀྱང་མ་མཐོང་བས་བློ་དོགས་སྣང་གིས་དེ་ལྟར་དྲིས་པ་རེད་སྙམ། ངས་ང་རང་ལ་མཚོན་ན། དད་མོས་མེད་ཟེར་ཁ་དཀའ་མོ་རེད། རྒྱུ་མཚན་ང་ནི་ཆོས་ལུགས་ལ་དད་པ་མི་ཕྱེད་པ་ཡོད་པའི་དུད་ཁྱིམ་ཞིག་ཏུ་སྐྱེས་པ་ཡིན། ཡིན་ནའང་ང་ཕ་མ་དང་མི་མཚུངས་ས་ནི། ཆོས་ལུགས་ལས་རང་གི་མི་རིགས་ལ་དགའ་བ་དེ་ཡིན་ཞེས་བཤད། ཁོས་སངས་རྒྱས་ཆོས་ལུགས་ནང་གི་བྱམས་སྙིང་རྗེ་གླེང་ཞིང་། ལྷ་སའི་དོན་རྐྱེན་ཁྲོད་ཀྱི་བོད་པའི་སྦྱོར་བ་རྣམས་སངས་རྒྱས་ཆོས་ལུགས་དང་འགལ་འདུག་ཚུལ། ཏཱ་ལའི་ཡིས་ཁ་ནས་གླེང་བ་དང་ལག་གིས་སྒྲུབ་པ་ཐོད་མི་ཐུག་ཟེར་ནས་བཤད། དེར་ངས་ལན་ཅི་ཡང་མ་བཏབ། རྒྱུ་མཚན་རིན་པོ་ཆེའི་མཚན་གླེང་ན། ཉེན་རྟོག་པ་དེ་དག་ནི་སྙིང་གསོན་པོ་བལ་བ་དང་གཅིག་པ་གཅིག་རྐྱང་རེད། ཁོ་ཚོས་མཐོང་བ་དང་ཐོས་པ་རྣམས་རྒྱལ་ནང་གི་ཚགས་པར་དང་བརྙན་འཕྲིན་གྱི་དྲིལ་བསྒྲགས་ལས་འདའ་མེད། དེ་བས་ཁོ་ཚོར་གནས་ལུགས་བཤད་པ་ནི། སྤྱང་ཀི་ལ་ཆོས་བཤད་པ་དང་གཅིག་མཚུངས་ཡིན་པས་དེ་སྐོར་ལན་འདེབས་པ་ལས་མ་བཏབ་པར་བཞག་ན་བཟང་། དྲིས་ལན་ཁ་ཤས་ལ་ལན་ཉ་ཉོག་རེ་བཏབ་ནས་དུས་འདའ་བར་བྱས་པ་ན། ང་ཚོས་འདྲི་གཅོད་བྱས་པ་ཁྱོད་གཅིག་པུ་མ་ཡིན་པར་མི་སྣ་ཚོགས་ཡོད། ང་ཚོར་མགོ་སྐོར་གཏོང་ཐུབ་རྒྱུ་རེད་རང་གིས་མ་འདོད་ཅེས་བཤད། རུས་ཧྲིན་ཅན་གྱི་ཉེན་རྟོག་པ་དེས། ངའི་མིང་ནས་བཟུང་སྟེ། ཁྱོད་ཀྱིས་བརྙན་འཕྲིན་ལས་བོད་ཀྱི་ཞིང་བྲན་ལམ་ལུགས་དུས་སུ། མིག་འདྲུ་བ་དང་རྣ་བ་འབྲེག་པ། རྐང་ལག་གཅོད་པ་སོགས་ཀྱི་ཁྲིམས་གཅོད་ཐུ་མོ་ཆེ་དག་ལ་བལྟས་མྱོང་ངམ་ཞེས་དྲིས། ངས་བལྟས་མ་མྱོང་། ང་རང་ལོ་ཆུང་ཡིན་དུས་ངའི་ཕ་ཡུལ་དུ་བརྙན་འཕྲིན་འཕྲུལ་ཆས་སོགས་གང་ཡང་མེད་ཅེས་བཤད་པ་ན། དེ་སུས་རྣ་བར་འགྲོ། བརྙན་འཕྲིན་དེའི་རིགས་དེང་སྐབས་ཀྱང་གཏོང་གིན་ཡོད་པ་མིན་ནམ་ཟེར། ཁོས་གལ་ཏེ་ཁྱོད་ཚོར་རྒྱལ་ཁབ་ཅིག་ཡོད་པའི་དབང་དུ་བཏང་ནའང་། ཞིང་བྲན་ལམ་ལུགས་སུ་ཕྱིར་ལོག་ངེས་རེད། ང་དགུ་ལོར་ཏཱ་ལའི་ཡིས་རང་གི་རེ་བ་མ་འགྲུབ་པར། ཕྱི་རྒྱལ་དུ་བྲོས་བྱོལ་བྱས་པ་རེད། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས། ཁོ་ཕྱིར་ཡོང་སྟེ་མ་འགྲུབ་པའི་འདོད་པ་སྐོང་བར་བྱེད་བསམ་པ་རེད་ཅེས་བཤད། ངས་དུས་དང་ཁོར་ཡུག་སོགས་ཀྱི་དབང་གིས་ཞིང་བྲན་ལམ་ལུགས་སུ་ཕྱིར་ལོག་ངེས་ཟེར་ན་སུ་ཡིད་ཆེས་ཞེས་བཤད། དྲི་བ་གཞན་ལ་ངས་ལན་མ་བཏབ། འཕྲུལ་འཁོར་ལྟ་བུའི་མི་ལ་གནས་ལུགས་ལས་རྫུན་བཤད་ན་རྣ་བར་འགྲོ་ཡི་འདུག རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་འདྲི་གཅོད་སྐབས། ངས་ཁྱོད་ཚོ་འཕྲུལ་འཁོར་གྱི་མི་རུ་ངོས་འཛིན་གྱི་ཡོད་ཅེས་བཤད་མྱོང་།

 ཁོ་ཚོས་མི་གཅིག་གིས་འདྲི་གཅོད་བྱེད་སྐབས།   ལན་བཏབ་མ་ཚར་གོང་ལ་གཞན་གྱིས་གང་འདོད་དུ་སྐད་ཆ་བར་ལ་བརྒྱབ་ནས་འདྲི་བ་རེད།   དེ་ནི་ཁོ་ཚོས་འདྲི་གཅོད་བྱ་ཡུལ་གྱི་རིག་ལམ་གཏོར་ཕྱིར་ཡིན་ས་རེད།   ང་འདྲི་ཚིག་ལས་ཅུང་ཙམ་འདའ་ན་འབྲེལ་མེད་པ་མ་གླེང་ཟེར་ནས་སྐད་འགྲགས་བྱེད།   ཉི་མ་དེ་ཚོར་ང་ལ་འདྲི་གཅོད་བྱས་པ་རྣམས་ཁོ་ཚོས་ཡི་གེར་བཀོད་མ་སོང་།    མཚན་མོ་དེར་ཤིན་ཏུ་འཕྱིས་པོ་ཆགས་རྗེས་ད་གཟོད་ཉལ་དུ་བཅུག   ཉི་མ་དེ་ནས་བཟུང་།   ང་མཚན་མོར་གཉིད་ཉལ་དུ་བཅུག་པའི་དབང་དུ་བཏང་ནའང་།   ལག་པ་ཡ་གཅིག་ལ་ལག་ལྕགས་བརྒྱབ་སྟེ་ཉལ་ཁྲིའི་སྟེང་འདོགས་ཤིང་།  ཉལ་ཁང་གི་གློག་སྒྲོན་མཚན་མོ་གཉིས་ལས་ཞག་གང་བོར་གཟིམས་མྱོང་མེད།   ལྕགས་སྒྲོག་ལ་ཆ་རྒྱུས་མེད་པ་དང་གཉིད་ལྡོག་མ་ཐུབ་པར་འཕག་འགུལ་བྱས་པས་ཕྱི་ཉིན་གཉིད་ལས་སད་དུས།   ལྕགས་སྒྲོག་ལག་པའི་ཤ་ནང་ཟུག་སྟེ་ལག་གཡོན་པ་ཅུང་ཟད་སྐྲངས་འདུག   

ནམ་ལངས་ཏེ་ཉི་མ་ཤར་བ་ན། བུད་མེད་ལྟ་སྲུང་མཁན་གཉིས་རེས་མོས་ཀྱིས་གསང་སྤྱོད་དུ་སོང་ནས་ཁ་ངོ་བཀྲུས། འཐུང་ཆུ་བླངས་ཆུ་ཁོལ་བསྐོལ། ཁང་པ་གཙང་སྦྲ་བྱས། ནངས་ཇ་འཐུངས་རྗེས། བུད་མེད་ལས་རེས་གཞན་པ་གཉིས་སླེབས་པ་དང་། ཁོ་མོ་གཉིས་ཕྱིར་ཁྱིམ་དུ་ངལ་གསོ་རུ་བུད་སོང་། ཚེས་པ་ལྔ་ཉིན་གྱི་དགོང་མོར། ཞི་ཧུའུ་མགྲོན་ཁང་དུ་ང་བཀག་བསྐྱིལ་གྱི་ཉི་མ་བསྲིངས་པ་ནས་འོ་མ་དང་སིལ་ཏོག་ཙམ་ཟོས་ཏེ་གཙོ་ཟས་ཉིན་བཅུ་གསུམ་ལྷག་ལ་བཅད། ཟས་བཅད་མ་ཐག་ཁོ་ཚོས་ང་ལ་ཁ་ལག་ཟ་མིན་དྲིས་སོང་། ངས་ཟས་བཅད་པ་མཐོང་ནས། ཁོ་ཚོས་ཁྱོད་ཀྱིས་ཟས་བཅད་ངོ་རྒོལ་བྱེད་པ་རེད་ཟེར། ངས་ང་རང་ལ་ཡ་ལ་དཀྲིས་པས་ཟས་ཟ་བའི་ཡི་ག་མེད་ཅེས་བཤད། ཝང་གིས་ཟས་གཅོད་མཁན་ཁྱོད་རང་གཅིག་པུ་མ་ཡིན་པར་ང་ཚོ་སྔོན་ཆད་ཀྱང་ཕྲད་མྱོང་། ཉིན་བཞི་ལྔ་ཙམ་ལ་ཟས་བཅད་ན་ཁྱོད་ཀྱི་ལུས་པོ་ལ་སྐྱོན་ཤོར་མི་སྲིད། མུ་མཐུད་དུ་ཟས་བཅད་ངོ་རྒོལ་བྱས་ན། ང་ཚོར་ཐབས་ཤེས་ཡོད། གལ་ལ་ཐུག་ཚེ་ཐབས་ཤེས་སྤྱོད་ངེས་ཡིན་ཞེས་སྐྲག་བསྐུལ། ས་དེར་འབྱོར་བ་ནས་བཟུང་། ཁོ་ཚོས་ངའི་འགྲོ་འདུག་འཆག་ཉལ་ལ་ཚོད་འཛིན་དྲག་པོ་བྱས། རྒྱུན་དུ་ཁང་མིག་དེ་ལས་སྒོ་ལ་གོམ་པ་གང་ཡང་སྤོ་རུ་མི་འཇུག ཐ་ན་བར་ཁྱམས་ཀྱི་སྒེའུ་ཁུང་ཕྱིལ་རོལ་ཏུ་ལྕང་སྡོང་ཞིག་ཡོད་པ་དེར་ལྟ་ཙམ་བྱེད་པའི་རང་དབང་ཡང་མི་སྟེར། ཡིན་ནའང་ས་དེ་དང་ཁ་མ་བྲལ་གོང་ཙམ་ལ། ཁང་པ་དེ་ནང་ཕར་འགྲོ་ཚུར་འོང་གི་སྦྱོང་བརྡར་བྱེད་ཁུལ་གྱིས་ངས་བར་ཁྱམས་ཀྱི་སྒེའུ་ཁུངས་ཕྱི་རོལ་ཏུ་ཁ་ཆར་འདྲེས་མ་འབབ་པའི་ཡུལ་ལྗོངས་དེར་བལྟས་པ་ཡིན། ཁེར་རྐྱང་གི་ལྕང་སྡོང་དེ་ཁ་བས་གཡོགས་ཤིང་ཡལ་ག་ཅུང་མར་ལ་དཔྱངས་འདུག ཁ་ཆར་དེས་ངའི་སེམས་པ་སྐད་ཅིག་མར་བརླན་གཤེར་དུ་བཏང་སྟེ་སིམ་སིམ་དུ་གྱུར། ང་གསང་སྤྱོད་དུ་འགྲོ་དུས་དང་ཐོག་སྐྱེས་པ་ཉེན་རྟོག་པ་གཅིག་གིས་ཀྱང་ཐག་རིང་ནས་ལྟ་སྲུང་བྱེད་ཅིང་། བུད་མེད་གཉིས་ཀྱིས་མགོ་མཇུག་བར་གསུམ་དུ་རྗེས་དམ་པོར་བསྙེགས་ནས་གོམ་པ་གང་ཡང་ཁ་མི་འབྲལ། ཁོ་ཚོས་ང་ཇི་ལྟར་བསྡམས་ན་ངའི་ཉེས་པ་དེ་ལྟར་ཇེ་ཆེར་གཏོང་བ་ཨེ་ཡིན་ནམ་འདོད་ནས་ང་ལྷག་ཏུ་སྐྲག ད་དུང་ང་ལ་ཆུ་ཁོལ་དང་། སིལ་ཏོག་སོགས་རང་གི་ཅ་ལག་གང་ཡང་རང་གིས་ལེན་པའི་དབང་ཆ་མེད་སོང་། ཆུ་ཁོལ་ལྡུག་པ་དང་། སིལ་ཏོག ཁ་ངོ་བཀྲུ་ཆས་སོགས་ང་ལ་སྟེར་དུས། ཁོ་མོ་ཚོས་ཧ་ཅང་འཛེམ་དོགས་ཀྱི་ཉམས་ཤིག་བསྟན་ཡོང་། དང་པོར་སྣང་ཚུལ་དེ་མཐོང་དུས་ང་སེམས་གཏིང་ནས་ཁོང་དགོད་ཤོར་སོང་། རྗེས་སུ་ཁོ་མོ་ཚོའི་རྣམ་འགྱུར་དེ་མཐོང་ཐེངས་རེར་ང་ལ་ཧ་ཅང་མི་སྐྱིད་པའི་ཚོར་སྣང་དྲག་པོ་ཞིག་སྟེར་ཡོང་། དེ་བས་ངས་རང་གི་ཁ་ངོ་བཀྲུ་ཆས་རང་གིས་ལེན་གང་ཐུབ་བྱས་ཀྱང་ཁོ་མོ་ཚོས་དེ་ལྟར་བྱེད་དུ་མི་འཇུག ཉིན་བདུན་པའི་དགོང་མོར་འདྲི་གཅོད་བྱེད་སྐབས། རུས་ཀྲང་ཅན་དེས་ང་ལ། ཁྱོད་བུད་མེད་ཉམ་ཐག་ཅིག་གིས་ཅི་ཞིག་བྱེད་འདོད། ཡག་རེ་བཏོད་ཚོ་རེ་སྦྱངས(减肥)བདག་མོ་ཚུལ་ལྡན་ཞིག་མི་བྱེད་པར། བུད་མེད་དཔའ་སྤོབས་ཅན་བྱེད་འདོད་པ་ཨེ་རེད། ད་ལྟོས་དང་དཔའ་སྤོབས་ཅན་བྱེད་ཐུབ་བམ། ང་ཚོའི་རྒྱབ་རྩ་རྒྱལ་ཁབ་ཡིན། རྒྱལ་ཁབ་ཀྱིས་ཆས་ཀ་ཆ་ཚང་སྦྱོར། འདི་ང་ཚོའི་བྱ་བ་རེད། ཁྱོད་ལ་དུས་ཚོད་གྲོན་པའི་སྙིང་སྟོབས་ཡོད་ན། ཟླ་གཅིག་རིང་དོན་དག་ཐག་མ་ཆོད་ན། ཟླ་གཉིས་ཟླ་གསུམ་ལ་ཕྱིར་འགྱང་བྱས་ཆོག འདི་ལྟར་སོང་ན། ཁྱོད་ཀྱི་བྱ་བ་དང་ཕྲིན་ལས། ཁྱིམ་ཚང་ཡོད་ཚད་འཆོར་ངེས་རེད། ཁྱོད་ཀྱིས་འདི་བཞིན་ཡོད་ཚད་བློས་གཏོང་བར། ཁོ་ཚོས་ཁྱོད་ལ་དངུལ་སྟེར་བ་ཡིན་ནམ། ཁྱོད་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསམ་བློ་རྙོག་དྲ་ཆགས་པ་ཨེ་རེད། དཔའ་མོ་རྣལ་མ་ཞིག་བྱེད་འདོད་ན། དྲུག་བཞི་སྐབས་ཀྱི་ཁྲའེ་ལེན་བཞིན་མངོན་སུམ་འཛེམས་མེད་སྒོས་སྣེ་ཁྲིད་གདོང་འབུད་ཀྱིས་གུང་ཁྲན་ཏང་ལ་ངོ་རྒོལ་བྱས་མོད། འོན་ཀྱང་ཁྱོད་ལ་ལྐོག་ལྐོག་སུད་སུད་བྱེད་རྒྱུ་ལས་སྤོབས་པ་མི་འདུག བུད་མེད་ཅིག་གིས་ཁྱིམ་སྐྱོང་བྱིས་སྙོར་བྱས་ནས་མི་འདུག་པར། ད་དུང་བུད་མེད་ཀྱི་ཁེ་དབང་གླེང་ཁུལ་བྱས། དྲན་རྒྱུ་བསྣོག་རྒྱུ་མང་དྲགས་པས་ད་གཟོད་མཇུག་འབྲས་འདི་འདྲ་བྱུང་བ་རེད་ཅེས་བུད་མེད་དམའ་འབྱིན་ཁྱད་གསོད་ཀྱི་གཏམ་གང་དྲན་དུ་བརྗོད། ཁོའི་སྐད་ཆ་དེ་དག་ལ་ངའི་སེམས་སུ་ཞེ་མེར་ལངས་ལ། དེར་ཡོད་བུད་མེད་ཉེན་རྟོག་པ་གཉིས་ཀྱིས་སྐད་ཆ་དེར་ཡིན་འདེགས་ཀྱིས་མགོ་བོ་གུག་གུག་བྱེད་པའི་བཟོ་ལྟ་ལ་ནི། ང་དེ་བས་ཀྱང་ཡིད་ནག་གཏིང་ནས་ཆད་སོང་། རྒྱུ་མཚན་གང་ཡིན་ཟེར་ན། ཁོ་ཚོ་ཚང་མ་སློབ་གྲྭ་ཆེན་མོ་འགྲིམས་པའི་སློབ་ཆེན་པ་རྐྱང་རེད། མ་ཟད་བུད་མེད་ཉེན་རྟོག་པ་དེ་དག་འུ་ཅག་གི་བུད་མེད་དང་མི་མཚུངས་ས་ནི། མང་ཆེ་ཤོས་དཔེ་དེབ་བལྟ་ཀློག་བྱེད་རྒྱུར་དགའ་བས། ངའི་སེམས་སུ་ཁོ་མོ་ཚོར་རང་རྩིས་ཀྱི་འདུ་ཤེས་ཉག་ཙམ་ཆགས་ཡོད་ལས་ཆེ་སྙམ། ཡིན་ནའང་བུད་མེད་ལ་མཐོང་ཆུང་དང་དམའ་འབེབ་ཀྱི་སྐད་ཆ་གང་བྱུང་དུ་བརྗོད་ཀྱང་། ཁོ་མོ་གཉིས་ཀྱིས་མི་འཐད་པའི་རྣམ་འགྱུར་ཕྲ་མོ་ཙམ་མི་སྟོན་པའི་ཁར། ད་དུང་མོས་མཐུན་གྱིས་མགོ་ལྕོག་ལྡེམ་སྐབས། ངས་ཁོ་ཚོར་རེ་བ་མེད་པ་ཡེ་ནས་ཤེས་ལ། ཁོ་ཚོའི་མི་གྲངས་ཕྱེད་ཀ་འཕྲོ་བརླག་བཏང་འདུག་པའང་ངང་གིས་ཚོར། གང་ཡིན་ཟེར་ན། མི་རིགས་གང་དེའི་མི་གྲངས་ཀྱི་ཕྱེད་ཀ་བུད་མེད་ཡིན་པས་རེད། དེ་ལས་ཀྱང་བུད་མེད་ནི་བྱིས་པའི་བློ་འབྱེད་དགེ་རྒན་ཐོག་མ་རེད། རྣམ་པ་འདི་མཐོང་སྐབས། ངས་སྔར་ལས་ཀྱང་བུད་མེད་ཀྱི་འབྱུང་སྤུས་གོང་མཐོར་གཏོང་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་ཡིན་པ་རྟོགས། ལྷག་པར་དུ་གྲངས་ཀ་ཉུང་ཞིང་ཡོན་ཚད་དམའ་བའི་འུ་ཅག་གི་མི་རིགས་ལ་མཚོན་ན་ནི་དེ་བས་ཀྱང་ངོ་།། འདྲི་གཅོད་དེ་ཧ་ཅང་ཛ་དྲག་ཆེ་བས་ངས་ན་ཟུག་ཁོག་ཏུ་འཇུག་རྒྱུ་ལས་ཡ་ལན་ཅི་ཡང་སྤྲོད་མ་ཐུབ། ཕྱི་ཉིན་འདྲི་གཅོད་མ་བྱས་པའི་སྐབས་ཤིག་ལ། ངས་རུས་ཀྲང་ཅན་གྱི་མན་ཇུ་པ་དེར། བུད་མེད་ལ་བསླབ་བྱ་གཏོང་བའི་སྐད་ཆ་དེ་དག་ཕྱིར་ཁྱིམ་དུ་ལོག་རྗེས་རང་གི་ཆུང་མ་དང་བུ་མོར་ཤོད། གང་ཡིན་ཟེར་ན། ད་ལྟ་བུད་མེད་ཀྱི་ཁེ་དབང་གླེང་རྒྱུ་དེ་ཁྲིམས་མཐུན་དུ་གྱུར་འདུག་པར་མ་ཟད། རྒྱལ་ཁབ་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་ཀྱང་གཏན་འབེབས་བྱས་འདུག དེས་ཕོ་མོ་འདྲ་མཉམ་ཡིན་པ་དང་བུད་མེད་ཀྱི་འཇོན་ཐང་འདོན་པར་སྐུལ་འདེད་བྱེད་པ་རེད། ཅེས་རྒྱ་སྐད་འཁྱའ་མ་འཁྱོངས་ཀྱིས་བཤད་ཚར་རྗེས། ཁོས་ངེད་ཚང་དུ་ཕོ་མོ་འདྲ་མཉམ་ཡིན་ཟེར། ངས་ལན་དུ་ཁྱོད་ལྟ་བུའི་ཁྱོ་བོའི་འོག་ཏུ་ཁྱོ་མོ་རྩིས་ཐང་ཅན་ཞིག་འབྱུང་དཀའ་རྒྱུ་རེད་ཅེས་པ་ན། ཁོས་དེ་འདྲ་ག་ལ་ཡིན། ཁྱོ་མོས་ཁྱིམ་གྱི་རྒྱུ་དངོས་དབང་ཆ་བཟུང་ཡོད་ཟེར། ངས་དེ་ནི་ཕྱི་དངོས་པོ་ཙམ་གྱི་འདྲ་མཉམ་རེད། འདྲ་མཉམ་ལ་ཕྱིའི་དངོས་པོ་དང་ནང་བསམ་བློའི་འདྲ་མཉམ་སོགས་མང་པོ་འདུས་ཞེས་བརྗོད་དུས། ཁོས་དེ་གང་དག་རེད་ཟེར་ནས་དྲིས་ཤིང་། ངས་རང་ཉིད་ཀྱིས་བསམ་བློ་ཐོངས་ཞེས་བསྐྱུར་པ་ཡིན། འདྲི་གཅོད་ཅིག་གི་ཁྲོད་ཁོ་ཚོས་ང་ལ། ཁྱོད་ཀྱིས་ཕྱི་བགྲོད་ལམ་ཡིག་མི་འདྲ་བ་བཟུང་ནས་བལ་པོ་དང་ཨ་རི་སོགས་སུ་སོང་བ་རེད། གཞན་གྱིས་ཨ་རིའི་ཐོངས་མཆན་ལོན་དཀའ་ན་ཡང་ཁྱོད་ཀྱིས་ལས་སླ་མོས་ལོན་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་ནན་འདྲི་བྱས། ངས་ང་གདན་ཞུས་མཁས་པའི་མིང་ཐོག་ནས་གདན་འདྲེན་བྱས་པ་ཡིན་གཤིས་ཐོངས་མཆན་ལས་སླ་མོས་རག་སོང་ཞེས་གོ་རིམ་རགས་ཙམ་གླེང་བ་ཡིན། ད་དུང་ངའི་དངུལ་གྱི་ཡོང་ཁུངས་དྲིས་སོང་། ངས་དེ་ཁྱོད་ཚོར་འབྲེལ་བ་ཡོད་དམ་ཞེས་པར་ཁོ་ཚོས་དེར་འབྲེལ་བ་ཆེན་པོ་འདུག་ཅེས་བཤད། ངས་རང་གིས་ལོ་མང་པོར་གླུ་གཞས་བཏང་ཚུལ་དང་། མ་རྐང(股票) རེ་གཉིས་ཉོས་ཚུལ་སོགས་བཤད། དོན་དག་རེ་རེ་ཤ་བཤད་རྒྱུ་བཤད་ཀྱིས་ལྕེ་ལ་ཆུ་བུར་རྒྱག་པའི་བར་བཤད་ནའང་ཁོ་ཚོ་ཡིད་མ་ཆེས་པར་དྲང་མོར་ཤོད་ཅེས་ནས་མཚམས་མི་འཇོག ངས་ཅི་ཡང་བཤད་རྒྱུ་མེད་ཅེས་པ་ན། དེ་འདྲ་ཡིན་ན་ཁྱོད་ས་འདིར་ཡོང་སྲིད་དམ། བརྙན་འཕྲིན་ལས་ཁུངས་སུ་བོད་མི་ཁྱོད་གཅིག་པུ་མིན་ལ། ཟི་ལིང་དུ་བོད་མོ་ཕུལ་བྱུང་ཅན་ཁྱོད་ལས་གཞན་ཡང་ཡོད་ཤག་རེད། ཨ་རི་ལ་སོང་བའང་ཁྱོད་གཅིག་པུ་ག་ལ་ཡིན། སུང་ཙུའུ་ཡིང་ཡང་འཁྲབ་སྟོན་དུ་སོང་མྱོང་བ་རེད། འོན་ཀྱང་ཁོ་མོ་ཀྲུང་གོའི་གཞུང་ཚབ་ཁང་གིས་གདན་འདྲེན་ཞུས་པ་རེད། བོད་པའི་ཁྲོད་གླུ་མ་སྐད་གྲགས་ཅན་བསོད་ནམས་དབང་མོ་དང་ཚེ་བརྟན་སྒྲོལ་མ་སོགས་འདུག ཁོ་ཚོ་ཁྱོད་ལྟ་བུ་མིན་པར་ཏང་ལ་བསྟོད་གླུ་ལེན་མཁན་རེད། དེ་འདྲའི་སྐད་གྲགས་ཅན་དག་གདན་འདྲེན་མི་ཞུ་བར་ཏག་ཏག་ཁྱོད་འདྲ་བ་གདན་འདྲེན་ཞུས་པ་ལ་གནད་དོན་འདུག ཁོ་ཚོས་ཁྱོད་བེད་སྤྱོད་བྱེད་བསམ་པ་རེད། ཁྱོད་ཀྱིས་ངོ་ཤེས་པའི་ཨ་རིའི་རླུང་འཕྲིན་ལས་ཁུངས་ཀྱི་ལས་མི་དང་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་བྱེད་མི་སྣ། བཙན་བྱོལ་སྲིད་གཞུང་གི་ལས་མི་ཚང་མ་གུང་ཁྲན་ཏང་གི་ཁ་གཏད་དུ་ལངས་མཁན་རྐྱང་རེད་ཟེར་ནས། ང་ཨ་རིར་ཐེངས་ཤིག་སོང་བ་དེ་གདོན་དུ་བཟུང་སྟེ། ཕོ་མོ་ཀུན་གྱིས་ང་རང་ཉེས་པའི་ཕུང་པོ་རུ་བརྩིས། ངས་ལན་དུ་ང་གདན་འདྲེན་ཞུ་མཁན་མི་སྒེར་མ་ཡིན་པར་ཀོ་ལུམ་སྦི་ཡ་སློབ་ཆེན་དང་ལ་རྩེ་དཔེ་མཛོད་ཁང་ཡིན་པ་རེད། མ་ཟད་ཁོ་ཚོས་སྔོན་ཆད་ཀྱང་དམངས་ཁྲོད་ཀྱི་གླུ་པ་དང་སྒྱུ་རྩལ་པ་གདན་འདྲེན་ཞུས་མྱོང་བ་རེད་ཅེས་བཤད་པ་ན། ཕྱི་རྒྱལ་དུ་སྡོད་པའི་མི་ཚོས་ཁྱོད་ཇི་ལྟར་ངོ་ཤེས་པ་རེད། ང་ཚོར་ངོ་ཤེས་མེད་ལ་གདན་འདྲེན་ཞུ་མཁན་ཡང་མི་འདུག ཅིའི་ཕྱིར་ཏག་ཏག་ཁྱོད་གདན་འདྲེན་ཞུ་དགོས་སོང་བ་རེད། ད་དུང་མི་དེ་འདྲའི་མང་པོས་ཁྱོད་ལ་དགའ་པོ་དང་འབྲེལ་འདྲིས་བྱེད་དོན་ཅི་རེད་ཅེས་དྲིས། ལན་དུ་ངས་ལོ་བཅུ་ལྷག་ལ་གཞས་བཏང་བ་ཡིན། རྒྱ་མི་མ་ཡིན་པའི་འཛམ་གླིང་གི་བོད་པ་ཕལ་ཆེར་གྱིས་ང་ངོ་ཤེས་ཀྱི་རེད། ད་ལྟ་ངས་བུད་མེད་སྐོར་གྱི་རྩོམ་ཡིག་འབྲི་བར་མ་ཟད། རང་གི་ཟིན་བྲིས་སྒྲུབ་ཀྱི་ཡོད། དེ་རིང་གི་འཇིག་རྟེན་འདི་ནི་ཆ་འཕྲིན་གྱི་འཇིག་རྟེན་ཞིག་ཡིན་གཤིས། མི་ཞིག་ངོ་ཤེས་རྒྱུ་ནི་ཧ་ཅང་སླ་བོ་ཡིན་པ་རེད། ད་དུང་ཨ་རི་ན་སྡོད་པའི་བོད་པའི་ཁྲོད་ཕ་ཡུལ་མཚོ་སྔོན་ནས་ཡིན་པའང་གང་མང་ཡོད་རེད་ཅེས་བཤད། འོ་ན་སློབ་ཆེན་དེའི་དགེ་རྒན་སུ་དང་དཔེ་མཛོད་ཁང་གི་མི་དེའི་མིང་ལ་ཅི་ཟེར་ཞེས་དྲིས། གཅིག་གི་མིང་ལ་རའོ་སྦེ་ཟེར། ཁོ་རང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དགེ་རྒན་ཆེན་མོ་ཞིག་རེད། གཞན་དེའི་མིང་ལ་པད་མ་འབུམ་ཟེར། ཁོ་རང་རེབ་གོང་ནས་རེད། ང་ཨ་རིར་མ་སོང་སྔོན་དུ་ཁོ་གཉིས་སུ་ལའང་ངོ་ཐུག་མྱོང་མེད་ཅེས་བཤད་རྗེས། ཁོ་ཚོའི་ཁྱིམ་དུ་སོང་ནས་ཁ་བརྡ་འབྲེལ་འདྲིས་ཨེ་བྱས། བོད་དོན་སྐོར་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ་ཞེས་དྲིས། སྤྱིར་ཨ་རི་ནས་ང་འབྲེལ་འདྲིས་བྱས་པའི་བོད་པ་རྣམས་ཕལ་ཆེར་ང་དང་ན་མཉམ་དག་རེད། ཁོ་ཚོ་ཡང་ང་ནང་བཞིན་སྐད་ཆ་ཚིག་གཅིག་གིས་རང་བཙན་བྱེད་མི་ཐུབ་པ་ཤེས་འདུག ང་ཚོ་བོད་པ་འདི་ཡུལ་དུངས་ཆེ་བའི་མི་རིགས་ཤིག་ཡིན་གཤིས། ཁོ་ཚོ་ཚང་མས་ཕ་ཡུལ་ཧ་ཅང་དྲན་གྱི་འདུག ང་ཚོ་མཉམ་དུ་སྡོད་སྐབས་ཕ་ཡུལ་སྐོར་གྱི་སྤྱིར་བཏང་གི་ཁ་བརྡ་ལས་ཁ་བརྡ་ཁྱད་པར་བ་ཅི་བྱས་ཡིད་ལ་མི་དྲན། ཡང་གཅིག་བཤད་ན་ཁྱོད་ཚོར་དོགས་པ་ཆེ་དྲགས།

པད་མ་འབུམ་གྱི་ཆུང་མ་ཕྱི་གླིང་པ་ཞིག་རེད།  ཁོ་མོ་ཟི་ལིང་དུ་སྡོད་དུས་ངའི་ཁྱོ་གས་དབྱིན་ཡིག་གི་དགེ་རྒན་ལ་བསྟེན་མྱོང་།   དེ་བས་ང་ཨ་རིར་འབྱོར་སྐབས་ཁོ་ཚང་གིས་མགྲོན་བྱས་སོང་ཟེར་མ་ཐག   ཟི་ལིང་དུ་ཁྱོད་ཚོ་ཇི་ལྟར་ངོ་ཤེས་པ་ཡིན་ཟེར།   ངས་ཕལ་ཆེར་ཟི་ལིང་གི་བོད་ཚོགས་ཤིག་གི་སྟེང་ངོ་ཤེས་པ་ཡིན་གྱི་རེད་ཅེས་ལན་བཏབ་པ་ན།   ཁོ་མོ་བོད་ཚོགས་སྟེང་སུས་བོས་པ་རེད་ཟེར།   དེ་ངས་ཧ་མ་གོ   བོད་པ་དང་ཕྱི་གླིང་པའི་གཤིས་ཀ་ཅུང་ཐག་ཉེ་བ་ཨེ་ཡིན་ནམ།   གང་ལྟར་ཕྱི་གླིང་པ་བོད་པ་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་པོ་འདུག་པ་འདྲ་ཞེས་བཤད།

ཁོ་ཚོས་ད་དུང་ཨ་རི་ནས་བོད་པ་རྣམས་དང་མཉམ་དུ་བོད་རང་བཙན་སྐོར་གྱི་བྱ་འགུལ་ནང་ཞུགས་མིན་དང་ཁ་བརྡ་བྱས་མིན་དྲིས། དྲི་བ་དེ་ནི་ད་ཐེངས་ཙམ་མིན་པར་ཁོ་ཚོའི་དོགས་གཞི་ཆེ་ཤོས་རེད། དེ་བས་ངས་རྒྱ་ནག་གཞུང་ཚབ་ཁང་གི་ལས་མི་ཝེ་ཀང་ཟེར་བ་དེ་གླེང་བ་ཡིན། ང་ཡིས་ནེའུ་ཡོག་ཏུ་འཁྲབ་སྟོན་བྱེད་པའི་དགོང་མོ་དེར་ཝེ་ཀང་ཡང་སླེབས་འདུག པད་མ་འབུམ་གྱིས་ང་ལ་མཚམས་སྦྱོར་བྱས་པ་ན་ཁོས་ངེས་པར་དུ་མཉམ་དུ་ཁ་བརྡ་ཞིག་བྱེད་དགོས་ཟེར། ཏག་ཏག་ཨ་རི་དང་ཁ་མ་གྱེས་སྔོན་ལ་དུས་ཆད་ལྟར་སོང་བ་ན། ཁོས་ཐོག་མར་ང་ཀྲུང་གོའི་གཞུང་ཚབ་ཁང་དུ་ཁྲིད་དེ་གཞུང་ལས་ཁང་དང་ཚོགས་ཁང་སོགས་ལ་བལྟ་རུ་བཅུག ཁང་པ་གྲུ་བཞི་ཞིག་གི་ནང་དུ་བརྙན་འཕྲིན་མང་པོ་བཞག་སྟེ་མི་ཁ་ཤས་ཀྱིས་བལྟས་འདུག དེ་ལས་གཞུང་ཚབ་ཁང་དེར་བརྙན་ཕབ་འཕྲུལ་ཆས་བཞག་འདུག་པ་ཤེས། དེ་རྗེས་ཁོའི་ཆུང་མའང་ཡོང་ནས་ཁོ་བཟའ་ཟླ་གཉིས་ཀྱིས་ང་ལ་མགྲོན་བཏང་། ཁོས་ཁམས་སྐད་ཤེས་པས་ཀྲུང་གོ་ནས་ཡོང་བའི་བོད་པ་སྣེ་ལེན་བྱེད་མཁན་རེད་ཟེར། ཁ་ལག་ཟ་ཞོར་དུ་ཁོས་ང་ལ་མི་ཇི་འདྲའི་མིང་གྲགས་ཅན་ཞིག་ཡོང་ནའང་། ས་འདི་རུ་ཐོག་མར་དཀར་ཡོལ་བཀྲུ་རྒྱུ་ནས་མགོ་རྩོམ་དགོས། ཁོས་རྒྱ་མི་འཇོན་ཐང་ཅན་རེ་འགའི་མིང་འདྲེན་བཞིན་ཁོ་ཚོས་འཚོ་བ་འཁྱོལ་ཐབས་ཙམ་བྱེད་ཀྱི་ཡོད་པ་རེད། ཟླ་སྒྲོན་ཡང་ཨ་རིར་སླེབས་པར་འགྱོད་པ་སྐྱེས་ནས། ད་ལྟ་ཕྱིར་ཕ་ཡུལ་དུ་ལོག་པར་ཐབས་ཤེས་བྱེད་ཀྱི་འདུག གོང་གི་གནས་ཚུལ་དག་བཤད་མཐར། ཁོས་ང་ལ་བོད་རང་བཙན་སྐོར་གྱི་བྱ་འགུལ་དང་ཁ་བརྡའི་ནང་ཞུགས་མི་ཉན་ཞེས་ཁ་བརྡ་བྱས། ངས་དེ་འདྲ་ག་ལ་བྱེད། བྱེད་མི་སྲིད་ཅེས་ཁས་བླངས་ཤིང་། ང་རང་ཨ་རིར་སྡོད་སྐབས་དེ་འདྲའི་བྱ་འགུལ་གང་ལའང་ཞུགས་མྱོང་མེད། ཞུགས་པ་ཡིན་ན་ཕྱིར་སླེབས་མ་ཐག་འཛིན་བཟུང་བྱས་ཟིན་པ་རེད། གལ་ཏེ་ཁྱོད་ཚོ་ཡིད་མི་ཆེས་ཚེ་གཞུང་ཚབ་ཁང་གི་ཝེ་ཀང་ལ་དྲིས་ཆོག ཁོས་ང་ཕྱིར་ལོག་རྗེས་དེ་ཕྱོགས་སུ་དཀའ་ལས་གཏད་ན་ཁོ་རང་ལ་འབྲེལ་གཏུགས་བྱོས་ཟེར།

ངས་བསམ་བཞིན་དུ་ཝེ་ཀང་དང་ངོ་ཤེས་པའི་བརྒྱུད་རིམ་དེ་བཤད་པ་ཡིན།   སྐད་ཆ་དེར་ཁོ་ཚོ་དེ་འདྲའི་དགའ་སྣང་མེད་ནའང་།  ཝེ་ཀང་བོད་པ་ཡིན་ནམ་ཞེས་དྲིས།   བོད་སྐད་ཤེས་པའི་རྒྱ་མི་ཡིན་ཚོད་རེད།   ཁོས་བཤད་ན།  ཁོ་རང་གིས་དཀར་མཛེས་ཀྱི་དགོན་པ་གྲགས་ཆེན་ཞིག་ཏུ་ལོ་བདུན་ཙམ་ལ་སློབ་སྦྱོང་བྱས་མྱོང་ཟེར།   ཁོ་ཚོས་ཕྱི་རྒྱལ་དུ་བོད་ཀྱི་ཚོགས་པ་ག་ཚོད་ཡོད་རེད།   ང་དེ་དག་ལ་འབྲེལ་འདྲིས་བྱས་མིན་དྲིས།   ངས་གཞོན་ནུ་ཚོགས་པ་ཟེར་བ་ཞིག་ཡོད་ཚུལ་ཐོས་ལ་འབྲེལ་འདྲིས་བྱས་མ་མྱོང་ཟེར་སྐབས།   ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན་ཟེར།   ངས་ཁྱོད་ཚོས་བཤད་པ་ཐོས་པ་ཡིན་ཞེས་བཤད།   ཟི་ལིང་དུ་མི་དེའི་རིགས་ཡོད་མེད་དྲིས་པར།   ངས་དེའི་སྐོར་ལ་མྱུལ་རྟོག་དང་ཉང་ཞིབ་བྱེད་རྒྱུ་ཁྱོད་ཚོའི་ལས་ཀ་ཡིན་པས། དོན་དེར་ང་ལས་ཁྱོད་ཚོར་གསལ་ཆ་ཡོད་ངེས།   དེ་བས་ངས་གནས་ཚུལ་དེ་ཤེས་སྐབས་ཁྱོད་ཚོས་སྔ་མོ་ནས་མིའང་བཟུང་ཚར་འདུག་ངེས་རེད་ཅེས་ལན་བཏབ་པ་ན།  དེ་ལ་མོས་མཐུན་ཅུང་ཙམ་བྱུང་ནས་ཁོ་ཚོ་དེ་འདྲའི་སྤྱང་པོ་ཡིན་མདོག་བསྟན་སོང་།   

ཉིན་བརྒྱད་པ་ཙམ་ནས་བཟུང་། བུད་མེད་ཉེན་རྟོག་པ་ཚོས་ང་མ་ཐེ་བའི་ཁོ་ཚོ་ལས་མི་ཡོངས་ལ་ཚོང་ཁང་ནས་ཁ་ངོ་བཀྲུ་ཆས་ཆ་ཚང་དང་གློག་དེམ(电热壶)། ཆུ་སྣོད་སོགས་ཉོས་པ་དང་། ཁོ་ཚོའི་ཉལ་ཐུལ་དང་གདན་རས་བཀྲུ་བ། ཉལ་ཁང་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་འཁྲུག་ཆ་དོད་པོར་གྱུར་འདུག་ཅིང་། སྐྱེས་པ་རྣམས་ཟིང་ཟིང་འུར་འུར་དུ་སྡོད་ལོང་མེད་པར་བལྟས་ན། འདྲི་གཅོད་འདི་ལས་སླ་མོས་མཇུག་མི་བསྒྲིལ་བ་ཤུགས་ནས་ཚོར་ལ། ཁོ་ཚོས་ཀྱང་ང་ཚོས་ཁང་པ་གཙང་སྦྲ་དང་ཉལ་ཆས་བཀྲུ་བ་སོགས་ལས་འདྲི་གཅོད་འདི་ཡུན་རིང་འགོར་འགྱངས་བྱེད་རྒྱུ་ཡིན་པ་ཁྱོད་ཀྱིས་ཚོར་ཡོད་ལས་ཆེ་ཟེར་ནས་ངའི་སེམས་ལ་གནོད་ཤུགས་སྤྲོད་ཐུབ་ཐུབ་བྱས། ང་ས་དེར་འབྱོར་ནས་ཅུང་མ་འགོར་བར། ཁོ་མོ་ཚོའི་ཁ་ནས་ཐོས་པ་ལྟར་ན་ང་སྡོད་ས་དེ་ནི་ཉེན་རྟོག་སློབ་གྲྭ་ཡིན་ཚོད་རེད། ཡིན་ནའང་སྒོ་རའི་མདུན་ལོགས་ཀྱི་གྲུ་ག་དེར་ཉེན་རྟོག་པའི་རླངས་འཁོར་མང་པོ་བཞག་ཡོད་པ་ལས། སློབ་མའི་གྲིབ་མ་ཙམ་ཡང་མི་མཐོང་། དེ་རུ་ད་དུང་སྤྱང་ཁྱི་གཉིས་གསོས་འདུག ཉིན་འགའ་འདས་རྗེས་ཀྱི་ཉིན་ཞིག ང་གསང་སྤྱོད་དུ་འགྲོ་སྐབས། སྤྱང་ཁྱི་ཞིག་ངའི་ཉེ་སར་བཏུད་དེ་ང་ཕྱི་ནུར་བྱེད་པ་སྤྱང་ཁྱིའི་བདག་པོ་སྟེ་སྒོ་སྲུང་ཉེན་རྟོག་པ་དེས་མཐོང་རྗེས། ཁྱོད་དོན་ངན་བསྒྲུབ་རྒྱུར་མི་སྐྲག་པར་སྤྱང་ཁྱི་ཞིག་ལ་སྐྲག་རྒྱུ་ཅི་ཡོད་ཅེས་བཤད། ཉི་མ་དེ་ཚོར་སེམས་ལ་མནར་གཅོད་ཚད་ལས་བརྒལ་བ་བཏང་བས་ངའི་སེམས་རྣལ་ལ་འབབ་མི་ཐུབ། ཐང་ལྷོད་མཚམས་སུ་སྒོ་སྲུང་གི་སྐད་ཆ་ལ་དེ་འཕྲལ་མཉམ་འཇོག་བྱེད་མ་ཐུབ། ཕྱིར་ཉལ་ཁང་ནང་སླེབས་ནས་བསམ་གྱིན་བསམ་གྱིན། སྐད་ཆ་དེ་ནི་ང་ལ་དམིགས་ནས་བཤད་པ་གཞི་ནས་ཚོར། ཁོ་ཚོས་དོན་མེད་དུ་མི་ལ་ཉེས་འགེལ་བྱེད་རྒྱུ་ནི་རྒྱུན་ལྡན་དུ་ཆགས་འདུག འཚིག་པ་གཏིང་ནས་ཟོས་ཏེ་ཁྱི་བདག་དེ་ལ་གཤེ་གཤེ་བཏང་བ་ན། བུད་མེད་ལྟ་སྲུང་མཁན་ཞིག་གིས་ང་ལ། ཡང་ཁྱོད་ཀྱི་རང་རྩིས་ལ་གནོད་སོང་བ་ཨེ་རེད། ཁོས་འདི་ལྟར་ཟེར་ཞེས་སྒོ་སྲུང་གི་སྐད་ཆ་དེ་གཞན་ཞིག་ཏུ་བསྒྱུར། ལུའུ་ཞུན་གྱིས་རང་ལ་ལྷམ་ཆེ་ཆུང་དོ་མི་མཉམ་པ་ཞིག་བཙོངས་པ་ཕྱིར་སློག་དུས་འཁྲབ་པའི་གར་དེ་ཁོ་ཚོས་ད་དུང་ཡང་འཁྲབ་ཀྱིན་འདུག མནར་གཅོད་ཀྱི་གོ་རིམ་ཞིག (7) ཉིན་བརྒྱད་པའི་ནམ་གུང་ལ་སླེབས་ཉེར་འདུག ང་རང་ཉལ་ཁྲིའི་སྟེང་འཕྲེས་ནས་གཉིད་ཐུན་ཙམ་ལོག་སོང་། ཏག་ཏག་སྐབས་དེར་འདྲི་གཅོད་བྱེད་མཁན་གཙོ་བོ་དེ་གཉིས་ཡོང་ནས། ང་ལ་ཡར་ལོངས་དོན་དག་འདུག་ཉལ་མི་ཆོག་ཟེར། ངས་ཉིན་མོར་འདྲི་གཅོད་མི་བྱེད་པར་ནམ་གུང་ལ་བྱེད་དོན་ཅི་ཡིན་ཞེས་སྔར་བཞིན་འཕྲེས་བསྡད་པར། ལམ་སེང་ཡར་མ་ལངས་པ་མཐོང་ནས། བུད་མེད་ཉེན་རྟོག་པ་གཉིས་ལ་སྐད་འགྲགས་ཀྱིས་ང་ཡར་སློངས་ཤིག་ཟེར། ཁོ་མོ་གཉིས་ཀྱིས་བྲེལ་འཚུབ་ངང་ང་དྲད་མ་དྲུད་ཀྱིས་འདྲི་གཅོད་རྐུབ་སྟེགས་སྟེང་སྡོད་བཅུག་པ་ན། རུས་ཝང་ཅན་གྱིས་ལྕགས་ཟྭ་བརྒྱབ་སྟེ་བསྒྲོགས། རུས་ཀྲང་ཅན་གྱིས་ཁྱོད་སྣང་བ་མཐོན་པོ་རང་ཉིད་ཡ་མཚན་ཞིག་ཡིན་མ་འདོད། ད་ལྟ་ཁྱོད་དོགས་གཞི་ཉེས་ཅན་རེད། རང་གི་ཐོབ་ཐང་ཡིད་ལ་ཟུངས་ཞེས་ངའི་གདོང་ལ་མཛུབ་ཐུར་བྱེད་བཞིན་དྲན་གསོས། དང་ཐོག་ངས་དོན་དེ་སེམས་ལ་མ་བཞག དེ་རྗེས་ཁྱོད་ལ་ཡོད་ཚད་བརྩི་འཁུར་སྒོས་ནག་ཉེས་ཁས་ལེན་བྱེད་རྒྱུ་ལས། ང་ཚོར་རེ་བ་འདོན་པའི་དབང་ཆ་སྤུ་རྩེ་ཙམ་མེད་ཅེས་པ་ན། ངས་གཞི་ནས་ཧ་གོ་སོང་། ཁོ་ཚོས་ད་དུང་ནམ་ཞིག་ལ་འདྲི་གཅོད་བྱེད་རྒྱུ་དང་འདྲི་གཅོད་རྐུབ་སྟེགས་སྟེང་བསྒྲོགས་མིན་དེ་ང་ཚོའི་དབང་ཆ་ཡིན། རྒྱལ་ཁབ་ཀྱིས་འདྲི་གཅོད་དུས་ཚོད་གཏན་ཁེལ་བྱས་མེད་ཅིང་། ཁྲིམས་སུ་ཡང་ཉེས་ཅན་འདྲི་གཅོད་རྐུབ་སྟེགས་སྟེང་འདོགས་མི་ཆོག་ཅེས་ཐག་བཅད་མེད། ང་ཚོས་ཁྱོད་ལ་རྡུང་རྡེག་བྱེད་ཀྱི་མེད། དེ་ནི་ཁྱོད་ཀྱིས་མི་བསད་པ་དང་མིའི་ལག་པ་བཅད་པ་སོགས་མ་བྱས་པས་ཡིན། ཡིན་ནའང་ཁྱོད་རང་གིས་བྱས་པའི་ནག་ཉེས་རྣམས་དྲང་མོར་བཤད་དགོས་ཟེར་ནས་གཅིག་མགོར་གཉིས་བཏགས། བརྒྱ་མགོར་སྟོང་བཏགས་ཀྱིས་ངའི་ཉེས་མིང་ཇེ་མང་ནས་ཇེ་མང་དུ་བཏང་། མཚམས་རེར་རུས་ཀྲང་ཅན་དེ་སྨྱོན་པ་ཞིག་དང་འདྲ་བར་ད་ཕྱིན་ཆད་ཁྱོད་ཕྱི་རྒྱལ་དུ་སོང་དང་། ངས་ཅིག་བལྟ་ཟེར་ནས་ན་ཟུག་དྲག་པོས་ཡར་ལངས་མར་ཙོག་བྱེད་ཀྱི་འདུག ཁོས་ཁྱོད་ཕྱི་རྒྱལ་གྱི་གསར་འགྱུར་ལ་དགའ་སྣང་ཆེན་པོ་འདུག འོན་ཀྱང“ཚོགས་ཆེན་བཅུ་བདུན་པའི”དོན་སྙིང་གང་ཡང་ཧ་གོ་ཡི་མི་འདུག ཁྱོད་ཀྱིས་གསར་འགྱུར་སྒྲིག་སྦྱོར་བྱེད་སྐབས་དེ་དག་ལ་དོ་སྣང་མི་བྱེད་པར་ཅི་བྱེད་ཀྱི་ཡོད་ཅེས་ངར་ངར་རྫིག་རྫིག་བྱས་སོང་། ཁོའི་བྱ་སྤྱོད་དང་སྐད་ཆ་དག་དུག་ཚེར་བཞིན་ངའི་སྙིང་ལ་ཟུག ཁ་གྲགས་འདོད་ཡེ་ནས་མེད་པས་ཁ་རོག་བསྡད་པ་ཡིན། དེར་ཁོས་ང་ལ་ཁྱོད་ཁ་མི་གྲགས་པར་སྡོད་པ་འདི་ཡུལ་གང་དུ་སུ་ཞིག་གི་སྦྱོང་བརྡར་ཐོབ་པ་ཡིན་ཟེར། ཡིད་ནག་གཏིང་ནས་ཆད་ནའང་། ང་ཁོང་དགོད་ཅིག་ལས་ལན་ཅི་ཡང་མ་བཏབ། རྒྱུ་མཚན་ངས་དེ་ལས་ལྷག་པའི་ལན་ཞིག་རྙེད་མ་སོང་། ཁྱོད་གཉིད་ལས་བསླངས་པར་མ་དགའ་བ་ཨེ་རེད། ཁྱོད་ས་འདིར་ཁམས་གཡེང་ལ་ཡོང་བ་མིན་ལ། ང་ཚོ་ཁྱོད་ལ་ཞབས་ཞུ་བྱེད་མཁན་མིན། ཁྱོད་ནི་སྐྱིད་མ་ཁྱགས་པར་ས་འདིར་ཡོང་བ་རེད། རྒྱལ་ཁབ་ཀྱིས་ཁྱོད་ལ་ཟླ་རེར་ཟླ་ཕོགས་སྒོར་སྟོང་གསུམ་རེ་བྱིན་ཀྱང་། ཁྱོད་ད་དུང་ཡིད་མི་ཚིམ། དོན་ངོ་མར་ཅི་ཞིག་བྱེད་འདོད། ཁྱོད་ངོ་མ་མི་ཡ་མཚན་ཞིག་རེད། རང་ལ་ཁྱིམ་ཚང་དེ་འདྲའི་སྐྱིད་པོ་དང་། ལས་ཁུངས་དེ་འདྲའི་ཡག་པོ་འདུག མི་མང་པོ་ཞིག་ལས་ཁུངས་དེར་འགྲོ་འདོད་ཀྱང་ཐུབ་ཀྱི་མེད་པ་རེད། ད་ཕྱིན་ཆད་ཁྱོད་ཀྱིས་གསར་འགྱུར་གྱི་ལས་ཀ་དེ་སྒྲུབ་དཀའ་རྒྱུ་རེད་ཅེས་དབུགས་ཐེངས་གཅིག་གིས་སྡིགས་མོ་བྱེད་སྐབས། ངའི་མིག་ཟུང་ཞེ་སྡང་གིས་གཙེས་ནས་ཁོའི་གདོང་ལ་ཅེར་བསྡད་པ་ན། ཁྱོད་འདྲ་བའི་བུད་མེད་ཅིག་ངའི་གདོང་ལ་ཅེར་ན་ང་སྐྲག་གི་འདོད་ཀྱི་ཨེ་ཡོད། ཧིན། ཞེས་དམའ་འབེབ་ཀྱི་བཟོ་ཉམས་གང་ཐུ་བསྟན། ཕྱིས་སུ་ང་གློད་བཀྲོལ་བཏང་སྟེ་ལས་ཁུངས་སུ་འབྱོར་རྗེས། ཏག་ཏག་ང་ལ་གསར་འགྱུར་སྒྲིག་སྦྱོར་གྱི་ལས་ཀ་དེ་བྱེད་དུ་མ་བཅུག་པར་ལས་ཀ་གཞན་ཞིག་བཀོད་སྒྲིག་བྱས་སོང་། ཟླ8པའི་ཚེས13ཉིན་བརྙན་འཕྲིན་ལས་ཁུངས་ཀྱིས་ངའི་ཆེད་དུ་གྲོས་ཚོགས་ཤིག་བསྡུས་ཚོད་རེད། བོད་སྐད་ལྟེ་གནས་ཀྱི་འགོ་གཙོ་ནམ་མཁའ་ཐར་ལགས་ཀྱིས་ང་ཁོའི་གཞུང་ལས་ཁང་དུ་བོས་ནས། དེ་རིང་ནས་བཟུང་ཁྱོད་གཞུང་ལས་ཁང་དུ་རྩིས་འཁོར་དྲ་རྒྱའི་སྟེང་ཞུགས་མི་ཆོག་པ་དང་། ཉིན་རེར་སྔ་མོ་དང་ཉིན་གུང་། ཕྱི་དྲོ་དང་དགོང་མོ་བཅས་ལ་ལས་ཞུགས་དང་ལས་གྲོལ་བྱས་པའི་མིང་ཐོ་འགོད་དགོས་ཞེས་ནས་ང་ལ་འབྲི་དེབ་ཅིག་གཏད་དེ་མིང་ཐོ་དང་ཟླ་ཚེས་འབྲི་རུ་བཅུག དེ་ནི་གོང་རིམ་གྱི་བཀའ་རེད་ཟེར། དེ་ཡང་ལོས་ཡིན་ཏེ། ཐ་ན་ལས་ཁུངས་ཀྱི་སྒོ་སྲུང་ལའང་ང་ལ་ལྟ་རྟོག་གཟབ་ནན་བྱེད་དགོས་ཚུལ་བདེ་འཇགས་ལས་ཁུངས་ཀྱིས་ངག་བཀོད་བྱས་འདུག་ཚོད་རེད། ལས་ཁུངས་ཀྱི་དཔོན་གཡོག་དང་བདེ་འཇགས་མི་སྣ་ཕྱི་འདྲེས་ནང་འདྲེས་ཀྱིས་ང་ས་གཞན་ལ་འགྲོ་བའི་རང་དབང་མེད་པར་བཟོས་ཡོད། ད་དུང་ལས་གྲོགས་ཤིག་གིས། ང་རང་ལ་སྒྲིག་སྦྱོར་གཞུང་ལས་ཁང་གི་ལས་རེས་ཀྱང་བྱེད་དུ་མ་འཇུག་ཅེས་ནས་བཤད་འདུག་ཟེར། ཁོས་མུ་མཐུད་དུ་ནུས་ཆུང་བློ་དམན་མ་ཁྱོད་སྐྱེས་པ་བཅའ་འདོད་པ་ཨེ་ཡིན། ཁྱོད་ལ་ད་ལྟ་ད་དུང་བུད་མེད་ཀྱི་བྲོ་བ་ཙམ་འདུག ཚུགས་ཀར་ལྟོས་དང་། ཁྱོད་འདྲ་བའི་བུད་མེད་ཅིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་གཏོང་ཐུབ་བམ། སྟོང་སེམས། ད་ལྟ་ང་ཚོའི་རྒྱལ་ཁབ་ཇེ་དར་ཇེ་རྒྱས་རེད། ཁྱོད་ཚོས་ཅི་ཞིག་ནུས་སམ་གོ་མིན་ཏང་གི་ཁྲི་བརྒྱད་བརྒྱའི་དམག་དཔུང་ཕམ་པར་བཏང་བ་ལོས་ཤེས་ཞེས་ཁོང་དགོད་བྱས། དེ་ལྟར་དམའ་འབེབ་བྱེད་བཞིན་ཕལ་ཆེར་དུས་ཚོད་ཕྱེད་ཙམ་འདས། ངས་སྔར་བཞིན་སྐད་ཆ་ཚིག་གཅིག་མ་བཤད་པར་ངག་བསྡམས། དེ་ནི་འདྲི་གཅོད་སྐབས་ངས་ལན་མ་བཏབ་པར་བསྡད་པ་ཐོག་མ་ཡིན། ཁོ་རང་ཐབས་ཟད་འུ་ཐུག་སྟེ་ཕྱི་ལོགས་སུ་བུད་སོང་། དེ་རྗེས་རུས་ཝང་ཅན་ཡོང་ནས་མི་ཚང་མ་འདྲ་མཉམ་རེད། ངས་ཁྱོད་ཀྱི་རང་རྩིས་ལ་བརྩི་འཇོག་བྱེད་ངེས་ཡིན་ཞེས་སྤྱང་པོ་བྱས་ཏེ་ཐབས་ལ་བསྐོར་ནས་དྲིས་ཀྱང་ང་ལ་བཤད་རྒྱུ་གསར་པ་མེད་སོང་། དེ་བཞིན་ནམ་གུང་སྔ་མོ་ནས་ཡོལ་ཡང་དུས་ཚོད་ག་ཙམ་ཟིན་འདུག་པ་མ་ཤེས། ཁོ་འགྲོ་གྲབས་བྱེད་སྐབས། ངས་ང་དེ་རིང་ཐང་ཆད་དྲགས་པས་ཉལ་དུ་འཇུག་རོགས། ངའི་སྒལ་ཚིགས་ནང་རུས་པ་སྐྱེས་འདུག་པས་མཚན་གང་བོར་འདི་ལྟར་བསྡད་ན་མི་བཟོད་གི སང་ཉིན་ངས་ཤེས་པ་རྣམས་བཤད་ངེས་ཡིན་ཞེས་པ་ན། འཐད་མི་འཐད་ངང་ལྕགས་ཟྭ་བཀྲོལ་ནས་ཉལ་ཁུལ་ཙམ་བྱེད་དུ་བཅུག ཚུལ་དེ་མཐོང་རྗེས་ངས་ཡང་རང་གི་ལུས་མཚག་ཞན་པར་ལེ་བདའ་བྱས་པ་ཡིན། ང་རང་དེ་མ་ཐག་སྨད་གཡོགས་དང་སྟོད་ལྭ་ཁ་ཚང་གྱོན་ཏེ་ཉལ་བ་ན། ཁོས་ང་ལ་ལག་ལྕགས་བརྒྱབ་སྟེ་ཉལ་ཁྲིའི་སྟེང་བཏགས་རྗེས་འཐེན་ཙམ་འཐེན་ཙམ་གྱིས་ཟྭ་འཕྲོད་ཡོད་མེད་ལ་བལྟས། ཉི་མ་དེ་ཚོར་ངའི་ལག་གི་མཁོ་ཆས་ཁ་ཚང་བླངས་ཚར། གནས་བབ་དེ་འདྲར་ང་ཆེས་ཡིད་སྨོན་འཆོར་ས་ནི། ཁོ་ཚོ་འགྲོ་འདུག་རང་དབང་དང་རང་འདོད་ལྟར་ཁ་པར་བཀོལ་སྤྱོད་བྱེད་ཆོག་པ་དེ་རེད། ཐེངས་ཤིག་ལ་ངས་ཨེན་ཙམ་གྱིས་བླུན་རྟགས་བསྟན་སོང་། ལྟ་སྲུང་མཁན་གཉིས་ཁང་པ་དང་ཁ་བྲལ་མ་ཐག་ཙམ་ལ། ངས་རྐུབ་སྟེགས་སྟེང་ནས་ལག་པ་བསྲིངས་ཏེ་ཉལ་ཁྲིའི་ཐོག་གི་འཁུར་ཁུག་དེ་བསྔོག་དགོས་བསམ་བྱུང་། དོན་དེ་དེ་རིང་ཡིད་ལ་ཤར་ནའང་བྲེད་ཤ་ལངས་ཡོང་། དེ་ལྟ་ནའང་དེ་ནི་གཞན་མ་ཡིན་པར་ངས་ཁྱིམ་མི་ལ་ཁ་པར་ཞིག་གཏོང་བསམ་པ་ཙམ་མོ།། རང་དབང་ཕྲོགས་ཚར་བའི་སྐབས་དེར་ངས་གནས་ལུགས་གཞན་ཞིག་རྟོགས་པ་ནི། ཡ་ཧུ་དྰ་མི་རིགས་ཀྱིས་རིག་གནས་ལ་རྩིས་མཐོང་བྱེད་པར་ཁག་མི་འདུག་སྙམ་པ་དེ་ཡིན། རྒྱུ་མཚན་མི་ཞིག“གཅེར་བུར”བཏང་རྗེས་རང་ལ་དབང་བ་ནི་རང་གི་ཤེས་ཡོན་ཁོ་ནའོ།། ཐེངས་ཁ་ཤས་ལ། ང་ཚོ་མི་བཅུ་ལྷག་གིས་ཁྱོད་གཅིག་པུ་གཡས་བསྐོར་གཡོན་བསྐོར་གྱིས་ཁྱིམ་ལའང་འགྲོ་ཐུབ་ཀྱི་མེད། ཡིན་ནའང་ཁྱོད་ཀྱིས་ད་དུང་དོན་དག་དྲང་མོར་མི་བཤད་པར་ང་ཚོ་སྡུག་ལ་གཏད། ང་ཚོར་ཡང་ཁྱིམ་ཚང་དང་བུ་ཕྲུག་ཡོད་ཅེས་ལེ་བདའ་དྲག་པོ་བྱས་ཏེ་ཕོ་མོ་གཉི་གས་ང་ལ་སྡང་སྡུག་བསྟན། ད་དུང་ངའི་དོན་དུ་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཙོ་བོ་གཉིས་ཐེངས་གཉིས་ལ་ཡོང་ཚུལ་དང་། ངའི་དོན་དེར“སེམས་ཁུར”བྱེད་ཀྱི་ཡོད་ཚུལ་བཤད། ཁོ་ཚོས་རང་གི་དཀའ་ཁག་ལས་གཞན་གྱི་སྡུག་བསྔལ་ལ་འདང་བརྒྱབ་ཀྱང་མ་བརྒྱབ་ལ་རྒྱག་ཀྱང་མི་སྲིད། གང་ཡིན་ཟེར་ན། ཁོ་ཚོའི་སྣང་ངོར་ང་ནི་དོགས་གཞི་ཉེས་ཅན་ནམ་དགྲ་བོ་ངོ་མ་ཞིག་ཡིན་པའི་ཕྱིར། རུས་ཝང་ཅན་གྱིས་ངས་ཁྲིམས་ལུགས་མི་ཤེས་པའི་གཉོམ་ས་ནས་བཟུང་སྟེ་ཁྱོད་ལ་ཁྲིམས་ཐག་གཅོད་ངེས་རེད་ཅེས་འཇིགས་སྐུལ་ཐེངས་འགར་བཏང་། སྐད་ཆ་དེར་ང་ཧ་ཅང་སྐྲག དེ་ངའི་སེམས་ལ་ཟུག་ནས་རྨ་ཁ་བཟོས་སོང་། དེ་ཕྱིར་ཡ་ལན་ཞིག་སྤྲོད་ཐབས་ལ་བསམ་བློ་བཏང་བ་ཡིན། ཐེངས་ཤིག་ཁོས་ཏག་ཏག་ང་ལ་དེ་ལྟར་འཇིགས་སྐྲག་སྐུལ་སྐབས། ངས་གདོང་གི་ཞེད་སྣང་བཙན་གྱིས་སྦས་ཏེ་དཔའ་མདོག་གིས་ངས་ཁྲིམས་ལུགས་མི་ཤེས་པ་བདེན་མོད། ཁྲིམས་ལུགས་ཤེས་མཁན་གྱི་མི་ཡང་ཡོད་ངེས་ཞེས་ཡ་ལན་སྤྲོད་ཐབས་བྱས། དེ་ནས་བཟུང་སྐད་ཆ་དེ་གླེང་རྒྱུ་ཅུང་ཇེ་ཉུང་དུ་སོང་། ཡིན་ནའང་ཁྱོད་ཁྱོ་ཤུག་གཉིས་ཀྱིས་དྲ་སྟེང་དུ་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ཁས་ལེན་མ་བྱས་པ་དང་། འཕྲིན་ཐུང་དེ་སུས་ང་ལ་བསྐུར་པ་དང་ཡང་ངས་སུ་སུ་ལ་བསྐུར་པ་རེ་རེའི་མིང་ནས་མ་བཤད་ན་འདྲི་གཅོད་མཇུག་རྫོགས་འཆར་གཏན་ནས་མེད་ཅེས་བཤད། དེ་ནི་ངས་ཧ་ཅང་བཤད་ཁག་པའི་དྲི་བ་ཞིག་རེད། དྲི་བ་དེས་ང་རྟག་ཏུ་འདུག་ལོང་བསམ་ལོང་མེད་པར་བཏང་། འདྲི་གཅོད་ཅིག་གི་ཁྲོད་ཁོ་ཚོས། ཁྱོད་ཀྱི་ཁྱོ་ག་ཡང་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར། སྐད་ཆ་དེ་ཐོས་མ་ཐག ཁོག་ཏུ་སྐྲག་ནས་མེ་འབར་ན་ཡང་གདོང་ནས་མི་སྐྲག་པའི་ཉམས་ཀྱིས། ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་བཟའ་ཟླ་གཉིས་དུས་གཅིག་ཏུ་འཛིན་བཟུང་བྱས་ཚེ། རྒྱལ་སྤྱིའི་སྟེང་གྲགས་འགུལ་ཞིག་འབྱུང་ངེས་རེད་ཅེས་པ་ན། དེ་མ་ཐག ཝང་གིས། ཧིན། ཁྱོད་སྦུ་ཞི་མ་རེད། ཏཱ་ལའི་མ་རེད། ཁོ་ཚོ་ཡིན་ན་ད་གཟོད་གྲགས་འགུལ་ཞིག་འབྱུང་ངེས། ཁྱོད་ལ་གྲགས་འགུལ་ཁྲེམ་གཉེར་ཙམ་ཞིག་འབྱུང་ན་ཐང་ཟེར། དོན་ངོ་མར་སྐབས་དེར་ངས་རང་གི་ལས་ཀ་འཆོར་རྒྱུའི་གྲ་སྒྲིག་ཙམ་ལས། བཙོན་དུ་སྡོད་པའི་གྲ་སྒྲིག་ཡེ་ནས་མེད། དང་ཐོག་ང་མཁར་ནུབ་ཡན་ལག་རུ་ཁག་ཏུ་བཀག་བསྐྱིལ་བྱས་མ་ཐག རང་གི་གསར་འགྱུར་སྒྲིག་སྦྱོར་གྱི་ལས་རེས་ལ་ཉེ་དུས་སེམས་འཚིག་གི་འདུག དེ་རྗེས་ང་བཀག་བསྐྱིལ་གྱི་དུས་ཡུན་བསྲིངས་པ་དང་ནག་ཉེས་ཇེ་མང་དུ་བཏང་བ་ན་ལས་ཀ་འཆོར་ཤག་ཡིན་པར་འདོད་ཀྱང་། བཙོན་དུ་འདུག་དགོས་པ་དེ་དུས་ཀྱང་བློ་ལ་དྲན་མེད། རྗེས་སུ་འཇིགས་སྐུལ་སྣ་ཚོགས་བྱས་པ་དང་འབྲེལ་ངའི་སེམས་པ་ལའང་རིམ་གྱིས་འགྱུར་བ་བྱུང་ནས། ལས་ཀ་ཤོར་ཁྲིམས་ཐག་བཅད་བཙོན་དུ་བསྡད་མཐར། ལུས་པོ་བདེ་འཚམས་ངང་ཕྱིར་ཁྱིམ་དུ་ལོག་ཐུབ་མིན་ལ་རེ་དོགས་བྱས་པ་ཡིན། ཅི་སྟེ་དེ་ལྟ་ཡིན་ནའང་། སྐབས་དེར་ངས་ད་དུང་དངོས་ཡོད་དེར་གདོང་གཏོད་དཀའ་སོང་། དེ་བས་ངས་ཁྲག་གིས་བརྫིས་པའི་བེམ་པོ་རེ་རེ་དང་མི་ཚེ་བཙོན་རར་སྐྱེལ་བཞིན་པའི་སྤུན་ཟླ་སྒྲོལ་མ་སྐྱབས་སོགས་བསམ་བཞིན་དེ་ཡིས་རང་ཉིད་ལ་སྙིང་ཕུར་བཏབ་ཅིང་། གྷན་དི་དང་མན་ཏི་ལ། ཨང་སན་སུའུ་ཅི་བཅས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་སྒོམ་པ་ཡིན་ཞིང་། དེས་ང་ལ་སྤོབས་པ་ཉི་ཚེ་བ་རེ་སྦྱིན་ཡོང་། སེམས་སུ་ད་ལོ་བཅུ་ལྷག་གི་རྗེས་སུ་དོན་དག་འདི་བྱུང་བ་ཡིན་ན་ངའི་བུ་མོ་ཡང་འགྲོ་འགོ་འཁྱོངས་འདུག་པས་ངའི་ཚེ་སྨད་བཙོན་དུ་བསྐྱལ་དགོས་ཀྱང་འདི་འདྲའི་ཕངས་སེམས་ཤིག་ཨེ་ཡོད་འདོད་ཡོང་། བུ་མོ་ལོ་ན་ཆུང་བས་འགྲོ་འདུག་མི་འཁྱོངས་ཤིང་། ཁྱོ་གར་ཁག་ཐམས་ཅད་འཁུར་དུ་ལེན་པའི་ནུས་པ་ཞན་པས་བུ་མོ་ཞེ་ལ་ཐོགས་ཀྱི་འདུག དེ་བས་རང་ལ་བུ་མོ་ཆུང་བ་དེ་སྐྱེས་པ་ནི་ནོར་འཁྲུལ་ཞིག་རེད་འདོད་བྱུང་། དགོང་མོ་ཞིག་ལ། ཁོ་ཚོས་ང་བོད་གཞུང་གི་ཚོགས་པ་གང་ཞིག་གི་ཁོངས་མི་ཡིན་པར་དོགས་པ་ཟོས་ནས་དེ་སྐོར་དྲིས། ངས་ང་རང་དེ་འདྲ་མིན་པ་ཁག་ཐེག་བྱས། འོ་ན་ཁྱོད་ཀྱི་ཁྱོ་ག་དེ་འདྲའི་ཚོགས་པའི་ནང་ཞུགས་ཡོད་དམ་ཞེས་དྲིས། ངས་ང་དང་ཁྱོ་ག་གཉིས་དེ་འདྲ་མིན་པ་རང་གི་ཚེ་སྲོག་གིས་ཁག་ཐེག་བྱས་པ་ཡིན། མ་ཟད་ངའི་ཁྱོ་ག་ནི་དཔེ་ཆ་པ“གླེན་གོག”ཅིག་ཡིན་པས་གཞན་ཅི་ཡང་ཤེས་ཀྱི་མེད་ཅེས་པ་ན། ཁོ་ཚོས་ཁྱོད་ཀྱིས་རང་གི་ཁྱོ་གའི་ནག་ཉེས་ཀྱང་འགེབས་བསམ་པ་རེད། དེ་འདྲའི་ལས་སླ་མོ་ག་ལ་ཡོང་། སུས་ནག་ཉེས་བཟོས་ན་དེས་འགན་འཁུར་བ་ལས་མི་གཞན་གྱིས་ཚབ་བྱེད་ཐབས་མེད། ཡང་གཅིག་བཤད་ན། ཁྱོད་ཀྱིས་རང་གི་ཉེས་པ་ཁྱགས་ན་འགྲིག་འདུག དོན་ངོ་མར་ཁོ་པ་ཁྱོད་ཀྱིས་བཤད་པ་ལྟ་བུའི“གླེན་གོག”ཅིག་ག་ལ་ཡིན། དེ་ཁྱོད་ཚང་གི་དཔེ་ཁང་ནང་གི་དཔེ་ཆ་ལས་ཀྱང་ཤེས་ཐུབ། ཁོ་པས་བཀག་བརྟོལ་མཉེན་ཆས(软件)ཕབ་ལེན་དང་ཕྱི་རྒྱལ་གྱི་དྲ་ཚིགས་སུ་ཞུགས་པ། ཡིག་ཆ་ཕབ་ལེན་བྱེད་མཁན་གཙོ་བོ་ཁོ་རང་ཡིན་པ་ཚང་མ་ཁས་བླངས་ཟིན། ཞེས་ཁྱོ་བོའི་ཉེས་པ་ཚབས་ཆེན་ཡིན་ལུགས་བཅོ་བརྒྱད་ལབ་ཅིང་། ཚིག་ཤུགས་སུ་ངའི་རྣམ་འགྱུར་མ་ལེགས་ན། ཁྱོ་གའང་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བརྒྱབ་སྟེ་ཁོ་ཚོས་ང་ལ་གནོན་ཤུགས་གང་ཆེ་སྤྲད། དེ་ནི་ངས་ཆེས་ཉན་མི་འདོད་པའི་སྐད་ཆ་ཡིན་པ་ཁོ་ཚོས་རྟོགས་དང་རྟོགས་ཡོད། ཁོ་ཚོའི་གདོང་གི་བྱད་ཉམས་དང་ཚིག་གི་གོ་དོན་ལས་ཁྱོ་ག་འཛིན་བཟུང་བྱེད་ཤག་ཡིན་པའི་ཚོར་པ་བྱིན། དེས་ང་ལ་དབང་མེད་དུ་འཇིགས་སྣང་བཤད་མི་ཤེས་པ་ཞིག་བསྐུལ་ཡོང་། འཇིགས་སྣང་རབ་དང་རིམ་པ་དེ་དག་ངའི་ཤེས་བྱའི་ཆུ་ཚད་འདིས་ཁྱོན་ནས་མཚོན་མ་ཐུབ། ཁོ་ཚོ་མི་མང་ཁ་མང་ལྕེ་མང་ཡིན་པས་ཕན་ཚུན་ལ་བློ་གསལ་ཕུད་ཅིང་། འདིས་མ་དྲན་པ་དེ་ཡིས་ཁ་གསབ་བྱས་འཇོག འོན་ཀྱང་ང་ནི་གཅིག་པུ་ཁེར་རྐྱང་དང་ཉམས་མྱོང་མེད་པ། དངངས་འཚབ་ཆེ་བ་སོགས་ཀྱིས་ཁོ་ཚོའི་ཁ་གཏད་འཇལ་དཀའ་སོང་། དེའི་སྟེང་མི་མང་པོས་རང་འདོད་ལྟར་དྲིས་པས། ངས་བློ་ན་གྲ་སྒྲིག་ཙམ་བྱས་པ་ཡང་ཐོར་དུ་བཅུག དེ་ལས་ཀྱང་ཉི་མ་དེ་ཚོར་ཟས་བཅད་དེ་ཕོ་བར་ཚ་རྒྱས་པ། གཉིད་བཅག་སྟེ་རིག་པ་ལྡབ་ལྡིབ་ཏུ་གྱུར་པ་སོགས་ཀྱིས་རང་ལུས་རང་གིས་མི་ཐེག་ཅིང་། ཀླད་པའི་ནང་ཅི་ཡང་མི་དྲན་པར་ཚིག་སྔ་ཕྱིའང་མཐུད་མ་ཐུབ། དེ་ལྟར་བྱས་པས་ན་ཁོ་ཚོས་ཁྱོད་ཀྱི་ཁོག་ཏུ་དོན་དག་ཅིག་མེད་ན། དེ་འདྲའི་འཚབ་དགོས་དོན་ཅི་ལ་ཡོད་ཅེས་ངའི་གདོང་མདོག་འགྱུར་མིན་ལ་གཟས་ནས་བརྟག་བསྡད། མིག་ཟུང་དེ་དག་ནི་གཟུ་ལ་རྣོ་བའི་མདའ་མོ་བཞིན་ངའི་གློ་སྙིང་བཙན་གྱིས་འབིགས་གྲབས་བྱས། རྐྱེན་དེའི་དབང་གིས་འདྲི་གཅོད་སྐབས་ངས་བསམ་གཟས་ནས་སྐྲ་མ་བསླས་པར་ངོ་གདོང་འགེབས་ཅི་ཐུབ་བྱས་པ་ཡིན། ང་བློ་འཚབ་དང་ཞེད་སྣང་གིས་གཞི་ནས་སྡོད་ལོང་མེད་པར་གྱུར། སྐབས་དེར་གསང་སྤྱོད་དུ་འགྲོ་བར་ཁ་གཡོར་རྒྱུའི་བསམ་ཚུལ་ཞིག་ཀྱང་སྐྱེས། འོན་ཀྱང་ང་འདྲི་གཅོད་ལ་གཡོལ་བ་ཚོར་ན། ཁོ་ཚོ་ལྷག་ཏུ་དོགས་པ་ཟ་ངེས་རེད། དུས་དེར་ངས་ཀླད་ཞོ་དར་བ་དཀྲུག་དཀྲུག་དང་རིག་པ་ལྕགས་སྐུད་བསྒྲིལ་བསྒྲིལ་བྱས་མཐར་གཞི་ནས་དྲིས་ལན་འཚམ་པོ་ཞིག་རྙེད། དཀོན་མཆོག་གི་ཐུགས་རྗེས་གཟིགས་པ་ཨེ་ཡིན་ནམ། དེ་མ་ཐག་ངས་ཁོ་ཚོར། མི་གཉིས་ཀྱིས་རྩིས་འཁོར་གཅིག་བཀོལ་སྤྱོད་བྱེད་པ་དེ་ནི། ཁང་པ་གཅིག་གི་ནང་མི་གཉིས་བསྡད་པ་ལྟ་བུ་རེད། ནམ་ཞིག་ཁང་པ་དེར་འབག་བཙོག་ཆགས་པ་ན། སུས་ཀྱང་ང་མིན་ཁོ་ཡིན་ཟེར་དཀའ་བས། ངས་རང་གི་ཉེས་པ་མི་གཞན་ལ་དཀྲི་འགེལ་བྱེད་ཐབས་མེད་ཅེས་བཤད་པ་ཡིན། འོ་ན། བཀག་བརྟོལ་མཉེན་ཆས་དེ་དོན་ངོ་མར་སུས་ཕབ་ལེན་བྱས་པ་ཡིན། ང་ཚོས་ཁྱོད་ཀྱིས་བཤད་པ་ལྟར་བྱས་པར་དྲ་ཚིགས་ནང་འཇུག་མི་ཐུབ་ལ་མཉེན་ཆས་དེའང་རྙེད་མ་བྱུང་ཞེས་བཤད། ངས་ལན་དུ། ཕྱིའི་དྲ་བར་འཇུག་པའི་མཉེན་ཆས་དེ་ངས་ཀྱང་ཕབ་ལེན་བྱས་མྱོང་ཞེས་མ་ཐག ཧྲིན་གྱིས་དང་ཐོག་རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་འདྲི་གཅོད་བྱེད་དུས་ཤིག་ལ། ཁྱོད་ཀྱིས་མཉེན་ཆས་དེ་ཨ་རི་ནས་རྒྱ་རིགས་བུ་མོ་ཞིག་གིས་བསྐུར་ཅེས་བཤད་འདུག་ཟེར། ངས་དེ་ལྟར་བཤད་མྱོང་བ་བདེན། རྒྱུ་མཚན་རྩིས་འཁོར་ཆེད་མཁས་ཡིན་ཟེར་མཁན་དེས་མཉེན་ཆས་དེ་དྲ་བ་ལས་ཕབ་ལེན་བྱེད་མི་ཐུབ་པ་གཅིག་གཅོད་བྱས་རྐྱེན། ངས་འོ་ན་དེ་ཕལ་ཆེར་བུ་མོ་དེས་གློག་རྡུལ་ཡིག་སྒམ་ལས་བསྐུར་པ་ཡིན་ལས་ཆེ་ཞེས་བཤད། ཡིན་ནའང་རྗེས་སུ་ངས་དྲ་སྟེང་ནས་ཕབ་ལེན་བྱས་པའི་དོན་དེ་ཡིད་ལ་དྲན་ཞེས་བཤད། རུས་ཧྲིན་ཅན་གྱིས་ཁོ་ཚོའི་ཁང་པ་ནང་དུ་ང་ལ་འདྲི་གཅོད་བྱེད་སྐབས་ཤིག་ལ། རྩིས་འཁོར་སྟེང་མཉེན་ཆས་དེ་བཤེར་འཚོལ་བྱེད་སྟངས་ང་ལ་དཔེ་སྟོན་བྱེད་དུ་བཅུག སྟབས་ལེགས་པ་ཞིག་ལ། རྩིས་འཁོར་དེ་དྲ་བར་སྦྲེལ་མི་འདུག

ཁྱོད་ཀྱིས་མཉེན་ཆས་དེ་འདྲ་ཕབ་ལེན་བྱེད་སྟངས་དང་ཕྱི་རྒྱལ་གྱི་དྲ་ཚིགས་དེ་དག་ཇི་ལྟར་ཤེས་པ་ཡིན་ཞེས་དྲིས།   དེ་ནི་ང་ཨ་རི་ན་ཡོད་དུས་ཤེས་པ་ཡིན།   དོན་ངོ་མར་ཁྱོད་ཀྱིས་མཉེན་ཆས་དེ་གང་ནས་ཕབ་ལེན་བྱས་པ་ཡིན་ཞེས་ཡང་ཡང་དྲིས་པས།   ངས་ལན་དུ།   སྤྱིར་དྲ་རྒྱ་ནི་སྒོ་རྩིས་ཚོང་ར(超市)ཆེན་མོ་ཞིག་དང་འདྲ་བར།   ཕྱིར་ཐོན་རྗེས་སྔོན་མའི་ཅ་དངོས་ཉོ་ས་དེ་རྙེད་དཀའ།   དེ་ཕལ་ཆེར་ཁྱོད་ཚོ་རྒྱུན་དུ་དྲ་བའི་སྟེང་མི་འཇུག་པའི་རྐྱེན་ཡིན་ལས་ཆེ་ཞེས་བཤད་ཀྱང་།   ཁོ་ཚོས་སྔར་བཞིན་ཕྱི་རྒྱལ་གྱི་དྲ་བར་འཇུག་བྱེད་ཀྱི་མཉེན་ཆས་དེ་རིགས་ལ་རྒྱལ་ཁབ་ཀྱིས་མཐའ་གཅིག་ཏུ་བཀག་སྡོམ་བྱེད་ཀྱི་ཡོད་པས་རྒྱལ་ནང་གི་དྲ་ཚིགས་སུ་ཡོད་མི་སྲིད་ཅེས་ཁ་ཚོན་བཅད།   མ་ཟད།   ངའི་བུ་མོ་དང་ཁྱོ་ག    ང་བཅས་ལ QQཡོད་མེད།   རྒྱུན་པར་དེའི་སྟེང་དུ་མི་གཞན་ལ་ཡིག་ཐོག་དང་ངག་ཐོག་ནས་འབྲེལ་འདྲིས་བྱེད་ཀྱི་ཡོད་མེད་དྲིས།   ངས་བུ་མོར་མ་གཏོགས་ངེད་གཉིས་ལ་དེ་རིགས་མེད་ལུགས་བརྗོད་པ་ཡིན།   ཁོ་ཚོས་ད་དུང་ངེད་གཉིས་ཀྱིསSKYPEམཉེན་ཆས་བཀོད་སྤྱོད་བྱས་ཚུལ་ཟུར་ཙམ་ཡང་གླེང་བྱུང་།   མཉེན་ཆས་དེ་འདྲ་ཧ་གོ་ཡི་མེད་བཟོ་བསྟན་པ་ཡིན།

ཁོ་ཚོས་རྟག་ཏུ་དགོང་མོའི་ཆུ་ཚོད་ཉེར་གཉིས་འདའ་ཙམ་ནས་འདྲི་གཅོད་བྱེད་འགོ་རྩོམ། དེ་ནི་ང་ཧ་ཅང་ཐང་ཆད་གཉིད་འབབ་པའི་དུས་ཡིན་གཤིས་འཚིག་པ་གཏིང་ནས་ཟོས་ཡོང་། དགོང་མོ་དེར་ཡང་འདྲི་གཅོད་སྣ་ཚོགས་བྱས་མཐར་ནམ་གུང་སླེབས་ཉེ་འདུག སྐབས་དེར་ཝང་ངའི་འཁྲིས་སུ་བཏུད་ཡོང་སྟེ། སྐད་དམའ་མོས་ཁྱོད་ཀྱིས་སེམས་བསམ་པའི་གཏིང་ནས་ང་ཚོ་དང་མཉམ་ལས་བྱེད་འདོད་ན་་་་་་ ངས་ཁོ་པའི་འཇིགས་སུ་རུང་བའི་གདོང་ཉམས་དེ་མཐོང་བ་དང་མཉམ་དུ་ཁོས་ང་ལ་དགོས་འདུན་ཅི་ཞིག་འདོན་རྒྱུ་ཡིན་ནམ་སྙམ་ནས་སྐྲག་ཐག་ཆོད་དེ་མགོ་བོ་མར་བསྒུར་པ་ཡིན། དེ་མུར་ཁོས་ཁྱོད་ཀྱི་གློག་རྡུལ་ཡིག་སྒམ་དང་ཟིན་བྲིས་ཀྱི་གསང་ཨང་ང་ལ་ཤོད་ཅེས་པས་ངའི་སེམས་པ་ཅུང་ཙམ་བདེ་ལ་བབས། ཡིན་ནའང་གསང་ཨང་རྣམས་ལམ་སེང་མ་བཤད་པར་ཅུང་ཙམ་དུས་འགྱང་ཀ་ཀོར་བྱས་པ་ན། ཁོས་ཁྱོད་ཀྱིས་མི་བཤད་རུང་ང་ཚོར་གསང་ཨང་བརྟོལ་བའི་ཐབས་ཤེས་ཡོད་ཅེས་བཤད། སྤྱིར་ངས་དགུང་མོ་དེར་འཕྲིན་ཡིག་གི་ནང་དོན་ལ་འདང་ཞིག་བརྒྱབ་རྗེས་ཕྱི་ཉིན་བཤད་བསམ་མོད། ཁོས་ང་བློ་འགྱུར་བར་དོགས་ནས་འདྲི་འདེད་བྱས། ངས་ཅུང་ཙམ་ངང་རིང་བྱས་པ་ན། ཁོས་ང་མི་ངང་ཐུང་འཚུབ་ལི་ཞིག་ཡིན་པས་དོན་དག་ཐག་མ་ཆོད་ན་གཉིད་མི་ཡོང་ཞེས་ང་ངལ་གསོ་རུ་འཇུག་རྩིས་གཏན་ནས་མེད། ང་ཧ་ཅང་ཐང་ཆད། ངས་ཁོ་ལ་ཆ་རྐྱེན་འགའ་བརྩིས་རྗེས་གསང་ཨང་བཤད་པ་ཡིན། དང་པོ་གཞན་གྱིས་བསྐུར་པའི་འཕྲིན་ཡིག་ལ་ཁ་གཡར་ནས་ང་ལ་གང་འདོད་དུ་སྐྱོན་འཛུགས་བྱས་མི་ཆོག གཉིས་པ། གསང་ཨང་བཤད་ཚར་རྗེས་ང་ལམ་སེང་གཉིད་ཉལ་དུ་འཇུག་དགོས། གསུམ་པ། སང་ཉིན་ནས་བཟུང་དོན་དག་བསྐྱར་འདྲི་བྱེད་མི་ཆོག་ཅེས་བཤད་པ་དག་ཁོ་པས་ཁས་ལེན་ཁུལ་བྱས། ངས་ཁོས་བཙོན་ཅོག་སྟེང་བཞག་པའི་ཚགས་པར་དེའི་སྟེང་གསང་ཨང་འབྲི་རྩིས་བྱེད་སྐབས་གྲངས་ཀ་སྔ་མ་གཉིས་ཡིད་ལ་གསལ་པོར་མ་དྲན། ནམ་རྒྱུན་ཡིན་ན། གསང་ཨང་ཐད་ཀར་མཐེབ་གཞུང(键盘)སྟེང་གཏགས་པ་ཡིན། ངས་མཐེབ་གཞུང་མེད་ན་ཡིད་ལ་མི་དྲན་ཞེས་པ་ན། ཁོ་ལམ་སེང་སོང་སྟེ་མཐེབ་གཞུང་རྙིང་པ་ཞིག་ཁྱེར་ཡོང་། ཡིན་ཀྱང་གསང་ཨང་སྔར་བཞིན་ངའི་ཡིད་ལ་མ་ཤར། དེ་ཕལ་ཆེར་འདྲི་གཅོད་ཀྱི་མནར་གཅོད་ཐེབས་དྲགས་པའི་རྐྱེན་ཡིན་ལས་ཆེ། ངས་མཐེབ་གཞུང་སྟེང་གསང་ཨང་ཐེངས་ཁ་ཤས་ལ་ཚོད་ལྟ་བྱེད་སྐབས་ཁོས་མིག་ཧྲིག་ཧྲིག་གིས་སྒུག་པའི་ཉམས་དེ་ནི་ཤ་ལ་རྔམ་པའི་འཕར་སྤྱང་ཞིག་ལས་དཔེ་འཇོག་ས་གཞན་མེད། གསང་ཨང་ཡིད་ལ་ཤར་ཙམ་བྱུང་ནས་ངས་ཚགས་པར་སྟེང་བྲིས་པ་ན། ཁོའི་གདོང་ཡོངས་ཐེ་ཚོམ་འཕྲིགས་གེར་ཁྱོད་ཀྱིས་ང་ལ་རྫུན་བཤད་པ་མིན་ནམ་ཞེས་དྲིས། ངས་ང་རྫུན་ལབ་རྒྱུར་མི་དགའ་ཞེས་བཤད། དེ་ནས་ཁོ་ཧ་ཅང་ཡིད་ཚིམ་པའི་ཉམས་ཀྱིས་སྒྲོག་ཟྭ་བཀྲོལ་ནས་ང་ཉལ་དུ་བཅུག ཕྱིར་འགྲོ་སྐབས་སང་ཉིན་ང་གློག་རྡུལ་ཡིག་སྒམ་ནང་འཇུག་མ་ཤེས་ན་ཁྱོད་ཀྱིས་རོགས་ཤིག་བྱོས་ཟེར། ཁ་ནས་ཡ་ཟེར་ཞོར་ཁོག་ཏུ་གླེན་པ་ཁ་ནག་ཁྱོད་ཀྱིས་མི་ལ་མནར་གཅོད་གཏོང་རྒྱུ་ལས་གཞན་ཅི་ཡང་ཧ་གོ་ཡི་མི་འདུག་ཅེས་ཤར། ཕྱི་ཉིན་ང་ལ་འདྲི་གཅོད་བྱས་མ་སོང་། རུས་ཧྲིན་ཅན་གྱིས་ང་ལྟ་སྲུང་བྱེད་དུས་ཀྱི་ཉིན་ཞིག་ལ། ཁྱོད་ཀྱིས་འཕྲིན་ཐུང་གཉིས་གསུམ་ལས་བསྐུར་མེད་ཟེར། རྫུན་གཏམ། གསུམ་པའི་ཚེས་པ་བཅུ་དྲུག་གི་དགོང་མོ་ཆུ་ཚོད་དྲུག་པ་ནས་བདུན་པའི་བར་པེ་ཅིན་དང་ལྷ་ས། མཚོ་སྔོན། སི་ཁྲོན་སོགས་སུ་བསྡོམས་པས་འཕྲིན་ཐུང་བཅུ་དྲུག་བསྐུར་འདུག་ཟེར་ནས་འཕྲིན་ཐུང་གི་ནང་དོན་དང་བསྐུར་ཡུལ་གྱི་མི་རེ་འགའི་མིང་ཡང་བཏོན་སོང་། དེ་ཚང་མ་ཁྱོད་ཀྱིས་བརྗེད་ཚར་པ་ཨེ་ཡིན་ནམ་ཞེས་དོགས་འདྲི་བྱས། ང་ཁ་རོག་གེར་བསྡད་མཐར། ཁོས་ཁྱོད་ཀྱིས་དོན་དག་ཁྲ་མ་མ་བརྒྱབ་པར་ཉིན་འདི་འདྲ་མང་པོ་འགོར་འགྱངས་བཏང་བ་རེད། ང་ཚོ་འགྲོ་འདུག་ལ་རང་དབང་ཡོད། ཁྱོད་ལ་མཚོན་ན་ས་འདིར་སྡོད་རིང་ལ་ཉི་མ་ལོ་ལས་རིང་བའི་སྣང་བ་ཡོད་ངེས་རེད་ཅེས་བཤད། དེ་ནི་ཏག་ཏག་ངའི་སེམས་ཁོང་གི་དྲན་ཚུལ་རྣལ་མ་ཡིན། ཁོས་ད་དུང་དགེ་རྒན་ཝང་གི་ཕ་རྒན་ཅང་ཙེ་མིན་དང་འབྲེལ་བ་ཞིག་ཡོད་ཚོད་རེད། ཡིན་ནའང་ཁོ་མུ་མཐུད་དུ་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ན། མཐར་ཐུག་གྱོང་རག་མཁན་ཁོ་ཡིན། ཆེ་སྣ་ཆུང་གིས་མི་བརྟེན་པ་ཆོས་ཉིད་ཡིན་ཞེས་བཤད། ངས་རུས་ཧྲིན་ཅན་ལ། ཁྱོད་ཚོ་མི་བཅུ་ལྷག་གིས་ཉིན་མཚན་ཐོག་ཐག་ཏུ་ང་གཅིག་པུ་སྐོར་སྡོད་པ་མཐོང་དུས། རང་ཉིད་དེ་འདྲའི་རྩ་ཆེན་དུ་གློ་བུར་གྱུར་པའི་རྒྱུ་མཚན་ཧ་མི་གོ ངས་ཅི་ཡང་བཟོས་མེད་ཀྱང་ཁྱོད་ཚོ་ངའི་ཐོག་ལ་ཁོང་ཁྲོ་མེ་ལྟར་འབར་བ་མཐོང་སྐབས། བོད་པ་གཞན་པའི་ཐོག་ལ་ནི་དེ་བས་ཀྱང་ལྟ་ཅི་སྨོས། ཞེས་རང་སེམས་ཀྱི་དྲན་ཚུལ་རྣལ་མ་དེ་བཤད་པ་ཡིན། ཁོས་རྒྱལ་ཁབ་ཀྱིས་ད་ལྟ་གཞུང་ལམ་བཟོས། གློག་འཐེན། སློབ་གྲྭ་བསྒྲུབས་ཏེ་རོང་འབྲོག་ཕྱོགས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ཇེ་ལེགས་སུ་གཏོང་གི་འདུག ད་ཁྱོད་ཚོ་བོད་པ་རྣམས་ཡིད་ཚིམ་ན་འགྲིག་ཅེས་བརྗོད། ངས་ཁ་ནས་དེ་ནི་བོད་ཁུལ་རྐྱང་མ་ཡིན་པར་རྒྱལ་ཁབ་ཀྱི་སྤྱིའི་འགྲོ་ཕྱོགས་ཤིག་ཡིན་པ་རེད་ཅེས་བཤད་ལ། ཁོག་ཏུ་ཕྱི་ཟིང་ཟིང་གིས་མང་ཚོགས་རྣམས་ཀྱི་ཁ་བཅད་རྗེས། ནང་བསམ་བློ་ཅན་གྱི་བོད་པ་དག་ནག་ཁུང་ནས་མེད་པར་བཟོ་འདོད་པ་མིན་ནམ་སྙམ། སློབ་གྲྭ་བསྒྲུབས་ཀྱང་ད་ལྟའི་སྤྱི་ཚོགས་སུ་བོད་ཡིག་བཀོལ་སྤྱོད་བྱེད་ས་ཉུང་བས། ཞིབ་འཇུག་སློབ་མའི་ཁྲོད་ལས་ཀ་རག་གི་མེད་པ་གང་མང་འདུག་ཅེས་བཤད་པ་ན། ཁོ་པས་དེ་བོད་གཅིག་པུ་མ་ཡིན་པར། རྒྱ་མིའི་ཁྲོད་ལས་ཀ་རག་གི་མེད་པའང་མང་པོ་འདུག་པ་རེད་ཅེས་ངའི་སྐད་ཆའི་ནང་དོན་རྟོགས་ཀྱི་མེད། ང་ལ་གསལ་བཤད་བྱེད་འདོད་ཀྱི་སེམས་པ་མེད་པས་དེ་མུར་བཞག་པ་ཡིན། ཉིན་ཞིག་འདྲི་གཅོད་བྱེད་སྐབས། ང་རྡ་ས་ལ་སོང་མྱོང་མིན་དང་། རིན་པོ་ཆེ་ལ་མཇལ་མྱོང་མིན་དྲིས། ངས་ང་རྡ་ས་ལ་སོང་མྱོང་མེད། རྒྱུ་མཚན་རྡ་སར་འགྲོ་རྩིས་ཀྱིས་བལ་པོ་ལ་འབྱོར་ཡང་སྐབས་དེར་གྲོགས་པོ་རེ་གཉིས་དང་ཁྱོ་གས་ཁྱོད་ཚོས་ང་ལ་དཀའ་ལས་གཏོད་པ་ཤེས་ཏེ་བཙན་གྱིས་བཀག རིན་པོ་ཆེར་མཇལ་འདོད་ཡོད་ཀྱང་མཇལ་མྱོང་མེད་ཅེས་བཤད། སེམས་སུ་གལ་ཏེ་རེབ་དེར་རྡ་ས་ལ་སོང་བ་ཡིན་ན་ཁོ་ཚོས་ལས་སླ་མོས་ང་མི་བསྐྱུར་པ་གསལ་པོར་ཤེས་ནས། དེ་སྔོན་གྲོགས་བསྟན་འཛིན་ལགས་ཀྱིས་བཙན་གྱིས་བཀག་པར་བཀའ་དྲིན་རྗེས་ནས་དྲན་ཡོང་། བཙན་བྱོལ་བོད་གཞུང་དུ་ལས་ཀ་བྱེད་མཁན་ངོ་ཤེས་གསུམ་འདུག་པ་རེ་རེ་རྒྱུ་མཚན་དང་བཅས་ཤོད་ཟེར་མ་ཐག ཁྱིམ་གློང་རྒྱག་སྐབས་ངའི་ཁ་པར་ཨང་དེབ་བཞི་པོ་ཁྱེར་བ་ཡིད་ལ་དྲན། ཡིན་ནའང་ཁོ་ཚོས་ཨང་དེབ་དེའི་ཁྲོད་ཀྱི་མི་གསུམ་པོ་བོད་གཞུང་དུ་ལས་ཀ་བྱེད་མཁན་ཡིན་པ་ཇི་ལྟར་ཤེས་པ་ངས་ཧ་མ་གོ དེ་ནས་གཅིག་ལྡོང་སྲས་ཡིན། གཅིག་དེའི་མིང་ལ་ཨ་ལགས་འཇིགས་མེད་ཟེར། བལ་ཡུལ་དུ་ཚོང་པ་ཞིག་གིས་མཚམས་སྦྱོར་བྱས་ནས་ང་རང་རྡ་སར་འགྲོ་བར་གྲ་སྒྲིག་བྱེད་སྐབས་ཁོས་ང་ལ་ཁ་པར་ཐེངས་འགའ་བཏང་བ་ཙམ་ཡིན། དེ་རྗེས་ཕན་ཚུན་བར་འབྲེལ་འདྲིས་གང་ཡང་བྱས་མྱོང་མེད། ཅིག་ཤོས་ནི་རིན་ཆེན་བཀྲ་ཤིས་ཡིན། ཝ་ཞིན་ཐིན་ནས་འཁྲབ་སྟོན་བྱེད་སྐབས་ང་ཚོ་ཕྲད་ལ། ཕ་ཡུལ་གཅིག་པ་ཡིན་པས་མཉམ་དུ་ཁ་ལག་ཐེངས་གཅིག་ཟོས་པ་ཡིན། བཤད་ཚུལ་ལ་ཁོས་ཝ་ཞིན་ཐིན་དུ་བོད་ཀྱི་གཞུང་སྒྲུབ་ཁང་ཞིག་ཏུ་ལས་ཀ་བྱེད་པ་རེད་ཟེར། ཡིན་ནའང་དེ་ནས་བཟུང་ང་ཚོའི་བར་འཕྲིན་ཡིག་དང་ཁ་པར་གྱི་འབྲེལ་བ་ཅི་ཡང་མེད། མི་ཞིག་དང་མཉམ་དུ་ཁ་ལག་ཟ་རྒྱུ་དེ་ངས་ཧ་ཅང་རྒྱུན་ལྡན་ཞིག་ཏུ་རྩི་ཡི་ཡོད། ཡིན་ནའང་ཁྱོད་ཚོ་བཞིན་དོན་མེད་དུ་མི་སྒེར་གྱི་དོན་དག་འདྲི་རྒྱུ་དེ་ང་རང་ལ་མཚོན་ན་ཧ་ཅང་ཡ་ང་བ་ཞིག་རེད། ཕྱི་རྒྱལ་གྱི་ཡུལ་སྲོལ་ལྟར་ན་དེ་འདྲ་བྱས་ཀྱང་མི་ཆོག་ཚོད་རེད་ཅེས་བཤད་ཅིང་། ཁོ་ཚོའི་སེམས་པར་བོད་པ་ཁ་ཤས་མཉམ་དུ་བསྡད་རྗེས་བོད་དོན་མ་གླེང་ཟེར་ན་རྒྱུན་ལྡན་མིན་པར་ལྟ་ཡི་འདུག དེའི་སྐོར་ངས་ལྕེ་ཆད་རག་བར་དུ་བཤད་ཀྱང་རློམ་གྱི་མེད། དེ་ཕྱིར་ངས་ང་ནི་ཀྲུང་གོའི་ཕྱི་བགྲོད་ལམ་ཡིག་ཅན་ཞིག་ཡིན་པའི་རྐྱེན་ནམ། གང་ལྟར་སུས་ཀྱང་ང་ལ་བོད་དོན་སྐོར་གླེང་མ་སོང་ཞེས་བཤད་པ་ཡིན། མནར་གཅོད་ཀྱི་གོ་རིམ་ཞིག་

             (8)

དེ་ནས་མི་ཞིག་གིས་ང་ལ། ཁྱོད་ཀྱིས་ལོ་བཅུའི་གོད་ཆག་མཇུག་འགྲིལ་བའི་བར་རྒྱུན་ལྡན་མ་ཡིན་པར་ཤི་བའི་བོད་མིའི་གྲངས་ཀ་ཁྲི120ཡིན་ཞེས་པ་དེ་གང་དུ་བཤུས་པ་ཡིན་ཞེས་དྲིས། ངས་དེ་ང་བལ་པོ་ནས་ཡོད་དུས་དཔེ་ཆ་ཞིག་གི་སྟེང་མཐོང་ལ། རྩོམ་ཡིག་དེ་ནི་ཕལ་ཆེར་ཚའོ་ཁྲང་ཆིན་གྱི་ཡིན་པ་འདྲ། ཡིན་ནའང་གྲངས་ཀ་དེ་བཙན་བྱོལ་བོད་གཞུང་གི་བཤད་སྲོལ་རེད། མ་ཟད་ཕྱི་རྒྱལ་དུ་སྡོད་པའི་རྒྱ་མི་མཁས་པ་སྐོར་ཞིག་གིས་ཀྱང་བོད་མི་ཤི་གྲངས་ཁྲི90ལ་སླེབས་པར་ཁས་ལེན་བྱེད་ཀྱི་འདུག་ཅེས་བཤད་པ་ན། ཁྱོད་ཀྱིས་དེ་ལ་ཡིད་ཆེས་སམ་ཞེས་མིག་སྒོར་སྒོར་གྱིས་དྲིས་ཤིང་། ང་དྲང་པོར་བཤད་རྒྱུར་ཧ་ཅང་སྐྲག ངས་ང་ནི་ཚན་རིག་གི་གཞི་གྲངས་ལ་ཡིད་ཆེས་ཞེས་བཤད་པ་ཡིན། འདྲི་གཅོད་སྐབས་སུ། ཁོ་ཚོས་རྟག་པར་རང་ལུགས་ལ་བསྟོད་བསྔགས་དང་གཞན་ལུགས་ལ་ངན་དམས་བྱེད་ཐོག འདྲི་གཅོད་ཐེངས་དེར་བརྟེན་ནས་ང་ཡང་ཁོ་ཚོ་ལྟ་བུ་ཞིག་ཏུ་འགྱུར་བར་རེ་བ་ཆེན་པོ་བཅངས་འདུག ཟླ་ཕོགས་མང་པོ་བླངས་ཏེ་ཡིད་ཚིམ་ནས་མི་འདུག་པར་མི་རིགས་ཀྱི་ལས་དབང་དང་ལ་རྒྱ་གང་རིགས་གླེང་ན་ཁོ་ཚོའི་བློ་ངོར་འཆར་ཐུབ་ཀྱི་མེད་པར་ཧ་ལས་མདོག་བྱེད་པ་དང་། ང་རང་ཤོ་དང་རྒྱལ་ལ་རོལ་ནས་ངན་པ་ཆགས་ཚུལ་གླེང་ན་ཁོ་ཚོ་དགའ་ཞིང་། ངའི་ཕྲུ་གུ་རྒྱ་འགྱུར་འབྱུང་བཞིན་པ་ཤེས་ན་ཁོ་ཚོ་བློ་མགུ་ཡི་ཡོད་བཟོ་འདུག དེ་རྗེས་ཝང་གིས་ཡང་བསམ་གཟས་ནས་ངའི་བུ་མོ་དཀར་རྒྱན་གླེང་བྱུང་ལ། དེ་མ་ཐག་ཀེམ་ཀེམ་གཡོ་བའི་བུ་མོའི་མིག་ཟུང་ཡིད་ལ་དྲན་ཏེ་ངས་མ་སྲོན་པར་ངུ་ཤོར་བ་ན། ཀྲང་གིས་ང་ཚོས་ཁྱོད་ལ་ངུ་བའི་དུས་ཚོད་སྟེར་ངེས་ཡིན་ཞེས་སྙིང་ཚིམ་བཏབ། དེ་དུས་ནས་བཟུང་ངས་ཁོ་ཚོའི་མདུན་དུ་མཆི་མ་མི་གཏོང་བའི་དམ་བཅའ་སེམས་སུ་བཀོད། དེ་ནི་འདྲི་གཅོད་ཧྲིལ་པོའི་ཁྲོད་ངས་མ་སྲོན་པར་ངུས་པ་ཐེངས་གཉིས་པ་ཡིན། རྗེས་སུ་ཁོ་ཚོས་བུ་མོ་གླེང་ནའང་ངས་དྲན་གདུང་བཙན་གྱིས་མིད་དེ་བཏང་སྙོམས་སུ་བཞག་པ་ཡིན། དེར་ཡང་ཁོ་ཚོས་ང་ལ་ཁྱོད་སྙིང་རྗེ་མེད་པའི་མི་ཞིག་རེད་ཟེར། དོན་དངོས་སུ་ལོ་ལས་རིང་བའི་ཉི་མ་དེ་ཚོར་ངའི་མིག་མཐར་མཆི་མ་འཁོར་བར་གྲངས་ཀ་མེད། མྱོང་ཚོར་སྐྱོ་མོ་འདི་མ་ཤི་བར་དུ་མི་བརྗེད་པར་བྱེད་དགོས་ཞེས་ཡིད་ལ་བཙན་གྱིས་བཅགས་པ་ཡིན། ཉིན་ཞིག་ལ་སྔས་ཅོག་དེའི་སྟེང་ཤོག་བུ་འགའ་དང་སྨྱུ་གུ་ཞིག་འདུག ང་ལ་ཟིན་བྲིས་འདེབས་བློ་ཞིག་དྲག་ཏུ་སྐྱེས་ནས་དེ་དག་ལེན་རྩིས་བྱེད་སྐབས། བུད་མེད་ཉེན་རྟོག་པ་དེས་མཐོང་ནས་ཤོག་བུ་དང་སྨྱུ་གུ་ཕར་ཁྱེར། འདྲི་གཅོད་རྩེ་སྒང་ལ། ངས་མི་དེ་དག་མིག་གིས་མཐོང་མི་འདོད་ཅིང་། ཐད་ཀར་ཁོ་ཚོའི་གདོང་ལའང་བལྟ་མི་ཕོད། ཐེངས་ཁ་ཤས་ལ་ཁོ་ཚོ་ཉལ་ཁང་གསུམ་པ་དེར་ཡོང་དུས། ང་སྐྲག་ནས་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་། ཉིན་ཞིག་ཁོ་ཚོ་མཐོང་མ་ཐག་གློ་བུར་དུ་དོན་དག་འདྲ་དྲིས་ཨེ་འཇོག་འདོད་ནས་ཞེད་སྣང་གིས་ང་གཉིད་ཁུལ་བྱས་པ་ཡིན། ཐེངས་ཤིག་འདྲི་གཅོད་བྱེད་དུས་ང་ལ་བསམ་བློའི་གྲ་སྒྲིག་གང་ཡང་མེད་ཕྱིར་སྐྲག་ནས་ལུས་ཡོངས་རྙབ་བི་རྙིབ་བིར་གྱུར་ཏེ་ཨེན་ཙམ་གྱིས་གཅིན་པ་ཡང་ཤོར། མཚམས་རེར་འདྲི་གཅོད་བྱེད་རྩིས་སྐབས་སྙིང་ལྡིང་ནས་ལུས་པོ་ཡང་གཡུག་གིན་འདུག རུས་ཀྲང་ཅན་གྱི་སྐད་ངན་དེ་ཐོས་པར་ཐེངས་གཉིས་ཙམ་ངའི་སྙིང་ལ་ཟུག་གཟེར་སྐྱེས་ཏེ་ཁྲག་བཞུར་ལ་ཁད་བྱས། དེ་བཞིན་བསྟུད་མར་ཉིན་འགར་སྙིང་ལ་ཟུག་རྔུ་སྣ་ཚོགས་བསླངས་པ་དང་འབྲེལ་ང་ལ་སྙིང་ཚ་རྒྱག་མགོ་བརྩམས། དེ་ཕྱིར་ངས་ངོ་བཀྲུ་ལག་ཕྱིས་ཆུ་གྲང་མོའི་ནང་སྦངས་ཏེ་སྙིང་ཁར་བཞག་པ་ཡིན། ཡིན་ནའང་ཅུང་མི་འགོར་བར་ལག་ཕྱིས་ཚ་བོར་གྱུར་འགྲོ། གསང་སྤྱོད་དུ་འགྲོ་ཐེངས་རེར་ལག་ཕྱིས་རློན་པར་བཏང་བ་ཡིན། ཐེངས་ཤིག་བུད་མེད་ཅིག་གིས་སྙིང་འཁྱག་དྲགས་ན་ནད་མི་འབྱུང་ངམ་ཞེས་མ་ཐག ངས་ལག་གི་ལག་ཕྱིས་འཕྲོག་གིས་དོགས་ནས་དམ་པོར་འཇུས་ཏེ་སྐྱོན་མེད་སྐྱོན་མེད་ཅེས་མུ་མཐུད་དུ་སྙིང་ཁར་གླན་པ་ཡིན། རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་བཀག་བསྐྱིལ་བྱེད་དུས། ཁྱོ་གས་སྙིང་སྨན་འདྲ་བསྐུར་ཡོང་ནའང་། དགོང་མོར་གཉིད་ཁུགས་ཆེད་མང་འཐུང་བྱས་ནས་ཚར་སོང་། ཁོ་ཚོར་ང་སྙིང་སྨན་དགོས་མཁོ་ཆེ་ལུགས་བརྗོད་ཀྱང་ཁ་ཡ་བྱེད་མཁན་གཅིག་མ་བྱུང་། ཉིན་དེ་དག་ལ་ང་ཉལ་དུ་བཅུག་པའི་དབང་དུ་བཏང་ཡང་། གཡོ་འཕྲུལ་གྱི་འདྲི་གཅོད་དེས་ངའི་སེམས་པར་མནར་གཅོད་དང་གཟེར་ཟུག་གིས་ཁེངས་ཏེ་གཉིད་ཁུགས་དཀའ། ཉལ་ཁྲི་ལས་བརྒྱ་འཕག་སྟོང་འགུལ་གྱིས་ལྕགས་སྒྲོག་སི་ལིར་གྲགས་པས་བུད་མེད་ལྟ་སྲུང་མཁན་གཉིས་གཉིད་ལས་དཀྲོགས། ཚུལ་དེ་སྐྱེས་པ་ཉེན་རྟོག་པ་ཚོར་བཤད་པ་ན་ཁོ་ཚོས་ད་རུང་ཚིག་དེ་གཞན་ཞིག་ཏུ་གཅུས་ནས། “ཁྱོད་ཀྱི་ཁོག་ཏུ་མེ་མུར་བླུགས་འདུག་པས”གཉིད་མ་ཁུགས་པ་ལ་ཅི་ཁག་ཅེས་ཡ་ང་བྲལ་བའི་སྙིང་ཚིམ་འདེབས་རྐྱང་བྱེད། ང་རང་ལ་མཚོན་ན་གལ་ཆེ་ཤོས་ནི། འཇིག་རྟེན་དཀར་ངོགས་འདི་རུ། རང་ཉིད་དང་ཆེས་ཆེར་ཉེ་ཞིང་། ནག་ཉེས་སྤུ་ཉག་ཙམ་བཟོས་མེད་པའི་མི་བསམ་དཀར་དེ་ཚོ། ངའི་རྐྱེན་གྱིས་དཀའ་རྙོག་འདི་འདྲར་ཚུད་མི་འཇུག་རྒྱུ་དེ་ཡིན། ངས་གཡོ་འཚོང་བྱས་པ་ལྟར་ཁོ་ཚོ་འཕུང་དུ་འཇུག་པ་ལས། དཀའ་སྡུག་ཡོད་ཚད་ཐེག་མིན་ལ་མ་བལྟོས་པར་རང་གཅིག་པུས་ཁུར་ན་འདོད། ཁོ་ཚོས་རྟག་ཏུ་མི་གཡོ་འཚོང་བྱེད་དུ་འཇུག་པར་ཐབས་ཤེས་འདྲ་མིན་སྣ་ཚོགས་འཐེན། རྐྱེན་དེ་དག་གི་དབང་གིས་ཉི་མ་དེ་ཚོར“མི་གཞན་གྱི་འཚོ་བ”ཞེས་པའི་གློག་བརྙན་ནང་གི་པར་རིས་ཤིག་ངའི་ཡིད་ལ་ཡང་ཡང་འཁོར་ཡོང་། གློག་བརྙན་དེ་རུ་བུད་མེད་དེར་འཇིགས་སྐུལ་དང་ཚ་འདྲི་སྣ་ཚོགས་བསམ་ཡུལ་ལས་འགོངས་པ་བྱས་བྱས་མཐར་ཁོ་མོ་ཐབས་ཟད་འུ་ཐུག་སྟེ། རང་ཉིད་དགའ་བའི་སྐྱེས་པ་དེ་དང་རྒྱབ་འགལ་བྱས། སྐྱེས་པའི་ཧང་སང་བའི་མིག་མདངས་ཀྱིས་ཁོ་མོའི་གདོང་ལ་བལྟ་ཙམ་བྱས་པ་ན། མོས་གཞི་ནས་མ་བཟོད་པར་རྒྱུག་ཐེངས་གཅིག་གིས་གཞུང་ལམ་དུ་ཤར་གཏོང་བྱས་ཡོང་བའི་རླངས་འཁོར་དེའི་མདུན་ལ་མཆོངས་ཏེ། རང་གི་མཛེས་སྡུག་གི་ལང་ཚོ་དང་གཅེས་སྲོག་ལ་རྫོགས་ཚིག་བྲིས། གློག་བརྙན་དེར་བལྟས་ནས་ལོ་གཉིས་ལྷག་འདས་ནའང་། ངས་སྐྱེས་པ་དེའི་འཁང་རས་གཙེས་པའི་མིག་མདངས་དང་བུད་མེད་དེའི་ལེ་བདས་ཁེངས་པའི་གདོང་ཉམས་དེ་ད་དུང་བརྗེད་མི་ཐུབ། དེར་མ་ཟད་ད་རེས་གློག་བརྙན་པར་རིས་དེར་སྔར་ལས་ཀྱང་གསོན་ཉམས་ཐོན།

སྐྱོ་སྣང་དང་ཡིད་ཆད།   འཁང་ར་དང་ཞེ་སྡང་འདྲེས་མས་ངའི་སེམས་པ་ནི་ཡུན་རིང་རྒྱུག་ཆུ་ཆད་པའི་གྲམ་གཞུང་གི་ས་ངོས་ལྟར་སེར་ཀ་ཧྲུག་ཧྲུག་ཏུ་གས་འདུག   དེ་བས་ངས་རྟག་ཏུ་སྦྲང་ཆར་བསིལ་མའི་བརླན་གཤེར་ལ་འཁྲེང་བ་ཡིན།   དགོང་ཁ་ཞིག་ལ་ང་ཡང་བསྐྱར་རྐུབ་སྟེགས་དེའི་སྟེང་བསྒྲོགས་འདུག་སྐབས།   རྣ་ལམ་དུ་སྐྱོ་ལྷང་ལྷང་དབྱངས་སུ་འགུགས་པའི་ཆོས་ཀྱི་འགྱུར་ཁུགས་ཤིག་གྲགས་ཡོང་།   དེ་ནི་ང་ས་དེར་འབྱོར་རྗེས་སུ་རང་བྱུང་གི་མི་སྐད་རྣལ་མ་ཐོས་པ་ཐོག་མ་ཡིན་པའི་ཚོར་པ་བྱིན།   དབྱངས་རྟ་དེས་ངའི་ཁྲག་དམར་འཛར་བའི་སེམས་ལ་སྨན་གསོ་བྱས།   དེ་ནས་བཟུང་ངས་ཉི་མ་རེར་ཆོས་ཀྱི་འདོན་དབྱངས་དེ་གྱེར་བར་མཉམ་འཇོག་དང་རེ་སྒུག་བྱས་པ་ཡིན།   ཁ་ཆེའི་ལྷ་ཁང་དེ་ལས་ཆོས་པ་ཞིག་གིས་ཉི་མ་ཆག་མེད་སྒོས་ཉིན་རེར་ཐེངས་བཞི་ལྔ་ཙམ་ལ་ཆོས་དེ་འདོན།   ནམ་རྒྱུན་ཡིན་ན་ཆོས་རྟ་དེ་ནི་ངའི་རྣ་བར་གཟན་པའི་དབྱངས་རྟ་ཞིག་ཡིན་སྲིད་ཀྱང་།   ཉི་མ་དེ་ཚོར་ངའི་སེམས་ཁམས་གསོ་བའི་སྨན་མཆོག་ཏུ་གྱུར།   དེ་བས་ཁ་ཆེའི་ལྷ་ཁང་དང་ཆོས་པ་དེ་ལ་ངས་བཀའ་དྲིན་སྙིང་ནས་ཞུས་པ་ཡིན།   གལ་ཏེ་ང་ཕྱིར་འགྲོ་བའི་ཉི་མ་ཞིག་ཤར་ཚེ།   ཁ་ཆེའི་ལྷ་ཁང་དེར་ཅིས་ཀྱང་ཐེངས་ཤིག་འགྲོ་རྒྱུའི་དམ་བཅའ་སེམས་སུ་བརྐོས།   བསམ་ཚུལ་དེ་དེ་རིང་ཡང་ངའི་ཞེ་ན་ད་དུང་ཡལ་མེད།

ཀློག་པ་པོའི་དུས་དེབ་ཅིག་གི་སྟེང་སྣུམ་ཚོན་ཡུལ་ལྗོངས་རི་མོ་ཞིག་འདུག ངས་རི་མོར་དེར་བལྟས་པའི་གྲངས་ཀ་ཡིད་ན་མེད། རི་མོ་དེའི་ནང་མཚེའུ་འགྲམ་དུ་ཆགས་པའི་ཡོ་རོབ་ལུགས་ཀྱི་ཁང་པ་ཞིག་འདུག ལྕང་ལྕོང་གི་རྩྭ་ཐང་ཡངས་པོ་དེ་ན་མི་ཚང་གཅིག་ལས་མེད། དེ་བས་ཧ་ཅང་ལྷིང་འཇགས་དང་དབེན་འཇམ་གྱི་ཚོར་པ་ཞིག་སྟེར། ངས་མི་ཚང་དེ་རང་ཁྱིམ་ཡིན་པ་ལྟར། བུ་མོ་གཉིས་ཁང་པའི་ཉེ་འདབས་ཀྱི་རྩྭ་གསེང་དུ་བདའ་རེས་ཀྱིས་རྩེད་མོར་གཡེང་བ་དང་། ཁྱོ་གས་མཚེའུ་འགྲམ་དུ་རྩྭ་འབྲེག་པ། ངས་ད་དུང་ཕྱིར་སླེབས་མེད་པའི་བཞོན་མར་སྒུག་བཞིན་བྲེལ་འཚུབ་ངང་ནུབ་འཚལ་སྐོལ་བ་སོགས་བློས་བསླངས་བྱས་པ་ཡིན། དེ་ཡང་ངའི་ཟགས་རལ་དུ་སོང་བའི་སེམས་ཁམས་གསོ་བའི་རྒྱུ་རུ་གྱུར།

དང་ཐོག་བོད་པའི་དོན་རྐྱེན་དེ་བྱུང་མ་ཐག་པའི་ཉིན་ཞིག་ལ།  ཁྱོ་གས་འདས་པོ་རྣམས་གང་ལྟར་འདས་ཚར།   འཛིན་བཟུང་བྱས་པ་རྣམས་དམྱལ་ཁམས་བཅོད་བརྒྱད་དུ་འཕེན་ངེས་པས་དཀའ་སྡུག་ཚད་མེད་མྱང་རྒྱུ་རེད་ཟེར་ནས་དབུགས་རིང་ནར་ནར་དུ་འབྱིན།  སྐབས་དེར་ངས་དེ་ལས་ལྡོག་སྟེ་འདས་པོ་དང་ཁོ་ཚོའི་ཁྱིམ་མི་ལ་སྙིང་ཁོང་རུས་པའི་གཏིང་ནས་སྙིང་རྗེའི་མིག་ཆུ་མང་པོ་ཤོར།   མ་ཟད་དོན་རྐྱེན་དེའི་ཁྲོད་བོད་པ་གསུམ་ཁང་སྟེང་ནས་མར་ལྕེབས་པའི་དོན་དེར་བསམ་ཤེས་བྱེད་མ་ཐུབ།

འདྲི་གཅོད་རེ་རེ་ལས་ང་ལ་སྐྲག་སྣང་མི་འདྲ་བ་རེ་རེ་བྱིན། ཉིན་ཞིག་འདྲི་གཅོད་བྱེད་སྒང་ལ། སེམས་སུ་གློ་བུར་དུ་འདི་ལྟར་བྱེད་པ་ལས་མདེའུ་གཅིག་གིས་བརྒྱབ་སྟེ་བསད་ན་དགའ། ཁྱིམ་མི་དང་སྤུན་ཟླས་སེམས་སྡུག་བྱེད་སྲིད་ཀྱང་། ང་ལ་མཚོན་ན་ཚ་ཁོལ་ན་ཁོལ་ལན་གཅིག་རེད་འདོད། ཉིན་ཞིག་ང་གསང་སྤྱོད་ལ་འདུག་སྐབས། རང་གིས་བསམ་མེད་དྲན་མེད་དུ་རང་ཤི་རྒྱག་བྱེད་ཀྱི་ཐབས་འདྲ་ཡོད་མེད་འཚོལ་གྱིན་པ་ཀོག་གིས་ཚོར། ཉི་མ་དེ་ཚོར་ངས་ཞི་ཧུའུ་མགྲོན་ཁང་དུ་གཞུང་བཞེས་བྱས་པའི་གྲི་གུ་དེ་ཡིད་ལ་དྲན་གྱིན་འདུག འཁུར་ཁུག་དུ་ང་ལ་ད་དུང་གྲི་གུ་དེ་འདྲ་ཞིག་ཡོད་པ་ཁོ་ཚོས་སྔོག་བཤེར་སྐབས་མཐོང་མ་བྱུང་། ཀྲང་གིས་འདྲི་གཅོད་བྱེད་དུས་ཤིག་ལ། གྲི་གུ་དེས་ཅི་ཞིག་བྱེད་འདོད་ཡོད་ཟེར་ནས་དྲིས། ངས་དེ་ནི་སིལ་ཏོག་ཟ་བྱེད་ཀྱི་སྤྱིར་བཏང་གི་གྲི་གུ་རང་ག་བ་ཞིག་ཡིན་ཞེས་བཤད་མོད། དོན་ངོ་མར་གྲི་གུ་དེ་ལ་གཏམ་རྒྱུད་ཆུང་ཆུང་གཞན་ཞིག་ཡོད། བོད་རྒྱ་གཉིས་བར་འགལ་ཟླ་བྱུང་བ་ནས་བཟུང་། སྲིད་གཞུང་གི་དམིགས་ཡུལ་ལྡན་པའི་དྲིལ་བསྒྲགས་ལ་བརྟེན་ནས། སྤྱི་སྤྱོད་རླངས་འཁོར་དང་ཚོང་ར། སྲང་ལམ་གང་དུ་སོང་ཡང་རྒྱ་མི་རྣམས་ཀྱིས་སྡང་མིག་ཁོ་ནས་ལྟ། ཐེངས་ཤིག་བུ་མོས་ངའི་གྲོགས་མོ་དབལ་བཟའ་ནོར་འཛིན་དབང་མོ་ལགས་ཀྱིས་སྐྱེས་སུ་ཉོས་པའི་བོད་ལྭ་སྟོད་ཆས་ཤིག་གྱོན་ཞིང་ངེད་གཉིས་རྒྱ་སྲང་དུ་འགྲོ་སྐབས། རྒྱ་ཕྲུག་ལོ་དྲུག་བདུན་ཙམ་ཞིག་བརྒྱུགས་ཡོང་སྟེ་སྐད་ཅོར་རྒྱག་ཞོར་བུ་མོའི་སྔུན་བཀག དེ་དུས་ང་གཅིག་པུ་མ་ཡིན་པར་བོད་པ་གཞན་ལ་ཡང་རྒྱ་མིས་ལྟ་སྟངས་དེ་འདྲ་འཛིན་གྱི་འདུག་ཟེར། རང་ལུས་བདེ་སྲུང་གི་སླད་དུ་ངས་ཡང་བསྐྱར་གྲི་གུ་དེ་འདྲ་ཞིག་ཉོས་པ་ཡིན། རྗེས་སུ་ངས་ཕྱིར་འདང་རྒྱག་དུས་གྲི་གུ་དེ་གཉིས་ལེན་པའི་གོ་སྐབས་མ་རག་པ་རྦད་དེ་འགྲིག་སོང་བསམ། ཐེངས་ཤིག་འདྲི་གཅོད་སྐབས་ཏག་ཏག་མནར་གཅོད་མ་ཐེག་པར། ངས་རང་གི་གློ་ཁུག་སློག་སློག་གིས་ལག་གཡོན་པའི་ཁྲག་རྩ་སྔོན་ལམ་མེར་སྡོད་པ་དེ་ལ་ལྟ་ལྟ་བྱས། གལ་ཏེ་གྲི་གུ་དེ་ལག་ཏུ་སོན་འདུག་ཚེ་རང་གི་ལག་པའི་ཁྲག་རྩ་གཅོད་ཤག་ཤག་རེད།

   ཉི་མ་དེ་ཚོར་ངས་དགེ་རྒན་ཝང་ལི་ཞུང་གིས་རང་ཤི་བརྒྱབ་པའི་གོ་རིམ་བྲིས་པའི་རྩོམ་ཡིག་དེའང་ཡིད་ལ་ཡང་ཡང་ཤར་ཡོང་།   མ་ཟད་དང་ཐོག་རྩོམ་ཡིག་དེར་ལྟ་དུས་དང་ཁྱོན་ནས་མི་འདྲ་བའི་ཚོར་པ་སྐྱེས།   མི་གཡོ་འཚོང་བྱེད་རྒྱུ་ནི་ཇི་འདྲའི་ཁག་པོ་ཞིག་ཡིན་པ་ད་རེས་སོ་མ་གསར་དུ་ཤེས་པ་ཡིན།   ཁོ་ལ་ཁག་མི་འདུག་ཅིང་།  ང་ལའང་ཁག་མི་འདུག་སྙམ།   

དམྱལ་བའི་སྒོ་དྲུང་དུ་གཡུགས་པའི་ཉི་མ་དེ་ཚོར། ངས་ཆེས་དྲན་པའི་མི་ནི་རང་གི་དྲིན་ཆེན་མ་ལོ་རེད། ངའི་ཨ་མ་འདས་ནས་ལོ་ངོ་གསུམ་ཙམ་འགོར་ནའང་། ཁོ་མོ་སྔར་བཞིན་ངའི་སེམས་ཁོང་དུ་གནས་ཡོད། ཡིན་ནའང་སེམས་བདེ་བ་ཞིག་ནི། སྙིང་ཉེ་བའི་ཨ་མ་ལགས་ང་དང་ཁ་བྲལ་ཟིན་པ་དེ་རེད། གལ་སྲིད་ངའི་ཨ་མ་འཇིག་རྟེན་འདིར་བཞུགས་ཡོད་ཚེ། ང་འདི་ལྟར་བཙོན་དུ་བསྡད་དུས། ཁོང་མ་ཤི་གསོན་སྨྱོ་བྱེད་ངེས་ཡིན་པ་ང་ལ་གསལ། འདྲི་གཅོད་ཧ་ཅང་ཚ་དྲག་གི་སྒང་ལ། ངས་རྒྱུན་དུ་ཁ་ནས་རང་གི་ཨ་མ་དང་རྗེ་བཙུན་སྒྲོལ་མ་ཞེས་སྐྱབས་འཇུག་ཞུས་པ་ཡིན། ཉིན་གུང་ཞིག་ལ། ང་རང“སྟག་རྒོད་རྐུབ་སྟེགས”སྟེང་བསྒྲོགས་རྗེས། བུ་མོ་ཉེན་རྟོག་པ་དེ་ལས་མི་གཞན་ཁ་ལག་ཟ་རུ་བུད་སོང་། ངས་ཉིན་མང་པོར་མིག་ཆུ་ཁོག་ཏུ་མིད་ནས་སྡུག་སྲོན་བྱས་དྲགས་པས། དུས་དེར་གཞི་ནས་མ་སྲོན་པར་ཁ་ནས་ཨ་མ་ཨ་མ་ཞེས་ཤོར་བ་དང་ཨ་མ་དྲན་པ་ཇེ་དྲག་དང་སེམས་པ་སྡུག་པ་ཇེ་ཐུ་རུ་ཕྱིན་ཏེ་ངུ་སྐད་ཤོར། དེ་བཞིན་ཁུས་མོ་བཏབ་ཀྱིན་བཏབ་ཀྱིན་རྐང་ལག་བཞི་བོ་སྦྲིད་སོང་། སྐབས་དེར་མི་རྒྱགས་པ་རུས་ལི་ཅན་དེ་ཡོང་ནས་ཁྱོད་ཀྱིས་ང་འདིར་ཡོད་པ་ཤེས་ཏེ་བསམ་གཟས་དེ་ལྟར་བྱེད་པ་རེད། མུ་མཐུད་དུ་ཆོ་ངེ་འདོན་ན་ངས་ཁྱོད་ལ་འདྲི་གཅོད་མི་བྱེད་ཟེར་བཞིན་ངའི་ཐོད་པར་མཛུབ་ཐུར་བྱས། སྐད་འགྲགས་ཀྱིས་ཁྱོད་འདི་ལྟར་ནན་སེམས་ཆེ་བ་ནི་ང་ཚོས་ཁྱོད་ལ་བསྙོན་འཛུགས་བྱས་པ་ཨེ་རེད་ཟེར་ཞོར་ཕྱི་ལོགས་སུ་བུད་སོང་། ངས་ཁོ་དེར་ཡོད་པ་ཤེས་ཏེ་བསམ་བཞིན་བྱས་པ་ཞིག་མིན་ནའང་། ངུ་མཚམས་གཏན་ནས་འཇོག་མ་ཐུབ། སྐབས་དེར་ངའི་ལག་རྩ་འཁུམས་ཏེ་ལག་པ་གཉིས་རེངས་པར་གྱུར། ངས་སྤར་ཁ་བཙན་གྱིས་ཕྱེ་ཡང་སྲ་རེངས་སུ་གྱུར་ཏེ་འབྱེད་མ་ཐུབ། དེ་བཞིན་ལུས་ཧྲིལ་པོར་རྔུལ་ཆུས་འཚོས་ཤིང་ངུད་མོ་འདེབས་བཞིན་ཆུ་ཚོད་སྐར་མ་རིང་པོ་ཞིག་འདས། ཉིན་གུང་ཞིག་ལ་གཞན་རྣམས་གུང་ཚིགས་ཟ་རུ་སོང་། རུས་ལི་ཅན་གྱིས་ང་ལ་ལྟ་སྲུང་བྱས། ངས་སྐད་ཆ་མ་བཤད་པར་ངག་བསྡམས་ནས་བསྡད། ཁོས་ང་ལ་ཁྱོད་བཀག་བསྐྱིལ་བྱས་ནས་ཉིན་མང་པོ་འགོར་བས་ཕྱི་རོལ་གྱི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་པ་རེད། ད་ལྟ་གསར་འགྱུར་མང་པོ་འདུག ཕྱི་རྒྱལ་གྱི་རྒྱལ་ཁབ་སོ་སོ་ན་གཞོན་ནུ་ཚོགས་པས་སྔར་བཞིན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལ་གཏོར་བརླག་གཏོང་གིན་འདུག དེ་ལྟ་ནའང་ང་ཚོས་དཔལ་འབར་བརྒྱུད་སྤྲོད་བྱས་ནས་རྒྱལ་ཁབ་ག་གེ་མོ་རུ་སླེབས་ཡོད། བོད་པ་རྣམས་ཀྱིས་ཅི་ཞིག་ལ་དེ་ལྟར་བྱེད་དགོས་སོང་བ་རེད། ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སོང་བས། རྒྱལ་ཁབ་མང་པོ་ཞིག་གིས་ཕྲག་དོག་བྱེད་ཀྱི་ཡོད་པ་རེད། བོད་པ་རྣམས་རང་གི་ལྟ་ཚུལ་མེད་པའི་རྩི་མགོ་རླུང་རྒྱག་ཤ་སྟག་རེད། དེ་ཡང་གཙོ་བོ་ཕྱི་རྒྱལ་གྱི་ངན་ཤན་ཐེབས་པ་རེད་ཅེས་བཤད། ངས་དེ་ལྟར་བྱེད་དོན་ཁོ་ཚོ་རང་གི་ཕ་ཡུལ་དུ་ཕྱིར་ལོག་འདོད་པ་རེད་ཅེས་པ་ན། ཁོས་ཀྲུང་གོས་ཏཱ་ལའི་དང་བཅས་པ་ལ་དགའ་བསུ་བྱེད་ཀྱི་ཡོད་པ་མིན་ནམ་ཟེར། ངས་སྔར་བཞིན་ངག་བསྡམས་ནས་བསྡད། འདྲི་འདེད་དང་སྡང་སྡུག དྲན་གདུང་དང་ཞེ་སྡང་ཁྲོད་ངས་རང་ལ་སྙིང་ཕུར་བཏབ་ནས་ཉི་མ་འཁྱོལ་ཐབས་བྱས་པ་ཡིན། ཁོ་ཚོར་སྒེར་འཁོར་དང་གཞུང་འཁོར་གང་བྱུང་དུ་འདུག ཁ་ལག་ཟ་དུས་གང་ཞིམ་གང་བཟང་བསྙེགས་ནས་ས་ཐག་རིང་པོར་འགྲོ་བས་དུས་ཚོད་ཧ་ཅང་རིང་པོ་འགོར། སྐབས་དེ་ནི་ཕལ་ཆེར་ང་རྐུབ་སྟེགས་སྟེང་བསྒྲོགས་པའི་དུས་ཡིན། དེར་འབྱོར་རྗེས་ཀྱི་ཉིན་ཁ་ཤས་ཀྱི་རྗེས་ནས། དུས་ཚོད་དེ་ལ་ངས་ཀློག་པ་པོའི་སྟེང་གི་རྩོམ་ཡིག་བསལ་ནས་བཀླགས་པ་ཡིན་ལ། རྩོམ་ཡིག་དེ་དག་ངའི་བློ་རྒྱ་སྐྱེད་པའི་གྲོགས་སུ་གྱུར། རྩོམ་ཡིག་ཅིག་ནི་འདི་ལྟ་སྟེ། ཨུ་རུ་སུའི་ཕོ་མོ་ལོ་གཞོན་གཉིས་དགའ་རོགས་བསྒྲིགས་ཏེ་བརྩེ་དུང་གི་མེ་ལྕེ་མཆེད་སྒང་ལ། རྒྱལ་ཁབ་དེར་འཐབ་འཁྲུག་བྱུང་ནས་དམག་བསྡུ་བརྒྱབ་ཅིང་། ཁོ་མོའི་ཟླ་བོར་ཡང་དམག་སྐུལ་གྱི་བརྡ་ཐོ་འབྱོར། ཉིན་དེར་མོའི་ཟླ་བོའི་གདོང་མདོག་རྦད་དེ་སྐྱ་བོར་གྱུར་ཏེ་ཁོ་མོར། རང་ཉིད་དམག་ལ་ཞུགས་པ་ཡིན། ཉིན་གསུམ་གྱི་རྗེས་སུ་གཡུལ་སར་འགྲོ་དགོས་ཞེས་བཤད། མོས་རང་གི་སེམས་ཁྲལ་བཙན་གྱིས་མནན་ཐོག ཟླ་བོར་གཡུལ་ས་རུ་དགྲ་བོ་བསད་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པར་སྐུལ་སློང་བྱས། ཟླ་བོའི་གདོང་མདོག་སྔར་ལས་ཀྱང་ཇེ་ངན་དུ་གྱུར། ང་གཡུལ་སར་འགྲོ་བར་སྐྲག་སྣང་སྐྱེ། གལ་ཏེ་ང་འཐབ་འཁྲུག་སྟེང་བསད་ན་ཅི་བྱ་ཞེས་བཤད། གནད་འགག་གི་ལྷུ་ཚིགས་དེར་ད་གཟོད་མིའི་ཞན་ཆ་མང་པོ་ཞིག་རྗེན་པར་མངོན་ཡོང་། མོས་རང་ཉིད་ད་བར་དུ་ཆེས་དགའ་བའི་སྐྱེས་པ་དེ་ནི་དེ་འདྲའི་འཆི་རྒྱུར་སྐྲག་པ་ཞིག་ཡིན་པ་ཡིད་ལ་མ་ཤོང་། དེ་བས་མོས་ཁོ་ལ། གལ་ཏེ་ཁྱོད་ཤི་བ་ཡིན་ན། ངས་ནམ་ཡང་ཁྱོད་རང་བརྗེད་མི་སྲིད་ཅེས་སེམས་གསོ་མི་བྱེད་ཀ་མེད་བྱུང་། འོན་ཀྱང་། ཁོས། ང་མ་བསད་པར་རྐང་ཆག་ལག་རྡུམ་དུ་བཏང་ན་ཅི་ཞིག་བྱེད་ཅེས་དྲིས་པར། ཁོ་མོས་ང་ནམ་ཡང་ཁྱོད་ལ་དགའ་ཞིང་། དུས་གཏན་དུ་ཁྱོད་རང་སྙོར་སྐྱོང་བྱེད་ངེས་ཡིན་ཞེས་བཤད། ཁོས་མགོ་བོ་འཕྲེད་དུ་གཡུག་ཞོར་དེ་དཔེ་མི་སྲིད། དེ་དུས་ཁྱོད་ཀྱིས་ང་གཡུག་ངེས་རེད་ཅེས་བཤད། ཟླ་བོའི་སེམས་ཀྱི་དོགས་སྣང་སེལ་ནས་བློ་བདེ་སེམས་འཇགས་ཀྱིས་གཡུལ་སར་འགྲོ་ཆེད། དམག་འཁྲུག་ཏུ་མ་སོང་སྔོན་ཏག་ཏག་ལ་ཁོ་མོ་རང་གི་དགའ་བོ་དང་གཉེན་བསྒྲིག་རྒྱུའི་སེམས་ཐག་བཅད། མ་ཟད་ང་ད་ལྟ་ཉིད་དུ་ཁྱོད་དང་གཉེན་སྒྲིག་བྱེད། ད་ཁྱོད་སེམས་པ་བདེ་ན་འགྲིག གཡུལ་ས་རུ་ཕྱིར་ལོག་རྗེས་ཁྱོད་ཇི་ལྟར་གྱུར་ཀྱང་ང་སྔར་བཞིན་ཁྱོད་ཀྱི་བཟའ་ཟླ་ཡིན་ཞེས་བཤད། གཉེན་བསྒྲིགས་རྗེས་ཀྱི་ཉིན་གསུམ་པར། ཁྱོ་བོ་དཔའ་ཞུམ་ལ་སྙིང་འདར་བཞིན་ཁྱིམ་མི་དང་ཁ་གྱེས་ཏེ་གཡུལ་ས་རུ་སོང་།

   ཁྱོ་བོ་དམག་ལ་སོང་རྗེས།   མོས་ཁྱོ་བོའི་མདུན་ལམ་དང་།   ཁོའི་མིག་སྔའི་བཟོ་ལྟ་ལ་སེམས་ཁྲལ་བྱས།   རྒྱུ་མཚན།   ཁོ་མོས་རང་གི་ཁྱོ་བོའི་སྐྱ་ཐག་ཆོད་པའི་ཞལ་རས་ལས་ཤི་བར་འཇིགས་པའི་བཟོ་ཉམས་དེ་མཐོང་།    མོས་ཁྱོ་བོའི་སེམས་ནང་གི་མདུད་པ་དེ་བཀྲོལ་ཆེད་ཉི་མ་རེ་ལ་འཕྲིན་ཡིག་རེ་བྲིས་ཏེ་ཁོ་ལ་སེམས་གསོ་དང་སྐུལ་སློང་བྱས།    
ལོ་ཕྱེད་ཙམ་འགོར་རྗེས་ཀྱི་ཉིན་ཞིག་ལ།   མོ་རང་ལ་ཁྱོ་བོ་སྡོད་སའི་དམག་དཔུང་ནས་བསྐུར་པའི་འཕྲིན་ཡིག་ཅིག་འབྱོར།   དེ་ནི་རང་གི་ཁྱོ་བོ་གཡུལ་ས་རུ་འདས་གྲོང་བྱུང་བའི་བརྡ་ཐོ་རེད།   ཉིན་གསུམ་གྱི་རྗེས་སུ་ཁོ་མོར་ཡང་བསྐྱར་ཁྱོ་བོ་སྡོད་སའི་དམག་དཔུང་ནས་བསྐུར་ཡོང་བའི་གཟི་བརྗིད་དཔང་ཡིག་ཅིག་འབྱོར་ལ།   དེ་ནི་འཐབ་མོ་པའི་དཔའ་བོའི་གཟི་བརྗིད་དཔང་ཡིག་ཅིག་རེད།   མོ་རང་སེམས་པ་ཧ་ཅང་སྐྱོ་ནའང་མིག་ཆུ་མ་བཏོན།   མོའི་སེམས་ཁོང་དུ་དོན་དེ་གཟི་བརྗིད་ཅིག་ཏུ་བརྩིས་ཤིང་།   དཔང་ཡིག་དེ་མི་སུ་རུང་གིས་གང་བྱུང་དུ་ལེན་ཐུབ་པ་ཞིག་མིན་པར།   དེ་ནི་འཐབ་འཛིང་ཁྲོད་ཀྱི་དཔའ་བོའི་བྱས་རྗེས་མཚོན་རྟགས་ཡིན་པ་ཤེས།   མོས་རང་གི་ཁྱོ་ག་འཇིགས་སྐྲག་ལས་རྣམ་པར་རྒྱལ་ཏེ།   རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་མཁན་གྱི་དཔའ་རྟུལ་ཞིག་ཏུ་གྱུར་པར་ང་རྒྱལ་སྐྱེས།   དེར་བརྟེན།   ཁྱོ་ག་འདས་རྗེས་སྔར་བཞིན་ཁྱིམ་ཚང་དེ་དང་ཁ་མ་བྲལ་བར་མོས་ཁོ་པའི་ཕ་མ་གཉིས་ཀ་སྙོར་སྐྱོང་གིས།   འདས་པོའི་རྣམ་ཤེས་ལ་སེམས་གསོ་བྱས་པ་རེད།   

རྒྱལ་སྲུང་དམག་འཁྲུག་མཇུག་རྫོགས་རྗེས། གཏན་ཁེལ་ལྟར་ན། སྲིད་གཞུང་གིས་དཔའ་བོ་གཟི་བརྗིད་ཅན་གྱི་ཁྱིམ་མི་ལ་གུན་གསབ་ཀྱི་དངུལ་ཞིག་སྟེར་གྱིན་ཡོད་པ་རེད། འོན་ཀྱང་མོ་དངུལ་དེ་ལེན་དུ་མ་སོང་བ་རེད། རྒྱུ་མཚན། དངུལ་རྡོག་འགའ་ཡིས་རང་གི་ཁྱོ་གས་ཚེ་སྲོག་ལ་བརྗེས་པའི་དཔང་ཡིག་དེའི་ཚབ་བྱེད་ག་ལ་ཐུབ་སྙམ།

       འཐབ་འཁྲུག་གི་རྗེས་སུ་ཨུ་རུ་སུ་དབུལ་པོ་དབུལ་ནག་ཏུ་གྱུར།   མོའི་འཚོ་བའང་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན།   ཉིན་ཞིག་ཁྱོ་གའི་ཕ་རྒན་ལ་ནད་བྱུང་སྟེ་སྨན་ཁང་དུ་སྡོད་སྐབས་དངུལ་ལ་ལག་ཐོགས་བྱུང་ནས་ཐབས་ཟད་འུ་ཐུག་མཐར་མོས་ཀུན་གསབ་དངུལ་དེ་ཡིད་ལ་དྲན། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།    མོས་རང་གི་ཁྱོ་གའི་གཟི་བརྗིད་དཔང་ཡིག་དེ་ཁྱེར་ནས་སྲིད་གཞུང་ལ་སོང་།  
      འོན་ཀྱང་ལས་སྣེ་དེས་མོ་ལ།   སྲིད་གཞུང་གི་བྱ་དགའ་དང་ཀུན་གསབ་སྟེར་བའི་མིང་ཐོའི་ནང་ཁོ་པའི་རུས་མིང་མི་འདུག་ཅེས་བཤད།   མོ་རང་ཧ་ལས་ཧོན་ཐོར་བཞིན།   དེ་འདྲ་ཞིག་དཔེ་མི་སྲིད།   ཁོ་རང་གཡུལ་ས་རུ་འདས་གྲོང་བྱུང་བའི་འཐབ་མོ་པ་དང་།   འཐབ་འཛིང་དཔའ་བོ་རེད་ཅེས་བཤད།   མིན།    ཁོ་འཐབ་འཛིང་དཔའ་བོ་མ་རེད།   གཞུང་ཞབས་དེས་ཡིག་ཁུག་སློག་སློག་བྱས་རྗེས།   ཁོ་བྲོས་བྱོལ་དམག་མི་རེད།   ཁོ་རང་འཐབ་འཁྲུག་བྱེད་པར་སྐྲག་སྟེ་གཡུལ་ས་རུ་འབྲོ་སྐབས་དམག་དཔོན་གྱིས་བསད་པ་རེད།   ཁྱོད་ཚོར་འབྱོར་བ་ཁོ་དམག་ས་རུ་གྲོང་བའི་བརྡ་ཐོ་ཡིན་ནའང་།    ཁོ་དམག་ས་རུ་གྲོང་བ་དེ་ནི་ངོ་ཚ་ཞིག་ཡིན་པ་རེད།  ཡིག་ཚགས་སུ་ཚང་མ་གསལ་པོར་བྲིས་འདུག་ཅེས་བཤད།   མོ་རང་ཨེན་ཙམ་གྱིས་དྲན་པ་ཐོར།   རང་གིས་ད་བར་དུ་ང་རྒྱལ་དུ་བརྩིས་པའི་ཁྱོ་བོ་མ་གཞི་བྲོས་དམག་ཅིག་ཡིན་ནམ།   མོ་རང་ཧད་ནས་ཡུན་རིང་ཞིག་འགོར་རྗེས་གཞི་ནས་རིག་པ་ཕྱིར་བསྡུས།   གཟི་བརྗིད་དཔང་ཡིག་དེ་བཏོན་ཡོང་སྟེ།   ཁྱོད་ཚོ་ནོར་སོང་བ་ཁོ་ཐག་རེད།   འདི་ནི་དམག་དཔུང་ནས་བསྐུར་ཡོང་བའི་གཟི་བརྗིད་དཔང་ཡིག་རེད།   གལ་ཏེ་ཁོ་བྲོས་དམག་ཅིག་ཡིན་ཚེ།   གཟི་བརྗིད་དཔང་ཡིག་འདི་ཇི་ལྟར་ཐོབ་སྲིད་ཅེས་དྲིས།   གཞུང་ཞབས་དེས་མོའི་ལག་གི་གཟི་བརྗིད་དཔང་ཡིག་དེར་བལྟས་རྗེས།  དཔང་ཡིག་དེ་རིགས་ནི་བྱས་རྗེས་དཔེ་མེད་འཇོག་མཁན་གྱི་དཔའ་བོར་ད་གཟོད་ཐོབ་པ་ཞིག་རེད།   ཁྱོད་ཀྱི་ཁྱོ་ག་ཕར་ཞོག   ཁོ་རང་སྡོད་སའི་དམག་སྒར་དེའི་ནང་།   དམག་མི་ག་གེ་མོ་གཅིག་པུ་མ་གཏོགས་ཐོབ་མྱོང་མེད།   དམག་དཔུང་ནས་གཟི་བརྗིད་དཔང་ཡིག་བསྐུར་དུས་ས་གནས་བྲིས་པ་ནོར་སོང་བ་ཨེ་ཡིན་ནམ་ཞེས་བཤད།   
      དོན་དངོས་དེ་གསལ་པོར་ཤེས་ཆེད།   མོས་དཔའ་བོ་དེ་བཙལ་རྒྱུའི་སེམས་ཐག་བཅད།   དེ་ནི་ཀུན་གསབ་དངུལ་ཙམ་གྱི་དོན་མ་ཡིན་པར།  རང་གི་ཁྱོ་བོའི་མཚན་སྙན་དང་འབྲེལ་བ་ཆེ།   

མཁར་འདབས་ཀྱི་ཁང་པ་ཐབས་ཆག་ཅིག་གི་གམ་དུ་ཁོ་མོས་དཔའ་བོ་དེ་རྙེད་བྱུང་། ཁོས་སྒོ་ར་ནང་རྩྭ་འབྲེག་བཞིན་པའི་སྒང་རེད། ཁོ་པར་ལག་པ་ཡ་གཅིག་ལས་མེད་པས་ལག་གཡས་པའི་ཕུ་ཐུང་རླུང་གིས་ལྷབ་ལྷུབ་སྐྱོད་ཀྱི་འདུག མོས་རང་ཉིད་ཡོང་དོན་བཤད་རྗེས། ཁོས་ཡུན་རིང་ཚམ་ཚོམ་བྱས་མཐར། ཁོ་མོར་གནས་ཚུལ་དངོས་བཤད། ཁྱོད་ཀྱི་ཁྱོ་བོ་གསོན་སྐབས་དངོས་གནས་སྙིང་ཆུང་སྡར་མའི་བྲོས་དམག་ཅིག་ཡིན་པ་རེད། ཁོ་དམག་ལ་ཞུགས་པའི་ལོ་ཕྱེད་ཀྱི་རིང་ལ། དགྲ་བོ་གཅིག་གསོད་མ་ཐུབ་པའི་སྟེང་། ཁོ་རང་ཐེངས་ཁ་ཤས་ལ་བྲོས་བྱོལ་བྱས་པ་རེད། ཐེངས་གསུམ་པར་འབྲོ་སྐབས། གཡུལ་ས་རུ་རང་དམག་དཔོན་པོས་མེ་མདས་བརྒྱབ་སྟེ་ས་དེ་ག་རང་ནས་བསད་པ་རེད་ཅེས་བཤད། མནར་གཅོད་ཀྱི་གོ་རིམ་ཞིག་

          (9)

མོས། འོ་ན། གཟི་བརྗིད་དཔང་ཡིག་འདི་ཅི་རེད་ཅེས་དྲིས། ཁོས་དེ་ནི་གོང་རིམ་གྱིས་ང་ལ་གནང་ཞིང་། ངས་དེ་ཁྱོད་ལ་བསྐུར་པ་ཡིན་ཞེས་བཤད། མོ་རང་ཧ་ལས་མདོག་གིས་མིག་ཅེར་ནས་ཅིའི་ཕྱིར་ཞེས་དྲིས། ཁོ་འཚེར་སྣང་ཁྲོད་ཡུན་ཙམ་འགོར་རྗེས། ང་ནི་ཁྱོད་ཀྱི་ཁྱོ་གའི་འཐབ་གྲོགས་ཤིག་ཡིན་པར་མ་ཟད། ཁྱོད་ཀྱིས་ཁྱོ་གར་བསྐུར་པའི་འཕྲིན་ཡིག་མ་ལུས་ཁ་ཚང་ལྐོག་ལྟ་བྱས་པ་ཡིན། འཕྲིན་ཡིག་འབྲི་མཁན་གྱི་ཤེས་བྱ་ཡོན་ཏན་གྱིས་ངའི་ཡིད་སེམས་ཅིག་ཅར་དུ་ཕྲོགས་ཤིང་། འཕྲིན་ཡིག་འབྲི་མཁན་གྱི་མི་རིགས་ལ་རྒྱ་ཡིས་ངའི་སེམས་པ་གཡོ་འགུལ་ཐེབས་སུ་བཅུག ཡིན་ནའང་ཁྱོད་ཀྱི་འཕྲིན་ཡིག་དེ་དག་གིས་རང་གི་ཁྱོ་བོར་འགྱུར་བ་ཅི་ཡང་གཏོང་མ་ཐུབ། ཁོ་ཡང་དང་བསྐྱར་དུ་བྲོས་མཐར་མེ་མདས་བརྒྱབ་སྟེ་བསད་པ་རེད་ཅེས་བཤད། མོའི་ཁྱོ་ག་འདས་རྗེས། ཁོ་རང་ཡིད་ཤིན་ཏུ་མ་བདེ། རྒྱུ་མཚན་འཕྲིན་ཡིག་ལས་མོ་རང་ནི་མི་སྤོབས་པ་ཅན་ཞིག་དང་། སྙིང་རུས་ཅན་ལ་དགའ་བ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆོད་སེམས་ཅན་ཞིག་ཡིན་པ་ཤེས། གལ་ཏེ་མོས་རང་གི་ཁྱོ་ག་དམག་སྒར་ནས་འབྲོ་སྐབས་བསད་པ་ཤེས་ན། དེ་འདྲའི་སྡུག་ཆེན་པོ་ཇི་ལྟར་ཐེག དེའི་ཕྱིར། ཁོས་རླབས་ཆེན་གྱི་བུད་མེད་དེར་སེམས་གསོ་བྱེད་ཆེད། རང་གི་གཟི་བརྗིད་དཔང་ཡིག་དེ་མོ་རང་ལ་བསྐུར་པ་རེད། ཁོ་མོ་ཡིད་ཐང་ཆད་བཞིན་གཟི་བརྗིད་དཔང་ཡིག་དེ་ཁོ་ལ་ཕྱིར་སྤྲད། ཁོས་དེ་དང་ལེན་བྱས་མ་སོང་། ཁོ་པས། གཟི་བརྗིད་དཔང་ཡིག་འདི་ནི་དཔའ་ངར་ཅན་གྱི་དཔང་ཡིག་ཅིག་རེད། མ་གཞི་འདི་ཁྱོད་ལ་དབང་བ་རེད། དྲང་མོར་བཤད་ན། དགྲ་བོའི་མེ་མདར་གདོང་གཏོད་སྐབས་སུ་ཡིན་རུང་སྐྲག་སྣང་དང་འཇིགས་པ་སྐྱེ་ངེས། ང་ཡང་དེ་བཞིན་ནོ།། ངས་ཁྱོད་ཀྱིས་ཁྱོ་བོར་བསྐུར་པའི་འཕྲིན་ཡིག་དེ་དག་ལ་ལྐོག་ལྟ་བྱས་པས་དེས་ང་ལ་དཔའ་སེམས་བསྐྱེད། ཁྱོད་ཀྱིས་རང་གི་ཁྱོ་གར་དཔའ་སེམས་བསྐྱེད་མ་ཐུབ་ནའང་། ང་ལ་སྐུལ་ལྕག་ཐེབས་ནས་ད་གཟོད་གཟི་བརྗིད་དཔང་ཡིག་འདི་བྱུང་བ་ཡིན་ཞེས་བཤད། མཐར་ཐུག མོས་གཟི་བརྗིད་དཔང་ཡིག་དེ་བཞག་ནས་རང་ཉིད་ཕྱིར་ཁྱིམ་དུ་ལོག མོ་རེ་ཐག་ཆད་ནས་ཡུན་རིང་ཞིག་འགོར་རྗེས། ཡུན་གྱིས་སྐྱོ་སྣང་སངས་པ་རེད། རྒྱུ་མཚན་དཔའ་བོ་དེ་རྒྱུན་དུ་ཁོ་མོར་ལྟ་རུ་ཡོང་ཞིང་། མོ་ལ་འཕྲིན་ཡིག་ཀྱང་བྲིས་པ་རེད། རིམ་བཞིན་ཕན་ཚུན་བར་བརྩེ་དུང་ཆགས་ནས། ལོ་གཅིག་གི་རྗེས་སུ་ཁོ་གཉིས་གཉེན་བསྒྲིགས་པ་རེད།

   མོས་རང་གི་ཁྱོ་བོར་དཔའ་སྤོབས་བསྐྱེད་ཆེད། མ་བསམ་ས་ནས་སྐྱེས་པ་གཞན་ཞིག་དཔའ་བོར་བཏང་བ་རེད།  བུ་མོ་དེ་དཔའ་བོ་ལ་གུས་ཤིང་མི་རིགས་ལ་དགའ་བའི་སྤྱོད་པ་དེས་ང་རང་ལ་ཡང་སྤོབས་པ་ཡུན་ཐུང་མ་ཞིག་རྒྱས་སུ་བཅུག    
ཉིན་ཞིག་གི་ཕྱི་དྲོར་ཁོ་ཚོ་ཡང་བསྐྱར་ཟེད་ཟེད་ལིང་ལོང་དུ་གྱུར་འདུག  སྐབས་དེར་རུས་ཝང་ཅན་ཡོང་ནས་བུད་མེད་ཉེན་རྟོག་པ་ཞིག་བོས་སོང་།   ང་ལྟ་སྲུང་བྱེད་མཁན་གྱི་བུད་མེད་གཞན་དེས་སྔར་བཞིན་ནང་སྒོ་དམ་པོར་བརྒྱབ།   ཡུན་རིང་འགོར་ནས་བུད་མེད་དེ་ཕྱིར་ཡོང་དུས།   ཁོ་མོའི་རྣམ་འགྱུར་རྩ་བ་ནས་འགྱུར་འདུག   ཉི་མ་དེར་ཉིན་ཧྲིལ་པོར་ང་རྐུབ་སྟེགས་སྟེང་བསྒྲོགས་ནས་བཞག   ནམ་གུང་མ་སླེབས་ཙམ་ལ་ཡང་བསྐྱར་འདྲི་གཅོད་ཀྱི་མགོ་བརྩམས།   ཚེས་པ་བརྒྱད་ཉིན་ལ་ཁོ་ཚོས་ངེད་ཁྱིམ་ནས་ཚ་མོའི་རྩིས་འཁོར་ཞིག་ཡོད་པ་དེ་ཁྱེར།   དེའི་ནང་བོད་དོན་སྐོར་གྱི་དཔེ་ཆ་སྐོར་ཞིག་ཕབ་ལེན་བྱས་འདུག་པ་མྱུལ་ཞིབ་བྱས་རྗེས།   རྩིས་འཁོར་དེ་སུའི་ཡིན་མིན་དང་རྩོམ་ཡིག་དེ་དག་སུས་ཕབ་ལེན་བྱས་མིན་གསལ་པོར་ཤོད་ཟེར་ནས་ང་ལ་རྩུབ་འདྲི་ཡང་ཡང་བཏང་།   དེ་ནི་ངེད་ཚང་ལ་ཁྱིམ་གློང་བརྒྱབ་པ་ཐེངས་གསུམ་པ་རེད་ལ།   ཁོ་ཚོས་ངེད་ཁྱིམ་བསྔོགས་ནས་མནོལ་གྲིབ་བཏང་བ་ལ་འཚིག་པ་གཏིང་ནས་ཟོས།   ལག་ཁྱེར་རྩིས་འཁོར་གྱི་དོན་དེ་མག་མོག་ཙམ་གླེང་ནས་བཏང་སྙོམས་སུ་བཞག་ཐོག   ངས་ཁྱིམ་གྱི་དངོས་པོ་བོར་སྟོར་བྱུང་ན་སུས་འགན་འཁུར་དགོས་ཞེས་ཁྲོ་བཤད་བྱས་པ་ན།   ཁོ་ཚོ་ཁོང་ཁྲོ་དྲག་ཏུ་ལངས་ཏེ་ཁྱོད་ཀྱིས་ང་ཚོ་ཇག་པའི་ས་ལ་མ་འཇོག  འདིར་ཡོད་ཀྱི་ཉེན་རྟོག་པ་ཚང་མ་ཐོབ་ཐང་ཅན་དག་དག་ཡིན། ཁྱོད་ལ་ཁང་པ་ཞིག་ཡོད་པར་ང་རྒྱལ་སྐྱེ་རྒྱུ་ཅི་ཡོད།   ངེད་ཚང་ལ་རླངས་འཁོར་ཡང་གསུམ་ཡོད།   ཅེས་བོད་པ་དེས་ང་ལ་སྡིགས་མོ་བྱས།   སྐབས་དེར་ངས་ཁོ་བོད་མི་ཞིག་ཡིན་པ་ཤེས་མེད།   ཁོས་ངས་དེ་རིང་བར་དུ་ཁྱོད་ལ་སྐད་ཆ་གདུག་མོ་ཞིག་ཀྱང་བཤད་མ་མྱོང་།   ཡིན་ནའང་དོན་དག་མིག་ཁར་ལྷུང་འདུག་ཀྱང་ཁྱོད་ཀྱིས་ད་དུང་ངོས་ལེན་མི་བྱེད་པར་སྦ་གསང་བྱེད།   ཐོག་མར་ཁྱོད་རང་གི་རྣམ་འགྱུར་མི་ལེགས།   དངོས་པོ་གང་ཞིག་མིས་བཟོས་པ་ན་མི་ལ་དེར་ཚོད་འཛིན་བྱེད་པའི་ནུས་པའང་ཡོད་པ་རེད་ཅེས་དཔེ་འཇོག་གི་སྒོ་ནས་བཤད།   དེ་ནི་ཁྱིམ་དུ་ཕྱི་རྒྱལ་གྱི་དྲ་བར་འཇུག་པ་ཁོ་ཚོས་ཤེས་འདུག་ཅེས་པ་དེའི་སྒྲུབ་བྱེད་ཡིན་ཚོད་རེད།   མི་ཞིག་གིས་ང་ཚོའི་ལག་ཏུ་སོན་ཟིན་པ་ཁྱོད་ཀྱིས་ཁས་ལེན་མི་བྱེད་ཐབས་མེད་ཅེས་བཤད། ད་དུང་ངེད་ཁྱིམ་གྱི་སྟེགས་འཇོག་རྩིས་འཁོར་གྱི་རྟགས་དང་ཁ་དོག་ཅི་ཡིན་སོགས་མི་གཉིས་ཀྱིས་སྐད་ཆ་གཅིག་པ་གཅིག་མཚུངས་སྒོས་ཐེངས་གཉིས་རེ་ལ་དྲིས།  དེ་ལྟར་འདྲི་དོན་ཁོ་ཚོས་ངེད་གཉིས་ལ་ད་དུང་ལག་འཁྱེར་རྩིས་འཁོར་གཞན་ཞིག་ཡོད་པར་དོགས་པ་ཟ་ཡི་འདུག   འདྲི་སྟངས་དེ་ནི་ཧ་ཅང་འཇིགས་ཡེར་བ་ཞིག་ཡིན་སོང་།  
སྔོན་ཏག་ཏག་ལ་རུས་ཀྲང་ཅན་གྱིས་ངའི་ཁྱིམ་གྱི་ལག་འཁྱེར་རྩིས་འཁོར་ཁོ་ཚོའི་ལག་ཏུ་སོན་ཡོད་པར་ང་ལ་བློ་གསལ་ཕུད།   མ་ཟད་ཁྱོ་གས་ངའི་གློག་རྡུལ་ཡིག་སྒམ་གྱི་གསང་ཨང་ཤེས་མིན་དྲིས་ཤིང་།   ངས་ཕལ་ཆེར་ཤེས་ཀྱི་ཡོད་ཅེས་བཤད་པ་ན།   ཁྱོ་ག་ཁྱོད་ལས་སྤྱང་པོ་འདུག   ཁོས་ཁྱོད་ཀྱི་འཕྲིན་ཡིག་ནང་ཁྲིམས་འགལ་གྱི་སྐད་ཆ་ཡོད་པ་ཤེས་ནས་དེ་རྣམས་བསུབས་ཚར་འདུག ཡིན་ནའང་ང་ཚོར་ལོ་གསུམ་ཚུན་ལ་བསུབས་པའི་ཡིག་ཆ་སླར་གསོ་བྱེད་པའི་ལག་རྩལ་ཡོད་པ་ཁྱོད་ཚོས་ཤེས་མི་འདུག   གུང་ཁྲན་ཏང་ལ་དེ་འདྲའི་ཐབས་ལམ་ཞིག་ཀྱང་མེད་ན་སྲིད་དབང་བརྟན་པོ་ཡོང་ཐུབ་བམ་ཞེས་ང་རྒྱལ་གྱིས་བཤད།   ཝང་གིས་ད་དུང་ཁྱོད་ཀྱིས་བཤད་པ་ངོ་མ་རེད།   ཁྱོད་ཀྱི་ཁྱོ་ག་མི་གྲིམ་པོ་ཞིག་མ་རེད།   ཁོས་ཁྱོད་ཀྱིས་ངག་བཅོལ་ལྟར་བསྒྲུབས་མི་འདུག་ཟེར་ནས་ངའི་བསམ་པ་ཁྲལ་ཁྲུལ་དུ་བཏང་སྟེ་ཀླད་པ་ཉོག་ཏུ་བཅུག

དེ་མ་ཐག་རུས་ཀྲང་ཅན་འབོལ་ཁྲི་ལས་ཡར་ལངས་ཡོང་སྟེ་བཙོན་ཅོག་ཐག་ཐག་རྡུང་བ་དང་མིག་ནང་མཛུབ་ཐུར་བྱེད་བཞིན་ཁ་ནང་ལ་གང་ཡོང་གིས་ཀུ་ཅོ་བཏོན། ཁོས་ད་དུང་རྒྱལ་ནང་བདེ་སྲུང་རུ་ཁག་ཏུ་ང་ལ་འདྲི་གཅོད་བྱེད་དུས། ངས་འཚེ་མེད་ཞི་བའི་མིང་ཚིག་དེ་བཀོལ་བར་འཕྱ་སྨོད་དང་། བཙན་བྱོལ་བོད་གཞུང་ཞེས་པར་བཙན་བྱོལ་བོད་གཞུང་ཟེར་བ་དེ་ཞེས་ནས་བཤད་དགོས་པར་དག་སེལ་བྱས། ངས་ཁོ་ཚོར་འཁང་ཚིག་བཤད་པ་དེ་རྐྱེན་བྱས་ནས། ང་ཉིན་གཉིས་ཞག་གཅིག་རིང“སྟག་རྒོད་རྐུབ་སྟེགས”སྟེང་བསྒྲོགས་ཏེ་ལུས་སེམས་ལ་མནར་གཅོད་བཏང་། བཙོན་ཅོག་དེ་ཅུང་དམའ་བས་མགོ་ཐུར་དུ་དཔྱངས་ན་སྙིང་ཁམས་མི་བདེ་བ་དང་སྒལ་ཚིགས་ན་བ། ཡང་ཉི་མ་དེ་ཚོར་ཁ་ཆར་བབས་ཕྱིར་ཁང་པའི་ནང་ཤིན་ཏུ་འཁྱག་པས་རྐུབ་སྟེགས་དེའི་སྟེང་གཉིད་ཏོག་ཙམ་ཡང་མི་འབབ། མིག་རིག་རིག་གིས་བུད་མེད་དེ་གཉིས་ཉལ་ཁྲི་གཅིག་སྟེང་མགོ་བོ་ཕྱོགས་གཉིས་ལ་འཁོར་ནས་ཉལ་ནའང་། གཉིད་སྟུག་པོ་ལོག་པར་བལྟས་ནས་ཡིད་སྨོན་ཤོར། རྐུབ་སྟེགས་འདིའི་སྟེང་འདུག་པ་ལས་ལག་ལྕགས་བརྒྱབ་སྟེ་ཉལ་བཅུག་པ་དེ་བཟང་བ་ཤེས། ལག་ལྕགས་ཐོག་མ་བརྒྱབ་པའི་མཚན་མོ་དེར་ང་ལ་བཤད་མི་ཤེས་པའི་སྣང་བ་ཡན་གར་བ་ཞིག་བྱུང་། དེ་ནི་ཆུང་དུས་ཕ་མའི་བསླབ་བྱ་ལ་འབྲེལ་བ་ཡོད་དེ། བག་ཆགས་སུ་ལྕགས་སྒྲོག་བརྒྱབ་ཡོད་པའི་མི་ནི་མཐའ་གཅིག་ཏུ་གཏེ་བོ་དང་དགྲ་བོ་རུ་ཐག་བཅད་པས་ཡིན་ཚོད་རེད། དེ་བས། ང་ལ་མཚོན་ན། ལྕགས་སྒྲོག་དེ་ཡང་སེམས་ཀྱི་མནར་གཅོད་ཚབས་ཆེན་ཞིག་ཏུ་གྱུར།

ཁེ་ཉིན་ཁོ་ཚོས་ངའི་སྔས་ཅོག་སྟེང་ཐུར་མ་ཆ་ཞིག་འདུག་པ་དེའང་མ་བསྐྱུར་བར་ཁྱེར།   དེ་ལྟ་བུའི་དོན་དག་ཐེངས་གཅིག་གཉིས་མིན་དུ་བྱུང་བས། སེམས་སུ་ངས་ཁོ་ཚོར་གནོད་པ་གཏོང་བར་སྐྲག་གི་ཡོད་བཟོ་འདུག་སྙམ།   དོ་དགོང་བུ་མོ་ཉེན་རྟོག་པ་དེས་མགོ་བོ་རྐུབ་སྟེགས་སར་བསྟན་ཕོད་པའི་རྒྱུ་མཚན་ཅི་ཡིན།   ང་རྐུབ་སྟེགས་སྟེང་བསྡད་ན་ལག་པ་ལས་སླ་མོས་མོའི་མགོ་རུ་སླེབས་ཐུབ་ཅེས་གང་བྱུང་དུ་འདང་བརྒྱབ་སྟེ་མཚན་མོ་དེ་བཙན་གྱིས་འདའ་ཁུལ་བྱས།   ཉིན་ཞག་གསུམ་རིང་རྐུབ་སྟེགས་སྟེང་བསྒྲོགས་ཏེ་མིག་ཁ་མ་བཙུམས་པའི་ཚོར་པ་དེ་སྐད་ཆས་ཟུར་ཙམ་ཡང་མཚོན་མ་ཐུབ།   

ཕྱི་ཉིན་ང་མུ་མཐུད་དུ་རྐུབ་སྟེགས་སྟེང་བསྒྲོགས་བཞག རྐུབ་སྟེགས་ཁ་དོག་ནག་རྐྱང་ཁྭ་ཏ་འདྲ་བ་དེའི་སྟེང་སྡོད་རྒྱུར་སྔར་བཞིན་རྣམ་རྟོག་ཟ་ཡོང་། ངས་བུ་མོ་ཉེན་རྟོག་པ་དེར་ང་བཀྲོལ་རོགས་ཞེས་བཤད་ཀྱང་མོས་ཁྱོད་བཀྲོལ་རྒྱུའི་དབང་ཆ་ང་ལ་མེད་ཅེས་བསྐྱུར་བཞག སྐབས་ཤིག་ལ་ཉེན་རྟོག་པ་འགའ་ཉལ་ཁང་གསུམ་པའི་ནང་ཡོང་ནས། ང་ལ་ཁྱོད་ཀྱི་ཁྱོ་ག་མི་འདུག་བྲོས་ཟིན། ཁོའི་ཁ་པར་ཡང་གཏན་འདུག ཁོ་ནི་རང་གི་ནག་ཉེས་ལ་སྐྲག་སྟེ་བྲོས་བྱོལ་བྱས་པ་ཡིན་ནམ། ཁྱོད་ཀྱི་དོན་དག་འདིས་ཁོ་སྡུག་ལ་གཏོད་པར་སྐྲག་ནས་བྲོས་པ་རེད། ཁོ་ཁྱོད་ཀྱི་བཟའ་ཟླ་ཡིན་པས་ཁྱོད་ལ་གསལ་ཆ་ཡོད་ངེས། ཁྱོད་ཀྱིས་བལྟས་ན་ཁོ་རང་གང་དུ་བྲོས་སོང་བ་རེད། ཟི་ལིང་དུ་ཉེ་དུ་འདུག་གམ། ཁོ་བོ་ཕྱི་རྒྱལ་དུ་སོང་མྱོང་ངམ། ཁོ་རང་ལ་ཕྱི་བགྲོད་ལམ་ཡིག་ཡོད་དམ་སོགས་རྫིག་ཉམས་ཀྱིས་དྲིས་ནའང་། ང་ལ་ཁྱོ་ག་དེ་ལྟར་མི་འབྲོ་བའི་ཡིད་ཆེས་ཡོད། སེམས་སུ་ཁོ་ཚོས་ལག་འཁྱེར་རྩིས་འཁོར་དེ་ཁྱེར་རྗེས་རང་ལའང་མ་ཉེས་ཁག་གཡོགས་ཐེབས་དོགས་ནས། བུ་མོ་ཕ་ཡུལ་དུ་བསྐྱལ་སོང་བར་འདོད་ནས་དེ་བཞིན་བཤད་པ་ཡིན། སེམས་སུ་ཁོ་ཚོས་ད་ཐེངས་ངེད་བཟའ་ཟླ་གཉིས་ལ་ཉེས་པ་ནམ་མཁར་མི་ཤོང་བ་རེ་འདོགས་རྩིས་ཡོད་ཤག་རེད་སྙམ། ཁོ་ཚོ་སོང་རྗེས་ང་གསང་སྤྱོད་ནས་ཕྱིར་ཡོང་སྟེ་ཉལ་ཁྲིའི་སྟེང་འདུག་གྲབས་བྱེད་སྐབས། བུད་མེད་ཉེན་རྟོག་པ་ཞིག་གིས་ཧ་ཅང་མ་རངས་པའི་ཚུལ་གྱིས་ང་རྐུབ་སྟེགས་སྟེང་བསྒྲོགས། ཉེན་རྟོག་འགོ་པ་གཉིས་ཀྱིས་བཙན་ཤེད་བྱས་པར་བསྟུན་བུད་མེད་ཉེན་རྟོག་པ་རྣམས་ཀྱང་སྐྲག་ནས་རང་བཞིན་གྱིས་འཆུན་འདུག སྐྱེས་པ་རྣམས་ང་ལ་ཇི་ལྟར་སྡང་ན་ཁོ་མོ་ཚོའང་ང་ལ་དེ་ལྟར་སྡང་བ་རེད། ཉིན་དེའི་དགོང་མོར་ནམ་གུང་མ་ཟིན་ཙམ་ལ་ང་གཞི་ནས་ཉལ་དུ་བཅུག ཡིན་ཀྱང་ང་རང་དེ་མུར་གཉིད་མ་ཁུགས། ཁོ་ཚོས་རྟག་ཏུ་ང་ལ་དོན་དག་དྲང་པོར་ལབ་རྗེས་ཕྱིར་འགྲོ་རུ་འཇུག་ཅེས་བསླུ་བྲིད་བྱེད། སྐད་ཆ་དེས་ཐེངས་གཉིས་ཙམ་ལ་ངའི་སེམས་པར་གཡོ་འགུལ་ཐེབས་ཙམ་བྱུང་ལ། གཡོ་འགུལ་སྐད་ཅིག་མའི་རྗེས་སུ་ང་ལ་སྐྱི་གཡའ་བའི་ཞེད་སྣང་དྲག་པོ་རེ་སྐྱེས་ཡོང་། བསམ་བློའི་འཐབ་རྩོད་དང་སེམས་པའི་འགལ་འདུའི་ཁྲོད་ང་དམྱལ་བར་ལྷུང་བ་ལྟ་བུའི་སྣང་བ་སྐྱེས། དེ་ནི་གཞན་མ་ཡིན་པར་བསླུ་བྲིད་དང་རྩ་དོན་བར་གྱི་འགལ་ཟླ་རེད། ཧ་ཅང་འཇིགས་རུང་གི་དྲན་ཚུལ་དེ་མནར་གཅོད་ཁྲོད་བཟློགས་རྗེས། ངས་སྔར་བཞིན་སྐད་ཆ་རྣམས་གོ་རིམ་ཡོད་པ་དང་ཁུངས་ལུང་ཡོད་པར་བྱས་ཏེ་ཕྱི་ཉིན་གྱི་འདྲི་གཅོད་ལ་གྲ་སྒྲིག་བྱས་པ་ཡིན། ཕྱི་རུ་ཁྱོ་གར་འདྲི་གཅོད་དང་ནང་དུ་ང་ལ་འདྲི་གཅོད་བྱས་ཏེ། ངེད་གཉིས་ཀྱི་སྐད་ཆ་གཅིག་འདྲ་ཡིན་མིན་ལ་བརྟགས་ནས། ཅུང་ཙམ་མི་གཅིག་པ་བྱུང་ན་ཁོ་ཚོས་ང་ལ་གང་འདོད་དུ་མནར་གཅོད་གཏོང་། ཉི་མ་དེ་ཚོ་ནི་དངོས་གནས་འཚོ་བ་ཧ་ཅང་འཁྱོལ་དཀའ་བ་ཞིག་ཡིན་སོང་། ངས་དེ་བཞིན་རྩ་དོན་རྒྱུན་སྐྱོང་གིས་དུས་ཚོད་སྐར་ཆ་རེ་རེར་སྙིང་རུས་བསྐྱེད་དེ“གོག་མ་ནུར”གྱིས་མདུན་ལ་གོམ་པ་སོར་གང་སྤོ་ཨེ་ཐུབ་ལ་འབད་པ་ཡིན། ཁོ་ཚོས་ཟླ་གཅིག་ནས་གཉིས་ལ་མུ་མཐུད་དུ་ངའི་ལུས་སྒྲོམ་འཐོར་ཉེ་དང་སྙིང་རྩ་འགད་གྲབས་ཀྱི་འདྲི་གཅོད་འཇིགས་པོ་འདི་རྒྱུན་སྐྱོང་ན་ནི། ང་ལ་གདམ་གསེས་གཉིས་ལས་མེད་དེ། གཅིག་ནི་ཉེ་མི་གཡོ་འཚོང་བྱ་རྒྱུ་དང་། ཅིག་ཤོས་ནི་རང་སྲོག་གཅོད་རྒྱུ་དེའོ།། ངའི་གཤིས་ཀ་ལྟར་ན་ཕལ་ཆེར་འདམ་ཀ་འོག་མ་འདེམས་དགོས་རྒྱུ་རེད། ང་འུ་ཐུག་བཟོད་བསྲན་བྲལ་བའི་སྐབས་དེ་དག་ལ། ངས་རང་ཉིད་ཀྱིས་མི་རིགས་ཀྱི་ལ་རྒྱ་བརྩད་ནས་ཁོ་ཚོའི་ལག་ནང་ལ་ལྷུང་བར་འགྱོད་སྣང་རེ་གཉིས་ཀྱང་སྐྱེས་མྱོང་། རྒྱུ་མཚན་ང་ཁྲིམས་ཐག་བཅད་ན་ཕངས་ངོ་མ་ནི་ངའི་ཁྱིམ་མི་དང་བུ་ཕྲུག་རེད། དེ་རིང་ངས་ཕྱིར་འདང་རེ་བརྒྱབ་ན་དེ་ནི་ངའི་ངོ་ཚ་ཞིག་ཡིན་སྲིད་མོད། ཡིན་ནའང་དེ་ནི་སྐབས་ཐོག་དེའི་ངའི་བསམ་ཚུལ་དངོས་ཡིན་པར་མ་ཟད། དུས་དེར་ཡིད་ལ་དྲན་ཆེ་བ་ནི་རང་གི་མ་འོངས་པའི་མཇུག་འབྲས་དང་ལས་དབང་གི་བཀོད་སྒྲིག་རེད། དེ་བས་བོད་མི་ཁྲི་སྟོང་མང་པོའི་ཚེ་སྲོག་མ་ཤོར་ན་མི་རིགས་ལ་རང་དབང་ཐོབ་མི་སྲིད་ཅེས་པའི་ཟུར་ནས་ལྟ་མཁན་ལ་ལའི་བསམ་ཚུལ་དེར་དེ་ལས་ཀྱང་མོས་མཐུན་མ་བྱུང་། དོན་དེར་དེ་རིང་ཡང་སྔར་བཞིན་བློ་མོས་མེད། རྒྱུ་མཚན་ངས་ད་ཐེངས་ཚེ་སྲོག་གི་རིན་ཐང་དང་ཁྱིམ་མི་དང་གསོན་བྲལ་བཏང་བའི་སྡུག་སྣང་དངོས་མ་ཞིག་མྱངས་པས་ཡིན། དེ་ནི་མི་སྤྱོད་ལས་འདས་པའི་དྲག་སྦྱོར་ཐ་ཤལ་ཞིག་ལས་གཞན་ཅི། ཁོ་ཚོས་རྟག་ཏུ་གནས་ཚུལ་ཧ་ཅང་ཉེན་ཁ་ཆེ་མདོག་གི་བཟོ་ཉམས་སྟོན། གནོན་ཤུགས་དེ་ལ་སོགས་ཀྱིས་ཐེངས་གཉིས་གསུམ་ཙམ་ལ་ངས་རང་གི་རྩ་དོན་མཐའ་འཁྱོངས་ཐུབ་མིན་ལའང་ཡིད་ཆེས་ཤོར། དེ་བཞིན་བསམ་བློའི་འགལ་འདུའི་ཁྲོད་དུས་ཚོད་སྐར་ཆ་རེ་རེ་བཙན་གྱིས་འདའ་བར་བྱས་པ་ཡིན། སྡུག་ལ་ཐུག་དྲགས་ནས་ཁྱོ་གས་ཁོ་ཚོར་ཅི་བཤད་ཐམས་ཅད་མ་ལུས་ང་ལ་རྨི་ལམ་ནང་ཅིག་བསྟན་ན་ཅི་མ་རུང་སྙམ། ཡིན་ནའང་མཚན་མོ་དེ་དག་ཏུ་ང་ལ་རྨི་ལམ་ཡང་ཕལ་ཆེར་མེད་པར་གྱུར། སེམས་སུ་བསམ་བློའི་སྟེང་མུ་མཐུད་ཚད་ལས་བརྒལ་བའི་མནར་གཅོད་བཏང་ན། སེམས་ནད་ཀྱང་འབྱུང་ངེས་སྙམ། ཉི་མ་རེ་རེར་དྲན་ཚུལ་མི་འདྲ་བ་སྣ་ཚོགས་འབྱུང་ཞིང་། མཚམས་རེར་སྙིང་སྟོབས་རྒྱས་ཤིང་ལན་རེར་སྙིང་རྩ་འདར་ཡོང་། དུས་དེར་ཁྱོ་གས་བཤད་པའི་སྐད་ཆ་སྟེ། ཁྱིམ་གཅིག་ཏུ་དཔའ་བོ་གཅིག་འབྱུང་ཐུབ་ན་འགྲིག་འདུག བུ་མོ་ད་དུང་ལོ་ན་ཆུང་བས་ཨ་མ་ཧ་ཅང་དགོས་པའི་དུས་རེད། ང་སྐྱེས་པ་ཞིག་བསྐྱུར་ནས་ཁྱོད་གདོང་ལ་འབུད་ཀྱི་མ་འདུག་ཟེར་བ་དེ་ཡང་དྲན་ཡོང་། ཡིན་ནའང་མི་རིགས་གང་དེའི་ལས་དབང་དང་བདེ་སྡུག་ལ་དོ་ཁུར་བྱེད་རྒྱུ་ནི། མི་རིགས་དེའི་ཕོ་མོ་དབྱེ་མེད་ཀྱི་འོས་འགན་ཞིག་ཡིན་ན་འགྲིག མི་རིགས་འདི་མ་ཉམས་མ་ནུབ་པར་གནས་ཤིང་འཕེལ་རྒྱུ་ནི་ངའི་སྙིང་ཁོང་གི་རེ་བ་རྣལ་མ་ཡིན། མི་རིགས་ལ་ཤ་ཞེན་ཆེ་བ་ཙམ་གྱིས་ང་འདི་བཞིན་ཁ་བྲལ་རིང་ལུགས་ཀྱི་གྲས་སུ་བརྒྱབ། འདི་ལྟར་སོང་ན་ཕྱིས་སུ་ང་ས་འདི་རུ་འཚོའང་དཀའ་ངེས་རེད། ཡིན་ནའང་ངའི་ཁྱིམ་མི་དང་བུ་ཕྲུག་འདི་རུ་ཡོད་ལ། ངའི་ཕ་མ་དང་སྤུན་མཆེད་འདི་རུ་འཚོ། འདི་ནི་ངའི་ཕ་མེས་ཡང་མེས་ཀྱིས་འཚོ་མྱོང་བའི་ས་གཞི་ཡིན་ལ། འདི་ནི་ངའི་རྨོ་མོ་ཡང་རྨོ་ཡིས་བཞུགས་མྱོང་བའི་གཞིས་ཁྱིམ་ཡིན། མཚན་རྒྱུན་དེ་ལྟར་འདང་རྒྱག་དང་དངངས་སྐྲག་ཁྲོད་གཉིད་ཙམ་བྱེད་ལ། དེ་ནུབ་ཀྱང་དེ་བཞིན་གཉིད་དུ་ཡུར་ཙམ་བྱུང་། ཕྱི་ཉིན་ང་གཉིད་ལས་སད་དུས་ནམ་ལངས་ནས་ཉི་མ་ཤར་ཙམ་རེད། ངས་ལྕགས་སྒྲོག་བརྒྱབ་མེད་པའི་གཡས་ལག་གིས་དྲ་ཡོལ་སེར་ནག་དེ་ཡར་བཀྱགས་ནས་ཧྲག་བར་ལས་བལྟ་གྲབས་བྱེད་སྐབས། བུད་མེད་དེས་ཅི་བྱེད་འདོད་ཅེས་སྐད་འགྲགས་བྱས། ང་ས་དེར་སླེབས་པའི་ཉིན་གསུམ་བཞི་ཙམ་ནས་བཟུང་། ཁོ་ཚོས་སྒེའུ་ཁུང་དྲ་ཡོལ་བརྒྱབ་སྟེ་ཧྲག་བར་ཅུང་ཟད་ཀྱང་མེད་པར་བཟོས། དེ་ནས་བཟུང་ཉི་འོད་མཐོང་བའི་ངའི་རང་དབང་དེ་ཡང་ཕྲོགས་སོང་། ཉིན་དེར་ང་གོམ་འགྲོས་འཁྱར་འཁྱོར་ངང་གསང་སྤྱོད་དུ་སོང་བ་ཡིན་ནའང་། ངས་སྔར་བཞིན་སྒོ་རའི་ནང་གི་མེ་ཏོག་གློ་དམར་བཞད་པའི་ཁེར་རྐྱང་གི་སྡོང་པོ་ཆུང་ཆུང་དེར་བལྟས་པ་ཡིན། ཁོ་མོ་ཚོས་རྒྱུན་དུ་ངའི་བཟོ་ལྟ་དེར་མཉམ་འཇོག་བྱེད་པ་ལས། ང་ཕྱི་རོལ་ལ་དེ་འདྲ་འཁྲེང་བའི་ཡང་སྙིང་ཅི་ཡིན་རྟོགས་ཀྱི་མེད། ང་བྲོས་འགྲོར་དོགས་པ་ཨེ་ཡིན་ནམ། ཉིན་ཞིག་བུད་མེད་ཅིག་གིས་ས་འདི་ནི་རི་ཁུལ་ལུང་སྟོང་ཞིག་ཡིན་པས་མི་སུ་ཞིག་བྲོས་ཀྱང་ཐར་ལམ་མེད་ཅེས་ང་ལ་འཇིགས་བསྐུལ། ངས་སྔར་བཞིན་དྲི་ངན་ཅི་ལི་ལིར་འཐུལ་བའི་གསང་སྤྱོད་ལོགས་ཀྱི་སྦུག་མཆུ་བཙའ་རོ་དེ་ལས་ཆུ་གྲང་མོས་ཁ་ངོ་བཀྲུ་ཙམ་བྱས། ཕྱིར་ཁང་པའི་ནང་ཡོང་ནས་འོ་ཕྱེ་བསྒྲུངས་པའི་འོ་ཇ་ཚ་མོ་ཤོག་ཕོར་གང་དང་ཆུ་ཁོལ་གང་འཐུངས། དེ་རྐྱེན་དུ་གྱུར་ནས་ལུས་ཡོངས་ཚ་ལམ་ལམ་གྱིས་འདར་ཡེངས་བྱས་པས། ང་ཕྱིར་ཉལ་ཁྲིའི་སྟེང་མི་སྙེ་ག་མེད་བྱུང་། ཉེན་རྟོག་པ་རེ་གཉིས་ཡོང་ནས་རེ་རེ་བལྟས་རྗེས། བུད་མེད་དེ་གཉིས་ལ་ང་ཡར་སློངས་ལ་ཁང་པའི་ནང་ཡར་ཁྲིད་མར་ཁྲིད་ཀྱིས་སྦྱོང་བརྡར་བྱོས་ཟེར། ཉིན་མང་པོར་གཉིད་བཅག་ཁ་བསྒགས། ལུས་དུབ་སེམས་མནར། དམའ་འབེབ་སྡིགས་དམོད། ཡ་ལ་བསྙོན་འཛུགས། འཇིགས་སྐུལ་སྡུག་སྦྱོང་བྱས་པར་བརྟེན་ངའི་ལུས་ཟུངས་ཤོར་ནས་འབྲོ་རྒྱུ་ཕར་ཞོག་རྐང་པ་གཉིས་ལྕི་མོར་གྱུར་ཏེ་གོམ་པའང་འདེགས་འཇོག་དཀའ། ཕྱིས་སུ་གློད་བཀྲོལ་བཏང་ནས་ཕྱིར་ཁྱིམ་དུ་ལོག་རྗེས་རྒྱ་མར་ཚད་སྐབས་ངའི་ལུས་སྟེང་གི་ཤ་རྒྱ་མ་བཅུ་གཉིས་ལྷག་བྱང་ཚར་འདུག ཉིན་ཞིག་ང་གསང་སྤྱོད་དུ་འགྲོ་སྐབས། ངས་རང་གི་ཁོག་སྟོད་ཀྱང་སྒུར་འདུག་པ་ཚོར། ཡིན་ནའང་ངས་ཁོ་ཚོའི་མདུན་དུ་བཙན་གྱིས་ཁོག་སྟོད་བཀྱག་མགོ་འཕང་བསྟད་དེ་རང་སེམས་ཀྱི་སྡུག་བསྔལ་དེ་ཅི་ཐུབ་ཀྱིས་མི་ཚོར་བར་བྱས། དོན་དམ་པར་ཉི་མ་དེ་ཚོར་ངའི་ཡ་ཆུང་ཁོག་ཏུ་སྡུག་གི་མཆི་མ་ཟོ་གང་བླུགས་པ་བཞིན་ལུས་སྟོད་ཀྱང་ཐེག་དཀའ། དེ་རིང་ནི་ང་གློད་བཀྲོལ་བཏང་སྟེ་ཏག་ཏག་ཟླ་གཅིག་འགོར་བའི་ཉི་མ་ཡིན། ཡིན་ནའང་ངས་སྔར་བཞིན་རོ་སྟོད་སྒུར་བའི་རྣམ་པ་དེ་བསྒྱུར་མ་ཐུབ། མི་ལོ་བཞི་བཅུའི་རིང་ལ་འདི་འདྲའི་ཚོར་ཤེས་སྐྱོ་པོ་མྱོང་བ་ཐོག་མ་ཡིན་ཞིང་། དམྱལ་བ་ཟེར་བ་དེ་ཡུལ་གཞན་དུ་བཙལ་མི་དགོས་པར་འཇིག་རྟེན་འདི་རང་ན་ཡོད་པའང་ད་རེས་ཤེས། ངའི་ལུས་མཚག་འདི་འདྲ་ཞན་བཞིན་དུ། དགོང་མོ་དེར་ཁོ་ཚོས་སྔར་བཞིན་ང་རྐུབ་སྟེགས་སྟེང་བསྒྲོགས་ཏེ་དོན་དག་སྦ་གསང་མེད་པར་ཤོད་ཟེར་ནས་སྐད་ངན་བརྒྱབ། ངས་ངོ་མ་ཅི་ཞིག་བཤད་དགོས་མི་ཤེས། ཁྱོད་ཚོས་ཡང་སྙིང་ཅི་ཞིག་ཤེས་འདོད། ཡིད་ཕངས་པ་ཞིག་ལ་ངས་ཁྱོད་ཚོ་བློ་ཕམ་འབྱུང་དུ་འཇུག་ངེས། རྒྱུ་མཚན་ང་ནི་འཁོར་སྐྱོང་ཁྱིམ་བཟུང་གི་བུད་མེད་ཕལ་པ་ཞིག་ཡིན་པས། ཁྱིམ་སྐྱོང་བུ་སྙོར་གྱི་ལས་ཀ་ལས་གཞན་ཅི་ཡང་མི་ཤེས། ཁྱོད་ཚོས་ཅི་ཞིག་ཤེས་འདོད་ན། བསྐོར་བཤད་མི་རྒྱག་པར་དྲང་མོར་དྲིས་དང་ངས་ཤེས་པ་རྣམས་བཤད་ངེས། དོན་དམ་པར་ངས་རང་གི་ཤེས་པ་རྣམས་སྔ་མོ་ནས་བཤད་ཚར་པ་ཡིན་ཞེས་བཤད་པ་ན། ང་ཚོས་དེ་ལྟར་དྲིས་ན་ག་ལ་ཆོག གཙོ་བོ་ཁྱོད་རང་གི་རྣམ་འགྱུར་དྲང་མིན་ལ་བལྟ་དགོས་ཞེས་བཤད། དེ་ནི་ཁོ་ཚོའི་གཡོ་ཐབས་ཤིག་ཡིན་པ་ངས་ཚོར། ཨུ་ཚུགས་མཐར་སྐྱེལ་བྱས་མཐར་རུས་ཀྲང་ཅན་གྱིས་སང་ཉིན་ནས་བཟུང་། ཁྱོད་ཀྱིས་རང་གི་ཉེ་བའི་ལོ་འགའི་རིང་གི་བྱ་བྱེད་ཆ་ཚང་སྦ་གསང་མེད་པར་དྲང་པོར་ཡི་གེར་ཕྲིས་ཟེར། དེ་རིང་འདི་ནས་མཚམས་འཇོག་ད་ཁ་ངོ་གཙང་མ་ཞིག་བཀྲུས་རྗེས་ཉོལ་ཅེས་བཤད། ཡིན་ནའང་ཁྱིམ་མི་དང་བཙན་གྱི་ཁ་ཕྲལ་བ་ནས་བཟུང་ང་ལ་ཁ་ངོ་བཀྲུ་བའི་བསམ་པ་ཞིག་ག་ལ་ཡོད་ཐུབ། ཕྱིའི་ཉིན་སྔ་མོར། ཁོ་ཚོ་ཕོ་མོ་གཉིས་ཀའི་རྣམ་འགྱུར་ཇེ་ཡག་ཏུ་སོང་འདུག ཁོ་ཚོ་ནི་ནང་སེམས་ཁམས་ཀྱི་འགྱུར་བ་ཕྱིའི་སྐྱི་པགས་སུ་མངོན་སླ་བའི་མི་རིགས་ཤིག་ཡིན་ས་རེད། རུས་ཀྲང་ཅན་གྱིས་ང་རྐུབ་སྟེགས་སྟེང་སྡོད་བཅུག་རྗེས་ཟྭ་ཡང་མ་བརྒྱབ། ཁོས་ང་ལ་ཤོག་ངོས་སུམ་ཅུ་ལྷག་ཅན་གྱི་འབྲི་དེབ་ཅིག་དང་སྣུམ་སྨྱུག་གཉིས་སྤྲད། འབྲི་དེབ་འདི་བཀོལ་ཚར་ན་ཁྱོད་ཀྱི་གནས་ཚུལ་བྲིས་ཚར་གྱི་རེད་ཟེར། ངས་ཁོ་ཚོས་ང་ལ་བཏོན་པའི་དྲི་བ་ལྟར། 2004ལོར་བལ་ཡུལ་དུ་སོང་བའི་གནས་ཚུལ་ཆ་ཚང་དང་། 2006ལོར་ཨ་རིར་སོང་བའི་བརྒྱུད་རིམ། ཨ་རི་ནས་འཁྲབ་སྟོན་དང་འཆད་ཁྲིད། ས་ཆ་གང་དུ་སོང་ཚུལ། མི་གང་དག་ལ་ཐུག་པ། ད་དུང་ཨ་རིར་ཕར་འགྲོ་ཚུར་ཡོང་གི་ཉི་མ་ནི་ཁོ་ཚོས་བཤད་པ་བཞིན་བཙན་གྱིས་བཀོད་སྒྲིག་མིན་པར། སྟེས་དབང་སྟབས་འགྲིག་ཡིན་ཚུལ་སོགས་བྲིས་པ་ཡིན། ཉིན་གུང་ཁོ་ཚོ་ཁ་ལག་ཟ་ཡི་འགྲོ་དུས་ང་ལ་ཅི་ཞིག་མཁོ་མིན་དྲིས་སོང་། ངས་རང་གི་འཁུར་ཁུག་ལས་སྒོར་མོ་ལྔ་བཅུ་ལེན་དུ་བཅུག་སྟེ་བཏུང་བ་དང་སིལ་ཏོག་ཉོ་རུ་བཅུག ཉི་མ་ནུབ་ཁད་ཙམ་ལ་འབྲི་དེབ་དང་སྣུམ་སྨྱུག་གཉིས་ཀ་ཚར། ཡང་བསྐྱར་འབྲི་དེབ་ཅིག་དང་སྣུམ་སྨྱུག་ཅིག་བྱིན། ས་རུབ་ཁར་རྒྱབ་དང་ལག་པ་ན་ནས་བཟོད་གླགས་མེད། ཡིན་ནའང་ངའི་སེམས་སུ་གནས་ཚུལ་བྲིས་པ་མྱུར་ན་ལམ་སེང་ཁྱིམ་དུ་ལོག་ཐུབ་སྙམ་ནས་ལག་པ་དང་སྒལ་བ་གཉིས་ན་བཞིན་བཙན་གྱིས་བྲིས་པ་ཡིན། བྲིས་ཚར་པ་རྣམས་ཁོ་ཚོར་སྤྲད། ཁོ་ཚོས་དོན་དག་ངོ་མ་ཅི་ཡང་བྲིས་མི་འདུག་ཟེར་ནས་ཡིད་མ་ཚིམ་པར་སྐོར་ཞིག་གཤགས་ཏེ་བསྐྱར་དུ་ཕྲིས་ཟེར། སྐབས་དེར་ངས་ད་གཟོད་རང་གིས་དོན་མེད་དུ་དཀའ་ལས་མྱོང་བཞིན་པ་ཤེས། ཡིན་ཀྱང་དགོང་མོ་དེར་གཉིད་ཉལ་དུ་ཨེ་འཇུག་བསམ་ནས་གཤགས་པ་རྣམས་ཡང་བསྐྱར་བྲིས་པ་ཡིན།

 ཁོ་ཚོས་བལ་ཡུལ་དུ་བོད་པ་སུ་སུ་དང་འབྲེལ་འདྲིས་བྱས་མིན་གཟབ་ནན་གྱིས་འདྲི་ཡི་འདུག ཐེངས་དེར་ལྷ་སའི་བལ་པོ་གཞུང་ཚབ་ཁང་དུ་ཐོངས་ཆེན་ལེན་སྐབས་རྒྱ་མིའི་བུ་མོ་གཞོན་ནུ་མ་ཞིག་གིས་ཐོངས་ཆེན་ལེན་གྱིན་པ་དང་འཕྲད། ངའི་ཕྱི་བགྲོད་ལག་འཁྱེར་གྱི་དུས་ཡུན་བརྒལ་གྲབས་འདུག  ཁོ་ཚོས་ཕྱི་བགྲོད་ལག་འཁྱེར་གྱི་དུས་ཡུན་མ་མཐའ་ཡང་ཟླ་དྲུག་དགོས་ཁྱོད་ཀྱི་ཟླ་གསུམ་ལས་མི་འདུག་ཅེས་འགྲོ་ལུགས་གནས་ཚུལ་བཤད་དེ་མཐོང་ཆེན་མི་སྟེར་རྩིས་བྱས།   ཏག་ཏག་བུ་མོ་དེ་ཆུང་དུས་ནས་བལ་ཡུལ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་བལ་པོའི་སྐད་གཙང་མ་ཤེས་ཤིང་།  ཁོ་མོའི་དགའ་རོགས་བོད་པ་དེ་ངའི་གླུ་དབྱངས་ལ་དགའ་མཁན་ཞིག་ཡིན་པ་ཚང་མ་སྟབས་ལེགས་སྟེས་འགྲིག་གིས།  ཁོ་གཉིས་ཀྱིས་ང་ལ་རོགས་རམ་བྱས་པར་བསྟུན་ལས་བྱེད་མི་སྣས་ང་རང་ཕྱིར་བོད་ལ་ལོག་རྒྱུའི་དམ་བཅའ་ཚིག་འགའ་བྲིས་སུ་བཅུག་རྗེས་ད་གཟོད་ཐོངས་ཆེན་སྟེར་ཙམ་བྱས།   དེ་བཞིན་བུ་མོ་དེ་འུ་གཉིས་ངོ་ཤེས་ཤིང་།   ལམ་རོགས་སུ་གྱུར་ཏེ་བལ་པོའི་གནམ་གྲུ་ཐང་ལ་འབྱོར་སྐབས་ཁོ་མོའི་ཕུ་བོ་དང་བལ་པོའི་གྲོགས་པོ་ཞིག་གིས་རི་སྐྱེས་མེ་ཏོག་ཆུན་པོ་ཞིག་ཁྱེར་ནས་བསུ་ལེན་དུ་ཡོང་འདུག   ཁོ་གཉིས་ཀྱིས་ཆ་མེད་རྒྱུས་མེད་ཀྱི་ལུང་པ་དེར་ངས་སྐད་རིགས་ཀྱང་མི་ཤེས་པ་དམིགས་པ་ཨེ་ཡིན་ནམ།   གནས་སྐབས་སུ་ཁོ་ཚང་དུ་སྡོད་ཟེར་བ་ལྟར།   ང་རང་བུ་མོ་དེ་དང་མཉམ་དུ་ཁོ་མོའི་ཕུ་བོའི་ཁང་བརྩེགས་གཉིས་མའི་ར་སྐོར་ཁེར་གཙང་གླས་པ་ཞིག་ཡོད་པ་དེ་ནང་གི་ཉིས་ཐོག་གི་ཁང་མིག་ཅིག་ནང་བསྡད་པ་ཡིན།   ཉིན་ཁ་ཤས་ཀྱི་རྗེས་སུ་ཁོ་ཚང་ནས་ཁ་འབྲལ་རྩིས་བྱས་ཀྱང་།   བུ་མོ་དེ་ཕུ་བོའི་བཟའ་ཟླ་ཤར་པ་ནས་ཡིན་པའི་བོད་མོ་ཞིག་ཡིན་གཤིས།   ཁོ་མོ་ང་རང་ས་དེ་དང་ཁ་འབྲལ་བར་ཡིད་འཐད་མ་བྱུང་བས་ང་ཁོ་ཚང་དུ་ཉིན་ཉི་ཤུ་སྟེ་ཕྱིར་ཕ་ཡུལ་བོད་ལ་ལོག་པའི་བར་དུ་ལུས་སོང་བ་ཡིན།   ད་ལྟ་བལྟས་ཡོང་ན་དེ་ནི་ཏན་ཏན་གྲོགས་སུ་གྱུར་འདུག    ང་བལ་ཡུལ་ནས་རྒྱ་མི་ཁྱིམ་ཚང་ཞིག་ཏུ་བསྡད་པའི་གནས་ཚུལ་ཕྲ་ཞིང་ཞིབ་པར་གླེང་བ་ཡིན།   དེ་ལའང་ཡིད་ཆེས་དེ་འདྲ་མེད་པར་ས་གང་དུ་གནས་མཇལ་ལ་སོང་བ་དང་མི་སུ་དང་འབྲེལ་འདྲིས་བྱས་མིན་སོགས་དྲིས།   དེ་ལྟར་ཡིན་ནའང་ཁོ་ཚོས་ང་རྒྱ་མི་ཁྱིམ་ཚང་ཞིག་ཏུ་བསྡད་པ་ཐོས་དུས།  གུ་ཡངས་ཀྱི་རྣམ་པའི་ཚོར་པ་ཞིག་ངང་གིས་བྱིན་ཡོང་། དེ་བས་ངས་གཟས་ནས་དེ་རིགས་བཙལ་ཏེ་བཤད་པ་ཡིན།  ཡིན་ནའང་ཁོ་ཚོར་དགོས་པ་དེ་ཙམ་མིན་པས་བཤད་རྒྱུར་མང་ན་ཚིག་རྩུབ་ཉོས་ཡོང་།   
དེ་རྗེས་ཀྲང་ཡོང་ནས་ཁྱོད་ཀྱིས་དྲང་མོར་བཤད་མི་འདུག  འདི་ལྟར་སོང་ན་ཉི་མ་འགོར་འགྱངས་བྱེད་པ་ལས་གང་ཡང་མི་ཡོང་།   ཤོག་གྲངས་འདི་འདྲའི་མང་པོ་བྲིས་པའི་ནང་ཁོའི་མིང་ཙམ་ཡང་གླེང་མི་འདུག་ཅེས་ཟེར།   ཁོའི་མིང་ཞེས་པ་ནི་རིན་པོ་ཆེའི་མཚན་ལ་ཟེར་གྱི་ཡོད་པ་རེད།   ཁྱོད་ཚོས་ངོ་མ་ཤེས་འདོད་པ་གང་ཡིན་ངས་མི་ཤེས།   རབ་ཡིན་ན་ཁྱོད་ཚོར་མཁོ་བའི་དྲི་བ་རྣམས་ཡི་གེར་ཁོད་དང་ངས་ཤེས་ཚོད་དུ་ཁྱོད་ཚོར་ལན་འདེབས་ཞེས་བཤད་པ་ན།   ཁོ་པས་བདག་ལ་ང“གོང་དུ་འབྲེལ་གཏུགས་བྱ་ཡུལ་དང་འོག་ཏུ་འབྲེལ་གཏུགས་བྱེད་ས”སུ་སུ་ཡིན་པ་དང་།   ཟི་ལིང་དུ་མི་དེའི་རིགས་སུ་སུ་ཡོད།   ང་དང་འབྲེལ་འདྲིས་ཆེས་ཆེ་བའི་མི་སུ་དག་ཡིན་པ།  ང་རྒྱུན་དུ་འགྲོ་སའི་ཇ་ཁང་དང་ཟ་ཁང་གང་ཡིན་པ།   ཟི་ལིང་གི་དཔོན་པོ་སུ་དང་འབྲེལ་འདྲིས་ཆེ་བ།   ལྡོང་སྲས་དང་འོད་ཟེར་ཁྱོ་ཤུག་ཇི་ལྟར་ངོ་ཤེས་ཚུལ།   ང་ཚོ་རྒྱུན་དུ་ཁ་བརྡ་གང་རིགས་བྱེད་ཀྱི་ཡོད་པ།   ཕྱི་རྒྱལ་གྱི་དྲ་བར་ཇི་ལྟར་འཇུག་ཚུལ་སོགས་ཕྲིས་ཟེར་ནས་དྲི་བ་རྣམས་ཡི་གེར་བཀོད་རྗེས།   དོ་དགོང་སྔ་མོ་ནས་ངལ་གསོས་ཏེ་འདང་རྒྱོབ།   སང་ཉིན་མུ་མཐུད་དུ་ཕྲིས་ཟེར་ནས་ང་ཉལ་དུ་བཅུག   

ཕྱི་ཉིན་མུ་མཐུད་དུ་རྐུབ་སྟེགས་སྟེང་བསྡད་དེ་གོང་གི་དྲི་བ་རྣམས་ལ་རང་གི་ཤེས་ཚོད་ཀྱིས་ལན་བྲིས་པ་ཡིན། ཡར་སྤྲད་རྗེས་ཁོ་ཚོས་ལྡོང་སྲས་ཀྱི་རྩོམ་ཡིག་ནང་དོན་གང་རིགས་འབྲི་བཞིན་ཡོད་པ་དང་ངས་བལྟས་མྱོང་མིན། ཕྱི་རྒྱལ་གྱི་དྲ་བའི་སྟེང་འཇུག་ཚུལ་སོགས་གསལ་པོར་བྲིས་མི་འདུག་ཟེར་ནས་གཤགས། ཉིན་དེར་ངའི་རྒྱབ་དང་ལག་པ་ན་ནས་སྔོན་ཉི་མ་ལྟར་མགྱོགས་པོར་འབྲི་མ་ཐུབ། ཡིན་ནའང་ངས་ལྡོང་སྲས་དང་ངེད་གཉིས་ངོ་ཤེས་པའི་བརྒྱུད་རིམ་ཉུང་ཙམ་ཞིག་བྲིས། ངེད་གཉིས2005ལོར་བོད་ཀྱི་རིག་གནས་པའི་དྲ་ཚིགས་སུ་ངོ་ཤེས་པ་ཡིན། ཁོས་གཙོ་བོ་སློབ་གསོ་སྐོར་གྱི་རྩོམ་ཡིག་འབྲི་ཡི་འདུག དབུ་མའི་ལམ་སྐོར་གྱི་རྩོམ་ཡིག་ཤོག་ངོས་སུམ་ཅུ་གྲངས་ཤིག་བྲིས་འདུག་ཀྱང་མིག་བཤེར་ཅིག་ལས་རྒྱག་མ་ཐུབ། དྲ་ཚིགས་དེ་རུ་རྡེབ་གྲངས་ཆེས་མང་བ་ནི་འོད་ཟེར་དང་ལྡོང་སྲས་གཉིས་ཀྱི་ཟིན་བྲིས་རེད། ཁོ་གཉིས་ཀྱི་རྩོམ་ཡིག་གི་ནང་དོན་གཏིང་ཟབ་པས་ཧ་གོ་དཀའ་ནའང་། ང་དྲ་ཚིགས་དེ་གཉིས་ལ་འཇུག་རྒྱུར་ཤིན་ཏུ་དགའ། དེ་བཞིན་ང་ཚོ་ཕན་ཚུན་དྲ་ཚིགས་སུ་ངོ་ཤེས་ཏེ་གྲོགས་པོར་གྱུར་པ་ཡིན། ཁོ་གཉིས་ཀྱི་ཟིན་བྲིས་ཡོད་སའི་དྲ་ཚིགས་དེ་ནི་ཁྲིམས་མཐུན་ལྟར་སྒྲུབ་པའི་ནང་གི་དྲ་བ་ཞིག་རེད། ངས་ལྡོང་སྲས་ལགས་རྒྱ་གར་དུ་འཚོ་སྡོད་བྱས་འདུག་པ་ལས། ཁྱོད་ཚོས་བཤད་པ་ལྟར་བཙན་བྱོལ་བོད་གཞུང་དུ་བྱ་བ་བྱེད་པ་མི་ཤེས། ཡིན་ཀྱང་ཁོ་རང་ལས་ཁུངས་དེ་ལས་ཕྱིར་བུད་དེ་ད་ལྟ་ཨོ་སི་ཁྲུ་ལི་ཡའི་ཚོགས་པ་ཞིག་ན་ལས་ཀ་བྱེད་ཀྱི་འདུག་ཟེར། དེ་སྔོན་ཁོ་རང་རྒྱ་གར་དུ་ཡོད་དུས། ཁོས་ཚེ་འདས་འགའི་དགེ་རྩ་སྒྲུབ་པའི་ཐད་ང་ལ་རོགས་རམ་བྱས་མྱོང་། ན་ནིང་ཁོ་རང་བྱ་བ་ལས་བུད་པ་ཤེས་མ་ཐག སྒོར་སྟོང་འགའ་བསྐུར་རྩིས་བྱས་ན་ཡང་ཁོས་དེ་དང་ལེན་བྱས་མ་སོང་། ངས་ཁོ་རང་ལ་རོགས་རམ་ཙམ་བྱེད་འདོད་པ་དེ་ནི་ང་ཚོ་བོད་པ་ཞིག་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཡིན། འུ་ཅག་གི་རིག་གནས་ལ་ཁྱད་པར་ཆེ་དྲགས་པས་དོན་དག་ལ་ལ་ཞིག་ལ་ཁྱོད་ཚོས་ནམ་ཡང་བསམ་ཤེས་བྱེད་ཐུབ་དཀའ་ཚོད་རེད། དེ་ནི་ད་སྐབས་བྱུང་དང་འབྱུང་བཞིན་པའི་དོན་དག་ལས་ཀྱང་ཤེས་ཐུབ། ཡང་གཅིག་བཤད་ན། ཁྱོད་ཚོས་ངའི་གློག་རྡུལ་ཡིག་སྒམ་དང་ཟིན་བྲིས་ཐམས་ཅད་ལ་སྔོག་བཤེར་བྱས་ཚར་པ་མ་ཡིན་ནམ། མི་ཞིག་ལ་གློག་རྡུལ་ཡིག་སྒམ་ལས་གསང་བ་གཞན་ཅི་ཞིག་ཡོད། ང་དངོས་གནས་ཁྱོད་ཚོས་བསམ་བཞིན་པའི་མི་སྣ་གལ་ཆེན་དེ་འདྲ་ཡིན་ཚེ། ཡིག་སྒམ་གྱི་གསང་ཨང་ལས་སླ་མོས་ཁྱོད་ཚོར་སྟེར་སྲིད་དམ། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ལ་མི་དགའ་ཟེར་ན་རྫུན་དུ་འགྲོ། དེ་རིང་གི་དུས་འདིར་ང་ཚོས་ཐ་ན་མི་རིགས་གླེང་ནའང་ཁྲིམས་འགལ་ཡིན་ནམ་ཞེས་བྲིས་ཏེ་ཁོ་ཚོར་སྤྲད། ངས་བྲིས་པ་མྱུར་ལ་གྲངས་ཀ་མང་བས་མི་ཁ་ཤས་ཀྱིས་ཨ་ལ་ལ་ཟེར་ནས་མགོ་བོ་གཡུགས། ཉིན་གཉིས་ལ་བསྡོམས་པས་ཤོག་གྲངས་ལྔ་བཅུ་ཙམ་བྲིས། འབྲི་དུས་ངས་མི་ཤེས་པའི་ཡི་གེ་རྣམས་བུད་མེད་ཉེན་རྟོག་པ་གཉིས་ལ་དྲིས་ཤིང་ཁོ་མོ་གཉིས་ཀྱིས་མི་ཤེས་པ་དག་ལག་ཁྱེར་ཁ་པར་ནང་བཙལ་ནས་ང་ལ་བཤད། ངས་བྲིས་པ་ཁོ་ཚོས་བལྟས་ཚར་རྗེས། བསྐྱར་འདྲི་གཏིང་འདྲི་བྱས་ཏེ་རུས་བརྡུངས་རྐང་འབྲུ་གང་ཐུབ་ཅིག་བྱས་སོང་། ཉི་མ་དེ་གཉིས་ལ་ངའི་རྒྱབ་དང་ལག་པ་ལ་ན་ཟུག་སྐྱེས་ནའང་། ང་རྐུབ་སྟེགས་སྟེང་བསྒྲོགས་ཏེ་མི་མང་པོས་རུབ་ནས་ཉེས་འགེལ་གྱི་འདྲི་གཅོད་མ་བྱས་པས་སྙིང་ཁམས་ལྟོས་བཅས་སུ་བདེ་ལ་བབས། མནར་གཅོད་ཀྱི་གོ་རིམ་ཞིག་

           (10)

ཉིན་བཅུ་གསུམ་པའི་ཉིན་གུང་ལ། ལྟ་སྲུང་བྱེད་མཁན་ལས་གཞན་རྣམས་ཁ་ལག་ཟ་རུ་འགྲོ་བར་ཁ་གཡར་ནས། ང་ཡང་བསྐྱར་རྐུབ་སྟེགས་སྟེང་བསྒྲོགས། དོན་དངོས་སུ་ཉི་མ་འདི་ཚོར། སྐྱེས་པ་ཚོས་མགོ་སྐྲ་བཀྲུ་བ་དང་ཨ་རག་འཐུང་བ། ཤོག་ཕེ་རྒྱག་པ་ཇེ་མང་དང་དགོད་སྒྲའང་ཇེ་ཆེ་རེད། ཉིན་ཞིག་ཁོ་ཚོ་ཁ་ལག་ཟ་རུ་འགྲོ་བའི་ཞོར་ལ་ཁྱམས་སུ་བཞག་པའི་གད་སྙིགས་ཤོག་སྒམ་དེའང་ཁྱེར་སོང་། ད་དུང་བུད་མེད་ཚོར་ཁ་ལག་ཟོས་རིན་གྱི་པ་སེ་ཁྱེར་ཤོག་དང་རྩིས་རྒྱག་ཅེས་ཝང་གིས་སྐད་རྒྱག་པ་ཐོས། མ་ཟད་བུད་མེད་ཚོས་ཁ་ལག་ཟ་དུས་ཟ་ཁང་གིས་ཁོ་ཚོར་པ་སེ་གང་བྱུང་དུ་སྤྲད་པ་རྣམས་ཝང་ལ་མཁོ་ཡི་རེད་ཅེས་ཁོ་ལ་བྱིན། ལྷག་པར་དུ་ཉིན་འགའི་སྔོན་ལ་རུས་ཝང་ཅན་གྱིས་ངའི་མགོ་ལ་བསྐོན་པའི་ཞྭ་རས་ནག་པོ་དེའང་ཁྱེར་སོང་། དེ་དག་ལས་གྱོད་དོན་ལ་འགྱུར་བ་ཞིག་འབྱུང་གིན་པ་ཤེས་ཐུབ། ཡིན་ནའང་ངས་བྱེ་བྲག་ཏུ་འགྱུར་བ་ཅི་བྱུང་གསལ་པོར་མི་ཤེས། གྱོད་གཞི་འདི་མཇུག་བསྒྲིལ་བཟོ་ཞིག་འདུག དོན་ངོ་མར་ང་གློད་བཀྲོལ་གཏོང་བ་ཡིན་ནམ་བཙན་དུ་འཇུག་པ་ཡིན་ཞེས་ཡིད་ལ་ཐེ་ཚོམ་འདྲ་མིན་སྣ་ཚོགས་དྲན། དེ་དག་ནི་སྐབས་དེར་ངའི་ཡིད་སེམས་བསྟས་པར་བྱེད་པའི་དྲི་བ་དང་དོགས་གཞི་ཡིན། དགོང་མོའི་ཆུ་ཚོད་ཉེར་གཉིས་པ་ཡོལ་ནའང་ཁོ་ཚོས་ད་དུང་སྐད་བརྒྱབ་ནས་ངལ་གསོ་རྩིས་མེད། བུད་མེད་ཅིག་གིས་བཤད་ན། ཁོ་ཚོས་ཤོག་ཕེ་རྒྱག་གིན་འདུག་ཟེར། སྤྱིར་བཏང་སྐྱེས་པ་ཉེན་རྟོག་པས་ངལ་གསོས་ཟེར་ནས་མ་བཤད་ན་བུད་མེད་དེ་དག་ཀྱང་ངལ་གསོ་མི་ཕོད། ཡིན་ཀྱང་དགོང་མོ་དེར་ཁ་ཡ་བྱེད་མཁན་མེད་པས། ཁོ་མོ་གཉིས་ཀས་ངལ་གསོ་བར་གྲ་སྒྲིག་བྱེད་ཀྱི་འདུག ངས་ཚུལ་དེ་མཐོང་ནས་ཁོ་ཚོར་ཤོད་ལ་ང་ལ་ངལ་ཞིག་གསོ་རུ་ཆུགས་ཞེས་ལབ། བུད་མེད་ཅིག་སོང་ནས་དྲིས་ཀྱང་ད་དུང་སྡོད་ཟེར་ནས་ང་མུ་མཐུད་དུ་བསྒྲོགས་ཏེ་བཞག དེ་ནས་ཡང་ཧ་ལམ་དུས་ཚོད་ཕྱེད་ཙམ་འདས། ངས་ཡང་བསྐྱར་བུད་མེད་གཅིག་ལ་ཞུ་བ་བྱས། མོ་རང་ཕྱིར་ཡོང་ནས་རུས་ཝང་ཅན་གྱིས་ད་དུང་སྡོད་ཟེར་ཞེས་བཤད་རྗེས། ཁོ་མོ་གཉིས་ཉལ་ནས་ངལ་གསོས། ངས་ཉེ་ལོགས་ཀྱི་ཁང་པའི་ནང་གི་སྐད་སྒྲ་ལ་ཉན་བཞིན་བསམ་བློ་གང་བྱུང་དུ་འཁོར་ནས་ཡུན་ཙམ་འགོར། ཡིན་ཀྱང་ཁ་ཡ་བྱེད་མཁན་མ་བྱུང་། དེར་ཁོ་ཚོས་བསམ་གཟས་ནས་ང་ལ་མནར་གཅོད་གཏོང་གིན་ཡོད་པ་ཤེས། མཚམས་ཤིག་ལ་གྲགས་འགུལ་མེད་པར་གྱུར། ངས་ཁོ་ཚོ་ངལ་གསོས་པ་ཤེས་ནས། ཁོག་ཏུ་རུས་ཝང་ཅན་ལ་དམོད་མོ་བྱེད་བཞིན་གཉིད་ཐམ་མེ་ཐོམ་མེ་ཞིག་ལོག་སོང་། སྔུན་དགོང་མོ་ཞིག་ལ་རྐུབ་སྟེགས་སྟེང་ནམ་བསླངས་པས་འཁྱག་སྟེ་སྐྲག་ཏུ་བཅུག ཡང་ཉི་མ་དེ་ཚོར་རྒྱུན་དུ་སྙིང་ཁར་ལག་ཕྱིས་གྲང་མོ་གླན་པའི་རྐྱེན་གྱིས་ལུས་ལ་གྲང་ཤུམ་རྒྱག་གིན་འདུག དེ་བས་ཉལ་ཁང་དེར་གར་ཡོང་ཆ་མེད་ཀྱི་དམག་ལྭ་ལྗང་ཁུ་བར་ཚངས་ཅན་རིང་བོ་ཞིག་ཡོད་པ་དེ་ཉིན་མཚན་མེད་པར་རྒྱབ་ལ་གྱོན། མཚན་མོ་དེར་ལྭ་བ་དེའི་ཕུ་ཐུང་གཡས་པ་གྱོན་ཞིང་གཡོན་པ་སྔས་འབོག་བྱས་པས་གཉིད་ཏོག་ཙམ་ལྡོག་ཐུབ་པ་བྱུང་། སྐྱེས་པ་ཉེན་རྟོག་པའི་འདྲི་གཅོད་མེད་ནའང་། བུད་མེད་ཉེན་རྟོག་པའི་ཟུར་ཟ་དང་དམའ་འབེབ་གཡོལ་ཐབས་མེད། བུད་མེད་ཅིག་གིས་ང་ལ་ཁྱོད་ད་ལྟ་ཚོར་པ་ཡོངས་སུ་སྦྲིད་འདུག སྡོད་ཟེར་ན་བསྡད་འཇོག ཉོལ་ཟེར་ན་ཉལ་འཇོག་འདི་འདྲའི་བཟོད་བསྲན་ཅན་ཞིག་ཅི་ཡིན་ནམ། རང་གི་བུ་མོ་ལོ་ལྔ་ལོན་མ་ཐག་ཙམ་རེད། ཁྱོད་ཀྱིས་དེ་ལའང་འདང་ཞིག་མི་རྒྱག་གམ། བུ་མོའི་སྐྱེས་སྐར་གླེང་སྐབས་ཀྱང་སེམས་སྡུག་པའི་སྣང་བ་ཙམ་ཡང་མི་སྟོན། ཅི་འདྲའི་གདུག་རྩུབ་ཆེ་ཨང་། ཁྱོད་ལ་ཨ་མ་ཞིག་གི་མཚན་ཉིད་མི་ཚང་ཟེར། མོས་ད་དུང་ང་དང་ཁྱོ་ག་གུང་ཁྲན་ཏང་ནང་མི་ཞུགས་པའི་རྒྱུ་མཚན་དྲིས། ང་ཚོ་སྤྱིར་བཏང་གི་ལས་མི་ཕལ་པ་ཡིན་པས་ཏང་ནང་ཞུགས་པའི་དགོས་པ་མེད་ལ། ཏང་རིན་དེའང་སྤྲོད་མ་འདོད་པས་ཡིན་ཟེར་མ་ཐག ཏང་གི་སྒོར་མོ་སྟོང་གསུམ་རེ་ལེན་བཞིན་ད་དུང་དེ་ཙམ་ཡང་གཏོང་མི་ཕོད་པ་དེ་ཁྱོད་ཚོའི་བསམ་བློ་ལ་གནད་དོན་འདུག་པས་རེད། ང་ལ་ཟླ་ཕོགས་སྒོར་སྟོང་གཉིས་ལྷག་ལས་མེད་ནའང་ཏང་ནང་ཞུགས་ཡོད་ལ། ང་ཚོ་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ལ་དད་པ་ཡོད། ཁྱོད་ཚོར་ཡང་ཆུང་དུས་ནས་ཏང་གི་སློབ་གསོ་ཐོབ་ནའང་། ད་དུང་རང་གི་དད་པ་དེའི་སླད་དུ་ཡོད་ཚད་བློས་བཏང་འཇོག ང་ངོ་མ་ཧ་ལས་གི ད་ལྟ་ངས་ཆོས་འཁོར་རྩ་རླུང་སྦྱོང་མཁན་རྣམས་དེ་འདྲའི་ཨུ་ཚུགས་ཆེ་དོན་ཧ་གོ་སོང་ཟེར་ནས་ང་འཇིགས་སྐུལ་རིང་ལུགས་པ་ཞིག་གི་ས་ལ་བཞག སེམས་སུ་ང་ད་ལྟ་དེ་འདྲ་མིན། ཡིན་ནའང་ཁྱོད་ཚོས་དངོས་གནས་མི་སྒྱུར་བཅོས་གཏོང་གིན་འདུག་ཅེས། ངས་ཁེ་ཉིན་ཉེན་རྟོག་པ་ཞིག་ལ་མི་ཞིག་བཙན་གྱིས་མཐའ་ལམ་དུ་དེད་པའི་གཏམ་རྒྱུད་ཅིག་བཤད་པ་དེ་ཡིད་ལ་དྲན། དེ་ཡང་གློག་བརྙན་ཞིག་རེད། མི་ནག་པོ་བཟའ་ཟླ་གཉིས་ལ་བུ་ཕྲུག་ཁ་ཤས་འདུག ཁྱོ་ག་དེས་བཟོ་གྲྭ་ཞིག་ན་ལས་ཀ་བྱས་ཏེ་ཁྱིམ་མི་ལ་འཚོ་ཐབས་སྦྱོར་བ་རེད། འཚོ་བའི་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་ནའང་ཁོ་ཚང་ཧ་ཅང་བཟའ་སྐྱིད་ཅིག་འདུག སྐབས་དེར་སྲིད་གཞུང་གི་ལམ་ལུགས་ལ་ཡིད་མ་ཚིམ་པའི་མི་ནག་པོ་རེ་འགས་ཁོ་ཡང་ཚོགས་པ་དེར་ཞུགས་པར་སྐུལ་ལྕག་ཐེངས་འགའ་བཏབ་ནའང་ཁོས་དེ་དང་ལེན་བྱས་མ་སོང་། ཉིན་ཞིག་ཁོ་རང་སྡོད་སའི་བཟོ་གྲྭ་དེར་འགད་གཏོར་བཏང་སོང་། ཉེན་རྟོག་པས་ཁོ་དོགས་གཞི་ཉེས་ཅན་དུ་འཇུ་བཟུང་བྱས་རྗེས་ཁོའི་ཆུང་མའང་བཀག་བསྐྱིལ་བྱས། མནར་གཅོད་དང་བརྡབ་གསིག་ལས་ཁོའི་ཆུང་མའི་མགོ་ཡི་སྐྲ་ཡང་བཞར་ཅིང་ཁོ་མོའི་སྙིང་ཁམས་ལའང་སྐྱོན་བཏང་འདུག ཁོ་ནི་དེ་ལྟར་མི་འདོད་བཙན་གྱིས་འཇིགས་སྐུལ་རིང་ལུགས་པ་རྣལ་མ་ཞིག་གི་ལམ་དུ་དེད་པ་རེད། གཏམ་རྒྱུད་དེ་བཤད་ཀྱང་ཉེན་རྟོག་པ་དེས་ཇི་མི་སྙམ་པར་བཏང་སྙོམས་སུ་བཞག མོས་ད་དུང་ཁྱོད་ཀྱིས་གཞན་གྱི་དྲིན་ཚོར་མི་འདུག་ཟེར་ནས་ང་ལ་གང་འདོད་དུ་གཤེ་གཤེ་བཏང་། ངས་རེད་ཡ། གལ་ཏེ་ཁྱོད་ངའི་ས་ན་ཡོད་ཚེ་ཡོད་ཚད་ཧ་གོ་ཡོང་། ཁྱོད་རྒྱ་མི་ཞིག་ཡིན་པས་བྲོ་བ་དེ་མྱོང་བའི་སྐལ་པ་མེད་ལས་ཆེ་ཞེས་བཤད། མོས་ལན་དུ་ཁྱོད་ཚོས་རྒྱུ་འབྲས་མེད་པའི་སྐད་ཆ་མ་བཤད། རྒྱལ་ཁབ་ཀྱིས་ཁྱོད་ཚོར་ལས་ངན་པ་ཅི་ཞིག་བསྒྲུབས་སོང་། སྔོན་ཆད་ཁྱོད་ཚོ་བོད་པ་རྣམས་ཇི་ལྟར་འཚོ་བ་རོལ་བ་ཁྱོད་ཀྱིས་མ་མཐོང་ཡང་མ་ཐོས་པ་ག་ལ་ཡིན། མོས་ཐེངས་འདིའི་དོན་རྐྱེན་ལ་ངན་སྐུལ་བྱེད་མཁན་སུ་རེད་ཅེས་དྲིས་བྱུང་། ངས་ཧ་མ་གོ རྒྱ་མི་མཁས་པ་རེ་གཉིས་ཀྱིས་བཤད་ན། གཙོ་བོ་ཁེ་ཕན་གྱི་འགལ་རྩོད་ལས་བྱུང་བ་རེད་ཟེར། ང་དེར་ཅུང་མོས་མཐུན་ཡོད། མི་སྒེར་གྱི་ཁེ་ཕན་ལ་གྱོང་ཤོར་ན་དོན་དག་དེ་རིགས་འབྱུང་སྲིད་ཅེས་ཐེངས་དུ་མར་བཤད་པའི་སྐད་ཆ་དེ་ཡང་བསྐྱར་བཤད་མ་ཐག ཁོ་མོས་ཉོག་གཏམ། བརྙན་འཕྲིན་ནང་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་པ་རེད་ཟེར་བ་མིན་ནམ། ཁྱོད་ཀྱིས་ཤེས་བཞིན་ད་དུང་དྲང་མོར་མི་བཤད། ངས་ཐོས་པ་ཡིན་ན་ཁོ་ད་ལྟ་ལོ་དགུ་བཅུ་ལྷག་ལ་སླེབས་འདུག་ཟེར་ཞེས་མོས་ཡོད་ཚད་ཧ་གོ་མདོག་གིས་དེ་ལྟར་བཤད། ཁོ་མོ་ཚོས་ང་ཉེས་ཅན་ངོ་མ་ཞིག་གི་ས་ལ་བཞག་སྟེ་སྐད་ཆ་གདུག་པོ་ཚོད་མེད་དུ་བཤད། ལན་རེར་ཐབས་ལ་མཁས་པའི་བུད་མེད་རེ་གཉིས་ཀྱིས་ང་ལ་བསླུ་བྲིད་ཀྱང་བྱེད། ཉི་མ་དེ་ནམ་ཡིན་ངས་བརྗེད་ཚར། གདམས་ངག་འབོགས་མཁན་གྱི་བུད་མེད་དེ་ལས་རེས་ཡིན་སྐབས་ཀྱི་ཞོགས་པའི་ཉི་ཤར་ཞིག་ལ། མོ་རང་ཉལ་ཁང་གསུམ་པ་དེར་འབྱོར་མ་ཐག འཇམ་དབྱངས་སྐྱིད། དཔྱིད་ཀ་སླེབས་པས་དེ་རིང་གནམ་གཤིས་ཧ་ཅང་ཡག རང་གིས་མྱུར་དུ་དོན་དག་རྣམས་བཤད་ཚར་རྗེས་ཁྱིམ་དུ་ལོག་སྟེ་བཟའ་མི་དང་མཉམ་དུ་གླིང་ག་གཏོང་དུ་སོང་ན་ཅི་འདྲའི་སྐྱིད་པ་ལ་ཨང་། ཁྱོད་ཀྱིས་ལྟོས་དང་ར་སྐོར་ནང་གི་མེ་ཏོག་ཀྱང་བཞད་འདུག་ཅེས་སྒེའུ་ཁུང་གི་དྲ་ཡོལ་ཡར་འགྱོག་ཙམ་བྱས་པས། སེར་ལམ་ལམ་གྱི་ཉི་འོད་ཕྲ་མོ་དེས་ངའི་ལུས་པོ་བརྟོལ་ཏེ་སེམས་ནང་དུ་འཕྲོས། དེ་ནི་བསླུ་བྲིད་ཅིག་སྟེ། གསེར་སྲང་སྟོང་གིས་བཟློག་དཀའ་བའི་བསླུ་བྲིད་ཅིག་རེད། ཁ་ཆེའི་བུད་མེད་ཉེན་རྟོག་པ་རུས་ཡེ་ཅན་དེས་ལྟ་སྲུང་བྱེད་རེས་ཀྱི་ཉིན་ཞིག་ལ། མོས་ང་ལ་ཁྱོད་སོ་སོའི་ལུས་སྟེང་གི་ཆེས་དགའ་ས་དེ་གང་ཡིན་ཟེར་ནས་དྲིས། ངས་ལན་དུ་ང་ནམ་རྒྱུན་འཚོ་བའི་ཁྲོད་རྒྱུ་འབྲས་བརྩི་རྒྱུར་དགའ་བ་དེ་ཡིན། དེ་ནི་སོ་སོའི་ལུས་སྟེང་གི་དགའ་ས་ཡིན་ལ། ཆེས་མི་དགའ་ས་ནི། རང་གིས་སྐྱོན་བཟོས་ཀྱང་ཁྱོ་ག་དང་བུ་ཕྲུག་མདུན་ངོས་ལེན་མི་བྱེད་པ་དེ་ཡིན། ཞེས་བཤད་མ་ཐག ཁོ་མོས་མི་ཞིག་གིས་རྒྱུ་འབྲས་བརྩི་བ་ཚད་ལས་བརྒལ་ན་རང་ལ་དཀའ་ལས་བཟོས་ཡོང་། ཁྱོད་ཀྱིས་འདི་འདྲའི་ཁོར་ཡུག་ཁྲོད་དུའང་རང་རྩིས་ཤོར་མི་འདུག་ཟེར། ངས་དེ་ནི་ང་རང་གི་གཤིས་ཀ་འདི་ལན་པས་བསྒྱུར་ཐབས་མེད་ཅེས་པ་ཡིན། མོས་ད་དུང་ཁྱོད་ཀྱིས་བལྟས་ན། ང་ཚོ་བུད་མེད་ཉེན་རྟོག་པའི་ཁྲོད་ཁྱོད་ལ་ཅུང་བཟང་བ་དེ་སུ་རེད་ཟེར། ངས་དེ་ཁྱོད་ཡིན་གྱི་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མ་གྲངས་ཉུང་མི་རིགས་ཡིན་པས་ཞེས་བཤད་པ་ན། མོས་ཁྱོད་ཀྱིས་དོན་དག་ལ་དཔྱོད་ཤེས་ཀྱིས་འདང་རྒྱག་གི་འདུག་ཟེར། མོ་རང་ལས་རེས་དུས་སུ་ཉལ་ཁང་དེར་འབྱོར་རྗེས། ང་ལ་ལག་སྒྲོག་བརྒྱབ་འདུག་པ་མཐོང་ན་བཀྲོལ་ངེས་ལ། བུད་མེད་ལས་རེས་གཞན་པ་ཚོས་རང་འགུལ་གྱིས་ངའི་ལྕགས་སྒྲོག་བཀྲོལ་མི་སྲིད། མ་ཟད་རྒྱ་མོ་ཉེན་རྟོག་པ་ཁང་པའི་ནང་མེད་པ་ཙམ་བྱུང་ན། མོས་ང་ལ་སྐད་ཆ་བཤད། དེ་ནི་ངས་རྒྱས་སྤྲོས་ཀྱི་ལོངས་སྤྱོད་ཅིག་ཏུ་རྩི་ཡི་ཡོད། དེའི་ཕྱིར་ང་རྒྱུན་དུ་ཁོ་མོའི་ལས་རེས་ལ་འཁྲེང་བ་ཡིན། དང་ཐོག་ངས་ཁོ་མོའི་གམ་དུ་མིག་ཆུ་རེ་འགའ་ཤོར་མྱོང་། མིག་ཆུ་ཤོར་ཐེངས་རེར་ང་འགྱོད་གདུང་གིས་གཙེས་ཡོང་། སེམས་སུ་ཕྱིན་ཆད་གཞན་གྱི་མདུན་དུ་མིག་ཆུ་མི་གཏོང་བའི་དམ་བཅས། ཁ་ནས་མི་ཞིག་གི་སེམས་བསྲེགས་པ་ཚད་ལས་བརྒལ་ན་ནམ་ཞིག་མིག་ཆུའང་མེད་པར་འགྱུར་ངེས་ཞེས་བཤད་ཞོར། ཁོག་ཏུ་རང་ཉིད་མྱུར་དུ་དེ་ལྟར་འགྱུར་བར་སྨོན་ལམ་བཏབ། མོས་ཐེངས་ཤིག་ལས་རེས་སྐབས་སུ་ང་ལ། ཁྱོད་ལ་རྐྱེན་ངན་འདི་འདྲ་བྱུང་བས་མ་འོངས་པར་རང་གི་བུ་ཕྲུག་སྲིད་གཞུང་གི་ལས་ཁུངས་སུ་ལས་བགོ་བྱེད་ཁག་པ་རེད་ཟེར། དེ་འཕྲལ་མོའི་བསམ་ཚུལ་དེ་ཁོ་ཚོ་སྤྱི་གཞུང་གི་བསམ་ཚུལ་ཡིན་མིན་ལ་ང་དོགས་པ་སྐྱེས། གང་ཡིན་ཟེར་ན་མོའི་ཚིག་ཤུགས་སུ་ང་ལ་ཁྲིམས་ཐག་གཅོད་པའི་ཚིག་ཉམས་ཤིག་འདུག་པ་ཨེ་ཡིན་སྙམ་པ་ལས། བུ་མོ་སྲིད་གཞུང་ལས་ཁུངས་སུ་ལས་བགོ་བྱེད་མིན་ལ་ངའི་བསམ་བློ་འཁོར་གྱི་མེད་པར་མ་ཟད། ཁོ་ཚོས་ང་ལ་ཁྱོད་ཀྱིས་རྒྱལ་ཁབ་ཀྱིས་སྤྲད་པའི་ཕོགས་སྒོར་སྟོང་གསུམ་རེ་བླངས་ནས་ད་དུང་་་་་་ཞེས་སྐད་ཆ་དེ་ལན་གྲངས་མང་པོར་བཟླས་པས་ངའི་སེམས་ལ་ཕོག་ཐུག་ཟབ་མོ་བཟོས་སོང་། མཚམས་ཤིག་ལ་སེམས་སུ། ཨ་ཤི་རེ། ང་དཔའ་ཞུམ་ནུས་མེད་ཅིག་ཡིན་ཏེ་ཕོགས་དེར་བརྟེན་དགོས་བྱུང་སྙམ་ནས་ཕངས་སེམས་ཆེན་པོ་སྐྱེས་ཤིང་། ཐེངས་རེ་གཉིས་ལ་རང་ཉིད་ལས་ཀ་དེ་ལས་གཡུགས་ན་འགྲིག་བཞག་འདོད་སོང་། གང་ཡིན་ཟེར་ན། ཕྱིན་ཆད་རྒྱབ་ཁབ་ཀྱི་ཕོགས་ཟ་མཁན་ལ་ཁ་གཡར་ནས་དོན་མེད་དུ་ཁྱད་གསོད་དང་དམའ་འབེབ་བྱེད་མཁན་མི་འདུག་སྙམ། ཉིན་བཅོ་ལྔ་པའི་ཉིན་གུང་ཡོལ་ཙམ་ལ། ཧྲིན་གྱིས་ང་ཚོའི་ཁང་པའི་ནང་གི་འབོལ་ཁྲི་ཡ་གཅིག་འཁྱེར་ཞོར་ང་ཡང་ཁོ་ཚོའི་ཉལ་ཁང་དུ་ཤོག་ཟེར། ཉལ་ཁང་དེ་ང་ཚོའི་ཁང་པ་དང་བཤིབས་འདུག་པས་གོམ་པ་དོ་ཙམ་གྱིས་དེ་རུ་འབྱོར། ཡིན་ནའང་སྐབས་དེར་ངའི་རྗེས་འབྲངས་མཁན་མེད་གཤིས་སྐད་ཅིག་མར་སེམས་པ་ཡན་གར་བ་ཞིག་ཏུ་གྱུར། ཁང་པ་དེ་ནི་ང་ཚོའི་ཁང་པ་དང་འདྲ་བར་འདྲི་གཅོད་རྐུབ་སྟེགས་ཤིག་འདུག མི་འདྲ་ས་ནི་དེའི་ནང་རྩིས་འཁོར་ཞིག་ཡོད། ཁོས་འབོལ་ཁྲི་དེ་སྒོའི་གཡས་འགྲམ་གྱི་གྱང་རྩར་བཞག་སྟེ་ང་དེ་སྟེང་སྡོད་བཅུག་རྗེས་བདེ་མིན་དྲིས། དེ་ནས་ཁོས་དེ་རིང་གི་འདྲི་གཅོད་ལ་དུས་ཚོད་ཧ་ཅང་རིང་པོ་ཞིག་མཁོ་ཞེས་བཤད། སྐབས་དེར་མི་ཞིག་གིས་ཧྲིན་ལ་ཉིན་གུང་ཁ་ལག་ཟོས་རྗེས་འདྲི་གཅོད་བྱོས་ཟེར་ཡང་ཁོས་འཐུང་ས་མེད་ཅེས་ང་ལ་འདྲི་གཅོད་བྱེད་མགོ་བརྩམས། ཐོག་དང་པོར་ང་མི་ཞིག་གི་ཚད་དུ་བཞག་པ་ན། རང་ཉིད་ཀྱང“ཉེས་ཅན་སྣ་ནག”ཅིག་མིན་པའི་སྣང་བ་སྐྱེས། ཁོའི་གཤིས་ཀ་ལས་ངའི“ཉེས་པ”ཇེ་ཡང་དུ་འགྲོ་བའི་བཟོ་ཞིག་མངོན། རུས་ཧྲིན་ཅན་གྱིས་ཐོག་མར་ཁོ་ཚོས་ཉིན་དེ་དག་རིང་འདྲི་གཅོད་བྱས་པ་རྣམས་ཕྱོགས་བསྡོམས་ཀྱིས་མི་གསལ་མི་གོ་ས་ང་ལ་དྲིས་ཏེ་ཟིན་བྲིས་བཏབ། དེ་ནས་ཁོས་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་པའི་དྲ་བར་འཇུག་ག་ལ་རུང་། ང་ལ་ཡང་ཆོས་འཁོར་རྩ་རླུང་སྦྱོང་མཁན་གྱི་བརྙན་སྡེར་ཁ་ཤས་འབྱོར། གང་ལྟར་ཕྱི་ནང་གི་རྐྱེན་སོགས་ཀྱིས་ངས་བརྙན་སྡེར་གཅིག་ལའང་བལྟས་མ་མྱོང་། ངས་ཀྱང་ལམ་ལུགས་ཁ་ཤས་འཐུས་ཚང་མིན་པ་ཚོར་གྱི་ཡོད། རྒྱལ་ཁབ་གཞན་དག་ཀྱང་ག་ལེར་ཡག་ཏུ་སོང་བ་རེད། སྔོན་ཆད་རྒྱལ་ཁབ་ལ་མི་དགའ་བའི་ཚིག་གཅིག་བཤད་ཀྱང་སྲོག་ཐོག་གཏོང་བ་ཁྱོད་ཀྱིས་ཀྱང་མི་ཤེས་པ་ག་ལ་ཡིན་ཞེས་བཤད། ཁོས་ཀྱང་རང་གི་རྒྱལ་ཁབ་ཡག་ཏུ་འགྲོ་བར་རེ་སྨོན་བཅངས་འདུག་པ་འདྲ། མཇུག་མཐར་ཁོས་རྒྱ་མིས་བོད་མི་ལ་དམའ་འབེབ་བྱེད་དམ་ཞེས་དྲིས། ངས་དེ་ནི་བཤད་མ་དགོས་པའི་དོན་ཞིག་རེད་ཅེས་རང་གི་ཕ་མ་དང་ཉེ་དུ་ལ་གྲོང་ཁྱེར་འདི་རུ་མཐོང་ཆུང་དང་དམའ་འབེབ་ཐེབས་ཚུལ་རེ་རེ་བཞིན་དྲངས་པ་ཡིན། ཁོས་ཁ་ཆེ་རྣམས་དུག་ཚོང་དང་ནག་ཚོང་ལ་དགའ་བས་ངས་ཁོ་ཚོར་དམའ་འབེབ་བྱེད་པ་ལས་བོད་པ་ལ་དེ་ལྟར་བྱེད་པའི་གོམས་སྲོལ་མེད་ཟེར། སྐད་ཆ་དེར་བདེན་ཞད་ཡོད་མེད་མི་ཤེས། ཁོས་ད་དུང་བོད་མོ་རྣམས་ཡ་རབས་སྤྱོད་བཟང་ཡིན་ཚུལ་ལབ་ཅིང་། རྒྱ་མི་དང་གཉེན་མི་བསྒྲིག་པའི་རྒྱུ་མཚན་ཡང་དྲིས། ངས་དེ་ཡུལ་གོམས་གཤིས་ལུགས་ཀྱི་དབང་གིས་ཡིན་ལས་ཆེ་ཟེར་ནས་རྒྱུ་མཚན་རོབ་བསྡུས་ཀྱིས་ལན་ཙམ་འདེབས་ཁུལ་བྱས། དེ་རྗེས་ངས་ཁོ་ལ། ཁྱོད་ཚོ་ལྟར་ན་ང་ཚོ་ཧ་ཅང་རྗེས་ལུས་ཡིན་མོད། དེ་ལྟ་ཡིན་བཞིན་དུ་ཁུར་པོ་ལྷག་མ་དེ་འཁུར་དགོས་དོན་མི་འདུག འོན་ཀྱང་ཁྱོད་ཚོས་འདི་ལྟར་ཞེན་ཆགས་ཀྱིས་ང་ཚོ་གཏོང་མི་ཕོད་པ་མཐོང་དུས། མཚམས་རེར་དེ་ནི་ངའི་མི་རིགས་འདིའི་རིན་ཐང་དང་གཟི་བརྗིད་དུ་མི་རློམ་ཀ་མེད་རེད་ཅེས་བཤད་མ་ཐག ང་ཚོ་ཚང་མ་རྒྱལ་ཁབ་གཅིག་གི་མི་རེད། དེ་ལྟར་ཁ་ཁར་གཏོང་ག་ལ་ཉན་ཞེས་ཁོ་ལ་རང་གི་རྐང་ལག་གཅོད་པ་ལྟ་བུའི་ཚོར་པ་སྐྱེ་ཡི་འདུག འདྲི་གཅོད་ཐེངས་དེར་ཧ་ལམ་དུས་ཚོད་བཅུ་ཙམ་འགོར་ནའང་། ངའི་སེམས་ལ་གནོན་ཤུགས་མ་བྱིན། ཚུལ་དེར་བལྟས་ན་ཁོ་ཚོས་གོང་རིམ་ལ་སྙན་ཞུ་འབུལ་གྱི་ཡོད་པ་འདྲ། དེ་འདྲ་ཡིན་ཚེ་ང་བཀག་བསྐྱིལ་ལས་ཐར་བར་ཡུན་རིང་མི་འགོར་སྙམ། ཉིན་བཅུ་དྲུག་པའི་དགོང་མོར། ང་སླར་ཡང་ཁོ་ཚོའི་ཉལ་ཁང་དེར་ཁྲིད་དེ“སྟག་རྒོད་རྐུབ་སྟེགས”སྟེང་བསྒྲོགས་ཏེ་འདྲི་གཅོད་བྱེད་རྩིས་བྱས། སྐབས་དེར་ངའི་སེམས་སུ་ཁོ་ཚོས་བདེན་དཔང་འདྲ་རྙེད་པ་མིན་ན། འདི་འདྲའི་གཟབ་གཟབ་བྱེད་མི་སྲིད། ཡིག་སྒམ་གྱི་གསང་ཨང་བྱིན་ནས་ཉིན་ཁ་ཤས་འགོར་ཟིན་ཞེས་བསམ་གཞིག་བྱེད་སྐབས། རུས་ཀྲང་ཅན་གྱིས་འདྲི་གཅོད་ཚིག་གཅིག་མ་བྱས་སྔོན་ལ་ཐོག་མར། འཇམ་དབྱངས་སྐྱིད། ཁྱོད་འདི་ལ་ཡོང་དོན་ཅི་ཡིན་ཤེས་སམ་ཞེས་དྲིས། ངས་གསལ་པོར་མི་ཤེས་ཞེས་ལན་བཏབ་པ་ན། ཁྱོད་འདིར་ཡོང་དོན་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པའི་ཕྱི་རྒྱལ་གྱི་དྲ་བའི་སྟེང་གི་རྩོམ་ཡིག་ལ་བལྟས་པས་རེད། དེ་ནི་ཁྲིམས་འགལ་ཡིན་ལ། ཁྱོད་ཀྱི་ཉེས་པ་ནི“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་བའི་ནག་ཉེས”ཡིན་ཟེར། ངས་ལན་ཅི་ཞིག་འདེབས་དགོས་མ་ཤེས་པར་ངག་ལས་འོ་ཞེས་ཐལ། རྒྱུ་མཚན་ང་དང་ཐོག་ཉེན་རྟོག་སློབ་གྲྭར་འབྱོར་མ་ཐག་པའི་འདྲི་གཅོད་ཅིག་གི་སྟེང་། ཏག་ཏག་རུས་ཀྲང་ཅན་འདིས་གདོང་ལ་གཡོ་འཛུམ་ཞིག་ལངས་ཏེ། འཇམ་དབྱངས་སྐྱིད། ཕྱི་རྒྱལ་གྱི་དྲ་ཚིགས་སྟེང་གི་རྩོམ་ཡིག་འགའ་བཀླགས་པ་དང་འཕྲིན་ཐུང་ཁ་ཤས་བསྐུར་པ་ཙམ་གྱིས་ང་ཚོས་ཁྱོད་ས་འདིར་ཁྲིད་ཡོང་སྲིད་དམ་ཞེས་བཤད་མྱོང་བས་ཡིན། ཀྲང་གི་ལག་ཏུ་ངའི་གློག་རྡུལ་ཡིག་སྒམ་ལས་ཕབ་ལེན་བྱས་པའི་འཕྲིན་ཡིག་དང་། དྲ་བའི་སྟེང་དུ་གཞན་གྱི་བཅར་འདྲི་བྱས་པའི་རྩོམ་ཡིག ད་དུང་ཚ་མོའི་རྩིས་འཁོར་ལས་དཔར་བའི་དཔེ་དེབ་ཀྱི་མིང་དང་རྩོམ་ཡིག་རེ་གཉིས་བཟུང་འདུག ཁྱོད་ཀྱིས་ཆེས་བཀུར་བའི་མི་ནི་སུ་ཡིན་ཟེར། ངས་ཅི་ཡིན་ཆ་མ་འཚལ་བར་རང་གི་ཨ་མ་ཡིན་ཚུལ་བརྗོད། ཁོས་ཁྱོད་ཀྱིས་ཆེས་བཀུར་བའི་མི་དེ་ལྡོང་སྲས་མིན་ནམ། ཁོ་ལ་དེ་འདྲའི་གུས་ཞབས་བྱས་ཏེ་ཁོ་ཁྱོད་ཀྱི་ཁྱོ་ག་མ་རེད། ཁྱོ་ག་ཡིན་ན་ཁྱོད་ཁོའི་པང་དུ་ཉལ་ཆོག་ཆོག་རེད་སོགས་ཡོན་ཚད་མེད་པའི་སྐད་ཆ་བཤད་དེ་རང་མཚང་རང་གིས་ཕྱུང་། དེ་རྗེས་ཁོས་ངས་ལྡོང་སྲས་ལགས་ལ་བསྐུར་པའི་འཕྲིན་ཡིག་འགའ་བཏོན། ཁྱོད་ཀྱིས་ང་ཚོ་ནི་ཧ་ཅང་ཉམ་ཐག་ཅིང་འཇིག་ལ་ཉེ་བའི་མི་རིགས་ཤིག་ཡིན་ཞེས་བྲིས་འདུག དེའི་ནང་དོན་ཅི་ཡིན། གཞན་ལ་ལེ་བདའ་བྱེད་པ་ཡིན་ནམ་ཟེར། ངས་མིན། བོད་པ་རང་སྟེང་གི་ཞན་ཆ་བརྗོད་འདོད་པ་ཡིན་ཞེས་གོ་གསེད་བྱས། ཁོས་ཁྱོད་ཀྱིས་རྡ་རམ་ས་ལ་ནི་ང་རང་ཡིད་སྨོན་འཆོར་སའི་ཡུལ་ཡིན་ཞེས་བྲིས་འདུག རྒྱུ་མཚན་ཅི། ངས་ང་ས་དེའི་ཡུལ་ལྗོངས་དང་གནམ་གཤིས། ལྷག་པར་དུ་རྒྱ་གར་གྱི་གླུ་གཞས་ལ་དགའ་བས་ཡིན། ཁོས་ཡུལ་ལྗོངས་ཡག་མིན་ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན། ངས་དཔེ་དེབ་སོགས་སུ་མཐོང་བ་ཡིན། མི་ཤོད་དགུ་ཤོད་མ་བྱེད། ཡག་རྒྱུ་ཅི་ཡང་མེད། ས་ཆ་དེ་དབུལ་པོ་དབུལ་རྐྱང་ཞིག་ཡིན་པ་རེད་ཅེས་དམའ་འབེབ་བྱས། ཁོས་ང་ལ་དོན་ངོ་མར་ཁྱོད་ཀྱིས་ལྡོང་སྲས་ལ་དངུལ་སྟོང་དུ་བསྐུར་ཞེས་འཕྲིན་ཡིག་ལ་ལྟ་ཞོར་དེ་ལྟར་དྲིས། ངས་སྒོར་སྟོང་ལྔ་བསྐུར་རྩིས་བྱས་མོད་ཁོས་དང་ལེན་བྱས་མ་སོང་ཞེས་བཤད། ཁྱོད་ཀྱིས་ཨེན་ཙམ་གྱིས་རང་གི་བུ་མོའང་རྒྱ་གར་དུ་བསྐྱལ། བུ་མོ་ཡང་ཁྱོད་ལྟ་བུ་ཞིག་སྐྱེད་སྲིང་བྱེད་འདོད་པ་ཡིན་ནམ། ཉོག་གཏམ། བུ་མོ་ཁྱོད་ཚོའི་སྲོལ་རྒྱུན་ཉ་ཉོག་དེ་ལས་དེང་རབས་ཀྱི་སྐར་ཆེན་ཀྲོའུ་ཅེ་ལུན་དང་ཚའེ་དབྱིས་ལིན་སོགས་ལ་དགའ་སྣང་ཡོད་རེད་ཅེས་བཤད་མ་ཐག་ཧང་སེ་བཏང་། རྒྱུ་མཚན་བུ་མོ་དངོས་གནས་ཀྲོའུ་ཅེ་ལུན་ལ་དགའ་ནས་སྨྱོས་འདུག ཁོས་ད་དུང་འཕྲིན་ཡིག་ཅིག་གི་ནང་ཝང་ལི་ཞུང་དང་འོད་ཟེར་གཉིས་ཟི་ལིང་དུ་མི་སྣ་གལ་ཆེན་དང་ཕྲད་ཟེར། མི་དེ་འདྲ་གལ་ཆེན་ཞིག་སུ་ཡིན་ནམ་ཞེས་དྲིས། ངས་དེ་ནི་དགེ་རྒན་ཝང་གི་རྩོམ་ཡིག་ལ་དགའ་མཁན་གྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མིང་ལ་ལི་ཆིང་ཟེར་བ་དེ་རེད་ཅེས་བཤད་པ་ན། དོན་དེ་གཏིང་འདྲི་མ་བྱས་པར་བསྐྱུར། ཁོས་དབུས་མའི་ལམ་ཟེར་བ་དེར་ཁྱོད་ལ་ལྟ་ཚུལ་ཅི་ཡོད་ཅེས་དྲིས། ངས་དབུ་མའི་ལམ་གྱི་ནང་དོན་གསལ་པོར་ཧ་མི་གོ་བས་བཤད་ཐབས་བྲལ་ཞེས་ལན་བཏབ་པ་ཡིན། ཁོ་པས་སྔར་བཞིན་རྒྱལ་ཁབ་ཀྱིས་ཁྱོད་རང་ལ་ལོ་མང་པོར་སློབ་གསོ་བཏང་སྐྱེད་སྲིང་བྱས། ཁྱོད་ཀྱིས་ལོ་ཉི་ཤུ་ལྷག་ལ་གསར་འགྱུར་གྱི་བྱ་བ་བསྒྲུབས། ཡིན་ནའང་ཁྱོད་ཀྱི་སེམས་པ་ཕར་ལ་ཤོར་འདུག ཁྱོད་ནི་མི་ཐལ་མཐའ་པ་ཞིག་དང་། མི་རིགས་རིང་ལུགས་ཐལ་མཐའ་པ་ཞིག་རེད་ཅེས་བཤད། ངས་ལན་དུ་རང་གི་ལས་ཀ་དང་རྩོམ་ཡིག་སོགས་སུ་རྒྱལ་ཁབ་བདེ་འཇགས་ལ་གཏོར་བརླག་གི་བྱ་བ་བྱས་མེད་ཚུལ་བརྗོད། ཁོས་ཁྱོད་ཀྱིས་རྩོམ་ཡིག་དང་འཕྲིན་ཡིག་ནང་བྲིས་པ་སྣ་ཁ་གཉིས་རེད། ཁ་ཁོག་མི་གཅིག་གི ཁྱོད་ཀྱིས་རྒྱལ་ཁབ་ཀྱི་དངུལ་ལེན་བཞིན་རྒྱུ་འབྲས་མེད་པར་སེམས་གཞན་ལ་འཁོར་ཚར་འདུག་ཅེས་ཁོ་པས་རང་གི་ན་ཟུག་དྭངས་ཐབས་ཀྱིས་ངའི་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་གྲི་ཡིས་གཤགས། ཁོས་ད་དུང་ཝང་ལི་ཞུང་གིས་བཤད་པ་ངོ་མ་རེད། མཐར་གཏུགས་ན་མང་ཚོགས་ཀྱིས་ཅི་ཡང་འཁྱོངས་ཀྱི་མ་རེད། གཙོ་བོ་ཡོན་ཏན་པ་རྣམས་ཀྱིས་འདྲ་མཉམ་དང་རང་དབང་མང་གཙོ་གླེང་ནས་མང་ཚོགས་ལ་ངན་ཤན་ཐེབས་བཅུག་སྟེ། ཁད་ཀྱིས་རྒྱལ་ཁབ་ལ་འགྱུར་བ་གཏོང་བསམ་པ་རེད། ཁྱོད་བུད་མེད་ཅིག་ལ་བསམ་བློ་འདི་འདྲ་ཡོད་མི་སྲིད་པས། ཁྱོད་ལ་སུའི་ཤན་ཤུགས་ཐེབས་པ་ཡིན། ཁྱོད་ཀྱི་བསམ་བློ་དེ་དུས་ནམ་ཞིག་ནས་ཆགས་འགོ་བརྩམས་པ་ཡིན་ཞེས་དྲིས། ངས་མི་ཞིག་གི་བསམ་བློ་ནི་ཆུ་ཐིགས་རེ་རེ་བསགས་ནས་རྒྱ་མཚོར་གྲུབ་པ་ལས་ཁང་པ་རྩིག་པ་ལྟར་བལྟས་བལྟས་རིག་རིག་ལ་ཡར་སློང་བ་ཞིག་མིན། ཐ་ན་མེ་ཏོག་ཅིག་བཞད་པའི་གོ་རིམ་ཡང་སྐད་ཅིག་མར་མ་ཡིན་པར་ག་ལེར་ཡིན་པ་རེད། ང་རང་ཕྱི་རྒྱལ་དུ་ཐེངས་གཉིས་ལ་སོང་ཞིང་། ཕྱི་ཕྱོགས་ཀྱི་གསར་འགྱུར་འདི་གའི་གསར་འགྱུར་དང་མི་མཚུངས་པས་ལྟ་འདོད་སྐྱེས་ཞེས་བཤད་པ་ན། ཀྲང་གིས་ཁྱོད་ཀྱི་ཁྱོ་གས་ཟེར་ན། ཁྱོད་ལ་ཤུགས་རྐྱེན་འཇུག་མཁན་ཁོ་རང་ཡིན། ཁོས་ཁྱོད་ལ་གནག་སོང་ཞེས་ད་ལྟ་འགྱོད་པ་དྲག་པོ་སྐྱེས་འདུག་ཅེས་བཤད། སྐད་ཆ་ཚིག་དེ་བཤད་སྐབས་ཁོའི་གདོང་ལས་རྣམ་དག་གི་ཉམས་ཤིག་མངོན་འདུག་པས་ངས་སྐད་ཆ་དེར་བདེན་ཞད་ཡོད་ན་ཐང་འདོད། དེ་རྗེས་ཁྱོ་གའི་གྲོགས་པོ་ཚོས་གསར་འགྱུར་དེར་བལྟས་སམ། ཁོ་ཚོས་རྒྱུན་པར་ཅི་ཞིག་གླེང་གི་འདུག ཐེངས་འདིའི་དོན་རྐྱེན་ལ་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་ཅེས་དྲིས། གྲོགས་པོ་ཚོས་རང་གི་སྲོལ་རྒྱུན་རིག་གནས་ལ་དགག་པ་གཏོང་བ་ལས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་ཐོས་མ་མྱོང་། ད་རེས་དོན་རྐྱེན་འདི་འདྲ་བྱུང་བར་སེམས་པ་སྡུག་གིན་འདུག་ཅེས་བཤད་པ་ན། ཅི་ཞིག་ལ་སྡུག་པ་རེད་ཟེར། ང་སྐྲག་ཅིང་ཞེད་བཞིན་བོད་མིའི་ཚེ་སྲོག་འཕྲོ་བརླག་ཏུ་བཏང་བར་སྡུག་པ་རེད་ཅེས་བཤད། ཁོས་འོ་ན། ལྷ་སའི་རྡུང་གཅོག་འཕྲོག་སྲེག་གི་ཁྲོད་དོན་མེད་དུ་ཚེ་སྲོག་ཤོར་བ་དག་ལ་ཇི་ལྟར་ལྟ་ཡི་འདུག་ཟེར། སྤྱིར་ང་ཚོ་ཚང་མ་དྲག་རྩུབ་ཀྱི་ལས་ལ་དགའ་པོ་མེད་ཅེས་བཤད། ཁོས་ཁྱོད་ཀྱིས་གཞས་བཏང་བ་ཅི་འདྲའི་སྙན་པ་ལ། རང་གིས་གཞས་བཏང་ནས་མི་འདུག་པར་དོན་དག་འདི་རིགས་ལ་ལག་བསྲིངས། ད་ལྟོས་དང་ཅི་འདྲ་རེད་ཟེར། ཀྲང་གིས་ང་བོད་དོན་སྐོར་གྱི་དཔེ་ཆ་ལ་དགའ་སྣང་ཡོད་པའི་རྒྱུ་མཚན་དང་། དཔེ་ཆ་དེ་དག་སུས་བྱིན་མིན་དང་ངས་བལྟས་ཡོད་མེད། བོད་ཀྱི་རྒྱལ་དར་དང་ས་ཁྲ་ཕབ་ལེན་བྱེད་དོན་ཅི་ཡིན་སོགས་དྲིས། ངས་བོད་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་ལ་མཚར་སྣང་ཡོད་པས་དྲ་བའི་སྟེང་ཕབ་ལེན་བྱས་པ་ཡིན། ཡིན་ཀྱང་དཔེ་ཆ་དེ་དག་ངས་ཕལ་ཆེར་བལྟས་མྱོང་མེད་ཅེས་བཤད་མ་ཐག མོ་ལི་ཡི་དཔེ་ཆ་ལ་ཁྱོད་ཀྱིས་བལྟས་ཟིན་པ་འཕྲིན་ཡིག་ཅིག་གི་ནང་རང་གི་ལྟ་བ་བརྗོད་འདུག ཁྱོད་ཀྱི་ཡིག་རྩལ་མི་ཆོག་རྒྱུ་མེད་ཟེར། ངས་དེ་ཡིན་ན་ཐང་། མོ་ལི་ངེད་གཉིས་ཀྱི་གཤིས་ཀར་ཆ་འདྲ་ས་འདུག་པས་ང་ཁོ་མོར་དགའ་པོ་ཡོད་ཅེས་བཤད། ས་ཁྲ་དང་དར་ཆ་སྔོན་ཆད་ངས་མཐོང་མྱོང་མེད་པས་ཅིག་བལྟ་འདོད་པ་ཙམ་ཡིན་ཞེས་བཤད། དེ་རྗེས་ཁོས་དགེ་རྒན་ཝང་ལགས་རིན་པོ་ཆེ་དང་ཐེངས་བཞིར་མཇལ་བའི་རྩོམ་ཡིག་དེ་ཁོ་ཚོས་སྐབས་ཐོག་དེར་རྩིས་འཁོར་ལས་ཕབ་ལེན་པར་འདེབས་བྱས་རྗེས། ངའི་མདུན་དུ་གཡུགས་ཏེ་འདི་དག་ལ་བལྟས་ཚར་བ་མིན་ནམ། ཁྱོད་ཨ་རིར་འགྲོ་དོན་ཡང་འདི་དང་གཅིག་པ་རེད་ཟེར་ཞོར་རྩོམ་ཡིག་དེ་ཕྱིར་ཁྱེར་ནས་ཕར་སོང་སྟེ་འཕོངས་རྡེབ་ཀྱིས་ཉལ་ཁྲིའི་སྟེང་བསྡད་དེ་བལྟས། ངའི་སེམས་སུ་ང་ལ་དེ་འདྲའི་ཤེས་ཡོན་ཞིག་ཡོད་ན་སྐྱིད་པ་ལ་ཨང་སྙམ་ཡོང་། ཁོ་གཉིས་ཀྱིས་གཅིག་གིས་འདྲི་གཅོད་བྱེད་སྐབས་ཅིག་ཤོས་དེ་རྩིས་འཁོར་རོལ་རྩེད་ལ་གཡེང་ཞིང་། མཚམས་རེར་དགེ་རྒན་ཝང་གི་རྩོམ་ཡིག་དེར་ཡང་ལྟ་བ་རེད། རུས་ཝང་ཅན་ནི་དང་ཐོག་གི་ཟོག་རྫུ་ལས་རང་གཤིས་ངོ་མ་ཐོན་ཏེ་གཡོ་སྒྱུ་ཇེ་ཆེ་དང་གདུག་རྩུབ་ཇེ་དྲག་རེད། ཁོས་ཁྱོད་ཀྱི་ཁྱོ་ག་ཁྱོད་ལས་མི་གཞུང་དྲང་འདུག ཁོས་ཁྱོད་ཀྱི་ཚ་བོ་ཞིག་རྒྱ་གར་དུ་ཡོད་པའི་གནས་ཚུལ་དེ་ཡང་དྲང་པོར་བཤད་སོང་ཟེར་མ་ཐག ངས་བདེན་པ་ཡིན། འདི་ནས་འཚོ་བ་མ་འཁྱོལ་པས། ད་ལྟ་ཁོ་ཚོ་བཟའ་མི་བཞི་པོ་རྒྱ་གར་དུ་ཡོད། སློབ་གསོ་ཐོབ་མྱོང་མེད་པའི་ཞིང་པ་རྐྱང་ཡིན་པས་གླེང་རིན་མེད་པར་འདོད་ནས་བསྐྱུར་པ་ཡིན་ཞེས་པ་ན། ཁྱོད་ཚོས་རྒྱུན་དུ་ཁ་པར་དངQQ སྟེང་འབྲེལ་གཏུགས་བྱེད་ཀྱི་ཡོད་དམ་ཟེར། ངས་ཚ་བོའི་རྣ་དབང་ལ་སྐྱོན་ཡོད་པས་སྒྲ་གསལ་པོར་མི་གོ་བས་ཁ་པར་བཏང་མི་ཡོང་ཞེས་བཤད་རྗེས། དོན་དེ་གླེང་མཚམས་དེ་ནས་བཞག

 ཝང་གིས་ཁྱོ་གས་ཁྱོད་རང་བསམ་པ་ཡིན་ནའང་ཐང་།   གང་ལྟར་དོན་དག་སྦ་གསང་མེད་པར་ཚང་མ་བཤད་བྱུང་།   ད་དུང་བརྙན་འཕྲིན་ལས་ཁུངས་སུ་བོད་པ་མང་པོ་འདུག   འཇིག་རྟེན་དུ“རླུང་ཁོག་པའི་གྱང་མེད། ” ད་ལྟ་ང་ཚོས་གཙོ་བོ་ཁྱོད་ཀྱི་རྣམ་འགྱུར་དྲང་མིན་ལ་སྒུག་ཡོད།   ཐོས་པ་ཡིན་ན་ཁྱོད་གཉིས་ལོ་ཉི་ཤུ་འགོར་བའི་བཟའ་ཚང་རྙིང་པ་རེད།   ངས་འདི་ལྟར་བཤད་ན་ཁྱོད་ཀྱི་སེམས་སྡུག་སྲིད་ཀྱང་ད་ལྟ་སུས་སུ་ལའང་འདང་རྒྱག་ཐུབ་ཀྱི་མེད།   ཁྱོད་ཀྱིས།   མིས་ཐོག་མར་རང་གི་ཁེ་ཕན་ལ་བསམ་བློ་གཏོང་ངེས་ཞེས་པ་དེ་ངོ་མ་བདེན་པ་རེད།   ཅེས་ཚིག་ཤུགས་སུ་ཁྱོ་གས་ང“བཙོངས”ཟིན་པ་བསྟན།   ཕྱིར་ཁྱིམ་དུ་ལོག་རྗེས་ཁྱོ་གར་འདྲི་གཅོད་སྐབས་ཀྱང་ཁོ་ཚོས་སྐད་ཆ་དེ་གོ་ལྡོག་ནས་བཤད་བྱུང་ཟེར།   དེ་ནི་ཁོ་ཚོའི་གདུག་རྩུབ་ཀྱི་གཡོ་ཐབས་ཐ་ཤལ་ཞིག་ཡིན་པ་རེད།   ཁོས་ད་དུང་ཁྱོ་གས་བཤད་ན་ཁྱོད་གཉིས་ཀ་ཁྱིམ་རྒྱུད་གཉིས་ཀྱི་ཀ་བ་གདུང་མ་ཡིན་ཟེར།   དེ་བདེན་ནམ།   ཁྱོད་རང་གིས་ལྟོས།   ཁྱོད་གཉི་གའི་ནང་མི་གཅིག་སྐྱོབ་རྒྱུ་ཡིན་ནམ།   ཡང་ན་གཉིས་ཀ་གཅོག་རྒྱུ་ཡིན།  དེ་ཚང་མ་ཁྱོད་ཀྱི་ལག་ཏུ་ཡོད།   དོན་དག་སྦ་གསང་མེད་པར་དྲང་མོར་བཤད་ན་ཉེས་པ་ཆག་ཡང་དུ་གཏོང་ངེས།   མུ་མཐུད་དུ་འདི་ལྟར་སོང་ན་ཁྱོད་བཙོན་དུ་འདུག་ཤག་རེད།  ད་ལྟ་གནས་ཚུལ་ཛ་དྲག་ནས་ཛ་དྲག་ཏུ་ཕྱིན་འདུག   ཁྱོད་ཀྱི་ཁྱོ་གས་དྲ་ལམ་ནས་ཁྲིམས་འགལ་གྱི་སྐད་ཆ་དང་ཡི་གེ་བྲིས་ཏེ་བརྒྱུད་བསྒྲགས་བྱས་པ་ཁྱོད་ལས་མང་ཞིང་ཁྱབ་ཆེ།   ཁྱོད་ཚོས་ལོ་ཉི་ཤུའི་རིང་ལ་གསར་འགྱུར་གྱི་བྱ་བ་བྱས།   དོན་དེའི་ཚབས་ཆེན་རང་བཞིན་མི་ཤེས་པ་དཔེ་སྲིད་ཀྱི་མ་རེད་ཅེས་བཤད།   ངས་རང་གི་ཁྱོ་གས་དོན་དག་དེ་འདྲ་བྱས་མེད་པ་ནན་བཤད་བྱས་ཀྱང་ཡ་ལན་མ་བྱས།  ཁོ་ཚོས་ད་དུང་།   དྲ་ཚིགས་སུ་ཡིག་ཆ“སྐྱོན་ཅན”འབོར་ཆེན་ཕབ་ལེན་བྱས་རྗེས་དེ་རྣམས་འོད་སྡེར་བཟོས་འདུག   དེ་མི་གཞན་ལ་བསྐུར་པ་ཡིན་ནམ་ཞེས་དྲིས།  ཏག་ཏག་སྐབས་དེར་ཁོ་ཚོའི་ལག་ཏུ་འོད་སྡེར་འདྲ་འདུག ངས་ཅི་ཡིན་ཆ་མ་འཚལ་བར་སྐད་ཆ་ལྡབ་ལྡིབ་ཅིག་བཤད་དེ་དོན་དེར་བྱོལ་ཐབས་བྱས་པ་ཡིན།   ཁོ་ཚོས་ཐོག་མཐའ་བར་གསུམ་དུ་མི་བསྐྲུས་ཏེ་ཁ་ནས་ཚིག་ལེན་ཅི་ཐུབ་བྱེད།

མནར་གཅོད་ཀྱི་གོ་རིམ་ཞིག་

                (11)

མཐར་ཁོས་ང་ལ་འཇིགས་ཡེར་ཞིང་སྐྱི་གཡའ་བའི་གཏམ་ངན་ཞིག་བཤད། ཁྱོད་ཀྱི་ཁྱོ་གའང་འཛིན་བཟུང་བྱས་ཟིན་ཟེར། སྐད་ཆ་དེས་ངའི་མགོ་ནང་ནག་འཚུབ་སེ་དང་ལུས་ཡོངས་རམ་རུམ་དུ་གྱུར་ནས་ཡུན་རིང་ལ་སྨྲ་བ་མེད་པར་གྱུར། ཁད་ཀྱིས་སྙིང་ཁམས་ཇེ་མགྱོགས་སུ་ཕྱིན་ཏེ་སྙིང་ལྷོག་ལྷོག་ཏུ་ལྡིང་ནས་སྒྲ་དེ་རྣ་བས་ཐོས་པ་ལྟར་གྱུར། ངས་སླར་ཡང་ལག་གཡོན་པའི་མཐེ་བོང་གི་ཁ་མར་བསྟན་ནས་སྙིང་ཁ་ཤེད་ཀྱིས་མནན་ཞིང་ལག་གཡས་པས་སྟོད་ཐུང་གི་བྲང་ཁ་འཐེན་ནས་བཟོ་ལྟ་དེ་སྦས་པ་ཡིན། དུས་ཡུན་སྐར་ཆ་འགའ་འགོར། ངའི་ངོ་མདོག་སྐྱ་བོར་གྱུར་བ་ཡིན་ནམ་གང་ལྟར། ཁོས་འཇམ་དབྱངས་སྐྱིད། ཁྱོད་ཀྱི་ཁྱོ་གའི་མིང་ལ་ཅི་ཟེར། བུ་མོ་ད་ལྟ་ལོ་དུ་ཡིན་ཞེས་དྲན་པ་ཐོར་མིན་ལ་བརྟགས། བསམ་ཞིག་ཚུགས་པ་ན་ང་སྔར་བཞིན་རྐུབ་སྟེགས་དེའི་སྟེང་བསྒྲོགས་འདུག ཁོས་ང་ལ་ཁྱོད་བཟའ་ཟླ་གཉིས་ཀའི་ལས་ཀ་ཤོར། ཁྲིམས་ཐག་བཅད། བཙོན་དུ་བསྡད་ན། བུ་མོ་གཉིས་འཚོ་བ་ཇི་ལྟར་འཁྱོལ། སློབ་གསོ་ཇི་ལྟར་ཐོབ། ཁང་པ་ཇི་ལྟར་ཉོ། ནད་བྱུང་ཚེ་སྨན་ཁང་དུ་ཇི་ལྟར་སྟོན། ཁྱོད་ཀྱི་བུ་མོ་གཅིག་ད་དུང་ལོ་ལྔ་ཙམ་རེད། མོ་རང་སུས་སྙོར་སྐྱོང་བྱེད། དོ་དགོང་མོའི་ཨ་ཕ་ཡང་འཛིན་བཟུང་བྱས་པས་བུ་མོས་ཨ་མ་ཨ་མ་ཞེས་ངུ་འབོད་བྱེད་ཀྱི་ཡོད་ཤག་རེད། ཁྱོད་ལ་ད་དུང་ཕ་རྒན་ལོ་བརྒྱད་ཅུ་ལྷག་ཅན་ཞིག་ཡོད་པ་མིན་ནམ། ཁྱོད་ཚང་གི་གནས་ཚུལ་དམིགས་བསལ་ཡིན་པས། ང་ཚོས་ཁྱོད་ལ་བསམ་བློ་གཏོང་གི་ཡོད། གོང་རིམ་ནས་ཀྱང་ཁྱོད་ཀྱི་དོན་འདི་ལ་དོ་སྣང་བྱེད་ཀྱི་འདུག མ་ཟད་གང་ནུས་ཀྱིས་མི་རིགས་བར་འགལ་ཟླ་མི་ཡོང་བ་བྱེད་དགོས་ཞེས་ལབ་སོང་། ཁྱོད་ཀྱིས་འདང་ཡག་པོ་བརྒྱབ་ན་ད་ལྟ་ད་དུང་འཕྱིས་མེད་ཅེས་ཕན་སེམས་ཡིན་ཁུལ་གྱིས་བཤད་པར། ངས་ཝང་གིས་དངོས་གནས་ང་ལ་དྲང་གཏམ་བརྗོད་པར་རློམ། དེ་མ་ཐག་ཡིད་སེམས་ནམ་མཁའི་སྤྲིན་ནག་བཞིན་ལང་ལོང་དུ་འཁྲིགས་ཤིང་། སེམས་པ་བན་བུན་དུ་གྱུར་ནས་རེ་ཞིག་བློ་དོགས་སྣང་དང་འགྱོད་བདས་ཁེངས་ལ། རང་གི་ཁྱོ་གའང་ཐག་ཞོར་འབྲེང་འདྲུད་བྱས་པར་སེམས་སུ་ན་ཟུག་གང་དྲག་སྐྱེས་ཡོང་། དེའི་མོད་ལ་ང་བཀག་བསྐྱིལ་མ་བྱས་སྔོན་དུ་རང་གི་མདུན་སོ་གཉིས་རྐེད་པ་ནས་ཆག་པའི་རྨི་ལྟས་ངན་པ་དེ་ཡང་བསྐྱར་དྲན་ཞིང་། ངས་རང་གི་ཚ་མོ་རྒན་གཞོན་གཉིས་ལ་ངའི་འཚོ་བར་འགྱུར་ལྡོག་འབྱུང་ན་ཐང་གི ཁྱོད་ཚོར་བསམ་བློའི་གྲ་སྒྲིག་དགོས་ཞེས་བཤད་པའི་སྐད་ཆ་དེའང་ཡིད་ལ་འཁོར་ཡོང་། དེ་ལྟར་སེམས་པ་ཐར་ཐོར་དུ་གྱུར་ནས་ཡུན་ཐུང་ཞིག་འགོར་རྗེས། རིམ་བཞིན་ངའི་སེམས་པ་ཆུ་རྙོག་དྭངས་པ་ལྟར་གསལ་ཐིང་དུ་གྱུར། དེ་མུར་རང་སེམས་ལྷོད་ལ་ཕབ་ཅི་ཐུབ་ཀྱིས་སོ་སོའི་རྩ་དོན་རྒྱབ་ལ་མ་བསྐྱུར་པར་རུས་ཝང་ཅན་ལ་གང་ལྟར་ང་ཚོ་མི་རིགས་གཉོམ་ཆུང་རེད། ཁྱོད་ཚོ་མི་རིགས་སྟོབས་ཆེན་སྟེང་ལ་དབང་ཆེན་རེད། རྒྱལ་ཁྲིམས་ལྕགས་ནག་གཉའ་ཤིང་གིས་མནན་ཏེ་གང་འདོད་དུ་ཁྲིམས་ཐག་བཅད་ཀྱང་དང་ལེན་མི་བྱེད་རང་བྱེད་ཡིན། ཞེས་སྐད་ཆ་དེ་ནན་སེམས་དྲག་པོས་བཤད་པ་ཡིན། ཁོས་ཁྱོད་ཀྱིས་རྒྱུན་དུ་ང་ཚོ་ཁྱོད་ཚོ་ཟེར་གྱི་མ་འདུག རྒྱ་རིགས་དང་བོད་རིགས་ནི་ཕ་མ་གཅིག་གི་བུ་ཕྲུག་ཡིན་ཟེར་ནས་བོད་ཀྱི་གླུ་པ་གླུ་མ་ཚོས་གཞས་གཏོང་བ་མ་ཡིན་ནམ་ཟེར། ང་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལྟར་འགྲོ་ལུགས་སྒྲུབ་པ་ལས་ཁྱོད་དོན་མེད་དུ་སྡུག་ལ་སྦྱོར་འདོད་མེད། ཁྱོད་ནི་དོན་དག་གིས་འདིར་དེད་ཡོང་བ་ལས་ང་ཚོས་འདིར་ཁྲིད་ཡོང་བ་མིན། སྔོན་ཆད་ང་ཚོ་ཕན་ཚུན་ངོ་ཡང་མི་ཤེས་པས་ཞེ་འཁོན་ཅི་ལ་ཡོད་ཅེས་ཁོ་ཚོས་རྟག་ཏུ་བཤད་པའི་སྐད་ཆ་དེ་བསྐྱར་བཟླས་བྱས། དྲང་མོར་བཤད་ན། ངས་རྒྱ་མི་ཤེས་ཡོན་ཅན་གྱིས་བྲིས་པའི་རྩོམ་ཡིག་རེ་འགའ་ལ་བལྟས་པ་ཙམ་ཡིན། རྒྱ་མི་ལ་རྩོམ་ཡིག་འབྲི་བའི་དབང་ཆ་ཡོད་ཅིང་། བོད་མི་ལ་དེར་བལྟ་བའི་ཁེ་དབང་ཡང་མེད་དམ་ཞེས་བཤད་ཀྱང་ཁོས་དེར་ལན་འོས་འཚམ་ཞིག་མ་རྙེད་པ་ཡིན་ནམ་སེམས་ལ་མི་འབབ་པའི་སྐད་ཆ་རབ་རིབ་རེ་བཤད་དེ་བསྐྱུར་འཇོག བཅའ་ཁྲིམས་སུ་སྨྲ་བརྗོད་རང་དབང་ཡིན་ཚུལ་བྲིས་འདུག ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ནམ་མིན་ཞེས་དྲིས་པར། སྨྲ་བརྗོད་རང་དབང་ཟེར་བ་དེ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་འོག་ནས་བཤད་པ་ཞིག་ཡིན། དོན་དངོས་སུ་སྨྲ་བརྗོད་རང་དབང་ཡིན་ཟེར་མཁན་གྱི་རྒྱལ་ཁབ་དེ་དག་ཏུའང་རང་དབང་ངོ་མ་ཡོད་པ་མ་རེད། ད་ལྟ་རྒྱལ་ཁབ་ཀྱང་ཐོར་གྲབས་འདུག་པས་ཁྲིམས་ལུགས་མ་ལུགས་བཤད་རྒྱུ་མེད་ཅེས་ཟེར། སྐད་ཆ་དེ་མི་གཅིག་མིན་གཉིས་མིན་གྱིས་ཐེངས་གཅིག་མིན་གཉིས་ལ་བཤད་བྱུང་། འོན་ཀྱང་དེ་དོན་ཅི་ཡིན་ངས་ཉི་མ་དེ་རིང་ཡང་ཧ་གོ་མ་སོང་། སྐབས་ཤིག་ལ་ཀྲང་གིས་རྩིས་འཁོར་རོལ་རྩེད་མཚམས་བཞག་སྟེ་ཉལ་ཁྲི་སྟེང་ཉལ་བ་དང་མཉམ་དུ་སྔུར་བ་འཐེན། ཝང་གིས་མུ་མཐུད་དུ་རྩིས་འཁོར་རོལ་རྩེད་རྩེ་ཞོར་ང་ལ་འདྲི་གཅོད་བྱས། སྐབས་དེར་སེམས་འཚབ་འཚུབ་ཏུ་སོང་ནས་སྡོད་མི་ཚུགས་པར་གྱུར་ཏེ་ངས་རང་གི་སྙིང་ཁར་ཁུ་ཚུར་ནན་མོས་ལན་འགའ་གཞུས། རུས་ཝང་ཅན་གྱིས་ཁྱོད་ལ་ཅི་ཞིག་བྱུང་སོང་ཟེར། ངས་ངའི་སྙིང་ན་ནས་བཟོད་ཐབས་བྲལ་ཞེས་བཤད། གང་འཚམ་ཞིག་ནས་ཁོ་རང་ཡང་ཉལ། ཉལ་ནས་ཀྱང་གཉིད་ལོག་སོང་། ང་ཡང་ཧ་ཅང་ཐང་ཆད་ཀྱི་འདུག དེ་བས་དམག་ལྭ་ལྗང་ཁུ་དེའི་ཕུ་ཐུང་གཅིག་སྔས་འབོག་བྱས་ཏེ་མགོ་བོ་རྐུབ་སྟེགས་ཀྱི་ཙོག་ཙེ་སྟེང་བཞག་ནས་ཅུང་ངལ་གསོ་བསམ་མོད། མགོ་ཐུར་དུ་དཔྱངས་ན་སྙིང་ཁ་ནང་བཙངས་འོངས་ཏེ་དབུགས་འབྱིན་དཀའ་བས་སྙིང་ཁམས་ལྷག་ཏུ་མི་བདེ། མགོ་བོ་ཡར་ལ་དགྱེ་ནས་སེམས་ཁྲལ་ཁྲུལ་དུ་གྱུར་བཞིན་མིག་གིས་ཁོ་གཉིས་ཀྱི་སྔུར་བ་འཐེན་པ་ལ་བལྟས་ནས་བསྡད། དེ་བཞིན་ཅུང་ཙམ་འགོར་བ་ན། ཁོ་གློ་བུར་དུ་མལ་ལས་ཡར་ལངས་ཡོང་། ངའི་བསམ་པར་ཁོ་རང་གསང་སྤྱོད་དུ་འགྲོ་བར་འདོད། དེ་མིན་པར་ཁོས་བུད་མེད་ཉེན་རྟོག་པ་གཉིས་གཉིད་ལས་བསླངས་ཏེ་ང་འཁྲིད་རྒྱུར་སྐད་བཏང་། ང“སྟག་རྒོད་རྐུབ་སྟེགས”ལས་མར་འབབ་སྐབས་ཁོས་དོ་དགོང་ངལ་གསོས། སང་ཉིན་མུ་མཐུད་དུ་འདྲི་གཅོད་བྱེད་རྒྱུ་ཞེས་བསམ་གཟས་ནས་ང་ལ་གནོན་ཤུགས་ཅི་ཆེ་གང་ཐུ་སྤྲད། ཉལ་ཁྲིའི་སྟེང་ལག་ལྕགས་བརྒྱབ་རྗེས་ལྭ་བ་རྣམས་གྱོན་གྱོན་དུ་ཉལ་བ་ཡིན། གཉིད་ཐུན་ཅིག་གི་རྗེས་སུ་ནམ་སྐྱ་གསལ་དུ་སོང་། ངའི་སྣང་ངོར་སྐར་མ་སུམ་ཅུ་ཡང་མ་འགོར།

ནམ་ལངས་ནས་ཉི་མ་ཤར་བ་ན།   ང་གསང་སྤྱོད་དུ་སོང་སྟེ་ཕྱིར་ཁང་པའི་ནང་ཡོང་རྗེས་ཉལ་ཁྲིའི་སྟེང་ངལ་གསོ་ཅུང་ཙམ་བྱས་པ་ཡིན།   སྐབས་དེར་རྐུབ་སྟེགས་སྟེང་སྒྲོག་མཁན་མ་བྱུང་།   ང་གཉིད་ཐུན་ཙམ་ལོག་མ་ཐག   རུས་ལན་ཅན་ཡོང་ནས་ང་ཨ་རི་ལ་སོང་བ་དང་ཕྱིར་ཡོང་བའི་དུས་ཚོད་ཐེངས་གཉིས་ཙམ་དྲིས།   དེ་མ་ཐག་ང་ཉལ་ཁྲི་ལས་ཡར་ལངས་གྲབས་བྱས་པ་ན།   ཁོས་ངག་འཇམ་པོས་ལངས་མི་དགོས་ཟེར།   སྐབས་དེར་ངས་ཁོ་ལ།   ངའི་ཁྱོ་ག་འཛིན་བཟུང་བྱས་སོང་ངམ་ཞེས་དྲིས།   དྲིས་ཚིག་གློ་བུར་བ་དེས་ཁོའི་གདོང་ཉམས་རྩ་བ་ནས་འགྱུར།   ཡིན་ཡང་ཁོས་དེ་མ་ཐག་བཙན་གྱིས་ཚུལ་དེ་འགེབས་ཐབས་ཀྱིས་ཉི་མ་འདི་ཚོར་ང་བྲེལ་བ་ཆེ་བས་ཤེས་མ་སོང་ཟེར་ནའང་།   ཁྱོ་ག་འཛིན་བཟུང་བྱས་མེད་པ་ཧ་ལམ་ངས་ཚོར་སོང་།   ངས་ཁོ་པར་དེ་ལྟར་འདྲི་བའི་རྒྱུ་མཚན།   ཉིན་གཉིས་ཙམ་གྱི་སྔོན་ལ་ཁོ་ཁྱོ་གར་ཕྲད་ཚུལ་དང་།   ངའི་ཁྱིམ་མི་བདེ་རབས།   ད་དུང་ཁོ་གཉིས་ཀྱིས་ཁ་བརྡའི་ཁྲོད་ཁྱོ་གས་མིའི་བསམ་བློའི་རང་དབང་ལ་ཚད་ཡོད་པ་མ་རེད་ཅེས་བཤད་སོང་ཟེར་ནས་ཁོས་ཁྱོ་གའི་ཚིག་དེ་ལན་གཅིག་གྱེར།  ཁོས་ཁྱོད་ཀྱི་ཁྱོ་ག་ང་ཚོ་དང་མི་མཚུངས་པར་མི་ཡོན་ཏན་ཅན་ཞིག་རེད་ཟེར།   ད་དུང་ཁྱོད་ཚང་གི་དཔེ་ཁང་གྱང་ངོས་སུ་བཀལ་བའི་འདྲ་པར་དེ་སུ་རེད་ཅེས་ང་ལ་དྲིས།   ངས་དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་རེད་ཅེས་བཤད།   ཁོ་རང་ནི་ང་ལ་འདྲི་གཅོད་སྐབས་ཀྱི་མི་ཆེས་ཡག་ཤོས་དེ་རེད།   ཉི་མ་དེ་དེ་ལྟར་འདའ་བར་བྱས།   ཉིན་བཅོ་བརྒྱད་པར་ཡང་ཉིན་གང་བོར་ང་དེ་ལྟར་བསྐྱུར་བཞག  ད་ལྟ་གོང་རིམ་དུ་སྙན་ཞུ་ཕུལ་རྗེས་ལན་ལ་སྒུག་པ་ཨེ་ཡིན་ནམ་ཞེས་སེམས་ཉིས་འགལ་གྱིས་དེབ་རེ་ཀློག་བཞིན་བསྡད་པ་ཡིན།   ཕྱི་དྲོའི་ཉི་མ་ནུབ་ཁད་ཙམ་གནས་ཚུལ་ལ་གཞི་ནས་འགྱུར་བ་བྱུང་།
 སྐབས་ཤིག་ལ་བུད་མེད་གདམས་ངག་འབོགས་མཁན་དེས།   འཇམ་དབྱངས་སྐྱིད།   ཁྱོད་ཀྱིས་ཅ་དངོས་བསྡུ་གསོག་བྱོས་དང་།   ང་ཚོས་སྡོད་ས་བརྗེ་དགོས་ཟེར་ཞོར།   རང་གི་ཁ་ངོ་བཀྲུ་ཆས་ལའང་བསྡུ་གསོག་བྱས།   དོན་དེས་ད་ཐེངས་ང་གློད་བཀྲོལ་གཏོང་བ་ཨེ་ཡིན་ནམ་སྙམ་པའི་རེ་དོགས་འདྲེས་མའི་ཚོར་འདུ་ཞིག་གིས་ཡིད་སེམས་རྒྱ་མཚོའི་རླབས་ལྟར་འཕྱོ།   སྐབས་དེར་ཁོ་ཚོས་ཉོས་པའི་ཀ་ར་གོ་རེའི་འགྱིག་ཐུམ་ཟོས་འཕྲོ་ཞིག་ཡོད་པ་དེ་ངའི་ཤོག་ཁུག་ཏུ་བླུགས་ཏེ།  འདི་དགོས་མཁོ་ཡོད་ན་ཐང་ཟེར་མ་ཐག   ང་ནི་ཁྱིམ་དུ་ཨེ་གཏོང་གི་རྨི་ལམ་སྐྱིད་པོ་ལས་བཙན་གྱིས་སད་དུ་བཅུག

ཁང་པ་དེ་དང་ཁ་མ་བྲལ་གོང་ལ། རུས་ལན་ཅན་ཡོང་ནས་ངའི་འཁུར་ཁུག་ནང་གི་མཛུབ་དཀྲིས་དང་རྣ་ལུང་སོགས་རེ་རེ་རྒྱུ་ཆ་ཅི་ཡིན་དྲིས་ཤིང་། ངས་བཤད་པ་དེ་འདྲའི་ཡིད་མི་ཆེ་མདོག་གིས་གསལ་པོར་བལྟས་རྗེས་དེ་དག་གི་ཆེ་ཆུང་ཁ་དོག་སོགས་ཡི་གེར་བཀོད་དེ། སྟེང་དུ་ས་ཡིག་དང་མཛུབ་ཐེལ་རྒྱག་བཅུག་སྟེ་འབྱོར་ཡིག་དང་རྒྱན་ཆ་ཕྱིར་ངའི་འཁུར་ཁུག་ནང་བཅུག་རྗེས་ཁོ་ཚོས་ཉར་ཚགས་མ་བྱས་ན་སྟབས་མི་བདེ། ང་གློད་བཀྲོལ་གཏོང་སྐབས་སླར་སྟེར་ངེས་ཡིན་ཟེར། དེ་མ་ཐག་སེམས་སུ་མི་འགྱངས་པར་ང་གློད་བཀྲོལ་གཏོང་བ་མིན་ན། དངོས་པོ་འདི་དག་ཁྱིམ་མིར་རྩིས་སྤྲོད་བྱེད་ངེས་རེད་འདོད་ཅིང་། ཁྱིམ་གློང་བརྒྱབ་དུས་ཁོ་ཚོས་ཁྱེར་ཟིན་པའི་དངོས་པོ་གཞན་རྣམས་སྟེར་མིན་དྲིས་པ་ན། དེར་ཁོ་ལ་ལན་ཁ་གསལ་ཚིག་གསལ་ཞིག་འདེབས་རྒྱུ་མེད་སོང་། སྐབས་དེར་ཝང་ཡོང་ནས་ངའི་འཁུར་ཁུག་ལས་སྒོར་ཁུག་བླངས་ཏེ་ངས་མཐོང་ས་རུ་སྒོར་མོ་བརྩིས་རྗེས་ཁོའི་ཁུག་མའི་ནང་བཅུག དེ་ནས་ཁྱོ་གས་བསྐུར་པའི་ལྭ་བ་ལས་སྟོད་ཐུང་དེ་བླངས་ནས་ངའི་གདོང་ཧྲིལ་པོ་བཏུམས། དེ་ནི་བལ་ལྭ་སྲབ་པོ་ཞིག་ཡིན་གཤིས་ཕྱི་རོལ་མཐོང་ཐུབ། བུད་མེད་ཉེན་རྟོག་པ་དེས་ཚུལ་དེ་མཐོང་ནས་བཤད་ཀྱང་ཝང་གིས་ལན་ཅི་ཡང་མ་བསློགས། དེ་ལས་ངའི་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་པ་ཤེས། ཁོ་ཚོས་ང་ཁྲིད་དེ་སྒོ་ཁ་རུ་རླངས་འཁོར་སང་ཐ་ནའ་ཞིག་ཡོད་པ་དེའི་ནང་སྡོད་དུ་བཅུག ཉིན་དེར་རླངས་འཁོར་གཏོང་མཁན་བོད་པ་ཉེན་རྟོག་པ་དེ་རེད། ང་འཁྲིད་མཁན་ལ་ཝང་དང་བུད་མེད་ཉེན་རྟོག་པ་གཉིས་འདུག དང་ཐོག་ངས་ཁོ་ཚོས་ང་ཟི་ལིང་གི་མགྲོན་ཁང་ཞིག་ཏུ་ཁྲིད་དེ་མི་གཞན་པར་སྤྲད་ནས་ཡང་བསྐྱར་འདྲི་གཅོད་བྱེད་དུ་འཇུག་རྒྱུ་རེད་འདོད་ཡོད། ངས་བལ་ལྭ་ལས་ཕྱི་ལོགས་ལ་བལྟས་པ་ན། ཕྱི་རོལ་གྱི་རྣམ་པ་མག་མོག་ཅིག་མཐོང་ཡོང་། ཉེན་རྟོག་སློབ་གྲྭའི་སྒོ་ཆེན་ནས་ཐོན་ཏེ། ལམ་ཕྲན་ཞིག་བརྒྱུད་མཐར་གཞུང་ལམ་དུ་བརྟོལ། ཉིན་བཅུ་ལྷག་ལ་སྒོ་ཕྱི་རུ་སོང་མྱོང་མེད་པས་ཉི་མ་དེར་ང་དེ་འདྲའི་གདུག་པོ་ཞིག་ཁྲིད་ནའང་། དཔྱིད་ཀའི་མཛེས་ལྗོངས་དང་ལམ་འགྲམ་གྱི་མེ་ཏོག་གི་གང་བུ་དག་རབ་རིབ་མཐོང་སྐབས། སེམས་པ་དབང་མེད་དུ་ཤོར་ཏེ་སྐད་ཅིག་མར་འཆར་ཡན་གྱི་ཞིང་ཁམས་སུ་བསྐྱོད་ཅིང་། རེ་ཞིག་རང་གི་སྐབས་དེའི་ཐོབ་ཐང་ཡང་རྩ་བ་ནས་བརྗེད། རང་དབང་ལ་འཁྲེང་བའི་ཚོར་སྣང་དྲག་པོ་དེ་ལས། རང་དབང་ནི་མིའི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ངས་རྟོགས་ཤིང་། རང་དབང་མེད་པའི་ཚེ་སྲོག་ལ་སྙིང་པོ་ཅི་ཡང་མེད་པའང་ངས་གོ་སོང་། རླངས་འཁོར་བསྐྱོད་ཀྱིན་བསྐྱོད་ཀྱིན། ཟི་ལིང་དང་ཁ་ཐག་ཇེ་རིང་དུ་བུད་སོང་། ང་རང་ཁ་ཕྱོགས་ལ་ཧ་ཅང་རྨོངས་པས། ང་ལན་གྲུ་ལ་ཁྲིད་པ་ཨེ་ཡིན་ནམ་སྙམ། སྐབས་དེར་གཅིག་ནས་ཁྱིམ་མིས་ངའི་གནས་ཚུལ་མི་ཤེས་པར་སེམས་ཁྲལ་དང་གཉིས་ནས་རང་ཉིད་ཟི་ལིང་དང་ཁ་ཐག་རིང་དུ་ཕྱིན་ན་སེམས་སྡུག་ལྷག་པར་ཆེ་རུ་སོང་།

རླངས་འཁོར་ཤར་ཕྱོགས་སུ་བསྐྱོད་པ་ཚོར།   མྱུར་ལམ་དུ་ཞུགས་ཏེ་ཧ་ལམ་ཆུ་ཚོད་སྐར་མ་ཉི་ཤུ་ལྷག་ལ་སོང་རྗེས་གྲོང་རྡལ་ཞིག་ཏུ་འབྱོར།   ངས་ས་དེ་ཕིང་ཨན་ཡིན་པ་མག་མོག་ཙམ་ཚོར།   གྲོང་རྡལ་དེ་བསྐྱུར་ནས་ཅུང་མཐའ་འཁོབ་ས་ཞིང་ཡོད་ས་ཞིག་ལ་སླེབས།   ས་ཆ་དེའི་སྡོང་ལོ་སྔོ་ལྗང་དུ་གྱུར་འདུག  ངའི་སེམས་པ་ཡང་བསྐྱར་ཕྱི་རོལ་ཏུ་ཤོར།   སེམས་སུ་ཉེན་རྟོག་པའི་སྲུང་སྡོམ་བཙན་ཁྲིད་མིན་པར་ཁྱིམ་མི་དང་མཉམ་དུ་གྲོང་གསེབ་འདིར་སྤྲོ་གསེང་ལ་ཡོང་བ་ཡིན་ན་ཅི་འདྲའི་སྐྱིད་པ་ལ་ཨང་སྙམ།   དེ་ལས་ཀྱང་རང་ཉིད་ས་འདིར་སྡོད་རིང་ཁྱིམ་མིའང་འདི་རུ་ཡོད་ན།   ངའི་ཁེར་ཧྲེང་གི་སྡུག་སྣང་སེལ་ངེས་སྙམ་ལ།   ཚུལ་དེ་འདྲ་ནི་ང་ཉེན་རྟོག་སློབ་གྲྭ་རུ་བཀག་བསྐྱིལ་བྱས་སྐབས་བལྟས་པའི་ཀློག་པ་པོའི་དུས་དེབ་སྟེང་གི་རྩོམ་ཡིག་ཅིག་རྐྱེན་བྱས་ཏེ་ཡིད་ལ་བྱས་པ་ཡིན།   གཏམ་རྒྱུད་དེ་ནི་འདི་ལྟ་སྟེ།   གཞོན་ནུ་ཞིག་གིས་ཟ་ཁང་དུ་ཟ་མ་ཟ་དུས།   མི་ཞིག་དང་འགལ་རྩོད་བྱུང་ནས་ཁོ་པས་ཕ་རོལ་པོར་གྲིས་བརྒྱབ་སྟེ་བསད་ཅིང་།   ཁོས་དེ་འཕྲལ་རང་གི་ཨ་མར་ཁ་པར་བཏང་སྟེ་མི་བསད་པའི་གནས་ཚུལ་བཤད།   དོན་དེས་ཁོ་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་དེ།   རང་གི་ཕ་ཡུལ་དང་རྒྱང་ཐག་རིང་བའི་ས་ཆ་ཞིག་ཏུ་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག   ཁོ་པའི་ཨ་མ་ནི།  སློབ་གྲྭ་ཞིག་གི་སློབ་གཙོ་གཞོན་པ་རེད།   ཡིན་ནའང་བུའི་ཆེད་དུ་ཁོ་མོས་རང་གི་ལས་ཀ་གཡུགས་ཏེ།  བུའི་ངལ་རྩོལ་བསྒྱུར་བཀོད་བྱེད་སའི་ས་ཆ་དེར་ཡོང་ཞིང་།   ལྷམ་བཙེམ་པའི་ལས་ཀར་བརྟེན་ནས་འཚོ་ཐབས་བྱས།  ལྷམ་བཙེམ་པའི་གནས་ཚུལ་རང་གི་བུ་ལ་གསང་བ་རེད།   གནས་ཚུལ་དེ་བུས་ཤེས་རྗེས་བཙོན་ཁང་ལས་ཐར་བར་འབད་པ་ལྡབ་འགྱུར་བྱས།   ཨ་མའི་བྱམས་སེམས་དང་བརྩེ་བའི་ཁྲོད་ད་ལྟ་བཙོན་ཁང་དུ་ལོ་དགུ་འདས་ཚར་བ་རེད།   ཡིད་སྐྱོ་བའི་གཏམ་རྒྱུད་དེས་ང་རང་ལ་དགའ་བ་བསྩལ་ལ་སྐྱོ་བའང་སྦྱིན།   དེར་མ་ཟད་རང་གི་ཁྱིམ་མིས་ཀྱང་ང་ལ་ཨ་མ་དེ་ནང་བཞིན་བྱས་ན་ཇི་མ་རུང་སྙམ་ཞིང་།   ཁྱིམ་མིའི་བརྩེ་བ་དང་ལྟ་སྐྱོང་ལ་སྔར་ལས་ཀྱང་འཕེན་པ་ཤོར།  འཇིག་རྟེན་དུ་བརྩེ་བ་དང་དུངས་པ་མེད་ན་མི་ཞིག་སྨྱོ་རྒྱུ་ནི་ཧ་ཅང་སླ་མོ་ཡིན་པ་ཤེས་ལ།  གནད་འགག་གི་ལྷུ་ཚིགས་དེར་མིའི་རང་བཞིན་དུ་སྒེར་སེམས་ལ་ཚད་མེད་པའང་རྟོགས་སོང་།   

རླངས་འཁོར་སྒོ་ར་ཉམས་ཤོར་ཞིག་ཏུ་སླེབས་རྗེས་ཁང་མིག་ཐེབས་ཆག་ཅིག་གི་མདུན་དུ་བསྡད། ཉེན་རྟོག་པ་གཉིས་མར་བབས་ཏེ་སྔ་གཞུག་ཏུ་ཁང་པ་དེའི་ནང་དུ་སོང་། ང་དང་བུད་མེད་དེ་གཉིས་རླངས་འཁོར་ནང་ཁ་མ་གྲགས་པར་ཡུན་རིང་འགོར་རྗེས། “གདམས་ངག་འབོགས”མཁན་བུད་མེད་དེས། འཇམ་དབྱངས་སྐྱིད། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་ཁྱིམ་གཞིས་ཤིག་འཛུགས་རྒྱུ་ལས་སླ་པོ་མིན། ཁྱོད་རང་ལ་ལས་ཀ་དགའ་མོ་ཞིག་དང་ཁྱིམ་ཚང་སྐྱིད་པོ་ཞིག་འདུག ང་ཡིན་ན་ཁོག་གི་ཡོད་ཚད་ཁ་ནས་བཤད་རྗེས་ཁྱིམ་དུ་ལོག་ངེས་ཡིན། ཁྱོད་ཀྱིས་དོན་དག་འདི་འདྲའི་ཆེད་དུ་བྱ་བ་དང་ཁྱིམ་ཚང་ཡོད་ཚད་བློས་གཏོང་རྒྱུ་ཡིན་ནམ། ང་རང་ཉིད་ཀྱང་བུད་མེད་ཅིག་ཡིན་པས་ཁྱོད་ས་འདི་འདྲ་ཞིག་ཏུ་བསྡད་ན་མི་སྐྱིད་གི ཡང་གཅིག་བཤད་ན། ང་ཡང་ཁྱོད་བཞིན་བཟའ་ཐོར་བྱས་པའི་བུད་མེད་ཅིག་ཡིན། ཁྱིམ་ཚང་འགྲིག་མཐུན་དང་སྐྱིད་པོ་ཡོང་རྒྱུ་དེ་བུད་མེད་ཅིག་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་རེད། ཁྱོད་རང་འདིར་སྡོད་སྐབས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། རང་སྐྱོན་ངོས་ལེན་བྱེད་འདོད་དུས། ང་ཚོའི་ཁྲོད་ཀྱི་མི་སུ་ཞིག་སྣང་བར་འགྲོ་ན་དེ་ལ་སྐད་ཐོངས་དང་ལམ་སེང་ཡོང་ངེས་ཞེས་སེམས་གཏམ་འདྲ་བའི་ཁ་བདེ་འདྲ་ཆགས་ཀྱི་སྐད་ཆ་བཤད་དེ་ངའི་སེམས་པ་སྨྲེང་བའི་སྟེང་ལ་སྨྲེང་བ་བསྣན། འུ་ཐུག་གི་མིག་ཟུང་ལ་མཆི་ཞགས་འཁོར་བཞིན་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟ་དུས། ས་རུབ་ཀྱང་རྒྱང་མིག་ད་དུང་ཆད་མེད། སེམས་སུ་ང་ཁོ་ཚོ་ལྟར་ཕྱིར་སོང་ནས་ཁྱིམ་མི་དང་མཉམ་འཛོམས་བྱུང་ན་ཅི་མ་རུང་སྙམ་ཞིང་། སྐྱོ་གདུང་གིས་གཙེས་པའི་དངན་པ་ཤུགས་མེད་ཅིག་འཐེན་ཞོར། དོན་དངོས་སུ་ཁྱོད་ཚོས་ང་ལ་འདྲི་གཅོད་བྱས་ཚར་འདུག ད་ལྟ་ཕྱི་ལོགས་ནས་བདེན་དཔང་འདྲ་ཨེ་རྙེད་ལ་སྒུག་ཡོད་རེད་ཅེས་བཤད། མོས་དེ་ལྟ་མིན་པར། གཙོ་བོ་ཁྱོད་རང་གིས་དྲང་མོར་མ་བཤད་ཚེ། དོན་དག་ཐག་གཅོད་དཀའ་བ་རེད་ཟེར། ཡིན་ནའང་ངའི་སྣང་ངོར་སྔར་བཞིན་དེ་འདྲ་མིན་པའི་ཚོར་པ་སྐྱེས། དུས་ཚོད་སྐར་མ་བཅོ་ལྔ་ཙམ་འདས་རྗེས། ཉེན་རྟོག་པ་གཉིས་གཞི་ནས་ཕྱིར་རླངས་འཁོར་ནང་ཡོང་། ད་ཡུལ་ལ་ལོག་ཅེས་པའི་ཁ་ལོ་པའི་སྐད་ཆ་དེས། ངའི་སེམས་ལ་སླར་ཡང་དོགས་པ་ཞིག་བསླངས། ཡིན་ནའང་རླངས་འཁོར་བསྐོར་རྒྱག་ཅིག་བྱས་ནས་ཐག་མི་རིང་བའི་ས་ན་ལྕགས་རི་མཐོན་པོ་བསྐོར་པའི་ལྕགས་སྒོ་ཆེན་པོ་ཞིག་ཡོད་ས་དེར་སླེབས། སྐབས་དེར་ཁྱིམ་དུ་འགྲོ་བའི་རེ་བ་རྩ་བ་ནས་ཆད། དེ་རུ་ཉེན་རྟོག་པ་སྐྱེས་པ་གཉིས་གསུམ་ཙམ་འདུག རླངས་འཁོར་ལས་མར་འབབ་དུས་ཝང་གིས་ད་གདོང་རས་དེ་བླངས་ཆོག་ཅེས་པ་ན། བུད་མེད་ཉེན་རྟོག་པ་གཅིག་གིས་ངའི་གདོང་གི་བལ་ལྭ་བླངས་ཏེ་སླར་ལྭ་བ་འཇོག་སའི་འགྱིག་ཁུག་ཆུང་ཆུང་དེའི་ནང་བརྫངས། ང་ཚོ་ཐང་ལ་བབས་རྗེས་ཉེན་རྟོག་པ་གཞན་འགའ་དང་འགྲོགས་ནས་ལྕགས་ནག་གི་སྒོ་ཆེན་ལས་ནང་དུ་སོང་། སྐབས་དེར་ངས་ད་གཟོད་ང་བཙོན་རྭ་དེའི་ནང་འཇུག་ཤག་ཡིན་པ་ཤེས་ཤིང་། སེམས་སུ་སྔར་བྱུང་མ་མྱོང་བའི་ཨ་ཐང་ཆད་པའི་ཚོར་པ་ཞིག་སྐྱེས་བཞིན་གོམ་འགྲོས་ཡམ་ཡོམ་གྱིས་མདུན་དུ་སོང་བ་ཡིན། བཀག་བསྐྱིལ་ཁང་དེའི་རྒྱ་ཁྱོན་ཧ་ཅང་ཆེ་ལ་རྒྱལ་སྒོ་ནུབ་ལ་བསྟན་འདུག དེའི་ནང་བཙོན་ཤག་ཁང་གཤར་གཉིས་དང་ཇ་ཁང་ཁང་གཤར་གཅིག་ཡོད་ཅིང་། ཁང་པ་དེ་གསུམ་གྱི་ཁ་ཤར་བལྟ་རེད། རྒྱལ་སྒོ་ནས་གོམ་པ་འགའ་ཙམ་སོང་བ་ན། གཡས་ཕྱོགས་སུ་སྔོ་ཚོད་འདེབས་སའི་ས་ཞིང་གྲུ་བཞི་ཞིག་ཡོད། བཙོན་ཤག་དེར་ད་དུང་ཞེང་ལ་གོམ་པ་གཉིས་ལྷག་གི་བར་ཁྱམས་ཤིག་འདུག བར་ཁྱམས་དེའི་ཤར་ན་སྔོ་ཚོད་འདེབས་སའི་དྲོད་ཁང(温室)རིང་པོ་ཞིག་ཡོད། དེའི་ནང་དུ་ཚོད་དཀར་དང་ལྕ་ཚལ། ཀེའུ་སོགས་བཏབ་འདུག་པ་ནི་ས་དེར་འབྱོར་རྗེས་ཀྱི་ཉི་མ་གཉིས་པའི་ཉིན་མཐོང་ལ། དེ་ནི་བཙོན་མས་བཏབ་པའི་བཙོན་མའི་ཟ་རྒྱུའི་སྔོ་ཚོད་ཡིན་པ་རེད། གྱང་ཁའི་གྲུ་ག་བཞི་བོ་རུ་སོ་རྫོང་རེ་འདུག་ཅིང་དེ་རུ་སོ་དམག་རེ་ཡོད། རྒྱལ་སྒོའི་སྟེང་གི་ཁང་ཆུང་ནང་གི་ཉེན་རྟོག་པ་དེ་ནི་རྒྱལ་སྒོ་ལས་ཕར་འགྲོ་ཚུར་འོང་གི་མི་ལ་ཐོ་ལེན་མཁན་རེད། ང་ཚོ་རྒྱལ་སྒོ་ལས་གོམ་པ་སུམ་ཅུ་ལྷག་ཡོང་རྗེས་ཁང་གཤར་ནང་མའི་ཁང་པ་དང་པོའི་ནང་སླེབས། དེ་ནི་བཀག་བསྐྱིལ་ཁང་གི་ཉེན་རྟོག་པའི་གཞུང་ལས་ཁང་རེད། ཁང་པ་དེ་ཆུང་ཆུང་ཞིག་འདུག དེ་རུ་སྐྱེས་པ་རྣམས་གཡོལ་རྗེས། ང་ཁྲིད་ཡོང་མཁན་གྱི་བུད་མེད་ཉེན་རྟོག་པས་ང་ལ་ལུས་བཤེར་བྱས། དེ་རྗེས་ཝང་གིས་ངའི་སྒོར330ཡོད་པ་དེ་དང་། ཅ་དངོས་ཙག་ཙིག་རྣམས་བཀག་བསྐྱིལ་ཁང་གི་ལས་མི་ལ་རྩིས་སྤྲད་དེ་འགྲོ་ཁར། ཁོས་གཟའ་ཟླ་བར་ཕྱིར་ཡོང་རྒྱུ་ཡིན་ཞེས་ལས་མི་དེ་གཉིས་ལ་བཤད་པ་ངས་ཐོས། སྒེའུ་ཁུང་ལས་ངས་ཁོ་ཚོའི་རྒྱབ་གཟུགས་མག་མོག་ཅིག་མཐོང་ཞིང་མིག་ཆུ་དབང་མེད་དུ་ཤོར་སོང་། ཉི་མ་དེ་ཏག་ཏག་གཟའ་པ་སངས་རེད། སེམས་སུ་ཉིན་གཉིས་ཀྱི་རྗེས་སུ་ང་ལེན་དུ་ཡོང་རྒྱུ་ཡིན་ནམ་སྙམ། མནར་གཅོད་ཀྱི་གོ་རིམ་ཞིག་

                (12)

ནུབ་མོ་དེར་བཀག་བསྐྱིལ་གཞུང་ལས་ཁང་དེ་རུ་ལས་མི་གཉིས་དང“བཙོན་མ་རང་དབང་ཅན”གཉིས་འདུག ལས་མི་གཅིག་གིས་ངའི་གནས་ཚུལ་རགས་རིམ་དང་ནད་ཅི་ཡོད་སོགས་དྲིས་ཏེ་ཟིན་བྲིས་བཏབ། གཞན་ཞིག་གིས་བཙོན་མ་གཉིས་ལ་སྐད་འགྲགས་ཀྱིས་ངས་ཁྱེར་ཆོག་མིན་གྱི་ལྭ་བ་དག་སོ་སོར་འགེར་དུ་བཅུག བཙོན་ཤག་ཏུ་ལྕགས་རིགས་དང་ཤེལ། སྒྲོག་གུ སོ་མང་། སྐྲ་མདུད་སོགས་གང་ཡང་ཁྱེར་ཆོག་གི་མི་འདུག ཐ་ན་རང་གིས་ཁྱེར་ཡོང་བའི་འོ་ཕྱེ་དང་སྲན་མའི་འོ་ཕྱེ། སིལ་ཁུ། སིལ་ཏོག་སོགས་ཀྱང་ཁྱེར་མི་ཆོག་པར་ཁ་གཡར་ནས་ཚང་མ་གཞུང་བཞེས་བྱས། བཙོན་ཤག་ཏུ་ཁྱེར་མི་ཆོག་པའི་ལྭ་བ་དང་ལྷམ་མགོ་བཅས་རྩྭ་ཁུག་ཅིག་གི་ནང་བླུགས་རྗེས་མཛོད་ཁང་དུ་ཉར། བདག་གི་སྒོར་མོ330ལས་ཁ་ངོ་བཀྲུ་ཆས་སྤུས་ཞན་ཆ་ཚང་ཞིག་དང་། ཟ་མ་ཟ་བྱེད་འགྱིག་གི་ཀ་ཏོ་ར་ཆུང་ངུ་ཞིག འགྱིག་ཕོར་ལུང་རྣ་ཅན་ཞིག སོ་བཀྲུའི་འགྱིག་ཕོར་ལུང་རྣ་ཅན་རྙིང་པ་ཞིག རས་ལྷམ་ཉམས་ཤོར་ཞིག་བཅས་འབམ་ཚོང་སྤུས་བསྒྱུར་བྱས་པ་དང་། བཙོན་ལྭ་སེར་པོ་གནས་སྐབས་སུ་གླས་པ་ཞིག ད་དུང་བརྟག་དཔྱད་ཀྱི་རིན་དགོས་ལུགས་སོགས་ཀྱི་བསྡོམས་པས་སྒོར159 སྦྲེས་སོང་།

 ཉེན་རྟོག་པ་དེས་ཁྲིམས་མཐུན་གྱི་རེ་བ་ཞུས་ན་བསྒྲུབ་ཆོག་ཚུལ་ལབ་སོང་།  དེ་བས་ཁྱོ་གས་ང་གར་ཁྲིད་ཤེས་ཀྱི་མེད་གཤིས་སེམས་ཁྲལ་བྱེད་ཀྱིན་འདུག   ང་འདིར་ཡོད་ཀྱི་སྐད་ཆ་ཞིག་བཤད་ན་ཆོག་གམ་ཞེས་དྲིས་པར།  དེ་ཁྱོད་ཀྱི་གྱོད་དོན་སྒྲུབ་མཁན་ལས་ཁུངས་ལ་མ་གཏོགས་ཁོ་བོར་དབང་ཆ་མེད་ཟེར།  མཐར་ཉེན་རྟོག་པ་དེས་ང་ལ་བཙོན་ཤག་ཏུ་སྒྲིགས་ཁྲིམས་ཡག་པོ་བརྩི་དགོས་ཚུལ་དང་།  ཡང་རང་གིས་ཟ་མ་ཟོས་ཏེ་ལུས་པོར་བདག་གཅེས་མ་བྱས་པར་ན་ཚ་བྱུང་ན་བཀག་བསྐྱིལ་ཁང་དུ་ཁྱོད་ལ་ཁ་ཡ་བྱེད་མཁན་མེད་ཅེས་ཁ་གསལ་བརྗོད་སྐབས།   ང་སྔར་ལས་ལྷག་པའི་ཁེར་ཧྲེང་གིས་གཙེས་ཏེ་སེམས་པ་སྟོང་ཤིག་ཤིག་ཏུ་གྱུར།   འགྲོ་ལུགས་བསྒྲུབས་ཚར་ཏེ་བཙོན་ཤག་ཏུ་འགྲོ་ཁར།   ངའི་ཡིད་ལ་བརྙན་འཕྲིན་དུ་བཙོན་མས་བཙོན་མར་བརྙས་བཅོས་བྱེད་པའི་པར་རིས་དག་འཁོར་ཡོང་ཞིང་ཁོ་མོ་ཚོས་ང་ལ་གཅར་རྡུང་བྱེད་དམ་ཞེས་དྲིས།   བུད་མེད་ཚོས་ཕལ་ཆེར་དེ་ལྟར་བྱེད་ཀྱི་མ་རེད་ཟེར།   ཁོ་ཚོས་ང་ཁྲིད་དེ་བཙོན་ཁང་གི་ཁང་པ་ལྔ་པའི་སྒོ་ཁར་སླེབས་པ་ན།  ལྕགས་དྲའི་ནང་བུད་མེད་ལྔ་དྲུག་ཙམ་ཡོད་པ་ཚང་མ་གྲལ་འགྲིག་མོས་གྱང་རྩ་རུ་ལངས་འདུག   ཉེན་རྟོག་པ་ཞིག་གིས་ལྕགས་ཟྭ་ཕྱེ་བ་དང་ང་ལ་ཡར་ཞུ་ཞེས་བོས་ཤིག་ཟེར་བ་བཞིན་བོས་རྗེས་ནང་ལ་འགྲོ་རུ་བཅུག  ངའི་གནས་ཚུལ་ཡི་གེར་འགོད་མཁན་གྱི་ཉེན་རྟོག་པ་དེས་བཙོན་བདག་མའི་མིང་ནས་བོས་ཏེ།  ང་ལ་གཅར་རྡུང་བྱས་མི་ཆོག་ཅེས་པ་ན།   མོས་དེ་ལྟར་མི་བྱེད་པའི་སྐད་ཆ་བཤད།   བཙོན་བདག་མ་དེའང་བཙོན་མ་ཞིག་རེད།   ཉེན་རྟོག་པ་ཕྱིར་སོང་རྗེས།   བཙོན་བདག་མ་དེས།   ངའི་སྨད་གཡོགས་འཕུད་དུ་བཅུག་རྗེས།   བོད་མོ་ཞིག་གི་མིང་ནས་བོས་ཏེ་ཁོ་མོའི་དོར་མ་ང་ལ་གཡོར་ཅིག་ཟེར་ནས་བཀའ་བབས།   སྐབས་དེར་ངས་གྱང་རྩ་རུ་གྲལ་བསྒྲིགས་པའི་ཁྲོད་བོད་མོ་ཞིག་ཡོད་པ་མཐོང་ལ།   མོའི་ཡིད་དུ་འོང་བའི་གདོང་གི་མིག་ཆུའི་རྡོག་པ་དེའང་མཐོང་ཞིང་།   དེས་ང་ཡི་མིག་ཆུའང་རང་དབང་མེད་པར་ཤོར་སོང་།   མོས་དོར་མ་བར་ཚངས་ཅན་ཞིག་ཡོད་པ་ཉལ་ཐུལ་འོག་ནས་བླངས་ཡོང་སྟེ་མཛའ་དུངས་དུངས་ཀྱིས་ང་ལ་བྱིན།   དེ་འདྲའི་ཁང་པ་ནག་པོ་དང་ཚོར་པ་གྲང་མོའི་ཁྲོད་རང་གི་རིགས་ཤིག་དང་ཕྲད་པས་སེམས་སུ་དྲོད་ཁོལ་ཞིག་འཁྱིལ་ཡོང་།  ཡིན་ནའང་སྐབས་དེར་ངས་མོ་རང་ཆབ་སྲིད་ཉེས་ཅན་ཞིག་ཡིན་པ་བསམ་པའི་རྒྱུད་ལ་འདོད་མེད། རྒྱུ་མཚན་མོ་རང་སྐྱེས་གཟུགས་ཡག་ཅིང་བཞིན་རས་མཛེས་ལ་བབ་ཆགས་ལྷད་མེད་ཅིག་འདུག   ང་ཡང་སྐྱེས་པ་མང་མང་གི་རིན་ཐང་ལྟ་ཚུལ་ཏེ་བུད་མེད་ནི་ཆབ་སྲིད་ལ་གཡོལ་བའི་ཆོས་ཅན་ཡིན་ཞེས་པ་ལས་བརྒལ་མ་ཐུབ་པ་ཡིན་གྱི་རེད།   བརྗོད་རི་བ་ཞིག་ནི། དེ་ནི་འུ་ཅག་གི་མ་སྨིན་པའི་བསམ་བློ་ཕྱོགས་རེ་བ་ཞིག་ཡིན་པ་ཡིད་ལ་འཇགས་དགོས།  དེ་དུས་ངས་བཙོན་མ་ཞིག་གི་བཙོན་ལྭའི་སྟེང་ཧུའུ་ཀྲུའུ་བཀག་བསྐྱིལ་ཁང་ཞེས་བྲིས་འདུག་པ་མཐོང་མ་ཐག   ང་རང་ནོར་སོང་བར་དོགས་ནས།   ས་འདི་ཧུའུ་ཀྲུའུ་ཡིན་ནམ་ཞེས་དྲིས་པ་ན།   ཕིང་ཨན་རེད།   ཡིན་ནའང་ཧུའུ་ཀྲུའུ་བཀག་བསྐྱིལ་ཁང་གི་ཉེས་ཅན་ཡང་འདི་རུ་ཡོད་པ་རེད་ཟེར།   

ང་སྡོད་སའི་བཙོན་ཤག་དེ་ནི་ཞེང་ལ་ཕལ་ཆེར་གོམ་པ་ལྔ་ལྷག་དང་སྲིད་ལ་ཕལ་ཆེར་གོམ་པ་བརྒྱད་ལྷག་འདུག་པའི་ཁང་མིག་གྲུ་བཞི་ནར་མོ་ཞིག་རེད། དེའི་མདུན་ཤར་དང་རྒྱབ་ནུབ་ལ་བསྟན་འདུག་ཅིང་། མདུན་སྒོ་ཞིག་དང་ལྟག་སྒོ་ཞིག་འདུག མདུན་སྒོ་དེ་ནི་ཕྱི་མ་ལྕགས་སྒོ་དང་ནང་མ་ལྕགས་དྲ་ཅན་གྱི་སྒོ་ཉིས་བརྩེགས་ཤིག་རེད། རྒྱུན་པར་ལྕགས་དྲའི་སྒོ་དེ་མ་གཏོགས་ལྕགས་སྒོ་རྒྱག་གི་མི་འདུག དེ་བས་བཙོན་མའི་ཅི་བྱེད་ཚང་མ་བར་ཁྱམས་ལས་གསལ་པོར་མཐོང་ཐུབ། ཤར་ཕྱོགས་ཀྱི་གྱང་ངོས་ཧྲིལ་པོར་སྒམ་བཟོས་ནས་བཀང་འདུག དེ་ནི་བཙོན་མའི་ཅ་དངོས་འཇོག་ས་རེད། ཤག་གི་གཡས་ཕྱོགས་ཀྱི་གྱང་རྩ་ན་མི་བཅུ་ལྷག་ཤོང་བའི་ཉལ་ཁྲི་རིང་པོ་ཞིག་ཡོད། ཉལ་ཁྲི་རིང་པོ་དེའི་ནུབ་ཀྱི་མཐའ་ན་གསང་སྤྱོད་ཅིག་འདུག གསང་སྤྱོད་ཀྱི་སྲིད་དེ་ཉལ་ཁྲིའི་ཞེང་དང་མཉམ་ལ་དེར་གོམ་པ་གཉིས་ཡོད། གསང་སྤྱོད་དང་ཉལ་ཁྲིའི་བར་ན་མཐོ་ཚད་ལ་སྨི་གཅིག་དང་མཐུག་ཚད་ལ་ལི་སྨི་གཅིག་ལྷག་གི་བར་བཅད་ཤིང་ལེབ་དམའ་མོ་ཞིག་ལས་ཅི་ཡང་མེད། བཙོན་ཤག་གི་སྒོ་ཁ་ནས་ནང་དུ་གོམ་པ་ལྔ་ཙམ་གྱི་གཡོན་ཕྱོགས་ཀྱི་གྱང་ངོས་སུ་མཐོ་ཚད་ལ་སྨི་གཅིག་ལྷག་ཡོད་སའི་མཚམས་ན་བཙོན་མའི་སྲུང་བྱ་ལག་བྲིས་བྱས་པའི་ཤོག་ལྷེ་ཞིག་སྦྱར་འདུག བཙོན་ཤག་དེའི་ཁང་ཚད་སྤྱིར་བཏང་གི་ཁང་པའི་མཐོ་ཚད་ལས་ཕལ་ཆེར་སྨི་གཅིག་ལྷག་གིས་མཐོ་ཞིང་། ནུབ་གྱང་གཡས་ཀྱི་མཐོ་ས་ཞིག་ན་སྒེའུ་ཁུང་ཞིག་ཡོད་ལ། གནམ་གཅལ་དང་སྒེའུ་ཁུང་གི་ཡ་ཐེམ་བར་སྨི་གཅིག་ཙམ་ལས་མེད་པས། སྒེའུ་ཁུང་དེ་ཧ་ཅང་མཐོ་ཞིང་སྲིད་ཞེང་ལའང་ལི་སྨི་ལྔ་བཅུ་ལྷག་ལས་མེད་པས་ཤིན་ཏུ་ཆུང་། སྒེའུ་ཁུང་གི་གཡོན་ངོས་སུ་ཚོན་མེད་བརྙན་འཕྲིན་དབྱིན་ཚུན་བཅུ་དྲུག་ཙམ་ཞིག་དཔྱངས་འདུག་ལ། ཁོ་མོ་ཚོས་བཤད་ན། དེ་ལས་ཧྲན་ཏུང་གི་བཟོས་སྐར་བརྙན་འཕྲིན(山东卫视)གྱི་ལེ་ཚན་མ་གཏོགས་བལྟ་མི་ཐུབ་ཟེར། མཚན་མོར་མ་ཉལ་གོང་ལ་བརྙན་འཕྲིན་དེར་ཅུང་ཙམ་བལྟས་ཆོག་པ་རེད། ཡིན་ནའང་ངའི་མིག་མི་གསལ་བས་ཅི་ཡང་མི་མཐོང་། རྒྱང་སྒྱུར(遥控)མེད་པས་གསང་སྤྱོད་ཀྱི་བར་བཅད་ཤིང་ལེབ་སྟེང་མ་བུད་ན་བརྙན་འཕྲིན་གྱི་གློག་སྒོ་འབྱེད་མི་ཐུབ། སྒེའུ་ཁུང་དང་བརྙན་འཕྲིན་གཉིས་ཀྱི་འོག་དེ་ནི་ཏག་ཏག་གསང་སྤྱོད་ཡིན་པ་རེད། ཉལ་ཁྲིའི་མཐོ་ཚད་ལ་མཐོ་གང་ལྷག་ལས་མེད་པས་དེའི་འོག་ཏུ་ཀ་ཏོ་ར་ཤོང་ཙམ་རེད། གསང་སྤྱོད་འགྲམ་གྱི་ལྟག་སྒོ་དེ་ལས་ཕྱིར་བུད་པ་ན། ཞེང་ལ་གོམ་པ་ལྔ་དང་སྲིད་ལ་གོམ་པ་ལྔ་ཅན་གྱི་ར་སྐོར་གྲུ་བཞི་ཆུང་ཆུང་ཞིག་འདུག ར་སྐོར་དེའི་གཡས་གཡོན་གཉིས་ཨར་འདམ་གྱི་རྩིག་པ་རེད། རྩིག་པ་དེའི་མཐོ་ཚད་ལ་སྨི་གཉིས་ལྷག་ཡོད། མདུན་ནི་མཐོ་ཚད་གཡས་གཡོན་གྱི་རྩིག་པ་དང་མཉམ་པའི་ལྕགས་དྲ་རེད། ལྕགས་དྲ་ལས་མདུན་གྱི་བཙོན་ཤག་ཁང་གཤར་དེ་མཐོང་ཐུབ། ར་སྐོར་དེ་ནི་བཙོན་མ་རྣམས་ཉི་མར་ལྡེ་ས་རེད། བཙོན་ཤག་དེ་ཧ་ཅང་རྙིང་ཞིང་རལ་ལ་ནང་དུ་དྲི་ངན་འཐུལ་བས། བཙོན་མ་རྣམས་ཀྱིས་ཉི་མ་རེར་གཙང་སྦྲ་ཇི་ལྟར་བྱས་ཀྱང་། དེ་སྔར་བཞིན་ཉམས་ཤོར་ཐབས་ཆག་ཅིག་ཡིན་པའི་ཚོར་པ་སྟེར། བཙོན་ཤག་དེར་ང་ཚུད་པའི་བཙོན་མ་བདུན་འདུག དགུང་མོ་དེར་སྒྲོལ་མ་སྐྱིད་ཀྱིས་བཤད་ན། ད་དུང་མིང་ལ་ཚེ་རིང་སྒྲོལ་མ་ཟེར་བའི་བོད་མོ་ཞིག་བདེ་འཇགས་ཐིན་གྱི་ཉེན་རྟོག་པས་ཁྲིད་སོང་ནས་ཉིན་གསུམ་འགོར་ཞིང་། ད་ལྟ་ད་དུང་ཕྱིར་ལོག་མ་སོང་ཟེར། ས་ཆ་དེའི་ཁོར་ཡུག་ཧ་ཅང་སྡུག་ཆག་དང་ཆ་རྐྱེན་ཤིན་ཏུ་ཞན་ནའང་། བོད་མི་ཞིག་དང་ཕྲད་པ་དང་ཡང་ཚང་མ་བཙོན་མ་ཡིན་པས་ཕན་ཚུན་འདྲ་མཉམ་གྱི་སྣང་བ་ཞིག་སྐྱེས་ཡོང་། ལྷག་པར་དུ་ང་ལ་རྩུབ་འདྲི་ཡི་མནར་གཅོད་དང་དམའ་འབེབས་ཀྱི་ཚིག་མཚོན་འདེབས་མཁན་མེད་པས་དགོང་མོ་དེར་ངའི་སེམས་པ་ཅུང་ཙམ་ལྷོད་པོར་གྱུར། བཙོན་ཤག་ཏུ་ཆུ་ཚོད་ཉེར་གཉིས་པའི་སྟེང་ངེས་པར་ཉལ་དགོས། དེ་ནས་བཟུང་མི་གཉིས་རེས་དུས་ཚོད་གསུམ་རེར་ཐུན་པ་བྱེད་དགོས། བཙོན་མོ་ཚོས་བཤད་ན། སྔོན་ཆད་བཀག་བསྐྱིལ་ཁང་དེ་རུ་ཐུན་པ་མེད་དུས་བཙོན་མ་ལ་ཤས་ཀྱིས་བཙོན་སྡུག་མ་ཁྱགས་པར་རང་ཤི་བརྒྱབ་པ་རེད་ཟེར། དགོང་མོ་དེར་ང་དང་བོད་སྐད་ཤེས་པའི་རྒྱ་མོ་བཙོན་མ་གཉིས་ནམ་གུང་ཡོལ་བའི་ཆུ་ཚོད་དང་པོ་ནས་བཞི་པའི་བར་གྱི་ཐུན་པར་བཀོད་སྒྲིག་བྱས་འདུག ཆུ་ཚོད་ཉེར་གཉིས་པའི་སྟེང་ང་ཚོ་དུས་བཅད་ལྟར་ཉལ། ཉལ་ཆས་ཅི་ཡང་མེད་གཤིས་དགུང་མོ་དེར་ངས་ཚེ་རིང་སྒྲོལ་མའི་ཉལ་ཐུལ་དང་ཉལ་གདན་བཀོལ་བ་ཡིན་ལ། སྔས་འབོག་སྒྲོལ་མ་སྐྱིད་ཀྱིས་གཡར་བའི་བར་ཚངས་ཅན་གྱི་དོར་མ་དེ་བྱས། ང་ཚོའི་ཉལ་ས་ཡང་བཀག་བསྐྱིལ་ཁང་དེར་འབྱོར་བའི་སྔ་ཕྱི་བཞིན་བསྟར་འདུག་པས་ངའི་ཉལ་ས་ཆེས་མཐའ་ཁའི་གསང་སྤྱོད་ཡོད་སར་དེར་ཁེལ་འདུག བཙོན་ཤག་ཏུའང་མཚན་མོར་གློག་སྒྲོན་གཏན་ནས་མི་གཟིམས། གློག་འོད་དེས་མིག་བརྩེ་ནས་གཉིད་དཀའ་བས་རང་གི་སྟོད་ལྭ་བར་ཚངས་ཅན་གྱིས་གདོང་བཀབ་པ་ན། བཙོན་བདག་མས་དེ་ལྟར་བྱེད་མི་ཆོག་ཟེར།

ནམ་གུང་ཡོལ་ནས་ཆུ་ཚོད་དང་པོར་སླེབས་མ་ཐག   ཐུན་པ་སྔོན་མས་ང་གཉིས་བོས་བྱུང་།  དེ་མ་ཐག་ང་རང་ལམ་སེང་ཡར་ལངས་པ་ཡིན།   ཐུན་པ་བྱེད་སྐབས་སུ་ངས་སླར་ཡང་བཙོན་མའི་སྲུང་བྱ་དེ་བློར་བཟུང་བ་ཡིན།   ཡིན་ནའང་སེམས་པ་སྔར་བཞིན་ཁྲལ་ཁྲུལ་དུ་གྱུར་ནས་ཚིག་གཅིག་ཀྱང་བློར་འཛིན་མ་ཐུབ།   ལས་རོགས་བུ་མོ་དེ་ནང་དུ་ཕར་འགྲོ་ཚུར་ཡོང་འགའ་བྱས་རྗེས།   ཐ་མག་ཅིག་ལ་མེ་བསྒོས་ཏེ་འཐེན་ཞོར་བཙོན་ཤག་གི་ལྕགས་སྒོ་ཁ་ནས་ཕྱི་རོལ་ལ་བལྟས་འདུག   མོ་ལ་སེམས་པ་མི་སྐྱིད་པའི་དོན་ཞིག་འདུག་པ་ཁོ་ཐག་ཆོད།  མོ་རང་ཟླ་གསུམ་གྱི་རྗེས་སུ་གློད་བཀྲོལ་གཏོང་བ་ཡིན་ན།  ད་དགའ་ན་འགྲིག   ང་རང་ས་འདི་རུ་དུས་ཡུན་ག་ཙམ་ལ་འདུག་དགོས་མི་ཤེས།   ལོ་གཅིག་ཡང་ན་ལོ་གཉིས།  མང་ན་ལོ་གསུམ།  དེ་ནི་ཧ་ཅང་ལྐོག་གྱུར་ཞིག་རེད།   མཚན་མོ་དེར་ཟླ་འོད་མེད་པས་སྨག་ཤིན་ཏུ་ནག  ངས་འཇིག་རྟེན་ཧྲིལ་པོར་ནག་པོ་ཚོས་ཀྱིས་བསྒྱུར་པ་ལྟ་བུའི་མཚན་མོ་དེར་མིག་གིས་ལྟ་མི་བཟོད།  ང་མུན་ནག་ལ་ཧ་ཅང་སྐྲག  ཁོ་མོས་ཐ་མག་རྐང་གཅིག་འཐེན་ཚར་རྗེས།   ཉལ་ཁྲིའི་སྟེང་ལ་བུད་དེ་འཆའ་སྒམ་ལས་ཀ་ར་གོ་རེ་འགའ་བླངས་ནས་ཟ་ཞོར་ང་ལ་ཡང་ཏོག་ཙམ་བྱིན།   ཡིན་ནའང་ང་ལ་ཟ་འདོད་ཀྱི་ཡི་ག་མེད་པས་མ་བླངས།   མོས་ང་ལ་འདི་ནས་ཟ་མ་ཡག་པོ་མ་ཟོས་ན་ལུས་པོས་ལྕོགས་ཀྱི་མ་རེད་ཟེར། དེ་ནས་ཁོ་མོ་ཉལ་ཁྲིའི་སྟེང་བསྡད་དེ་ཤོག་མོ་འདེབས་མགོ་བརྩམས།   ང་ཡར་ལངས་ཏེ་གྱང་རྩར་སོང་ནས་བཙོན་མའི་སྲུང་བྱ་དེ་ཐེངས་གཅིག་བཏོན་རྗེས་ཕྱིར་ཉལ་ཁྲིའི་སྟེང་བསྡད་པ་ཡིན།   མཚམས་ཤིག་ལ“རང་དབང་བཙོན་མའི”ལས་རེས་ཤིག་གིས་ལྕགས་དྲ་ལས་ལྟ་སྐབས། མོས་ང་ལ་རེམ་རེམ་མགྱོགས་མགྱོགས་བྱོས་ཟེར་བ་དང་ངེད་གཉིས་གྱང་རྩ་རུ་སོང་སྟེ་ལངས་བསྡད་པ་ཡིན།  ཁོ་སོང་རྗེས་ངེད་གཉིས་ཕྱིར་ཉལ་ཁྲིའི་སྟེང་བསྡད།   དེ་ནས་མོས་ང་ལ་ཟླ་ཁ་ཤས་སྔོན་ལ་ཕ་ཡུལ་རེབ་གོང་ནས་ཡིན་པའི་བུ་མོ་ལོ་བཅུ་བདུན་ཅན་ཞིག་ལ་གཞན་གྱིས་བསླུས་ཏེ་ས་གཞན་དུ་མནའ་མར་བཙོངས།   ཡིན་ནའང་ཉེན་རྟོག་པས་བུ་མོ་འཚོང་མཁན་གྱི་ཉེས་ཅན་མ་ཟིན་པར་ཁོ་མོ་ཟླ་བདུན་ལ་བཀག་བསྐྱིལ་བྱས་པའི་དོན་དག་ཅིག་གླེང་།  བཀག་བསྐྱིལ་སྐབས་བུ་མོ་དེར་རྒྱུ་ལྷག་གི་ནད་བྱུང་ནས་བཀག་བསྐྱིལ་ཁང་གིས་ཟི་ལིང་གི་རྒྱ་གྲམ་དམར་པོའི་སྨན་ཁང་དུ་བསྐྱལ་ཏེ་གཤགས་བཅོས་བྱས་པ་རེད།   ཉིན་བདུན་གྱི་རྗེས་སུ་ཕྱིར་བཀག་བསྐྱིལ་ཁང་དུ་ཁྲིད་ཡོང་།   དེ་ནས་བུ་མོ་དེའི་རྨ་ཁ་ཐོར་ནས་རྣག་སྟེ་ནད་གཞི་ཇེ་ལོད་དུ་སོང་ཞིང་། མོས་རྒྱ་སྐད་ཚིག་གཅིག་མི་ཤེས་པས་ཁོ་མོས་ཟླ་གཅིག་རིང་ལ་ནད་གཡོག་བྱས་ཏེ་ལུས་པོ་སོར་ཆུད་ཙམ་བྱུང་། ཟླ་བདུན་གྱི་རྗེས་སུ་བོད་མོ་དེ་གློད་བཀྲོལ་གཏོང་སྐབས་ཁོ་མོར་ཞེན་ཆགས་བྱེད་ཀྱི་འདུག་ཟེར།   ངས་དོན་དེ་ཐོས་རྗེས་ཁོ་མོར་ཁྱོད་རང་མི་སེམས་བཟང་ཞིག་འདུག་ཅེས་བཤད་པ་ཡིན།   ཁོ་མོ་ནི་ཆབ་ཆའི་བོད་སྡེ་ཞིག་ནས་འཚར་ལོངས་བྱུང་བ་ཡིན་གཤིས།  འབྱུང་པ་བོད་པ་དང་ཆ་འདྲ་ས་འདུག   མོས་རྒྱལ་ཁབ་འདིར་ཁྲིམས་ལུགས་ཡོད་པ་མ་རེད།   བཙོན་དུ་སྡོད་མཁན་ཕལ་ཆེ་བ་མང་ཚོགས་དང་དབུལ་པོ་རྐྱང་ལས།   རྒྱུ་ཅན་དང་དབང་ཅན་ཡོད་པ་མ་རེད་ཟེར།   

མོས་ད་དུང་སྐྱོ་སྣང་སྐྱེས་པའི་རང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཀྱང་གླེང་བྱུང་། དང་ཐོག་ཕ་མ་གཉིས་ཀྱིས་མོ་རང་དགའ་བའི་མཛའ་བོ་དེ་དང་བཙན་གྱིས་ཁ་ཕྲལ་ཏེ་སྐྱེས་པ་གཞན་ཞིག་ལ་མནའ་མར་བྱིན། བཟའ་ཟླ་དེ་དང་མཉམ་དུ་ལོ་ཁ་ཤས་ལ་འཚོ་བ་འཁྱོལ་ཐབས་ཙམ་བྱས་ནས་ཁོ་གཉིས་ལ་ཕྲུ་གུ་བུ་མོ་ཞིག་ཀྱང་འདུག་སྐད། ཡིན་ནའང་མོས་འཚོ་བ་དེ་མཐའ་འཁྱོལ་དཀའ་བས་ཞོར་ལས་བྱེད་པར་ཁ་གཡར་ནས་ས་མཐར་ཉུལ་ཚོད་རེད། གཅིག་ནས་མཐོང་རྒྱ་མེད་པ་དང་གཉིས་ནས་ཡི་གེ་མི་ཤེས་པས་ཅུང་མ་འགོར་བར་གཞན་གྱི་གཡོ་འོག་ཏུ་ཚུད་དེ་ཁྲིམས་འགལ་གྱི་ལས་བཟོས།

  མོས་གལ་ཏེ་ང་གཉེན་སྒྲིག་རང་དབང་ལ་ཡོང་སྟེ་དགའ་བོ་དེ་དང་མཉམ་དུ་འཚོ་བ་ཡིན་ན།   ད་ལྟའི་ཚད་འདིར་ལྷུང་མི་སྲིད་ཅེས་འགྱོད་སྣང་དྲག་པོས་བཤད།     དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི།   མོས་བཀག་བསྐྱིལ་ཁང་དེ་རུ་ལོ་བཅོ་ལྔར་ཁྲིམས་ཐག་བཅད་ཟིན་པའི་མི་གསོད་ཀྱི་ཉེས་ཅན་ཞིག་དང་དགའ་རོགས་བསྒྲིགས་འདུག   མོས་དེ་ལྟར་གདམ་གསེས་བྱེད་པའི་རྒྱུ་མཚན།   དཀའ་ངལ་ཁྲོད་ངོ་ཤེས་པའི་བཟང་ཟླ་གང་དེ་ལས་སླ་མོས་སེམས་པ་མི་འགྱུར་ཞེས་པ་དེ་རེད།    

མོའི་དགའ་རོགས་དེ་བཙོན་དུ་སྡོད་རྐྱེན་ནི། ཁོའི་ཨ་ཕས་ས་ཞིང་ལེབ་མོ་ཙམ་གྱི་ཆེད་དུ་སྡེ་བའི་སྐྱེས་པ་གཞན་ཞིག་དང་ཁ་འཛིང་བྱུང་ནས་སྐྱེས་པ་དེས་ཁོ་ལ་གཅར་བརྡུངས་ཙམ་བྱས་ཚོད་རེད། ཤ་འཁོན་དེ་རྩོད་སླད་ཕ་བུ་གསུམ་པོས་གྲོས་བྱས་ཁ་འཆམ་གྱིས་མི་དེར་བརྡུངས་ནས་བསད་པ་རེད། དེའི་ཕྱིར་ཁོ་ཕ་བུ་གསུམ་པོར་ལོ་རིང་ཐུང་འདྲ་མིན་གྱིས་ཁྲིམས་ཐག་བཅད་པ་དང་། ཁོ་པར་ལོ་བཅོ་ལྔའི་ཁྲིམས་ཐག་བཅད། ཁོའི་ཆུང་མས་གནས་ཚུལ་དེ་ཤེས་རྗེས་ཁོ་དང་བཟའ་ཐོར་བྱས་པ་རེད། དེ་བས་ཤུལ་དུ་ལུས་པའི་རང་གི་ཨ་མ་རྒན་མོ་དང་བུ་མོ་ལོ་གཉིས་གསུམ་ཅན་དེ་གཉིས་ལ་ལྟ་སྐྱོང་བྱེད་མཁན་མེད་པ་རེད། དེ་ནི་ཁོ་པའི་ཞེ་ཐོགས་ས་གཙོ་བོ་ཡིན་ཚོད་རེད། ཁོ་རང་ལ་ཁྲིམས་ཐག་མ་བཅད་གོང་ལ། ཁོ་མོར་ཁ་ཆད་བཞག་ཚར། དེ་བས་མོ་རང་བཀག་བསྐྱིལ་ཁང་དེ་ནས་གློད་བཀྲོལ་བཏང་སྟེ་ཕྱིར་སོང་རྗེས། དགའ་རོགས་ས་གང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་བཏང་བར་རྩད་གཅོད་དང་། ཁོ་པའི་ཨ་མ་དང་བུ་མོ་སྙོར་སྐྱོང་བྱེད་རྒྱུའི་སེམས་ཐག་བཅད་འདུག ངས་ཁོ་མོར་ལོ་བཅོ་ལྔར་སྒུག་རྒྱུ་དེ་དེ་འདྲའི་ལས་སླ་མོ་ཞིག་ཨེ་ཡིན་ནམ་ཞེས་དྲིས། མོས་ངལ་རྩོལ་བསྒྱུར་བཀོད་བྱེད་པར་བཏང་ན་བཙོན་མར་ཟླ་རེར་ཐེངས་གཅིག་རེར་ལྟ་རུ་འཇུག་པ་རེད། ད་དུང་རྣམ་འགྱུར་དྲང་ན་བཙོན་དུ་སྡོད་པའི་དུས་ཡུན་ཇེ་ཐུང་དུ་གཏོང་ངེས་རེད་ཟེར་ནས་བཤད། དེ་ནི་མིའི་ཡིད་སེམས་ཅིག་ཅར་དུ་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་པ་བསྙོན་དུ་མེད་ནའང་། ལོ་བཅོ་ལྔའི་དུས་ཚོད་ནི་ཇི་འདྲའི་རིང་ཞིང་དལ་ལ། མི་ཆ་མེད་རྒྱུས་མེད་ཅིག་གི་དོན་དུ་རང་གི་མི་ཚེ་བསྟིམས་ན་ནི་འགྲིག་མིན་སུ་ཡིས་ཧ་གོ་ཡོང་། ཁོ་གཉིས་བཙོན་ཤག་སྔོན་མའི་སྒེའུ་ཁུང་ཤེལ་སྒོ་ལས་མཐོང་ནས་ཕན་ཚུན་ལ་སེམས་པ་ཤོར་བ་དང་། སྒོ་རའི་ལྕགས་དྲ་བརྒྱུད་ནས་མཛའ་འཕྲིན་སྐུར་རེས་བྱས་ཏེ་འདང་རྩིས་ཆགས་པ་ཡིན་ཟེར། ངས་ཁོ་མོའི་ལུས་སྟེང་གི་བུད་མེད་ཀྱི་བརྩེ་དུང་གི་གཏོང་ཕོད་སྙིང་སྟོབས་དེ་དམར་ཧྲེང་ཧྲེང་དུ་རྗེན་པར་མངོན་པ་མཐོང་སྐབས། རང་ཉིད་ཀྱང་བུད་མེད་ཅིག་ཡིན་པས་སེམས་བསམ་པའི་གཏིང་དང་ཤ་རུས་པའི་གསེང་ནས་ཁོ་མོར་ཡི་རང་ཞིག་དང་འབྲེལ་སྙིང་རྗེ་དྲག་པོ་ཞིག་སྐྱེས་ཏེ་ཡིད་སེམས་འཁྱག་མོ་འཁྱག་མོ་རུ་གྱུར་སོང་། གཏམ་རྒྱུད་དེར་ཉན་བཞིན་ཤེས་མེད་ཚོར་མེད་ངང་ཆུ་ཚོད་བཞི་པར་སླེབས། ངེད་གཉིས་ཀྱིས་ཐུན་པ་རྗེས་མ་བོས། ནམ་གུང་སྡོད་ལོབས་བྱས་མེད་སྟབས། ང་རང་ཉལ་མ་ཐག་གཉིད་དུ་ཡུར་སོང་། སྔ་མོ་ཆུ་ཚོད་བདུན་པའི་སྟེང་མི་ཞིག་གིས་སྐད་བརྒྱབ་པ་ན་ལམ་སེང་མལ་ལས་ལངས། བཀག་བསྐྱིལ་ཁང་དུ་གསར་འབྱོར་པ་རྣམས་ཀྱིས་སྒྲིགས་ཁྲིམས་དམ་སྲུང་དང་ལས་ཀ་རྫོབ་པོ་ཆ་ཚང་བྱེད་དགོས་པ་རེད། ང་སྡོད་པའི་ཉི་མ་དེ་གཉིས་རིང་ལ་སྒྲོལ་མ་སྐྱིད་གཅིག་པུས་གསང་སྤྱོད་དང་ཐང་ཕྱིས་ནས་བྱི་དོར་བྱས། ངས་ཁོ་མོར་ལས་ཀ་དེ་བཙོན་མ་ཚང་མས་རེས་མོས་བྱས་ན་འགྲིག་ཚུལ་ལབ་ཀྱང་མོས་ཅི་ཡང་མི་ཟེར། རྗེས་སོར་གློད་བཀྲོལ་བཏང་རྗེས་ཚེ་རིང་སྒྲོལ་མས་བཤད་ན། བཙོན་ཤག་དེའི་སྒྲིགས་ལྟར་ན། གསང་སྤྱོད་དང་ཐང་ལ་གཙང་སྦྲ་བྱེད་པའི་ལས་ཀ་ཆ་ཚང་ཆེས་མཐའ་མར་གསར་འབྱོར་བཙོན་མ་གང་དེས་བྱེད་དགོས་པ་རེད། ཡིན་ནའང་ཉིན་དེ་གཉིས་ལ་ངའི་ཚབ་ཏུ་སྒྲོལ་མ་སྐྱིད་ཀྱིས་གཙང་སྦྲ་བྱས། མ་ཟད་ཟླ་གཅིག་གི་རིང་ཁོ་གཉིས་ཁོ་ནས་རེས་མོས་སུ་གསང་སྤྱོད་དང་ནང་ཕྱིས་པ་ཡིན་ཞིང་། ང་བཀག་བསྐྱིལ་ཁང་དེ་དང་ཁ་བྲལ་པའི་ཕྱི་ཉིན་ནས་བཟུང་། བཙོན་སྒྲིགས་ཇེ་དམ་དུ་བཏང་སྟེ། ཐ་ན་ཁོ་གཉིས་ལ་རྒྱ་སྐད་ཀྱི་ལམ་ནས་ཀྱང་ཁ་བརྡ་བྱས་མི་ཆོག་པར་བཟོས་ཤིང་། སྒྲོལ་མ་སྐྱིད་ཀྱིས་ཁ་ཏོན་ཕྱག་འཚལ་བྱེད་པ་དེ་ཡང་མི་ཆོག་པར་བྱས། བཙོན་ཤག་དེ་རུ་རྒྱ་མིའི་བཙོན་མ་ཚོས་ཡི་གེ་འབྲི་སྦྱོང་བྱས་ཆོག་ཅིང་། བོད་པ་ཚོས་དེ་ལྟར་བྱེད་མི་ཆོག ཐེངས་ཤིག་ལ་ཚེ་རིང་སྒྲོལ་མས་སྒྲོལ་མ་སྐྱིད་ལ་དབྱིན་ཡིག་གི་གསལ་བྱེད་ཙམ་ཁྲིད་སྐབས། བཙོན་གྲོགས་ཚོས་ཡར་ལ་གཏུགས་རྗེས། བཀག་བསྐྱིལ་ཁང་གིས་སློབ་ཁྲིད་བྱེད་མི་ཆོག་པའི་བཀའ་བབས་སོང་ཟེར། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི། བཀག་བསྐྱིལ་ཁང་དེར་གཟའ་འཁོར་གཅིག་རིང་ཆུ་ཆད་དེ་བཙོན་མོ་ཚོས་རང་གི་རྐང་ངོ་བཀྲུ་བྱེད་ཀྱི་ཀ་ཏོ་རའི་ནང་བསགས་པའི་ཆུ་དེ་འཐུངས་ཤིང་། ཉིན་རེར་གོ་རེ་ཅོང་རྡོག་གཉིས་ལས་འབྲས་དྭངས་དང་རྗེན་ཐུག་དེ་ཡང་མེད་པར་གྱུར་པ་རེད་ཟེར། ཉིན་དེའི་ཞོགས་པར་ཁོ་ཚོས་སྐད་འགྲགས་ཀྱིས་ང་ལ་ཉལ་ཆས་ལྟེབ་རོགས་བྱོས་ཟེར། བཙོན་མ་རྣམས་ཀྱི་ཉལ་ཆས་རང་རང་གིས་ཁྱེར་ཡོང་བས་ཉལ་གདན་དང་ཉལ་ཐུལ་གྱི་ཆེ་ཆུང་དང་སྲབ་མཐུག རིང་ཐུང་མི་འདྲ། ད་དུང་མི་གྱོན་པའི་ལྭ་བ་དང་སྔས་འབོལ་སོགས་ཀྱང་ཉལ་ཐུལ་དང་མཉམ་དུ་བལྟབས་ཏེ་གྲལ་འགྲིག་པོ་ཡོང་དགོས་པས། ཉལ་ཆས་ལྟེབ་རྒྱུ་ལས་སླ་མོ་ཞིག་གཏན་ནས་མ་རེད། ཉིན་དང་པོར་ངས་བློ་ཞིབ་མོས་ཐེངས་འགར་བལྟབས་ཀྱང་བཙོན་རོགས་རྙིང་པ་དེའི་བློར་མ་བབས་པར་བཤིགས་སོང་། ཡིན་ནའང་བཙོན་མ་སུ་ཡང་ལས་ཀ་དེར་གཡོལ་ཐབས་མེད་པས་མི་སྦྱོང་ཀ་མེད་བྱུང་། ཉལ་ཐུལ་རེ་རེ་རིང་ཚད་ལྟར་ཉིས་བལྟབས་ཀྱིས། གསང་སྤྱོད་ཀྱི་བར་བཅད་ལ་བསྙེས་ཏེ་གཅིག་ཐོག་གཅིག་བརྩེགས་ཀྱིས་དོ་མཉམ་ཆ་འགྲིག དབྱིབས་ཤིང་སྒམ་སྣ་རིང་ཞིག་དང་འདྲ་བ་ཡོང་དགོས། དེའི་སྟེང་རས་ཁྲ་ཞིག་བཀབ་སྟེ་འཐེན་ནས་གཉེར་མ་མེད་པ་བཟོ་དགོས། ངོ་བཀྲུའི་ལག་ཕྱིས་ཀྱང་གྲུ་བཞི་ཆལ་སྒམ(སྤོས་ཆལ་གྱི་སྒམ)ལྟ་བུ་ཞིག་ཏུ་བལྟབས་རྗེས་རང་རང་གི་ངོ་བཀྲུ་ཆས་དང་ལྷན་དུ་གྱང་ངོས་སྒམ་གྱི་འོག་ཏུ་སྟེགས་འཆའ་ཞིག་འདུག་པ་དེ་རུ་ཆ་འགྲིག་ཏུ་འཇོག་དགོས་པ་རེད། གལ་ཏེ་སྒྲིགས་དེ་མ་བརྩིས་པ་ཡིན་ན་བཙོན་གྲོགས་རྣམས་ཀྱིས་ཚོད་ཚོད་དུ་སྐད་འགྲགས་བྱས་ཏེ་སྡོད་ལོང་མེད་པར་གཏོང་ངེས། ཡིན་ནའང་བཀག་བསྐྱིལ་ཁང་དུ་ཡུན་རིང་བསྡད་པའི་བཙོན་མ་ཪྙིང་པ་རྣམས་ཀྱིས་བག་ལྷོད་ལྷོད་ངང་ཁ་ངོ་འཁྲུད་བཞིན་ནངས་ཇ་འཐུང་བར་སྒུག་བསྡད་ཆོག་པ་རེད།

མནར་གཅོད་ཀྱི་གོ་རིམ་ཞིག་

                (13)

དེ་བཞིན་བཙོན་ཤག་གཙང་སྦྲ་དང་། ཁ་ངོ་བཀྲུ་ཙམ་བྱས་རྗེས་ནངས་ཇ་འཐུང་བའི་བརྡ་བརྒྱབ་པ་ན། ཚང་མ་གྱང་རྩ་རུ་ཀྲོང་ངེར་ལངས་བསྡད་དེ“སྤྱི་ཚོགས་རིང་ལུགས་བཟང”སོགས་གསར་རྗེའི་གླུ་དབྱངས་གཉིས་བླངས་རྗེས། བཙོན་མའི་སྲུང་བྱ་བློ་ནས་འདོན་དགོས། ཟ་མ་ལེན་སྐབས་ཚང་མ་ཐང་དུ་ཙོག་ནས། གོག་མ་ལངས་ཀྱིས་སྒོ་ཁར་སོང་སྟེ་ལྕགས་དྲའི་བར་ནས་འབྲས་ཐང་བླངས་རྗེས་བཀའ་དྲིན་ཆེ་ཞུ་ཞོར། ཕྱིར་ཡོང་སྟེ་ཟ་མ་ཉལ་ཁྲིའི་སྟེང་བཞག་མཐར། སླར་གྱང་རྩར་སོང་ནས་ལངས་འདུག་དགོས། ནངས་ཇ་བླུགས་ཚར་ཏེ་ཁོ་ཚོ་ཕྱིར་སོང་བ་ན། ད་གཟོད་ནངས་ཇ་འཐུང་ཆོག་པ་རེད། ངས་སྔ་མོ་དེ་ནས་བཟུང་ནངས་ཇ་འཐུང་ཁུལ་ཙམ་བྱས་པ་ཡིན། ཟས་ཟ་འདོད་ཀྱི་ཡི་ག་སྔར་བཞིན་མེད། ལྷག་པར་དུ་ཟ་མ་ལེན་སྟངས་དེས་ང་རང་ཁྱི་ཞིག་གི་ས་ལ་བཞག་ནའང་། ཁོ་ཚོས་བཤད་པ་བཞིན་ནད་བྱུང་ཚེ་ཁ་ཡ་བྱེད་མཁན་མེད་པས། དངོས་གནས་ས་དེ་རུ་ཤི་ཡང་སྡུག་གྱོང་ཡིན་པའི་སྣང་བ་ཞིག་སྐྱེས་ནས་སྐྲག་སྟེ་ཟ་མ་ཟོས་པ་ཡིན་ལ། ཟ་མ་རྫོབ་པོ་དེ་ཅུང་ཟད་ཟོས་རྗེས་ལུས་ལ་སྟོབས་ཤུགས་གང་ཙམ་ཞིག་འཛོམས་སོང་། ཟ་མ་ཁྱེར་ཡོང་མཁན་སྐྱེས་པ་བཙོན་མ་གཉིས་རེད་ལ། ལན་རེར་ཟ་མ་ལྡུག་མཁན་གྱི་གམ་དུ་ཉེན་རྟོག་པའང་ཡོད། འབྲས་ཐང་དེར་སྤོད་ཡ་ལ་གོ་རེ་ཅོང་རྡོག་རེ་འདུག ནུབ་འཚལ་འཐུང་སྐབས་ཀྱང་ཟ་མ་ལེན་སྟངས་དེ་འདྲ་རེད། མི་འདྲ་ས་ཞིག་ཡོད་པ་ནི། ནུབ་འཚལ་རྗེན་ཐུག་ཡིན་པ་དེ་རེད། ཐུག་པ་དེའི་ནང་དུ་ཞོག་ཁོག་དང་ཚོད་དཀར་ལྗང་ཁུ་ཏོག་ཙམ་ལས་ཚྭ་ཡང་མི་འདུག ཉི་མ་སུམ་བརྒྱ་དྲུག་ཅུ་ལ་ཟ་མ་སྣ་ཁ་དེ་གཉིས་ལས་ཡོད་པ་མ་རེད་ཟེར། བཙོན་གྲོགས་ཚོས་བཤད་ན། ཟ་མ་དེ་འདྲ་ཟོས་ཏེ་ཡུན་རིང་ཕྱིན་པ་ན། མགོའི་སྐྲ་ལྷུང་བ་དང་། ལུས་པོ་ནས་སྐྱི་མོ་རིམ་པ་ཞིག་གོགས་ཡོང་གི་རེད་ཟེར། ཉིན་གུང་གི་ཟ་མ་ནི་རང་གིས་ཉོས་པའི་མགྱོགས་ཐུག་རེད། བཀག་བསྐྱིལ་ཁང་གིས་གུང་ཚིགས་ལྡུད་ཀྱི་མ་རེད། ནངས་ཇ་འཐུངས་ཏེ་དཀར་ཡོལ་གཙང་དག་བཀྲུས་ཚར་ནས་ཅུང་མ་འགོར་བར། བར་ཁྱམས་སུ་ཉེན་རྟོག་པའི་སྐད་སྒྲ་གྲགས་པ་དང་བཙོན་མོ་རྣམས་ཀྱིས་རང་རང་གི་གྱང་རྩའི་འདུག་ས་བཙལ་ནས་ཟི་ཟི་ལོང་ལོང་དུ་གྱུར་འདུག སྐབས་དེར་བཙོན་ཤག་གི་ལྕགས་ཟྭ་ཁྲོགས་སེ་ཕྱེ་རྗེས། ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་བཀག་བསྐྱིལ་ཁང་གི་འགོ་གཙོ་གཞོན་པ་ཞིག་གིས་སྐྱེས་པ“བཙོན་མ་རང་དབང་ཅན”གཉིས་ཁྲིད་ཡོང་ནས། ང་ཚོ་ཨང་རིམ་ལྟར་གྱང་རྩ་རུ་ཙོག་བཅུག་སྟེ་ལག་པ་གཉིས་མཐོ་དམའ་བཏོད་པའི་པུས་མོའི་སྟེང་བཞག་ཅིང་བྲང་ཁོག་ལྡིར་མགོ་བོ་དགྱེ། ཁ་ནས་བདུན་པ“འཇམ་དབྱངས་སྐྱིད”ཟེར་བཞིན་ཡར་ལངས་མར་ཙོག་ཐེངས་དུ་མར་བྱེད་དུ་བཅུག ཐེངས་དང་པོར་སྦྱོང་བརྡར་བྱེད་སྐབས། ང་གྲལ་སྒྲིག་པའི་གོ་རིམ་ནོར་བར་མ་ཟད། སྐྲག་མ་དངངས་ཀྱིས་རང་གི་རྒྱབ་ལ་གྱོན་པའི་བཙོན་ཆས་སེར་པོའི་སྟེང“2”ཤིག་བྲིས་འདུག་པ་མཐོང་བས་དེ་མ་ཐག་ཁ་ནས“གཉིས་པ་འཇམ་དབྱངས་སྐྱིད”ཅེས་ཐལ་བས་ཨེན་ཙམ་གྱིས་གཅར་རྡུང་བཟེད། ཉི་མ་དེར་ཚེ་རིང་སྒྲོལ་མ་ཁྲིད་སོང་བས། ང་ནི་བཙོན་ཤག་དེར་ཡོང་བ་ཆེས་མཐའ་མའི་ཨང་བདུན་པ་བ་རེད། གྱང་རྩ་རུ་གྲལ་སྒྲིག་སྐབས་ངེས་པར་དུ་བཙོན་ཁང་དེར་ཡོང་བའི་གོ་རིམ་ལྟར་བསྒྲིག་དགོས། དེ་ལྟར་མ་བྱས་ཚེ་རྟ་ལྕག་གིས་འབྲབ་ཤག་རེད། བཙོན་སྦྱོང་བྱས་པ་ཁོ་པའི་བློ་ལ་ཅུང་ཟད་མ་བབས་པ་བྱུང་ནའང་རྡུང་གྲབས་བྱེད། ཁོས་སྔོན་ཆད་ཁྱོད་ཚོ་ཅི་ཞིག་བྱེད་མཁན་ཡིན་ནའང་། ས་འདིར་ཡོང་ན་ཚང་མ་གཅིག་འདྲ་ཡིན་པ་རེད་ཅེས་ང་ལ་དམིགས་ནས་བཤད། དེ་ནས་སླར་ཡང་གསར་བརྗེའི་གླུ་དབྱངས་དང་བཙོན་མའི་སྲུང་བྱ་བློར་འདོན་དུ་བཅུག་ཅིང་། བློར་མི་ཡོང་མཁན་ལའང་རྟ་ལྕག་གིས་འབྲབ་གྲབས་བྱེད། ཁོའི་བཀོད་འདོམས་ལྟར་སྐྱེས་པ“བཙོན་མ་རང་དབང་ཅན”གཉིས་ཀྱིས་ང་ཚོས་སྔོན་ཏག་ཏག་ལ་བལྟབས་ཚར་བའི་ཉལ་ཐུལ་དང་གྱང་ངོས་ཀྱི་སྒམ་ཆུང་ནང་གི་དངོས་པོ་ཡོད་ཚད་ཕྱིར་ཕྱུང་ནས་ཕྱོགས་ཕྱོགས་སུ་གཏོར་བཞིན་སྔོག་སྐབས་ང་ལ་ཇག་པས་བཅོམ་པའི་སྣང་བ་ཞིག་བྱིན། ང་ཚོ་དེ་ལྟར་ཙོག་སྟེ་ཡུན་རིང་དྲགས་པས་རྐང་པ་ན་ནས་བཟོད་བསྲན་བྲལ། ཡིན་ནའང་བཙོན་མོ་རྣམས་སྐྲག་སྟེ་འཕག་འགུལ་བྱེད་ཕོད་མཁན་མི་འདུག འགོ་གཙོ་ཀླད་བྱི་དེ་ཁ་ཕར་འཁོར་ཙམ་ལ། རྐང་པ་གཉིས་བརྗེས་ནས་སྦྲིད་པ་དེ་གཡུག་ཙམ་གྱིས་མུ་མཐུད་དུ་ཨམ་གཙིགས་བསྡམས། ཁོ་པས་སྐད་འགྲགས་བྱེད་ཞོར་ལག་གི་རྟ་ལྕག་གཡུག་གཡུག་བྱེད་དུས་ངས་འདི་རུ་ཉི་མ་མི་འཁྱོལ་ཁོ་ཐག་ཡིན་པ་ཤེས། ཁོ་ཚོ་སོང་རྗེས་ང་ཚོས་ཡང་བསྐྱར་ཉལ་ཆས་བལྟབས་ཏེ་བཙོན་ཤག་གཙང་དག་བྱས་པ་ཡིན། སྙིང་པོ་ཅི་ཡང་མེད་པའི་ལས་ཀ་རྫོབ་པོ་དེ་འདྲའི་ཁྲོད་དུས་ཚོད་རྣམས་འཕྲོ་བརླག་གཏོང་བ་དང་། མི་མིན་ཁྱི་མིན་གྱིས་འཚོ་བ་ནི། མི་ཚེ་སྟོང་ཟད་གཏོང་བ་རང་རེད་འདོད་དེ་ཕངས་སེམས་ཀྱིས་གདུང་། དེ་བཞིན་ཆུ་ཚོད་བཅུ་ལྷག་ལ་སླེབས་རྗེས། སྒོ་ར་ནང་སོང་ཆོག་པའི་བཀའ་འཁྲོལ། ཉི་མ་དེར་ནམ་ཟླ་དྭངས་ཤིང་མཁའ་དབུགས་ཤིན་ཏུ་བཟང་། ཉིན་ཉི་ཤུ་ཙམ་ལ་ཉི་མར་ལྡེ་མྱོང་མེད་པའི་རྐྱེན་ནམ། ཉི་འོད་མཐོང་བ་དང་ང་ལ་བཤད་མི་ཤེས་པའི་དགའ་སྤྲོ་ཞིག་རྒྱས་ཡོང་། སེར་གྱི་ལེར་ཤར་བའི་ཉི་འོད་ཁྲོད་ངའི་སེམས་པ་སྐད་ཅིག་མར་ཕྱིར་དྲན་གྱི་ཀློང་དུ་ཞུགས། ནམ་རྒྱུན་ཡིན་ན་དུས་འདི་ནི་ཁྱིམ་མི་དང་མཉམ་དུ་ཡུལ་རྒྱན་མེ་ཏོག (郁金香)ལ་མྱོང་རོལ་གྱི་དུས་ཚིགས་ཡིན་ལ། མེ་ཏོག་གི་དྲི་ཞིམ་ལྡང་བའི་གླིང་གའི་གྲུ་ཟུར་གང་རུང་དུ་གྲོགས་པོ་ཚོས་ཟས་ཁ་ཇ་ཁ་ནས་འདུ་ཤེས་རྩོད་པའི་དུས་ཀྱང་ཡིན་སྲིད། དཔྱིད་ཀའི་དུས་ཚིགས་ཀྱི་བསླུ་བྲིད་ནི་ཅི་འདྲའི་བཟློག་དཀའ་བ་ལ་ཨང་། ཞེས་སྡུག་བསྔལ་གྱི་མདུད་པ་རེ་ཞིག་བཀྲོལ་ཏེ་རང་གི་འདས་སོང་གི་མངར་སྐྱུར་བསྐ་གསུམ་གྱི་འཚོ་བ་ཡོད་དོ་ཅག་བདེ་སྐྱིད་དུ་མཐོང་ནས་བདེ་བ་ཙམ་སྒོམ་སྐབས། མི་ཞིག་གིས་གློ་བུར་དུ་ངའི་མིང་ནས་བོས་ཏེ་ང་རང་སྐྱིད་པོའི་རྨི་ལམ་ལས་བཙན་གྱིས་དཀྲོགས། བཙོན་བདག་མས་ང་དང་ཁ་ཆེའི་བུ་མོ་དེར་སྒོ་ར་གཙང་སྦྲ་བྱོས་ཟེར་གྱིན་འདུག ངས་མི་འདོད་བཙན་གྱིས་གསང་སྤྱོད་ཁང་ནས་ཞེ་མེར་བའི་ལག་ཕྱིས་འབག་བཙོག་དེ་ཁྱེར་ཡོང་ནས་ཐང་ཕྱིས། བཙོན་མ་རེ་གཉིས་ཀྱིས་དེ་མི་གཙང་དང་འདི་མི་གཙང་ཟེར་བ་ལག་ཕྱིས་ཡང་ཡང་བཀྲུས་ཏེ་ཕྱིས། དེ་རྗེས་བཙོན་མ་ཚོ་ཉིས་གཤར་བྱེད་དུ་བཅུག་སྟེ་རྩལ་སྦྱོང་ཐེངས་གཉིས་ལ་བརྩེས། བཙོན་བདག་མས་རྩལ་སྦྱོང་ལ་བྱང་ཆ་མེད་མཁན་ལ་མྱུར་མོར་ཤེས་སུ་ཆུགས་ཟེར། དེ་ནས་སྒོ་ར་ཆུང་ངུ་དེའི་ནང་སྐོར་བ་ལྔ་བཅུ་རྒྱུག་ཏུ་བཅུག་པས། ང་མགོ་ཡུ་འཁོར་ནས་ཨེན་ཙམ་གྱིས་ཐང་ལ་འགྱེལ་སོང་། ཚུལ་དེ་མཐོང་རྗེས་བཙོན་བདག་མས་ང་ལ་ཏོག་ཙམ་ངལ་གསོ་རུ་བཅུག རྒྱུག་མཚམས་བཞག་རྗེས་སྒྲོལ་མ་སྐྱིད་ལ་སྣེ་ཁྲིད་དུ་བཅུག་ནས་ཁོ་ཚོ་སྒོར་བྲོ་ལྡིང་། ངས་ཚུལ་དེ་མཐོང་སྐབས་ཡིད་ལྷག་ཏུ་སྐྱོ་ནས་མིག་ཆུ་བཞུར། ཁོ་ཚོ་ཡང་ས་དེར་འབྱོར་མ་ཐག་ཙམ་ལ་ང་དང་གཅིག་འདྲ་རེད་ཟེར། ཡིན་ནའང་དུས་ཡུན་འགོར་ན་ཅུང་ཙམ་གོམས་ལོབས་སུ་འགྲོ་ངེས་ཞེས་བཤད་ཀྱང་། ངས་དེར་གཏན་ནས་ཡིད་མ་ཆེས། སྒོར་བྲོ་ལྡིང་ཚར་བ་ན་ཚང་མ་རང་མོས་སུ་ངལ་གསོ་རུ་བཅུག དུས་དེར་སྒྲོལ་མ་སྐྱིད་ངེད་གཉིས་ཀས་ཁ་བརྡ་ཅུང་ཙམ་བྱས། བོད་པ་ཕན་ཚུན་བར་རྒྱ་སྐད་ལས་བོད་སྐད་ལབ་ཆོག་གི་མེད་པ་རེད་ལ། དེ་ནི་མོ་རང་ལ་མཚོན་ན། ཧ་ཅང་བཟོད་བསྲན་བྱེད་དཀའ་བ་ཞིག་རེད་ཟེར། རང་སྐད་རང་གིས་ལབ་མི་ཆོག་པ་དང་། རང་རིགས་རང་གིས་གླེང་མི་ཆོག་པའི་སྐབས་དེ་དག་ལ། ངའི་སྣང་ངོར་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་སྲུང་སྐྱོང་དང་རྒྱུན་སྲིང་བྱེད་དགོས་ཚུལ་གྱི་སྲིད་ཇུས་རབ་དང་རིམ་པ་ཡི་གེར་བཀོད་པ་ནི་སྐྱག་རྫུན་དང་གཞུང་ཁོག་སྐམ་པོ་ཁོ་ན་ཡིན་པ་རྟོགས་ཤིང་། རྒྱ་མི་ཤེས་ཡོན་ཅན་ཡུས་ཅེ་ལགས་ཀྱིས་རང་དབང་ནི་རིང་ལུགས་ཙམ་མ་ཡིན་པར་འཚོ་བ་དངོས་ཡིན་ཟེར་བའི་སྐད་ཆ་དེའང་ཡིད་ལ་དྲན་ཡོང་། མ་ཟད་བོད་པ་ཕན་ཚུན་བར་རྒྱ་སྐད་ཀྱི་ཁ་བརྡ་བྱས་ན་དེ་ལའང་ཚོད་འཛིན་བྱེད་པ་རེད། དེ་བས་མོས་ངེད་གཉིས་སོ་སོར་ཕྲལ་བར་ཞེད་ནས་འབྲེལ་འདྲིས་དུས་ཚོད་མ་རིང་ཞེས་བློ་གསལ་འཕུད་ཀྱི་འདུག ཁ་བརྡ་ཐུང་ཐུང་དེའི་ཁྲོད། མོའི་ཕ་མ་གཉིས་ལ་བུ་ཕྲུག་ཁོ་མོ་གཅིག་པུ་ལས་མེད་པ། མོ་རང་ལ་བུ་ཕྲུག་གསུམ་འདུག་པ། ཁོ་མོ་ཁྱོ་ག་དང་ཁ་གྱེས་ནས་ལོ་དུ་མ་འགོར་བ་སོགས་ཤེས། མོས་བཤད་ན། ཁོ་མོའི་ཉེས་མིང་ནི“རྒྱལ་ཁབ་ཁ་བྲལ་འགྲོ་བར་དབྱེན་སྐུལ་བཏང་བའི་ཉེས་པ”ཞེས་པ་དེ་རེད། དེ་ལྟ་ཡིན་ན་མ་མཐའ་ཡང་ལོ་ལྔ་ཡིས་ཁྲིམས་ཐག་གཅོད་ངེས་རེད་ཅེས་བཙོན་འདུག་བྱེད་པར་གྲ་སྒྲིག་བྱེད་ཀྱི་འདུག མོས་ངའི་བུ་ཕྲུག་ཚོ་ལོ་ན་ཕྲ་ཡང་ངའི་ཕ་མ་གཉིས་ཀྱིས་འདང་རྩིས་ཆེ་བས་ཞེ་མི་ཐོགས། སེམས་སུ་བློས་མི་ཐོངས་པ་དེ་རང་གི་ཨ་མ་རེད་ཅེས་ངུ་ངག་གིས་བཤད། དེ་མ་ཐག་ངའི་ལུས་ཧྲིལ་པོ་འཁྱག་སིབ་སིབ་ཏུ་གྱུར་ནས་སྨྲ་བ་མེད་པར་རེ་ཞིག་ལུས། མོས་དེར་མཐུད་ནས་མི་རིགས་འདིར་ཕན་ཙམ་བྱུང་ན་ང་བཙོན་དུ་སྡོད་དགོས་ཀྱང་འགྱོད་པ་མེད་ཅེས་བརྗོད། དུས་དེར་ངས་གངས་ཅན་བུད་མེད་རྣམས་ཁྱད་འཕགས་ཅན་ཡིན་པར་འདོད་པའི་རང་གི་ལྟ་ཚུལ་དེར་སྔར་ལས་ཀྱང་ཡིད་ཆེས་རྙེད། བཙོན་ཤག་དེའི་ནང་ང་ཚོ་བོད་པ་གསུམ་པོ་ཆབ་སྲིད་ཉེས་ཅན་ཡིན་པ་ལས། གཞན་ཁ་ཆེ་གཅིག་དང་རྒྱ་མོ་བཞི་བོ་ཚང་མ་ཉེས་དོན་ཉེས་ཅན་ཏག་རེད། སྐབས་ཤིག་ལ་སྐྱེས་པ“བཙོན་མ་རང་དབང་ཅན”ཞིག་གིས་ཀ་ར་དང་སིལ་ཏོག་འགའ་ཁྱེར་ཡོང་སྟེ་ལྕགས་དྲའི་བར་ནས་བཙོན་བདག་མ་ལ་བྱིན་རྗེས། ང་ཚོར་ཀ་ར་རེ་དང་སིལ་ཏོག་ཕྱེད་ཀ་རེ་བགོས། ངས་དེ་བཀག་བསྐྱིལ་ཁང་གིས་བྱིན་པ་ཡིན་ནམ་ཞེས་དྲིས་པ་ན། བཙོན་མའི་ཁྱིམ་བདག་གིས་ཁྱེར་ཡོང་བ་རེད་ཟེར། ད་དུང་བཙོན་གྲོགས་ཤིག་གིས་ཕིང་ཨན་བཀག་བསྐྱིལ་ཁང་དུ་བུད་མེད་བཙོན་ཤག་ནི་འདི་གཅིག་པུ་ལས་མེད་གཤིས། ང་ཚོ་གཅེས་ཕྲུག་ཏུ་གྱུར་ཡོད་ཟེར། བདག་གིས་བཙོན་མ་དང་བཙོན་མའི་ཁྱིམ་མིར་སྙིང་རྗེ་ཞིག་སྐྱེས་ཤིང་། སེམས་སུ་བཙོན་མའི་ཁྲོད་མི་ཡག་པོ་སྙིང་རྗེ་ཅན་ཡང་འདུག་སྙམ། ཐོག་དང་པོར་སྦྱིན་པའི་ཕན་ཡོན་དེ་འདྲ་ཆེ་བ་རྟོགས། དེ་ལས་ཀྱང་མི་དང་མི་བར་གྱི་བརྩེ་སེམས་དྲོན་མོ་དེ་ཚོར། རང་ཉིད་ཀྱང་ས་འདི་ནས་ཐར་རྗེས་བཙོན་མ་ཚོར་སྦྱིན་པ་ཞིག་གཏོང་ཐུབ་ན་འདོད། སྔ་དྲོ་དེར་བཀག་བསྐྱིལ་ཁང་གི་རུ་གཙོ་ཤོག་ཕེ་ལ་དགའ་མཁན་ཞིག་ཡོད་པ་དེས་ང་ཚོའི་སྒོ་རའི་ལྕགས་དྲའི་གམ་དུ་ཡོང་ནས་འདུག་སྟེགས་རལ་པོ་ཞིག་སྟེང་བསྡད་རྗེས། ལག་པ་ལྕགས་དྲའི་ནང་བསྲིངས་ཡོང་ནས་བཙོན་མ་གསུམ་དང་མཉམ་དུ་ཤོག་ཕེ་བརྩེས། མི་སུ་ཞིག་ཕམ་པ་ཡིན་ན་དེའི་ལག་མགོར་ཐལ་ལྕག་གིས་རྒྱག་ཆོག་པ་རེད། སྐབས་ཤིག་ལ་གུང་ཚིགས་ཟ་རན། ང་ཚོ་བཙོན་ཤག་ཏུ་སོང་། བཙོན་བདག་མས་གྱང་ངོས་ཀྱི་སྒམ་ལས་མི་རེ་ལ་མགྱོགས་ཐུག་གཅིག་རེ་བླངས་ནས་བྱིན། བཙོན་གྲོགས་ཚོ་སྒོར་སྒོར་གྱིས་ཉལ་ཁྲི་དམའ་མོ་དེའི་སྟེང་དཀྱིལ་དཀྲུང་དུ་ཙོག་རྗེས། མདུན་དུ་བཞག་པའི་གོ་རེ་ཅོང་རྡོག་རེ་དེ་སྔ་གཞུག་གིས་བླངས་ནས། ཆུ་ཁོལ་ཚ་མོའི་ནང་སྦངས་པའི་མགྱོགས་ཐུག་ལ་བལྟ་བཞིན་ཟོས། ང་ལ་ཡི་ག་མེད་པས་མགྱོགས་ཐིག་འཐུང་མ་ཚར། འཕྲོ་མ་གསང་སྤྱོད་དུ་དབོ་རྩིས་བྱེད་སྐབས་བཙོན་བདག་མས་འདི་རུ་ཟ་མ་ཆུད་ཟོས་སུ་གཏོང་རྒྱུ་མེད། འཕྲོ་མ་བསྐྱུར་ཏེ་ནུབ་འཚལ་གྱི་ཁ་སྣོན་བྱོས་ཟེར་བ་ལྟར་དྭངས་ཕོ་རྗེས་རྩིག་མ་བསྐྱུར། དེ་ནས་ང་ཚོས་གུང་གཉིད་ངལ་གསོ་བྱས། ལས་རེས་གཉིས་ཀྱིས་དཀར་ཡོལ་བཀྲུས་རྗེས། རང་རང་གི་ལྭ་བ་དང་། ང་ཚོའི་ངོ་བཀྲུ་ལག་ཕྱིས་བཀྲུས་ཏེ་སྒོ་རའི་ནང་བསྐམས། མཚམས་ཤིག་ལ་མི་ཞིག་གིས་ཡར་ལོངས་ཟེར་ནས་སྐད་བརྒྱབ། གསར་འབྱོར་པ་གཙོ་བྱས་ཉལ་ཐུལ་བལྟབས་ནས་ཁང་པ་གཙང་སྦྲ་བྱས། དེ་ནས་ཅུང་ཙམ་འགོར་རྗེས། བཙོན་བདག་མས་ཚེ་རིང་སྒྲོལ་མ་སླེབས་བྱུང་། ངས་ཁོ་མོའི་སྐད་སྒྲ་ཐོས་སོང་ཟེར། ཡུན་རིང་ལ་ཡོང་རྒྱུ་མ་བྱུང་བས་ངས་བཙོན་བདག་མ་ནོར་སོང་བར་དོགས། ཡིན་ནའང་ཅུང་ཙམ་འགོར་རྗེས་མོ་རང་ཏག་ཏག་སླེབས་སོང་། ལག་ཏུ་བདེ་འཇགས་ཉེན་རྟོག་པས་འདྲི་གཅོད་མཇུག་བསྒྲིལ་སྐབས་ཁོ་ཚོས་མཉམ་དུ་ཟོས་པའི་སྔོ་ཚོད་དང་ཕག་ཤའི་ལྷག་འཕྲོ་ཙམ་བཟུང་འདུག མོས་ངས་ཞུ་བ་བྱས་པ་མིན་ན་ཨེན་ཙམ་གྱིས་སྒོ་ཁ་ནས་ཁྱེར་ཡོང་དུ་མ་བཅུག་ཅེས་གདོང་ལ་འཛུམ་ཞིག་ཕྱུང་འདུག་ནའང་། ངས་ཁོ་མོའི་ཤ་ཐང་ཆད་པའི་གདོང་ཉམས་དེ་མཐོང་བ་དང་། རང་དབང་མེད་པར་མིག་ཆུ་ཤོར། མོས་ང་ལ་དེ་ལྟར་མ་བྱེད་ཅེས་སེམས་གསོ་བྱས། ཁ་བརྡ་ལས་བདེ་འཇགས་ཉེན་རྟོག་པས་མོ་རང་ཉིན་ཞག་དྲུག་ལ་གཉིད་དུ་མ་བཅུག་པར་འགྲེང་ཆད་བཅད་པ་ཤེས་རྗེས། སེམས་ཡོངས་གཟེར་ཟུག་གིས་ཁེངས་ནས་སྙིང་རླུང་སྟོད་ལ་འཚང་ཡོང་། དགོང་མོ་དེར་ངས་བཙོན་བདག་མར་རེ་བ་ཞུས་པ་ལྟར། ཚེ་རིང་སྒྲོལ་མའི་ཚབ་ཏུ་སྒྲོལ་མ་སྐྱིད་ཐུན་པ་བྱེད་དུ་བཅུག ཕྱི་ཉིན་ཆར་བ་བབས་པའི་རྐྱེན་གྱིས་བཙོན་ཤག་ཏུ་མི་འདུག་ཀ་མེད་བྱུང་། ལྟ་སྲུང་མཁན་ཡོང་དུས་གྱང་རྩ་ནས་ལངས་འདུག་དགོས་པ་ལས། མཚམས་རེར་ཉལ་ཁྲིའི་སྟེང་ཅུང་ཙམ་རེ་འཕྲེས་བསྡད་ཆོག ཡིན་ནའང་བཙོན་བདག་མས་ང་སྡོད་པ་མཐོང་མ་ཐག་བཙོན་མའི་སྲུང་བྱ་བློར་ཟུངས་ཟེར་ནས་ཡང་ཡང་བློ་གསལ་ཕུད། མོས་ང་ལ་ཤོག་ལྷེ་གང་བོ་དེ་གཟའ་འཁོར་གཅིག་གི་ནང་བློར་བཟུང་རྗེས། ད་དུང་དོན་ཚན་ཞེ་དགུ་ཅན་ཞིག་འདུག དེ་ཚར་རྗེས་ཟླ་གཅིག་གི་ནང་དུ་དཔེ་ཆ་ཧྲིལ་པོ་གཅིག་བློར་འཛིན་དགོས། ཁྱོད་ཀྱིས་ཡི་གེ་ཤེས་པས་བློར་འཛིན་སླ་བ་རེད། བཙོན་མ་གཞན་དག་གིས་ཡི་གེ་ཤེས་ཀྱི་མི་འདུག་ཟེར། མོས་བཤད་ན་ང་ཚོས་བཙན་མའི་སྲུང་བྱ་དེ་དག་བློར་མ་བཟུང་བ་ཡིན་ན། བཀག་བསྐྱིལ་ཁང་གི་འགོ་གཙོས་མོ་རང་སྡུག་ལ་གཏོད་པ་རེད་ཟེར། ངས་ཤོག་ལྷེ་དེ་ཐེངས་གཅིག་ལས་མ་བཏོན། མི་གཡོ་འཚོང་བྱས་ན་བྱས་རྗེས་སུ་བརྩི་བའི་སྲུང་བྱ་དེ་བློར་འཛིན་དུས་ང་ལ་རྟག་ཏུ་དུས་ཚོད་འཕྲོ་བརླག་གཏོང་བའི་སྣང་བ་ཞིག་སྐྱེས་ཡོང་། ཡིན་ནའང་བཤུས་ཚར་བའི་སྲུང་བྱའི་ཤོག་ལྷེ་དེ་ངའི་སྟོད་ལྭའི་གློ་ཁུག་ནང་བཅུག་ཡོད། ང་ཚེ་རིང་སྒྲོལ་མའི་གམ་དུ་སོང་ནས་ཅུང་ཙམ་ལོག་སྡོད་སྐབས། མོས་ང་ལ་ཨ་ཅེ། དེ་རིང་ང་ཁ་སང་དང་མི་འདྲ་བར་སྤོབས་པ་ཉམས་འདུག ཁ་སང་ངས་ཁྱོད་དང་སྒྲོལ་མ་སྐྱིད་གཉིས་མཐོང་མ་ཐག སེམས་ལ་དྲོད་ཐིག་ཅིག་རྒྱས་ཡོང་། དེ་རིང་ང་ཧ་ཅང་སྐྲག་གི་འདུག ཁོ་ཚོའི་བཤད་སྲོལ་ལྟར་ན། ངའི་ཉེས་པ་ནི་སྒྲོལ་མ་སྐྱིད་དང་འདྲ་བར་རྒྱལ་ཁབ་ཁ་བྲལ་འགྲོ་བར་དབྱེན་སྐུལ་བཏང་བའི་ནག་ཉེས་རེད་ཟེར། དེ་ལྟར་ཡིན་ན་ང་བཙོན་དུ་ཕལ་ཆེར་ལོ་བརྒྱད་ནས་བཅུར་སྡོད་དགོས་ངེས་རེད། ང་ཁྱོད་ལྟར་མིང་གྲགས་མེད་པས་ས་སྲུབས་རྡོ་དབར་དུ་ཤོར་ཡང་གཞན་གྱིས་ཚོར་ཡང་མི་ཚོར་ཞེས་རང་ཉིད་གར་མེད་འདིར་མེད་དུ་འགྲོ་བར་སྐྲག་གིན་འདུག མོས་ད་ངའི་ཡོད་ཚད་འདི་ལྟར་ཚར་སོང་། སྤྱིར་འདི་ཡང་ང་གཅིག་པུའི་ལས་དབང་ཙམ་མ་ཡིན་པར་ང་ཚོ་བོད་པ་སྤྱིའི་ལས་དབང་རེད། ང་ད་མོ་ལོ་སུམ་ཅུ་ཟིན་ཙམ་ཡིན། ད་ལྟ་ད་དུང་གཉེན་ཡང་བསྒྲིགས་མེད་ཅེས་བཤད་མ་ཐག་ངའི་གློ་སྙིང་བལ་བ་ལྟ་བུའི་ཚོར་པ་སྐྱེས། བུ་མོ་དེ་གཉིས་ང་ལས་ལོ་སྐོར་གཅིག་ལྷག་གིས་ཆུང་ནའང་། ཁོ་མོ་གཉིས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ནི་ང་ལས་ལྡབ་འགྱུར་གྱིས་ཆེ། ཚུལ་དེས་ང་ལ་བསམ་གཞིག་གསར་པ་ཞིག་གཏོང་དུ་བཅུག དོན་དངོས་སུ་ང་བཀག་བསྐྱིལ་བྱས་པའི་ཉིན་གསུམ་བཞི་ཙམ་ནས་བཟུང་། ངས་རང་སེམས་ལ་སྙིང་ཕུར་བཏབ་དང་གདབ་ཀྱིན་ཡོད། ཡིན་ནའང་མིའི་སེམས་ཁམས་ནི་མཐོ་སྒང་གི་དབྱར་ཁའི་ནམ་ཟླ་ཇི་བཞིན། གནས་གཅིག་ཏུ་སྡོད་དཀའ་བར་ཡང་ཡང་འགྱུར་བ་འབྱུང་གིན་འདུག ངས་ཁོ་མོ་གཉིས་ཀྱི་བྲག་རི་བཞིན་བརྟན་པའི་ཆོད་སེམས་ལ་ཡི་རང་བྱེད་དོན་ཡང་རྒྱུ་མཚན་དེ་ཡིན། མནར་གཅོད་ཀྱི་གོ་རིམ་ཞིག་

               (14)

ཉི་མ་དེར་ཆར་བ་བབས་རྗེས་ཀྱི་ནམ་ཟླ་སྐྱོ་མོའི་དུས་ངས་ཡང་བསྐྱར་ལྕགས་སྒོ་ལས་ཁེར་རྐྱང་གི་བཙོན་མཁར་མཐོན་པོ་དེར་ཐེངས་ཤིག་བལྟས། སྐབས་དེར་ང་ལ་གློ་བུར་དུ་སྨྱོ་རྒྱུ་འདྲ་བའི་ཚོར་པ་དྲག་པོ་ཞིག་བྱུང་། དེ་ནི་བཙོན་ཤག་ལས་མཐོང་བའི་ཡུལ་ལྗོངས་ཁོ་ན་རེད། དེ་མུར་ང་བཙོན་ཤག་འདིར་བདེ་ཐང་གིས་འཚོ་བ་ལས་རང་ཁྱིམ་དུ་ཞ་བོར་བསྡད་ན་བཟང་སྙམ་པའི་དྲན་ཚུལ་ཤུགས་དྲག་ཅིག་སེམས་ཁོང་ནས་བརྡོལ་ཡོང་། ངའི་སེམས་པ་སྐྱོ་བའི་རྐྱེན་ནམ། ཉི་མ་དེར་བཙོན་གྲོགས་ཚོས་ཀྱང་རང་རང་གི་ས་ནས་དངན་པ་ནར་ནར་དུ་འཐེན་གྱིན་འདུག དེ་ལྟར་བྱེད་པར་ཁག་ག་ལ་ཡོད། ཤག་དེའི་བཙོན་མ་ལ་ལས་ཁྲིམས་ཐག་བཅད་རྗེས་སུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་སྒུག་སྡོད་པ་དང་། ལ་ལས་བཀག་བསྐྱིལ་རྫོགས་ནས་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་གཅོད་མིན་ལ་སྒུག་འདུག རེ་གཉིས་ཀྱིས་བཀག་བསྐྱིལ་བྱས་རྗེས་འཛིན་བཟུང་བྱེད་མིན་ལ་སེམས་པ་ཤོར་ནས་ཡོད། དེ་བཞིན་བཙོན་མ་ཚོས་ཉིན་མཚན་མེད་པར་རང་ལ་ལས་དབང་གི་བཀོད་སྒྲིག་ཡག་པོ་ཞིག་བྱེད་པར་རེ་ལྟོས་འཆའ། ཁོ་མོ་ཚོས་རང་གིས་བྱས་པའི་ལས་ངན་པ་གང་དེ་ལས་དབང་གི་བཀོད་སྒྲིག་ཡིན་པར་རློམ་གྱིན་འདུག ང་བཀག་བསྐྱིལ་ཁང་དེར་འབྱོར་པའི་དགོང་མོ་དེར། བཙོན་གྲོགས་ཤིག་གིས་བཙོན་ལྭ་ཁ་དོག་མི་གཅིག་པ་གསུམ་པོའི་མཚོན་དོན་ང་ལ་བཤད་པ་མིན་ན། ངས་རང་ལ་བསྐོན་པའི་བཙོན་ལྭ་སེར་པོ་དེ་བཀག་བསྐྱིལ་བཙོན་མའི་ལྭ་བ་ཡིན་པ་ཡང་ཧ་མི་གོ འཛིན་བཟུང་བྱས་ཟིན་པའི་བཙོན་མའི་ལྭ་བའི་ཁ་དོག་ངུར་སེར་རེད། སྒྲོལ་མ་སྐྱིད་ལ་དེ་འདྲ་ཞིག་བསྐོན་འདུག ཁྲིམས་ཐག་བཅད་ཟིན་པའི་བཙོན་མའི་ལྭ་བ་ཁ་དོག་སྔོན་པོ་ཡིན་པ་རེད། བཙོན་ལྭ་དེ་དག་གི་མཚོན་དོན་ཤེས་རྗེས་རང་གི་བཙོན་ལྭའི་ཁ་དོག་གཞན་དུ་བསྒྱུར་པར་ཤིན་ཏུ་སྐྲག སྐབས་ཤིག་ལ་རུ་གཙོ་གཉིས་བཙོན་ཤག་ཏུ་ཡོང་ནས་ང་ཚོ་བཀག་བསྐྱིལ་གཞུང་ལས་ཁང་དུ་ཁྲིད། དེ་རུ་བརྙན་འཕྲིན་ལྟ་ཞོར་བཙོན་མ་རྣམས་དང་ཁ་བརྡ་བྱས། མཚམས་ཤིག་ལ་རུ་གཙོ་གཅིག་གིས་ང་ལ་བཀག་བསྐྱིལ་ཁང་ནས་ཁ་ལག་འཕྲོད་མིན་དྲིས། ངས་ཁ་ལག་འཕྲོད་ཐབས་མེད། ཡིན་ནའང་དེ་གཙོ་བོ་མ་རེད་ཅེས་བཤད། ཁོས་བཙོན་མའི་སྲུང་བྱ་བློར་མི་ཡོང་ན་གཡུགས་ཞོག་ཅེས་ང་ལ་དམིགས་བསལ་བྱིན་པས་ངས་བཀའ་དྲིན་ཆེ་ཞུས་པ་ཡིན། གཅིག་གིས་ད་དུང་རང་གི་ཁྱིམ་ནས་ཁྱེར་ཡོང་བའི་གོ་རེ་གོར་མི་ཞི་ཞིག་ང་ཚོར་བྱིན་ནས་ཟ་རུ་བཅུག ཁོ་གཉིས་བལྟས་ཚོད་དུ་མི་ཡག་པོ་འདུག ངས་གོ་སྐབས་དེ་སྤྱད་ནས། ང་ཚོ་བོད་པའི་ཁྲོད་སློབ་གསོ་ཐོབ་མྱོང་མཁན་ཧ་ཅང་ཉུང་ལ། བུད་མེད་ནི་དེ་བས་ཀྱང་ཉུང་བ་རེད། བཀག་བསྐྱིལ་ཁང་འདི་རུ་བཀག་བསྐྱིལ་བྱས་པའི་ང་ཚོ་གསུམ་པོར་མཚོན་ན། ལུང་པའི་ཚོད་ཀྱི་རི་དྭགས་ལྟ་བུ་ཡིན། ང་ཚོ་ནང་བཞིན་བོད་པ་ཕུལ་བྱུང་ཅན་མང་པོ་ཞིག་གིས་མི་ཚེ་བཙོན་རའི་ནང་སྐྱེལ་གྱིན་ཡོད་པ་རེད། དེ་ཡང་བོད་པ་འཕེལ་རྒྱས་སུ་འགྲོ་དཀའ་བའི་རྒྱུ་རྐྱེན་གཅིག་རེད་འདོད་ཅེས་རང་སེམས་ཀྱི་སྡུག་གཏམ་ཕྱིར་ཕྱུང་བ་ན། དེ་མུར་སྒྲོལ་མ་སྐྱིད་ངུ་བཞིན། རྒྱལ་ཁབ་ཀྱིས་ངའི་ཕ་ཡུལ་དུ་འབྲོག་པའི་རྩྭ་ར་དང་ནོར་ལུག་གཞུང་བཞེས་བྱས་རྗེས། སོ་ཕོག་སྟོང་པའི་ཁང་པ་རེ་བཟོས་ཏེ་ལོ་དང་པོར་ཁྱིམ་ཚང་རེ་ལ་འཚོ་བའི་གྲོན་དངུལ་སྒོར་སྟོང་བརྒྱད་རེ་སྟེར་བ་དང་། དེ་རྗེས་དངུལ་སྐར་གང་ཡང་སྟེར་གྱི་མེད་པ་རེད། མགོ་ལོག་ཏུ་ཙོང་སྤར་མོ་གང་ཉོས་ན་སྒོར་ལྔ་དང་སུར་པན་རྒྱ་མ་གང་ལ་སྒོར་བཅོ་ལྔ་དགོས། ས་དེའི་མང་ཚོགས་ཕ་མེས་ཡང་མེས་རིང་ནས་རྩྭ་ཐང་དང་ནོར་ལུག་ལ་བརྟེན་ཏེ་རང་ཁ་རང་གསོ་བྱས་ཡོང་བས་མང་ཚོགས་ཀྱིས་ཚོང་དང་ལག་རྩལ་གང་ཡང་མི་ཤེས། ཁོ་ཚོས་འདི་ལྟར་བྱེད་པ་ནི་མང་ཚོགས་འཆི་ལམ་དུ་འདེད་པ་རྐྱང་རེད། མོས་ད་དུང་ང་ཚོའི་ཡ་ཆུང་ན་སྡུག་ཅིག་མེད་ཚེ་ས་འདིར་ཡོང་མི་སྲིད་ཅེས་གནས་ལུགས་ཅན་གྱི་སྐད་ཆ་བཤད་སྐབས། མོ་རང་སློབ་གྲྭ་འགྲིམས་མྱོང་མེད་ཟེར་ན་ཡིད་ཆེས་དཀའ། དེར་མཐུད་ནས་ཚེ་རིང་སྒྲོལ་མས། ངའི་ཕ་ཡུལ་དུ་བོད་པ་རྣམས་ཀྱི་ཕ་སྐད་དང་ཕ་ཡིག་ཉམས་ནས་མི་རིགས་འགྱུར་ཚར་ཡོད། དེ་ནི་ངའི་ཕ་ཡུལ་གྱི་བོད་པ་ཁོ་ནའི་སྐྱོན་ཆ་མ་ཡིན་པར། དམིགས་བསལ་གྱི་ལོ་རྒྱུས་ཀྱིས་དེ་ལྟར་བཏང་བ་རེད། ང་རང་ནི་ཕ་ཡུལ་སྐུ་འབུམ་ནས་རྒྱ་གར་དུ་སོང་སྟེ་བོད་ཀྱི་སློབ་གསོ་ཐོབ་མཁན་གྱི་བུད་མེད་ཐོག་མ་ཡིན་ལ། ཁྱིམ་རྒྱུད་དུ་རང་གི་སྐད་ཡིག་ཤེས་མཁན་གཅིག་པུ་ཡིན། སྤྱིར་ཡིན་ན་རྒྱ་གར་དུ་ལོ་བདུན་ལ་སློབ་སྦྱོང་བྱས་རྗེས། ཕྱིར་ལོག་ནས་རང་ཚོད་ཀྱི་ལས་ཀ་ཞིག་བྱེད་བསམ་ཡོད་མོད། ཡིན་ནའང་མ་བསམ་ས་ནས། ཕ་ཡུལ་ལ་འབྱོར་རྗེས་ཀྱི་ཉིན་བཅོ་ལྔ་པར་ཅི་ཡིན་འདི་ཡིན་མེད་པར་འཛིན་བཟུང་བྱས་སོང་ཞེས་མིག་ཟུང་མཆི་མས་བརླན། སེམས་སྐྱོ་བའི་སྐད་ཆ་དེ་དག་གིས་ངེད་གསུམ་པོ་མ་གྲོས་གཅིག་མཐུན་གྱིས་ངུ་ཤོར། རུ་གཙོ་གཅིག་གིས་དེ་རིང་ང་ཚོས་བག་ཕེབས་ཀྱི་སྤྲོ་བསང་ཞིག་བྱེད་བསམ་པ་ཡིན་ཞེས་བཤད་མ་ཐག བཙོན་བདག་མས་ཁོ་གཉིས་ཀྱི་ངོ་ལེན་ཆེད་ངར་མདོག་ཁ་པོས་དེ་རིང་རུ་གཙོ་གཉིས་ཀྱིས་ང་ཚོར་ཁ་བརྡ་བྱས་བརྙན་འཕྲིན་ལ་བལྟ་རུ་བཅུག་པས་དགའ་ན་འགྲིག ཡང་གཅིག་བཤད་ན། དེ་འདྲ་སྡུག་རྒྱུ་ཅི་ཡོད། ང་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཀྱང་འདི་ལྟར་བག་ཡངས་ཀྱི་བསྡད་ཡོད། རྒྱལ་ཁབ་ཀྱིས་བོད་པར་དམིགས་བསལ་གྱི་སྲིད་ཇུས་བྱིན་ཏེ། བྱིས་པའང་གཉིས་སྐྱེ་ཆོག་པ་མ་རེད་དམ་ཟེར། ངས་དེའི་ལན་དུ། ང་ཚོར་ས་ཁྱོན་ཆེ་ཡང་མི་གྲངས་ཁྲི་ཚོ་དྲུག་བརྒྱ་ལས་མེད། ཁྱོད་ཚོར་མི་གྲངས་དུང་ཕྱུར་བཅུ་གསུམ་འདུག་པས་ཚོད་འཛིན་བྱེད་དགོས་བྱུང་བ་རེད་ཅེས་བཤད། ཁོ་མོས་ལན་ཅི་ཡང་མི་འདེབས་པར་མུ་མཐུད་དུ་བརྙན་འཕྲིན་ཟློས་གར་དེར་བལྟས་བསྡད། ཁོ་མོ་ཚོ་ཚང་མ་སློབ་གསོ་ཐོབ་མྱོང་མེད་པའི་ཞིང་པ་རང་རེད། དེ་བས་གནས་ལུགས་ཆེན་པོ་ཤེས་ཀྱི་མེད་པ་འདྲ། ང་ཚོའི་ཁ་བརྡའི་ཁྲོད་བཙོན་མས་ས་གདན་འཐག་ཚུལ་ཞིག་གླེང་ལ། དེ་ལས་བཙོན་མ་གཉིས་ཀྱིས་ཟླ་མང་པོའི་དུས་ཚོད་བེད་སྤྱད་དེ་ས་གདན་ཁྱད་པར་ཅན་ཞིག་འཐག་ལ། དེ་ནི་མ་གཞི་ཞིང་ཆེན་གྱི་འགོ་གཙོ་གཅིག་ལ་འབུལ་བའི་ལག་སྐྱེས་རེད་ཟེར། ས་གདན་ཁྱད་འཕགས་ཅན་དེ་འདྲ་མཚོ་སྔོན་ནས་ཕལ་ཆེར་གཉིས་མ་གཏོགས་མེད་ཚུལ་ལབ། ངལ་རྩོལ་ལ་རིན་པ་སྐར་གང་མི་སྤྲོད་པའི་བཙོན་མ་ཚོ་ཡིད་ལ་དྲན་ནས་སེམས་པ་སྡུག་སོང་། དེ་རྗེས་རུ་གཙོ་གཉིས་ཀྱིས་ང་ཚོར་རེ་བ་དང་དཀའ་ངལ་ཅི་ཡོད་དྲིས། ངས་ང་ཚོ་ནི་རྩྭ་ཐང་གི་མི་རིགས་ཡིན་པས། ཆེས་བཟོད་དཀའ་བ་ནི་ཁང་མིག་གཅིག་གི་ནང་བཅུག་པ་དེ་རེད། གལ་ཏེ་ཁྱོད་འགོ་ཁྲིད་ཚོར་སྟབས་བདེ་ཡིན་ན། གནམ་གཤིས་བཟང་དུས་ང་ཚོ་བཀག་བསྐྱིལ་ཁང་གི་སྒོ་རའི་ནང་ལན་རེ་ཡོང་བཅུག་ན། དེ་ལས་ལྷག་པའི་རེ་བ་མེད་ཅེས་པར། རུ་གཙོ་གཅིག་གིས་དེ་ཆོག་ཟེར་ཞོར། བཙོན་མ་ཚོར་ཉོ་ཆ་བརྒྱབ་ནས་འབྱོར་མ་ཐག་པའི་བུད་མེད་ཉེན་རྟོག་པ་དེར། གནམ་གཤིས་ཡག་དུས་ཁྱོད་ཀྱིས་ཁོ་ཚོ་སྒོ་རའི་ནང་ཁྲིད་དེ་རྩལ་སྦྱོང་བྱོས་ཟེར། དེ་ནས་ང་ཚོ་དྲོད་ཁང་དུ་གཅིག་བལྟ་རུ་འགྲོ་ཟེར་ནས་ཡར་ལངས་སྐབས། ང་སྐད་ཆ་དེར་ཡིད་ཆེས་དཀའ་བ་ཞིག་བྱུང་། རྒྱུ་མཚན་ཉིན་ཉི་ཤུ་ཙམ་གྱི་རིང་། ང་ལ་ས་གོམ་གང་འགྲོ་བའི་རང་དབང་ཐོབ་མྱོང་མེད། དྲོད་ཁང་དུ་འབྱོར་པ་ན་དེ་རུ་སྤྱིར་བཏང་གི་སྔོ་ཚོད་ལས་ཅི་ཡང་མི་འདུག ཡིན་ནའང་ངའི་བསམ་པར་ང་ནི་འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་རང་བྱུང་གླིང་ག་ཞིག་ཏུ་སླེབས་ཀྱང་སེམས་པ་དེ་འདྲའི་བག་ཕེབས་ཤིག་ཨེ་ཡོང་འདོད། ཞིང་གྲོང་གི་བག་ཆགས་ཟབ་པའི་རྐྱེན་གྱིས་སྔོ་ཚོད་དང་ཞིང་ཚིགས་དེ་དག་མཐོང་བ་ན། དབང་མེད་དུ་དུངས་པ་ཞིག་དང་མཉམ་དུ་ཆུང་དུས་ཨ་མས་ཁྲིད་ནས་ཞིང་ཁར་སོང་བ་དག་དྲན་ཡོང་། ངས་དབུགས་རིང་ཞིག་འབྱིན་ཏེ་སྔོ་ཚོད་ཀྱི་དྲི་མར་སྣོམ་སྣོམ་བྱས། དེ་བཞིན་བག་ཕེབས་ཁྲོད་སྐར་མ་ཁ་ཤས་འདས། དེ་རྗེས་བཙོན་གྲོགས་ཤིག་གིས་ད་ཕྱིར་འགྲོ་ནས་བརྙན་འཕྲིན་ལ་བལྟ་ཟེར་བ་དང་། ཚང་མ་དྲོད་ཁང་ལས་སྔ་གཞུག་བྱས་ཕྱིར་ཐོན། བཀག་བསྐྱིལ་གཞུང་ལས་ཁང་གི་སྒོ་ཁ་རུ་སྐྱེས་པ“བཙོན་མ་རང་དབང་ཅན”འགས་རླངས་འཁོར་ཞིག་གི་ནང་དུ་གདུང་མ་རྩིག་གིན་འདུག ངས་དེ་མཐོང་མ་ཐག་ཡིད་སྨོན་ཤོར། རུ་གཙོ་ཞིག་ལ་བུད་མེད་ཚོར་སྒོ་རའི་ནང་ལས་ཀ་ཡོད་མེད་དྲིས། ཁོ་པས་གཡོན་གྱི་སྔོ་ཚོད་འདེབས་སའི་ཞིང་ས་དེ་བསྟན་ནས་སྔོ་ཚོད་སྐྱེས་ན་ཡུར་མ་ཡུར་དགོས་ཟེར། སྔོ་ཚོད་ལ་ཡུར་མ་ཡུར་རག་བར་ད་དུང་ཟླ་གཅིག་ལྷག་འགོར་ངེས། ང་དེ་འདྲའི་ཡུན་རིང་ལ་བཀག་བསྐྱིལ་བྱེད་མི་སྲིད་ཅེས་རང་སེམས་རང་གིས་གསོས། ཉིན་གུང་སླེབས་པ་ན། ཕྱིར་བཙོན་ཤག་ཏུ་བཅུག་ནས་ཁ་ལག་ཟོས། ཟོས་ཚར་རྗེས་གཞན་པ་རྣམས་གུང་གཉིད་བྱས་ཤིང་། ལས་རེས་ངེད་གཉིས་ཀྱིས་དཀར་ཡོལ་བཀྲུས་གཙང་སྦྲ་བྱས་ཚར་རྗེས། རང་རང་ས་ནས་ཉལ་ཁྲིའི་སྟེང་བསྡད། མོས་སྔུན་དགོང་མོ་ལྟར་ཤོག་ཕེ་བླངས་ནས་ཤོག་མོ་བཏབ། མོ་ངོ་མ་ཡག་ཚེ་དངན་པ་འཐེན་ནས་མཚམས་མི་འཇོག ཤོག་མོ་དེ་ནི་ཁོ་ཚོར་སྒྲོལ་མ་སྐྱིད་ཀྱིས་བསླབས་པ་ཡིན་ལ། དེས་ཧ་ཅང་ཁེད་པས་ཁོ་ཚོ་དེར་ཡིད་ཆེས་ཡོད་ཟེར། ང་རང་ཡིད་མི་ཆེས་པར་ཁ་གཡར་ནས་ཤོག་མོ་འདེབས་སུ་མ་བཅུག དོན་ངོ་མར་ང་ཡང་མོ་མི་ཡག་པ་བབས་ན་རྣམ་རྟོག་ཟ་བས་ཡིན། ཉིན་གུང་དེར་ངའི་སྣང་ངོར་དུས་ཚོད་ཡུན་རིང་ཞིག་འགོར་སོང་། ངས་ཁོ་མོར་གུང་གཉིད་ལ་དུས་ཚོད་ག་ཙམ་ཡོད་རེད་ཅེས་དྲིས། མོས་དུས་ཚོད་གཉིས་ཙམ་ལས་མེད། བཙོན་ཁང་དུ་དུས་ཚོད་འདའ་བ་ཤིན་ཏུ་དལ་ཟེར། ཁོ་མོས་མི་གཞན་ལ་གཉེན་སྒྲིག་གི་མགོ་སྐོར་བཏང་བས་ལོ་གཅིག་ལ་ཁྲིམས་ཐག་བཅད་པ་རེད། ད་ལྟ་བཀག་བསྐྱིལ་ཁང་དེ་རུ་ཟླ་དགུ་འགོར་ཟིན། ངས་ཁོ་མོར། ཉེན་རྟོག་པས་འཛིན་བཟུང་བྱེད་སྐབས་ཁྱོད་ལ་འདྲི་གཅོད་ཉིན་ཅི་ཙམ་ལ་བྱས་སོང་ཞེས་དྲིས། མོས་ང་རང་ལ་ཉིན་གཅིག་ལས་འདྲི་གཅོད་བྱས་མ་སོང་། ངས་གཞན་ལ་མགོ་སྐོར་བཏང་ནས་སྒོར་སྟོང་འགའ་བླངས་པའི་གནས་ཚུལ་དྲང་པོར་བརྗོད་རྗེས་ལོ་གཅིག་གི་ཁྲིམས་ཐག་བཅད་སོང་ཟེར། དུས་དེར་ངས་གནས་ལུགས་ཤིག་རྟོགས་པ་ནི། བཙོན་མ་གང་དེས་རང་སྐྱོན་ཁས་ལེན་གཙང་མ་བྱས་ཀྱང་ཉེན་རྟོག་པའི་བཤད་པ་ནང་བཞིན་ཉེས་པ་ཆག་ཡང་དུ་གཏན་ནས་མི་གཏོང་བར་སྔར་བཞིན་ཁྲིམས་ཐག་གཅོད་པ་དེའོ།། ངས་ཁོ་མོ་ངལ་རྩོལ་བསྒྱུར་བཀོད་དུ་མ་བཏང་བའི་རྒྱུ་མཚན་དྲིས་པ་ན། ཁྲིམས་ཐག་བཅད་པའི་ལོ་ཚད་ལོ་གཅིག་ལྷག་ཡིན་ན། ངལ་རྩོལ་བྱེད་སར་མི་དགོས་པར་བཀག་བསྐྱིལ་ཁང་དུ་འདུག་འཇུག་པ་རེད་ཟེར། སྐབས་དེར་ངའི་སེམས་པར་ང་ཡང་བཀག་བསྐྱིལ་ཁང་འདི་རུ་ལུས་ངེས་རེད། གང་ཡིན་ཟེར་ན། ཁོ་ཚོས་ང་ལ་བཏགས་པའི་ཉེས་མིང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་བའི་ནག་ཉེས་རེད། ཉུང་མཐར་ཡང་ང་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་གཅོད་ངེས་རེད་སྙམ། ཏག་ཏག་སྐབས་དེར་ང་ལ་ཁྲིམས་ཐག་གཅོད་ཤག་ཡིན་ན། ངས་རང་གི་མི་རིགས་ལ་སྨན་པའི་དོན་ཅི་ཡང་བསྒྲུབས་མེད་པ་དྲན་ནས་བློ་འགྱོད་སྐྱེས། ཡིན་ནའང་ཡོད་ཚད་འཕྱིས་དྲགས་པའི་ཚོད་རེད། དེ་བས་ཡ་ང་བའི་བཙོན་མའི་འཚོ་བ་ཇི་ལྟར་སྐྱེལ་བར་བསམ་བློ་གཏོང་བ་ལས་འདས་ཟིན་པའི་དོན་ལ་འགྱོད་པས་ཕན་ཐོགས་སྤུ་ཙམ་མེད་དོ་སྙམ། བཙོན་གྲོགས་ཚོས་བཤད་ན། བཀག་བསྐྱིལ་ཁང་དུ་སྡོད་པ་ལས་ངལ་རྩོལ་བྱས་ན་བཟང་ཟེར། དེ་རུ་བཙོན་མའི་འགྲོ་འདུག་ལ་རང་དབང་ཅུང་ཟད་ཡོད་པར་མ་ཟད། ཁྱིམ་མིར་ཡང་ཟླ་གཅིག་ལ་ཐེངས་གཅིག་ཐུག་ཏུ་འཇུག་པ་དང་། ཞིང་ཁ་རུ་ལས་ཀ་བྱས་ན་དུས་ཚོད་འདའ་བ་ཅུང་མགྱོགས་པ་རེད་ཟེར། ཡང་བཙོན་གྲོགས་ཤིག་གིས་བཤད་ན། ས་ཆ་ལ་ལར་བཙོན་མའི་ལས་ཀ་ཤིན་ཏུ་ལྕི། བཙོན་མ་ཞིག་གིས་མ་མོག་བཏོག་བསལ་གྱི་ཚེགས་སྡུག་མ་ཁྱགས་པར་རང་གི་མིག་ལ་ཁབ་ཀྱིས་གཙགས་ནས་མིག་གཉིས་ལོང་བར་བཏང་བ་རེད། དེ་ལྟར་བྱེད་དོན་ནི་ལས་ཀ་དེར་གཡོལ་ཆེད་ཁོ་ན་ཙམ་ཡིན་པ་རེད་ཟེར། ཡི་མུག་པའི་དོན་དག་དེ་ཐོས་སྐབས། བཙོན་ཁང་ནི་མི་འདུག་ས་ཞིག་མིན་པ་ལྷག་ཏུ་ཤེས། ཡིན་ནའང་དཀར་ནག་གི་མགོ་མཇུག་ལྡོག་པའི་རྒྱལ་ཁབ་འདིར་གནས་ལུགས་དང་བདེན་དྲང་གང་ཡང་མི་འགྲོ་བར“ཆབ་སྲིད་ཉེས་ཅན”ཞེས་ཉེས་མིང་རྫིག་རྫིག་རེ་བཏགས་ཏེ་ཁྲིམས་ཐག་གཅོད་རྐྱང་བྱེད་པ་རེད། ད་ལྟ་ནི་གནམ་བརྡིབས་ཀྱང་རང་གིས་ཁྱགས་དགོས་ཟེར་བ་བཞིན། དངོས་ཡོད་དེར་གང་ནུས་ཅི་ཐུབ་ཀྱིས་གདོང་གཏོད་པ་ལས་བྱ་ཐབས་གཞན་མེད་སོང་། ལོ་བཅུ་ལྷག་གི་སྔོན་ཞིག་ལ་ངས་སི་ཁྲོན་ཁྲིན་ཏུའུ་རུ་རོལ་མོ་བཟོ་སྐབས། རོལ་མོ་དགེ་རྒན་ཞིག་གིས། མི་ཞིག་ལ་མཚོན་ན། འཚོ་བའི་མྱོང་ཚོར་མི་འདྲ་བ་ཉམས་སུ་མྱོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཐ་ན་བཙོན་ཁང་དུའང་སྡོད་དགོས་ཞེས་བཤད། བཙོན་དུ་འགྲོ་མཁན་ནི་མི་ནག་ཅན་ཤ་སྟག་ཡིན་འདོད་ཡོད་པའི་ངས། རང་གིས་ཚེ་འདིར་ཁྲིམས་འགལ་གྱི་ཉེས་པ་བཟོ་མི་སྲིད་པའི་གདེང་ཚོད་དཔང་བཅོལ་གྱིས་ཁོ་རང་ལ། ང་ནི་བཙོན་ལ་འདུག་པའི་གོ་སྐབས་ཡོད་མི་སྲིད་པས། སྐྱེ་བ་འདིར་བཙོན་ཁང་གི་ཉམས་མྱོང་དེ་ལོན་ཐབས་མེད་ཅེས་བཤད་པ་དེ་ཡིད་ལ་དྲན་ཡོང་། ཡིན་ནའང་ད་ལྟ་བསམ་ན། ནག་ཉེས་བཟོ་མི་སྲིད་པའི་མི་ལའང་ནག་མེད་ཉེས་འགེལ་བྱེད་སྲིད་པས་མི་ཚད་དོན་དེ་འདྲ་མངོན་སུམ་རང་གི་མགོ་ལའང་ཡོང་། ཞེས་མགོ་བོ་སྒུར་ཏེ་རང་གི་བརྒྱབ་ལ་གྱོན་པའི་བཙོན་ཆས་སེར་པོ་དེར་ཡང་གཅིག་ལྟ་སྐབས་སླར་ཡང་འདི་རྨི་ལམ་མིན་ནམ་སྙམ་པའི་དྲན་ཚུལ་ཞིག་སྐྱེས་ཡོང་། ཕྱི་དྲོར་བུད་མེད་ཉེན་རྟོག་པ་དེ་ཡོང་ནས། ང་ལ་ཁ་ཏོག་དང་དངོས་པོ་རེ་གཉིས་ཉོས་པར་དངུལ་ཐོ་ལས་ཉོས་རིན་འཐེན་ནས་ཞིབ་རྩིས་བརྒྱབ་སྟེ་ཟིན་བྲིས་བཏབ། སྐབས་དེར་བཙོན་བདག་མས་ངའི་དངུལ་ཐོ་ལས་ཉོས་པའི་སྒོར་བརྒྱད་པོ་དེ་རྗེས་མ་ངས་ཅ་ལག་ཉོ་དུས་ཁོ་མོའི་དངུལ་ཐོ་ལས་ཉོས་ཆོག་ཟེར་ནས་ཁ་ཡག་བཤད། སྐབས་དེར་ད་དུང་བཙོན་བདག་མའི་བཀའ་བཞིན་བཀག་བསྐྱིལ་ཁང་ནས་མགྱོགས་ཐུག་སྒམ་གང་ལ་སྒོར་སུམ་ཅུ་དང་། གཙང་ཤོག་ལ་སྒོར་བཅུ། འབྲི་དེབ་དང་སྨྱུ་གུ་བཅས་ཉོས་པ་ཁྱེར་ཡོང་། མོས་ང་ལ་སྨྱུ་གུ་གཉིས་སྟེར་བ་མཐོང་ནས་རང་འཚམ་གྱིས་གཅིག་ཁྱེར་སོང་། ངས་ད་དུང་སྒྲོལ་མ་སྐྱིད་ལ་མགྱོགས་ཐུག་སྒམ་གང་དང་རས་ལྷམ་ཆ་གཅིག་ཉོས་པ་ཡིན། རྒྱུ་མཚན་མོ་རང་ལ་མགོ་ལོག་ན་ནང་མ་གླུ་གར་ཁང་ཞིག་ཡོད་པ་དེར་དགོང་མོར་མགྲོན་པོ་ཡོང་རྒྱུ་དུས་ཆད་བྱེད་དགོས་ཟེར་ནས་བསླུས་ཏེ་ལྐོག་འཛིན་བྱེད་དུས་མོས་ཁྱིམ་དུ་ལྭ་བ་ཞིག་འཁྲུད་བཞིན་བསྡད་ཡོད་པས། བོད་ཆས་སྟོད་ལྭ་རས་རྐྱང་ཞིག་དང་དོར་མ་ཞིག་ལས་ཅི་ཡང་གྱོན་མེད། ཏག་ཏག་དོར་མའི་བརླ་ཁུག་ཏུ་སྒོར་བརྒྱ་ལྷག་ཡོད་པ་བཀག་བསྐྱིལ་ཁང་གི་དངོས་ཞན་ཙག་ཙིག་དེ་དག་ཉོ་རུ་བཅུག་པའི་རིན་ལ་སྤྲད། མོ་ལྐོག་འཛིན་བྱས་ཏེ་ཟི་ལིང་དུ་ཁྲིད་ཡོང་དུས་རྐང་ལག་གཉིས་ལ་ལྕགས་སྒྲོག་བརྒྱབ་སྟེ་རླངས་འཁོར་ལས་འཕག་འགུལ་མ་ཐུབ་པས་ལུས་པོ་ན་བ་དང་གྱོན་པ་སྲབ་པས་གྲང་ནས་ཀྱང་འཁེངས་སོང་ཟེར། དེ་ལས་ཀྱང་སེམས་སྡུག་པ་ཞིག་ནི། མོ་རང་མགོ་ལོག་ནས་བཟུང་འཁྲིད་ཀྱིས་རླངས་འཁོར་ལས་དྲུད་ཡོང་སྐབས། ཉེན་རྟོག་པས་ཁྱོད་ཀྱི་སྐད་ངག་བདེ་བས་ང་ཚོར་གླུ་ལོངས་ཟེར་ནས་མི་སྤྱོད་ལས་འདས་པའི་བརྙས་བཅོས་བྱས་ནས་གླུ་ལེན་དུ་བཅུག་པ་དེའོ།། ཕིང་ཨན་བཀག་བསྐྱིལ་ཁང་དུ་སྐྱེལ་དུས། བདེ་སྲུང་ཉེན་རྟོག་པས་མོ་ལ་ཉལ་ཆས་ཆ་ཚང་ཞིག་དང་ལྭ་བར་ཚངས་ཅན་ཆ་ཚང་ཞིག་གཡར་པ་རེད། ང་ཕྱིར་ཁྱིམ་དུ་ལོག་རྗེས་མོའི་ཕ་ཡུལ་གཅིག་པའི་མི་ཁ་ཤས་དང་ཕྲད་ཅིང་། མོའི་སྙིང་སྟོབས་ལ་ཡང་ཡང་རྗེས་སུ་ཡི་རང་བྱས་པ་ཡིན། ཕྱིས་སུ་ཁོ་མོའི་ཁྱིམ་མིས་ཀྱང་མོ་རང་བཀག་བསྐྱིལ་བྱེད་སའི་ས་གནས་ཙམ་ཤེས་བྱུང་། ཁྱིམ་མི་དང་གྲོགས་པོ་ཁོ་མོར་ལྟ་རུ་སོང་ཡང་བཀག་བསྐྱིལ་ཁང་གིས་འཕྲད་དུ་མ་བཅུག ཁོ་ཚོས་ཁོ་མོར་དངུལ་དྲུག་བརྒྱ་ཙམ་བཞག་པ་དེ་བཀག་བསྐྱིལ་ཁང་གིས་མོ་རང་ལ་གླེང་ཙམ་ཡང་བྱས་མ་སོང་། ཁྱིམ་མིས་བསྐྱལ་པའི་དངོས་པོ་དག་མོ་རང་ཟླ་གཅིག་ལྷག་གི་རྗེས་སུ་བཀག་བསྐྱིལ་ཁང་དེ་དང་ཁ་བྲལ་སྐབས་ད་གཟོད་ཕྱིར་སྤྲད་སོང་ཟེར། བཙོན་ཤག་ཏུ་སྒོར་མོ་ཏོག་ཙམ་མེད་ཚེ་གཞན་གྱིས་ཐུབ་ཚོད་བྱེད་ལ། སྒོར་མོ་མང་པོ་ཡོད་ཚེ་ཁོ་ཚོས་ལྐོག་ནས་ཟོས་འགྲོ། སྒྲོལ་མ་སྐྱིད་ལ་ཉོས་པའི་ཅ་ལག་དག་ཁྱེར་ཡོང་དུས“བཙོན་མ་རང་དབང་ཅན”ཞིག་གིས་ང་ལ་ཡང་བསྐྱར་སྒོར་བཅུའི་གཙང་ཤོག་བྱིན། ཁོ་པས་ཟེར་ན། གཙང་ཤོག་འཚོང་དུས་མཉམ་མ་བཞག་པར་ངའི་དངུལ་ཐོ་ལས་སྒོར་བཅུ་འཐེན་ཚར་བས་ཕྱིར་ཟློག་དཀའ་ཟེར། སྐབས་དེར་ང་འཚིག་པ་གཏིང་ནས་ཟོས་ཏེ། གཞན་གྱི་སྒོར་མོ་གང་འདོད་དུ་འཐེན་ན་ངོ་མི་ཚའམ། ད་ངའི་དངུལ་ཐོ་ལས་སྒོར་ཉེར་བརྒྱད་ལས་མེད་ཅེས་ཁོང་ཁྲོ་ལངས་པ་ན། བཙོན་བདག་མ་བར་ལ་བུད་དེ། ཆོག་གི ཁྱོད་ས་འདིར་སླེབས་ཚར་བས་ལས་སླ་མོས་ཕྱིར་གཏོང་གི་མ་རེད། ཕྱིན་ཆད་གཙང་ཤོག་དང་མགྱོགས་ཐུག་གང་ཡང་མི་ཉོ་བར་བཀོལ་རྐྱང་བྱས་ཆོག་ཅེས་བཤད། ཁོ་མོ་བཙོན་ཤག་དེར་ཟླ་བཅུ་ཙམ་ལ་བསྡད་ཕྱིར། འགྲོ་ལུགས་ཤེས་པས་མོའི་སྐད་ཆ་དེར་བདེན་ཞད་ཡོད་ལས་ཆེ་སྙམ། ཡིན་ནའང་ང་ལ་རྟག་ཏུ་ཁྱིམ་ལ་ལོག་ཐུབ་པའི་ཚོར་ཤེས་ཤིག་སྐྱེས་བཞིན་འདུག དེའི་སྟེང་ཁེ་དགུང་མོར། ང་ཕ་ཡུལ་དུ་ལོག་ནས་ངའི་ཕ་རྒན་དང་ཤ་ཉེ་སྤུན་མཆེད་རྣམས་ཀྱིས་སྤྲོ་བསུ་བྱེད་པའི་རྨི་ལམ་ཞིག་ཀྱང་རྨིས་བྱུང་། དེ་ཡང་བཀག་བསྐྱིལ་བྱས་རིང་ལ། ངས་རྨིས་པའི་རྨི་ལམ་གཅིག་པུ་ཡིན་བཟོ་འདུག མཚམས་རེར་ངའི་རྨི་ལམ་ཧ་ཅང་ཁེད། དཔེར་ན། ང་འཛིན་བཟུང་མ་བྱས་སྔོན་ལ་རྨིས་པའི་རྨི་ལམ་གདུག་པོ་དེ་ལྟ་བུ། བཙོན་བདག་མ་དེ་མི་ཁྲེལ་མེད་ངོ་ཚ་བྲལ་བ་ཞིག་འདུག ང་ལ་གཙང་ཤོག་ལྷག་མ་ཉོ་རུ་བཅུག་པའི་དོན་དེ་ཡང་ཁོ་མོའི་གཡོ་འཕྲུལ་ཡིན་པར་གདོན་མི་ཟ། དེ་རིང་ངས་བཀག་བསྐྱིལ་གཞུང་ལས་ཁང་དུ་ཁོ་ཚོར་སྲན་མ་དང་རྒུན་འབྲུམ་སྐམ་པོ། ཀུབ་འབྲུ་སོགས་ཉོས་ནས་མགྲོན་གཏོང་སྐབས། ཁ་ཏོག་འཕྲོ་མ་རྣམས་ལ་མོས་བདག་པོ་བརྒྱབ་རྗེས། ང་ཚོར་མི་སྟེར་བར་མོ་རང་ལ་མི་གསོད་ཉེས་ཅན་གྱི་དགའ་གྲོགས་ཤིག་ཡོད་ལ་དུམ་བུ་དེར་བྱིན། ཁ་སང་བོད་མིའི་བཙོན་མ་ངོ་མི་ཤེས་པ་ཞིག་གིས་སྐྱེས་པའི“བཙོན་མ་རང་དབང་ཅན”ཞིག་ལ་སྐད་བཏང་ནས། ཚེ་རིང་སྒྲོལ་མར་ཟ་རྒྱུ་གང་མཁོ་འདྲི་དུས་བཙོན་བདག་མས་ཚེ་རིང་སྒྲོལ་མར་ཤ་དགོས་ཞེས་ཤོད་ཟེར་ཡང་མོས་མ་བཤད་པས། མོ་རང་རང་གིས་ཤ་དགོས་ཞེས་ཚེ་རིང་སྒྲོལ་མའི་ཚབ་ཏུ་བཤད། ཕག་རྩིབ་ཤ་ལེབ་འགའ་བསྐུར་ཡོང་བ་ཚེ་རིང་སྒྲོལ་མར་ཤ་རྡོག་སོར་མོ་དོ་ཙམ་དང་ང་ཚོར་དེ་ལས་ཀྱང་ཆུང་བ་རེ་བྱིན་རྗེས་ལྷག་འཕྲོས་ལའང་མོས་བདག་པོ་བརྒྱབ། བཙོན་བདག་མ་དེར་བཙོན་གྲོགས་རྣམས་འཚིག་པ་ཟ་ཡི་ཡོད་ནའང་། སྐད་ཆ་བཤད་ཐུབ་མཁན་སུ་ཡང་མེད། ཁོ་མོ་ནི་ལོ་བཅོ་བརྒྱད་སྟེང་རྒན་མོ་ཞིག་གིས་མགོ་གཡོགས་ཏེ་གཞན་ལ་བཙོངས་རྗེས། ལམ་ཀྱོག་མང་པོ་ཞིག་བརྒྱུད་མྱོང་ཚོད་རེད། དེ་རྗེས་མོ་རང་མི་གཞན་ལ་གཉེན་སྒྲིག་གི་མགོ་སྐོར་གཏོང་བའི་ཚོགས་པ་ཞིག་ནང་ཞུགས་ཏེ། ཁྱིམ་ཚང་བདུན་བརྒྱད་ཙམ་ལ་མགོ་སྐོར་བཏང་ནས་སྒོར་མོ་མང་པོ་བླངས་པ་རེད་ཟེར། མོའི་ཉིན་ཐོ་ལ་བལྟས་མྱོང་བའི་བཙོན་གྲོགས་ཚོས་བཤད་ན། ཁོ་མོའི་ལོ་རྒྱུས་དང་མྱོང་རིམ་ལ་བལྟ་དུས། ལག་ཏུ་མིག་ཆུ་འབྱིད་བྱེད་ཅིག་གཟུང་རྒྱུ་བརྗེད་མི་ཉན་ཟེར། ཁོ་མོས་བཙོན་དུ་སྡོད་རིང་གི་ལོ་བདུན་ནང་། རང་གི་བྱུང་བ་འབྲི་རྒྱུའི་སེམས་ཐག་བཅད་འདུག དེ་ནི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་ཡིན་ངེས་ཤིང་། དེ་ལས་རྒྱ་མིའི་གྲོང་གསེབ་བུད་མེད་ཀྱི་ཡ་ང་བའི་གནས་སྟངས་སྐོར་ཞིག་མཐོང་ཐུབ་ངེས་རེད། མནར་གཅོད་ཀྱི་གོ་རིམ་ཞིག་

                 (15)

མཚམས་ཤིག་ལ“བཙོན་མ་རང་དབང་ཅན”ཞིག་ཡོང་ནས་ང་ཁོ་ཚོའི་བཙོན་ཤག་ཏུ་ཁྲིད་དེ། ཤོག་བུ་ཞིག་གི་སྟེང་ལ་ལག་ཐེལ་དང་མཛུབ་ཐེལ་རྒྱག་ཏུ་བཅུག ཁོས་ལག་ཐེལ་བརྒྱབ་པ་མི་གསལ་བར་ཁ་གཡར་ནས་ངའི་ལག་པའི་སྟེང་ལ་ཁོའི་ལག་པ་བཞག་སྟེ་གནོན་ཞོར། ཁྱོད་ཀྱི་ལག་པ་འཇམ་པ་ལ་ཟེར། ཁོ་གཉིས་ཀྱིས་ད་དུང་ང་ལ་འཕྲུལ་བཤད་བྱས། གནས་བབ་དེ་འདྲའི་འོག་ཁོ་ཚོར་འཕྲུལ་བཤད་ཀྱི་སྤྲོ་སེམས་ཡོད་པར་ང་རང་ཡ་མཚར། སྐྱེས་པ་རྣམས་འཕྲུལ་བཤད་ལ་དགའ་བ་དེ་ལས་ཀྱང་ཤེས་ཐུབ། གཞན་དེས་ཁྱོད་བརྙན་འཕྲིན་ལས་ཁུངས་ནས་རེད་ཟེར། འདི་ལ་ཇི་ལྟར་ཡོང་བ་ཡིན་ཞེས་དྲིས། ངས་ཁོ་ཚོས་ང་ལ་ནག་མེད་ཉེས་འགེལ་བྱས་པ་རེད་ཅེས་བཤད། འགྲོ་ལུགས་དེ་བསྒྲུབས་ཚར་རྗེས་ང་ཕྱིར་བཙོན་ཤག་ཏུ་བཅུག ངས་བཙོན་གྲོགས་ཚོར་ང་ལ་ལག་ཐེལ་རྒྱག་ཏུ་བཅུག་སོང་ཞེས་བཤད་པར། ཁོ་མོ་ཚོས་ཀྱང་འགྲོ་ལུགས་དེ་བསྒྲུབས་ཚར་པ་ཡིན་ལ། ད་དུང་མཛུ་གུ་ནས་ཁྲག་ཀྱང་ལེན་དགོས་པ་རེད་ཟེར། ཉི་མ་སྔ་མོ་ནས་ནུབ་ཚར། ནུབ་འཚལ་འཐུངས་རྗེས། ཚང་མ་ཉལ་ཁྲིའི་སྟེང་གཡས་ཉལ་གཡོན་ཉལ་གྱིས་རང་མོས་སུ་ཁ་བརྡ་བྱེད་པ་དང་ཡི་གེ་འབྲི་སྦྱོང་སོགས་བྱེད་ཀྱི་འདུག ང་ཡང་ཁ་མ་གྲགས་པར་དེ་རུ་བསྡད་པ་ཡིན། མཚམས་ཤིག་ལ་མི་ཞིག་གིས་ངའི་མིང་ནས་འབོད་པའི་སྒྲ་ཙམ་ཐོས། སེམས་སུ་དངོས་པོ་ཉོས་པའི་དོན་དེ་ཡིན་པར་འདོད། ཚང་མ་ཡར་ལངས་པ་དང་མཉམ་དུ་ང་རང་ལྕགས་སྒོ་ཁར་སོང་བ་ན། རུ་གཙོ་གཅིག་གིས། འཇམ་དབྱངས་སྐྱིད། དངོས་པོ་བསྡུ་གསོག་རྒྱོབ་ལ་གྲ་སྒྲིག་བྱོས་ཟེར། སྐད་ཆ་དེ་ཐོས་མ་ཐག ངའི་མགོ་ནང་སིང་སེ་སོང་སྟེ་མིག་ཁར་མེ་སྟག་ཆད། དེ་ནས་ཁད་ཀྱིས་ང་གློད་བཀྲོལ་གཏོང་བ་ཨེ་ཡིན་ནམ་སྙམ་བཞིན་ཡིད་སོམ་ཉིར་ཚུད། བཙོན་གྲོགས་རྣམས་ཀྱིས་ཟི་ཟི་ལོང་ལོང་ཁྲོད་སྐད་ཅིག་མར་ངའི་དངོས་པོ་ཕྲན་ཚེགས་དེ་བསྡུ་གསོག་བརྒྱབ་ཚར། ཁོ་མོ་ཚོས་ད་ཕལ་ཆེར་ཁྱོད་གློད་བཀྲོལ་གཏོང་གི་རེད། དངོས་པོ་གཞན་བརྗེད་མེད་དམ་ཞེས་དྲིས། ངའི་སེམས་པ་འཚུབ་དྲགས་ནས་ཡིད་ལ་ཅི་ཡང་མ་དྲན་ཞིང་ལག་ཏུ་ཅི་ཡང་མ་ཡོང་བར་ཏོག་ཙམ་སྡོད་སྐབས། མི་ཞིག་གིས་མཛོད་ཁང་ལས་ཁྱེར་ཡོང་བའི་སྨད་གཡོགས་དམར་ནག་དང་ལྷམ་མགོ་ཁོ་ཧྥེ་མདོག་ཅན་དེ་གཉིས་ང་ལ་སྤྲད། ཡང་ཡིད་ལ་ཁོ་ཚོས་ང་བཀག་བསྐྱིལ་ཁང་གཞན་ཞིག་ཏུ་འཁྲིད་པ་ཨེ་ཡིན་ནམ་སྙམ་ཞོར། ངས་སྟོད་ལྭ་དམར་ཁྲ་བར་ཚངས་ཅན་དེའི་སྟེང་གི་བཙོན་ལྭ་སེར་པོ་དེ་དང་སྒྲོལ་མ་སྐྱིད་ལས་གཡར་བའི་དོར་མ་སྐྱ་མདོག་དེ་གཉིས་ཕུད་རྗེས་རང་གི་སྨད་གཡོགས་སླར་གྱོན་པ་ཡིན། ཁྱིམ་དུ་ལོག་ཐུབ་ངེས་སྙམ་པའི་ཚོར་སྣང་དེ་སྔར་བཞིན་སེམས་ཁོང་ན་ཡལ་མེད། ཡིན་ནའང་ཁོ་ཚོས་ང་ལ་བཀལ་བའི་ནག་ཉེས་འཇིགས་ཆེན་དེ་དང་རྨི་ལམ་ཐན་ལྟས་དེ་ཡིད་ལ་དྲན་དུས། རང་སེམས་དྲོན་མོའི་རེ་སྣང་སྟེང་ཆུ་འཁྱག་མི་ལྡུག་ཀ་མེད་བྱུང་། སྐབས་དེར་བུད་མེད་ཉེན་རྟོག་པ་དེ་ཡོང་ནས་ང་ལ་ལུས་བཤེར་བྱས་པ་ན། ངས་ང་ས་གཞན་དུ་འཁྲིད་པར་དོགས་ནས་དྲིས་པ་ཡིན། མོས་འདི་ནི་བཀག་བསྐྱིལ་ཁང་གི་འགྲོ་ལུགས་ཡིན་པ་ལས། ས་གཞན་དུ་འཁྲིད་པའི་ངེས་པ་མེད་ཅེས་བཤད། དེ་མ་ཐག་ངའི་དངུལ་ཐོ་ལས་ད་དུང་སྒོར་ཉེར་བརྒྱད་ཡོད་པ་ཡིད་ལ་དྲན་ནས་སྒྲོལ་མ་སྐྱིད་ལ་བཞག་པ་ཡིན། ཕྱིས་སུ་བཀག་བསྐྱིལ་ཁང་གིས་བཙོན་མ་ཕན་ཚུན་བར་སྒོར་མོ་བསྐོར་མི་ཆོག་པར་ཁ་གཡར་ནས་གཞུང་བཞེས་བྱས་ཚུལ་ཞིག་ཐོས། ཡང་བཙོན་མོ་ཚོའི་རེ་བ་ལྟར་ང་འགྲོ་ཁར་ཁོ་ཚོར་བྲིས་པའི་ཁ་པར་ཨང་གྲངས་དེ་ལའང་བཙོན་བདག་མས་བདག་པོ་བརྒྱབ་པ་དང་། མི་ཞིག་གིས་ཨང་གྲངས་དེ་གར་སོང་དྲིས་པར། ཚེ་རིང་སྒྲོལ་མས་དྲང་མོར་བཤད་པ་ན། ཨེན་ཙམ་གྱིས་བཙོན་བདག་མས་བརྡུང་སོང་ཟེར། འགྲོ་ཁ་ཏག་ཏག་ལ་ཚང་མས་ང་ལ་སྐེ་འཇུ་བྱས། ངས་ཆེད་དུ་སྤུན་མོ་གཉིས་ལ་བརྩེ་བའི་སྐེ་འཇུ་དྲོན་མོ་རེ་དང་ཁོ་མོ་གཉིས་ཀྱི་མཁུར་མགོ་ལ་འོ་རེ་བྱས་ཏེ། ང་གློད་བཀྲོལ་བཏང་བ་ཡིན་ན་ཁྱོད་གཉིས་ལ་བལྟ་རུ་ཡོང་ཞེས་ཁས་འཆེས། ང་ཚོ་མིག་ཆུའི་ཁྲོད་དེ་རུ་འཛོམས་ཤིང་། སླར་ཡང་མིག་ཆུའི་ཁྲོད་དེ་ལྟར་གྱེས། ང་བུད་མེད་ཉེན་རྟོག་པ་དེས་ཁྲིད་དེ། བཀག་བསྐྱིལ་གཞུང་ལས་ཁང་གི་སྒོ་ཁར་སླེབས་སྐབས། སྐྱེས་པ“བཙོན་མ་རང་དབང་ཅན”ཞིག་གིས་མཛོད་ཁང་དུ་བཞག་པའི་དངོས་པོ་ཙག་ཙིག་དེ་བཟུང་ནས་སྒུག་འདུག བཀག་བསྐྱིལ་གཞུང་ལས་ཁང་གི་སྒོ་ཁ་རུ་ཡར་ཞུ་ཞེས་བོས་ཏེ་ནང་དུ་སོང་ནས་སེམས་རེ་དོགས་ཀྱིས་ཁེངས་བཞིན་ཅུང་མ་འགོར་བར་འགྲོ་ལུགས་བསྒྲུབས་ཚར། ངས་ཡང་བསྐྱར་རུ་གཙོ་ལ་ང་གློད་བཀྲོལ་གཏོང་བ་ཡིན་ན། བཀག་བསྐྱིལ་ཁང་དུ་ཉོས་པའི་དངོས་པོ་དེ་དག་སྤུན་མོ་གཉིས་ལ་འཇོག་རྩིས་ཡོད། ང་བཀག་བསྐྱིལ་ཁང་གཞན་ཞིག་ཏུ་འཁྲིད་རྒྱུ་ཡིན་ཚེ། ད་ལྟ་ངའི་ལུས་ན་སྒོར་སྐར་གང་ཡང་མེད་པས་དངོས་པོ་དེ་དག་འཁྱེར་རྒྱུ་ཡིན་ཞེས་པ་ན། ང་ཚོས་ཐེངས་འགར་དྲིས་ཀྱང་ཁྱོད་ཀྱི་ཉེས་དོན་ཐག་གཅོད་ལས་ཁུངས་ཀྱིས་བཤད་མ་སོང་ཟེར། གང་ལྟར་ཁོ་ཚོ་གློ་བུར་དུ་ཡོང་བའི་རྒྱུ་མཚན་གང་ཡིན་ངས་ཆ་མ་འཚལ། ཁེ་དགོང་མོར་ང་འདི་རུ་བསྐྱུར་ཏེ་འགྲོ་ཁར་གཟའ་ཟླ་བར་ཡོང་ངེས་ཡིན་ཞེས་བཤད་པ་ཐོས་ཀྱང་། དེ་རིང་ད་དུང་གཟའ་ཉི་མ་རེད། དེ་ལྟར་བསམ་སྐབས། གློ་བུར་དུ་ཁྲིད་རྗེས་ཕྱིར་ཡོང་མེད་པའི་གློག་བརྙན་ཞིག་ཀྱང་ཀླད་པའི་ནང་འཁོར་ཡོང་། འཇིགས་སྣང་དེ་རྦ་རླབས་བཞིན་གཅིག་རྗེས་གཅིག་གིས་དེད་ཡོང་། དེ་མ་ཐག་རུ་གཙོ་གཉིས་ཀྱིས་ང་ཁྲིད་དེ་བཀག་བསྐྱིལ་ཁང་གི་སྒོ་ཆེན་ཕྱོགས་སུ་སོང་། ངས་རུ་གཙོ་ཞིག་ལ་ང་སྤུན་མོ་གཉིས་ལ་ལྟ་རུ་ཡོང་ན་ཆོག་མིན་དྲིས། ཁོས་སྒོ་ཆེན་འདི་ལས་ཕར་སོང་རྗེས་ཕྱིར་ནང་དུ་ཡོང་ཆོག་གི་མ་རེད་ཟེར། སྒོ་ཆེན་ཁར་སླེབས་པ་ན། འགྲོ་ལུགས་བསྒྲུབས་ཚར་རྗེས་ཤོག་ལྷེ་གཅིག་ང་ལ་བྱིན་འདུག་ཅིང་ཅིག་ཤོས་དེ་རུ་གཙོ་གཅིག་གིས་བར་སྣང་ན་དཔྱངས་པའི་ཐི་གུར་བཏགས་རྗེས་སྒོ་སྟེང་གི་ཉེན་རྟོག་པས་ཡར་འཐེན་སོང་། དེ་ནས་རུ་གཙོ་དེས“ཡར་ཞུ་པན་ཀྲང་། ང་སྒོར་འགྲོ་རུ་ཆུགས”ཞེས་ཤོད་ཟེར་བ་བཞིན་ངས་སྒོ་སྟེང་གི་ཁང་ཆུང་ནང་གི་ཉེན་རྟོག་པ་དེར་བལྟས་ནས་དེ་ལྟར་བཤད་པ་ན། བཀག་བསྐྱིལ་ཁང་གི་ལྕགས་ནག་གི་སྒོ་ཆེན་དེ་གཞི་ནས་དལ་གྱིས་ཕྱེ་སོང་།

དེ་སྔོན་ངས་ང་ལས་སླ་མོས་ལྕགས་སྒོ་དེ་ལས་ཐར་ཐུབ་འདོད་མེད།   མིག་མདུན་གྱི་ང་འཁྲིད་མཁན་ཚོ་སུ་ཡིན་ལ་རིག་པ་བསྒྲིམས་དྲགས་པ་ཡིན་ནམ།   ཡ་མཚར་བ་ཞིག་ལ་ང་ལྕགས་སྒོ་དེ་ལས་ཕྱིར་ཐོན་པའི་ཚོར་པ་གཏན་ནས་དྲན་རྒྱུ་མི་འདུག   སྐབས་དེར་ས་རུབ་ནས་གསལ་པོར་མི་མཐོང་ཡང་།   སྒོ་ཁ་ན་རླངས་འཁོར་ཆུང་ཆུང་ཞིག་བསྡད་འདུག་པ་དེའི་གམ་དུ་རུས་ཀྲང་ཅན་དང་ཝང་ཅན།   བུ་མོ་ཉེན་རྟོག་པ་དེ་བཅས་འདུག་པ་གསལ་ལེར་མཐོང་།   ཁོ་ཚོས་བཀག་བསྐྱིལ་ཁང་གི་རུ་གཙོ་གཉིས་ལ་ཁ་བརྡ་ཚིག་གཅིག་གཉིས་ཙམ་བྱས་རྗེས་ལམ་དུ་ཆས།   རླངས་འཁོར་གཏོང་མཁན་རུས་ཀྲང་ཅན་རེད།   ས་དེ་དང་ཁ་གྱེས་ཁར་ངས་རླངས་འཁོར་སྒེའུ་ཁུང་ལས་རུ་གཙོ་གཉིས་ལ་ལག་བརྡ་བཏང་ཡང་ཁོ་ཚོས་མཐོང་གི་མེད་པ་འདྲ།  

དགོང་མོ་དེར་ངའི་ངོ་གདོང་མ་བཏུམས། ངས་ཁོ་ཚོའི་རྣམ་འགྱུར་དང་གཤིས་ཀ་ལ་འགྱུར་བ་བྱུང་འདུག་པ་ཚོར། དེ་ནི་ངའི་ཉེས་པ་ཇེ་ཡང་དུ་སོང་བའི་མཚོན་རྟགས་དང་། ང་གློད་བཀྲོལ་གཏོང་འཆར་ཡིན་བཟོ་འདུག་ནའང་། ང་འགྱུར་བ་དེར་ཧ་ཅང་གོམས་དཀའ། ཁོ་ཚོའི་ཕྱི་པགས་དེའི་རྒྱབ་ན་ངོ་གདོང་གཞན་ཞིག་ཡིབས་ཡོད་པ་དེ་ངའི་སེམས་སུ་གསལ་པོར་ཡོད། ངའི་ཡ་ཆུང་ཧྲིལ་པོར་དྲི་བས་བཀང་ནས་བརྟས་སུ་བཅུག་ནའང་ངག་བསྡམས་ཏེ་ཁོ་ཚོར་སྐད་ཆ་ཚིག་གཅིག་མ་དྲིས། དྲིས་ཀྱང་བཤད་མི་དཔེ། སྙིང་ཚིམ་ཞིག་རིན་གྱིས་ཉོས་ཏེ་རེ་ཐག་རྩ་ནས་གཅོད་པ་ལས། མག་མོག་གི་རེ་དོགས་དྲོན་མོ་དེ་རུམ་ནས་ཏོག་ཙམ་བསྡད་ཀྱང་སེམས་པ་དྲོ། རླངས་འཁོར་ཡམ་ཡོམ་གྱིས་སྐྱོད་བཞིན་ཞིང་གྲོང་གི་ས་ལམ་ནས་གྲོང་རྡལ་དུ་སླེབས། སྒེའུ་ཁུང་ལས་ཚོན་མདངས་རྣམ་པར་བཀྲ་བའི་ཕྱི་རོལ་གྱི་འཇིག་རྟེན་དེ་མཐོང་སྐབས། ངའི་ཡིད་སེམས་བརྗོད་དཀའ་བའི་དགའ་སྣང་གིས་མྱོས་ཏེ་བཟོད་གླགས་མེད་པར་གྱུར། མཁའ་དབྱིངས་དང་ཁང་ཁྱིམ། གློག་སྒྲོན་དང་མི་ཚོགས། གཞུང་ལམ་དང་རླངས་འཁོར། ང་ནི་སྔར་མེད་ཀྱི་ཞིང་ཁམས་ཤིག་ཏུ་སླེབས་པའི་སྣང་བ་སྐྱེས། ཚོར་པ་དེ་སྦྲང་ཆར་བསིལ་མ་བཞིན་ངའི་སེམས་སིམ་སིམ་དུ་བཏང་། བཞི་མདོ་ཞིག་ལ་འབྱོར་པ་ན། ཀྲང་གིས་ཨེན་ཙམ་གྱིས་ཁ་ཕྱོགས་ནོར་སོང་ཞེས་རླངས་འཁོར་བསྐོར་རྒྱག་གཅིག་བྱས་པ་ན། ང་ལྷང་སེ་བཏང་སྟེ་འཆར་ཡན་གྱི་ཀློང་ལས་ཕྱིར་དྲུད་དེ་དྲན་པ་སླར་བསྡུ་རུ་བཅུག དེ་མ་ཐག་སེམས་སུ་ཁོ་པས་ང་ལ་གདུག་རྩུབ་ཀྱིས་འདྲི་གཅོད་བྱས་པ་དག་ཡིད་ལ་ཝལ་ཝལ་འཁོར། གང་ལྟར་དགོང་མོ་དེར་ཁོ་ཚོ་ཚང་མ་གཤིས་འཇམ་རང་དུ་གྱུར་འདུག མྱུར་ལམ་དུ་ཞུགས་ནས་ཟི་ལིང་དང་བར་ཐག་ཇེ་ཉེ་རུ་སོང་བ་དང་བསྟུན། ངའི་སེམས་པའང་ཁྱིམ་མི་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ། ཁྱོ་ག་དང་བུ་མོ། ཚ་མོ་བཅས་དང་དགའ་འཛོམས་ཀྱི་གཟུགས་རིས་གློག་བརྙན་བཞིན་མིག་ལམ་དུ་འཚང་ཡོང་། ངས་འཕྲལ་དུ་བསམ་ཚུལ་དེ་བཙན་གྱིས་བཟློགས་པ་ཡིན། འཁྲེང་དྲགས་ཏེ་རེ་ཐག་ཆད་ན་བཟོད་གླགས་བྲལ་བ་ཞིག་ཡིན་སྲིད་པས། རེ་དོགས་དང་སྐྲག་འཇིགས་ཁྲོད་ཟི་ལིང་དུ་འབྱོར། སེམས་པ་འཕྱོ་བཞིན་རླངས་འཁོར་དེ་རང་ཁྱིམ་གྱི་ཕྱོགས་སུ་ཁ་ལོ་བསྒྱུར་མིན་ལ་མཉམ་འཇོག་གཟབ་ནན་བྱས། མཚམས་ཤིག་རླངས་འཁོར་ལམ་བུ་སྐོར་ཀྱོག་ཅིག་བརྒྱུད་དེ་སོང་། རུས་ཀྲང་ཅན་ལ་ཁ་པར་ཞིག་འབྱོར། ཁོས་ང་ཚོས་ཁ་ལག་མཉམ་དུ་ཟ་ཞེས་བཤད། ངས་ང་ཡང་མགྲོན་ཁང་ཞིག་ཏུ་ཁྲིད་དེ་མི་གཞན་པས་འདྲི་གཅོད་བྱེད་པ་ཨེ་ཡིན་ནམ་སྙམ་ཞིང་སྐྲག ཉེན་རྟོག་པ་གསར་པ་དང་བུད་མེད་ཉེན་རྟོག་པས་འདྲི་གཅོད་བྱེད་པར་ང་དེ་བས་ཀྱང་སྐྲག དེ་ནི་སྔ་མའི་རིག་ལམ་ལ་ཆ་རྒྱུས་མེད་པ་དང་། ཕྱི་མའི་ཚོར་པ་རྣོ་ཞིང་རིག་ལམ་ཕྲ་བས་ཡིན། འདྲ་མིན་སྣ་ཚོགས་དྲན་ནས་རྟབ་རྟབ་པོར་གྱུར། ཀྲང་ལ་སླར་ཡང་ཁ་པར་ཞིག་འབྱོར། ཁོས་ང་སྔོན་མ་སྡོད་ས་དེར་འགྲོ་ཡི་ཡོད་ཅེས་བཤད་མ་ཐག ངས་ང་ཉེན་རྟོག་སློབ་གྲྭ་དེར་འཁྲིད་བཞིན་པ་གཞི་ནས་ཤེས། ཁོས་ཁ་པར་གཏོང་ས་དེ་སུ་ཡིན་ནམ། ས་དེར་སོང་ནས་ང་ཁྱིམ་མི་ལ་རྩིས་སྤྲོད་པ་ཨེ་ཡིན་ནམ། དཔེ་མི་སྲིད། དེ་འདྲའི་གུ་ཡངས་སླ་མོ་ཡོང་མི་སྲིད། ཕལ་ཆེར་ཁོ་ཚོ་ཉི་མ་གཉིས་ཙམ་ལ་ངལ་གསོས་རྗེས་ཡང་བསྐྱར་ང་ལ་འདྲི་གཅོད་བྱེད་ལས་རེད། དོ་དགོང་ཏག་ཏག་གཟའ་ཉི་མ་རེད། དྲན་ཚུལ་རྙོག་དྲ་དེས་ངའི་སེམས་སྐྱ་མོ་ཐང་ལ་ལྷུང་ནས་སྒོ་ར་དེར་སླེབས་པའང་ཚོར་མ་སོང། ཐེངས་སྔོན་མའི་ཁང་པ་དེའི་ནང་བཏང་རྗེས། བུ་མོ་དེ་དང་ངེད་གཉིས་ལ་ཅུང་ཙམ་སྒུག་སྡོད་ཟེར་ནས་འདུག་བཅུག དེ་རུ་ཁྱིམ་མི་དང་ངོ་ཤེས་སུ་ཡང་མི་མཆིས། ངས་ཞིབ་མོར་བལྟས་པ་ན། ཁོ་ཚོའི་ཁ་ངོ་བཀྲུ་ཆས་ད་དུང་བཞག་འདུག བུ་མོ་དེས་འགྱིག་ཟོམ་ལས་ཆུ་ཞིག་བླངས་ནས་གློག་དེམ་ནང་སྐོལ་མགོ་བརྩམས། བཟོ་ལྟ་དེ་མཐོང་མ་ཐག ངའི་ཡ་ཆུང་ཁོག་པ་སླར་ཡང་སྨུག་སྤྲིན་འཐིབ་སྟེ་ན་ཟུག་སྐྱེས་ཡོང་། དེ་ནི་ཉིན་བཅུ་གསུམ་གྱི་རིང་ལ། ཁོ་མོ་ཚོས་ག་དུས་འཐུང་ཆུ་ལེན་མཚམས་དང་ཆུ་ཁོལ་བསྐོལ་མཚམས་འཇོག་པར་ངས་རེ་སྒུག་བྱས་དྲགས་པས་ཡིན་ལས་ཆེ། ངས་དེ་བཞིན་ཉི་མ་རེ་རེར་རྟ་བདུན་དབང་པོ་ཤར་རི་རྩེ་ནས་འཕགས་ཏེ་ནུབ་རིའི་རྒྱབ་ཏུ་ཡིབ་པའི་བར་ཁོ་ཚོའི་བྱ་སྤྱོད་དང་ཉམས་འགྱུར། ཚིག་ངོས་དང་ཚིག་ཤུགས་ཀྱི་སྐད་ཆ་ལ་མཉམ་འཇོག་གིས་དུས་ཚོད་འདའ་བར་བྱས་པ་ཡིན། དེ་ནི་སྐབས་དེའི་ངའི་འཚོ་བའི་གྲུབ་ཆ་གཙོ་བོ་རུ་གྱུར་ཡོད། སེམས་སུ་ནམ་རྒྱུན་ཡིན་ན་ང་སྲུང་མཁན་མི་གཅིག་ཡིན་མི་སྲིད་ཅེས། ཉལ་ཁང་དེར་བུད་མེད་ཉེན་རྟོག་པ་གཞན་ཡོང་མིན་ལ་ལྟ་རྟོག་ནན་མོ་བྱས། གང་འཚམ་འགོར་ཡང་བུ་མོ་དེར་རོགས་པ་གཞན་ཡོང་མཁན་མ་བྱུང་བས་ངའི་སེམས་པ་སླར་ཡང་བདེ་ལ་ཅུང་ཟད་བབས། སྐབས་ཤིག་ལ་ཉེན་རྟོག་པ་དེ་གཉིས་ཀྱིས་ང་བོས་པ་དང་ཁོ་ཚོའི་སྔོན་མའི་ཉལ་ཁང་དེ་ནང་སོང་། ང་སྔོན་ལྟར་འདྲི་གཅོད་རྐུབ་སྟེགས་སྟེང་བསྡད་དེ་ལྕགས་ལུང་རྒྱག་གྲབས་བྱས་པ་ན། དེ་ལྟར་བྱེད་མི་དགོས་པའི་རྣམ་འགྱུར་ཙམ་བསྟན། དེ་ལས་ངའི་དོན་དག་ཇེ་བཟང་དུ་འགྲོ་བཞིན་པ་ཚོར། སྐབས་དེར་ཉེན་རྟོག་པ་གཞན་འགའ་ཡང་སླེབས་བྱུང་། རུས་ཀྲང་ཅན་གྱིས་སྐད་ཆ་ཉམས་ཆེན་འགའ་བཤད་དེ་འགྲོ་ལུགས་སྒྲུབ་ཞོར། རྒྱ་མི་བརྙན་ཕབ་འཛིན་མཁན་དེར་བརྙན་ཕབ་བྱོས་ཤིག་ཟེར་ནས་ཡང་ཡང་བསྐུལ། བརྙན་ཕབ་དང་སྒྲ་ལེན་ཁྲོད་ཡང་བསྐྱར་དྲི་བ་སྔོན་མ་དག་བསྐྱར་ཟློས་བྱས་བྱས་མཐར། རུས་ཀྲང་ཅན་གྱིས། འཇམ་དབྱངས་སྐྱིད། ཁྱོད་ཀྱི་ཁྱོ་གས་ལས་ཁུངས་ལ་རེ་བ་ཞུས་ཏེ། ལས་ཁུངས་ཀྱིས་ཁྱོད་ལ་འགན་ལེན་བྱས་ནས་ཞུ་བ་ལེན་པར་བསྒུག་རྒྱུར (取保候审)མོས་མཐུན་བྱུང་་་་་་་་ སྐད་ཆ་དེ་ཐོས་མ་ཐག་ང་ནི་བོང་བུའི་མགོ་ལ་ལྕག་གིས་སྐུལ་པ་ལྟར་གྱུར་ནས་ཡུད་ཙམ་ཞིག་ལ་ཧད་དེ་བསྡད། རིམ་གྱིས་སེམས་སུ་དགའ་སྣང་དང་བྲེལ་འཚུབ་དུས་མཉམ་འཕྱུར་ཏེ་གནོན་མ་ཐུབ་པར་རྣ་བ་གཏད་དེ་ཉན་ཡང་སྐད་ཆ་རྗེས་མ་རྣམས་ཐོས་མ་བྱུང་། ངས་མུ་མཐུད་དུ་བཙན་གྱིས་ཉན་པ་ན། ཁོས་འགྲོ་ལུགས་བསྒྲུབས་རྗེས་ཁྱོད་ཁྱིམ་དུ་ལོག་སྟེ་སྔར་རྒྱུན་ལྟར་བྱ་བ་སྒྲུབས། ང་ཚོས་མུ་མཐུད་དུ་ལོ་གཅིག་ནང་ཁྱོད་ལ་ལྟ་རྟོག་བྱེད་ངེས་ཡིན། ལོ་དེའི་ནང་ཁྱོད་ནམ་བོས་ན་ནམ་སླེབས་དགོས། ང་ཚོའི་འཁྲོལ་ཆ་མེད་ན་ཟི་ལིང་དང་ཁ་འབྲལ་མི་ཆོག ཕྱིན་ཆད་མི་ལེགས་པའི་དོན་དག་གང་ཡང་བྱས་མི་ཆོག ཁྱོད་ཚང་གི་ཁྱིམ་ཚང་དམིགས་བསལ་ཞིག་མིན་ན། ཁྱོད་འདི་ལྟར་ལས་སླ་མོས་གློད་བཀྲོལ་གཏོང་གི་མ་རེད། ཁྱོད་ཀྱི་རྩིས་འཁོར་གཉིས་འདི་རུ་བཞག་ནས་ད་དུང་མུ་མཐུད་དུ་མྱུལ་བཤེར་བྱེད་དགོས་ཞེས་བཤད། ང་དགའ་དྲགས་ནས་ངའི་ཕྱི་བགྲོད་ལམ་ཡིག་སྟེར་མིན་གླེང་རྒྱུ་ཡང་རྦད་དེ་བརྗེད་སོང་། ང་གློད་བཀྲོལ་གཏོང་བའི་གཏམ་བཟང་རྣ་བའི་བདུད་རྩི་དེ་ཐོས་མ་ཐག སེམས་སུ་ཡུལ་ལ་སླེབས་པ་འཕྱིས་དྲགས་ན་བུ་མོ་གཉིད་ལོག་འགྲོ་འདོད་ནས་སེམས་འཚུབ་སྐྱེས་ཏེ་སྡོད་ལོང་མེད་པར་གྱུར། ངས་ང་ཉིན་ཉི་ཤུའི་རིང་ལ་འདུག་ཐུབ་སོང་བས་དུས་ཚོད་ཁ་ཤས་ལ་འདུག་མི་ཐུབ་རྒྱུ་ཅི་ཡོད་ཅེས་རང་སེམས་བཙན་གྱིས་མནན་ནའང་། སེམས་པ་དེ་རང་ལ་མི་དབང་བར་སྔར་བཞིན་བྲེལ་བ་ཚ་པོ་ལངས་ནས་སྡོད་ཐབས་བྲལ། རུས་ཀྲང་ཅན་ལ་ང་གློད་བཀྲོལ་གཏོང་བའི་གནས་ཚུལ་ཁྱོ་གས་ཤེས་མིན་དྲིས། ཁོ་ལ་དལ་བྲེལ་ཅི་ཡང་མེད་མདོག་གིས་སྐབས་སུ་བབས་ན་བཤད་ངེས་རེད་ཟེར་ནས་བཏང་སྙོམས་སུ་བཞག བདག་གི་སེམས་པར་འཕྲིན་བཟང་འདི་མྱུར་བ་མྱུར་དུ་ཁྱོ་གའི་རྣ་བར་སྒྲོན་ན་ཅི་མ་རུང་སྙམ། དེ་རྗེས་རུས་ཝང་ཅན་གྱིས་འདྲི་གཅོད་བྱས་ཏེ་ཟིན་བྲིས་བཏབ། འདྲི་གཅོད་དེ་ཧ་ཅང་དལ་བས་ཆུ་ཚོད་གཉིས་གསུམ་ཙམ་འགོར་འགྱངས་བྱས། ནང་དོན་ཡོད་ཚད་ཕལ་ཆེར་བསྐྱར་ཟློས་རེད། དེ་ནི་ཁོ་ཚོའི་མཐའ་མཇུག་གི་འགྲོ་ལུགས་ཤིག་ཡིན་ཚོད་རེད། ཁོས་ཟིན་བྲིས་བཏབ་པ་རྣམས་ང་ལ་བྱིན་ནས་མིང་རྟགས་བཀོད་དེ་མཛུབ་ཐེལ་རྒྱོབ་ཟེར། ང་ཁྱིམ་དུ་ལོག་པར་བྲེལ་བ་ཚ་པོ་ལངས་ནས་ཟིན་བྲིས་དེར་ལྟ་ཙམ་ཡང་མ་བྱས་པར་མཛུབ་ཐེལ་བརྒྱབ་པ་ཡིན། དོན་དེས་ང་ལ་གནོད་འཚེ་འདྲ་སྐྱེལ་ཨེ་ཡོང་འདོད་ན་ད་ལྟ་ཡང་དོགས་སྐྲག་ཕྲན་བུ་ཙམ་སྐྱེས་ཡོང་། དེ་ནས་རུས་ཀྲང་ཅན་གྱིས་ང་ལ་ཁས་ལེན་ཡི་གེ་ཞིག་འབྲི་རུ་བཅུག ངས་དངོས་གནས་འབྲི་མ་ཤེས་པས། ཁོ་རང་གིས་བཤད་དེ་ངས་བྲིས་པ་ཡིན། ནང་དོན་ཕྱིན་ཆད་བོད་གཞུང་དང་འབྲེལ་བ་ཡོད་པའི་མི་ལ་འབྲེལ་འདྲིས་མི་བྱེད་པ་དང་། རྩ་འཛུགས་དེ་འདྲ་དང་ལས་ཀ་དེ་རིགས་ནང་མི་ཞུགས་པ། ཕྱི་རྒྱལ་གྱི་དྲ་ཚིགས་སུ་མི་འཇུག་པར་མ་ཟད། བོད་དང་འབྲེལ་ཡོད་ཀྱི་དཔེ་ཆ་དང་རྩོམ་ཡིག་གང་ཡང་ཕབ་ལེན་མི་བྱེད་པ། རྒྱལ་ཁབ་ལ་གནོད་པའི་གཏམ་མི་སྒྲོགས་པ། ད་དུང་ཕྱི་རྒྱལ་དུ་འཚོ་སྡོད་བྱས་ཡོད་པའི་བོད་པ་བཟང་ས་རྒྱན་ས་དང་འབྲེལ་འདྲིས་རྩ་གཅོད་དགོས་ཚུལ་སོགས་འབྲི་རུ་བཅུག ཡིན་ནའང་དོན་ཚན་ཐ་མ་དེར་ངས་ཁས་ལེན་མ་བྱས། རྒྱུ་མཚན་བོད་པ་རྣམས་གྲོགས་སུ་གྱུར་རྗེས་དོན་མེད་དུ་འབྲེལ་ཐག་བཅད་ན་རྒྱུན་ལྡན་མིན་ཞེས་གླེང་བས་དོན་དེ་ཁོ་པས་བཏང་སྙོམས་སུ་བཞག ཁོས་བཤད་པའི་ཉ་ཉོག་དེ་དག་བྲིས་ཚར་བ་ན། ཁས་ལེན་ཡི་གེ་དེར་བསྡོམས་པས་ཤོག་ལྷེ་གང་དང་ཕྱེད་ཙམ་ཡོད་འདུག དེའི་གཤམ་དུ་མིང་རྟགས་དང་ཟླ་ཚེས་བྲིས་རྗེས་མཛུབ་ཐེལ་བརྒྱབ། དེ་ནས་ཀྲང་གིས་ང་ལ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཐམ་ག་དམར་པོ་བརྒྱབ་པའི་ཤོག་ལྷེ་ཞིག་བྱིན། དེ་ནི་འགན་ལེན་བྱས་ནས་ཞུ་བ་ལེན་པར་བསྒུག་རྒྱུར་ཞེས་པའི་དཔང་ཡིག་ཅིག་ཡིན་པ་རེད། ལས་ཀ་དེ་མཇུག་བསྒྲིལ་ཙམ་ལ་བརྙན་འཕྲིན་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་རྣ་བྷ་དང་རུས་ཝུ་ཅན་གྱི་ཏང་ཨུའི་ཧྲུའུ་ཅི་གཉིས་སླེབས་བྱུང་། འགྲོ་ལུགས་གང་ཞིག་ཐད་བརྙན་འཕྲིན་ལས་ཁུངས་ཀྱི་འགོ་གཙོ་དང་པོ་པའེ་ལ་ཁ་པར་བཏང་རྗེས་ལས་དེ་ཁག་པོའི་ངང་བསྒྲུབས་ཚར་ཙམ་བྱུང་། དེ་ལས་ཉེན་རྟོག་པས་ཁོ་གཉིས་ལ་ཐེག་དཀའ་བའི་འགན་ཞིག་དཀྲིས་ཡོད་པ་ཚོར། ང་ཚོ་ཉལ་ཁང་དེ་དང་ཁ་འབྲལ་སྐབས། ཀྲང་གིས་འགོ་གཙོ་གཉིས་ཀྱི་མདུན་དུ། ངས་བུད་མེད་ཅིག་ལ་འདི་འདྲའི་བསམ་བློ་ཡོད་མ་འདོད། ཁོ་མོའི་སྐད་ཆ་ཕྱིན་ཅི་ལོག་པ་ཤ་སྟག་རེད་ཟེར། སྐད་ཆ་ཐ་མ་དེར་འཚིག་པ་གཏིང་ནས་ཟོས་ཡོང་ནའང་བཟོད་བསྲན་གྱིས། དོན་དག་འདིར་ཁྱོད་ཚོས་རྩད་གཅོད་ཆུ་དྭངས་ཉ་གསལ་ཞིག་བྱེད་རྒྱུ་དེ་ངའི་རེ་བ་ཡིན་ཞེས་ནན་ཏན་དུ་བརྣན་ཏེ་བཤད། སྐབས་དེ་ནི2008ལོའི་ཟླ4པའི་ཚེས21ཉིན་ཐོ་རངས་དུས་ཀྱི་ཆུ་ཚོད་དང་པོ་འདས་ཙམ་རེད། ཕྱི་རོལ་ཏུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་སྐྱོད། རླངས་འཁོར་གྱི་གློག་སྒྲོན་འོག་ཁ་བ་དེ་སྡོང་ལོ་དཀར་པོ་དང་མཚུངས། ཆར་འདེད(雨刷器)དེ་མེད་ཚེ། རླངས་འཁོར་ཤེལ་སྒོ་ལས་གཞུང་ལམ་ཡང་མཐོང་དཀའ། རླངས་འཁོར་ནང་གྲགས་འགུལ་ཆེན་པོ་མེད། ཁ་བ་ཇེ་ཆེ་ནས་ཇེ་ཆེ་རེད། ངས་ཚེ་གང་བོར་དེ་འདྲའི་ཁ་བ་ལེབ་མོ་ཆེན་པོ་མཐོང་མྱོང་མེད་ཅེས་བཤད་ཆོག ཁ་བའི་ཁྲོད་སྔར་མེད་པའི་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཚ་མོ་ཞིག་རུམ་ནས་ཧ་ལམ་དུས་ཚོད་སྐར་མ་བཅུ་ལྷག་ལ་བསྐྱོད་མཐར་གཞི་ནས་གཞིས་ཁུལ(小区)གྱི་སྒོ་ཆེན་ཁར་འབྱོར། ང་ཚོ་རླངས་འཁོར་ལས་མར་བབས་ཏེ་སྒོ་རའི་ནང་སླེབས་པ་ན། ཁྱོ་ག་དང་ཚ་མོ་གཉིས་ཀྱང་ཏག་ཏག་དེར་འབྱོར་འདུག ཁྱོ་ག་བརྒྱུགས་ཡོང་སྟེ་ཁ་བའི་ཁྲོད་ང་ལ་སྐེ་འཇུ་དྲོན་མོ་ཞིག་བྱས། སྐབས་དེར་ངའི་དབང་ཤེས་ཡོངས་སུ་ཉམས་སོང་། ང་ལ་དགའ་ཚོར་དང་སྤྲོ་ཚོར་ཅི་ཡང་མ་སྐྱེས། ཚ་མོ་ངུ་ཞོར་རེ་ཞིག་ཧད་དེ་ལུས། དེ་རྗེས་ཨ་ནེ་ད་ཁྱོད་ཕྱིར་འགྲོ་དགོས་ནི་ཨེ་རེད་ཅེས་དྲིས་བྱུང་། ཁ་བ་འབབ་པའི་མཚན་མོ་དེར། ངས་ཚ་མོར་ལན་ཅི་ཡང་འདེབས་རྒྱུ་མ་བྱུང་། གང་ལྟར་གངས་རིའི་མི་རིགས་འདི་ལ་མཚོན་ན། ཁ་བ་དཀར་པོ་ནི་བཀྲ་ཤིས་པའི་རྟགས་དང་མཚན་མ་ཡིན།

Start a discussion with Dortse

Start a discussion
"https://bo.wikipedia.org/w/index.php?title=User_talk:Dortse&oldid=21718"ལས་སླར་རྙེད་སོང།