User talk:Dolpo culture
བརྗོད་གཞི་ཁ་སྣོན།དོལ་པོའི་དགོན་རྙིང་དཔལ་གནམ་དགུང་བྱང་ཆུབ་གླིང་།
དོལ་པོ་དཔལ་གནམ་དགུང་བྱང་ཆུབ་གླིང་ནི་དོལ་པོ་ནང་ཁོངས་སུ་དགོན་རྙིང་གྲགས་ཆེན་ཧྲབ་དམར་གནམ་གསུམ་དུ་གྲགས་པའི་ནང་གསེས་ཤིག་སྟེ། དོལ་ཕྱོགས་གྲུ་བཞིའི་ནང་ཚན་ས་ལྡང་ཡུལ་གྱི་ཁྱབ་ཁོངས་སུ་གཏོགས། དེང་སང་གི་རྩི་སྟངས་ལྟར་དུ་བྱས་ན་ཤེས་ཕུག་སུམ་མདོ་གྲོང་ཚོ་གསུམ་པའི་ཁོངས་སུ་བརྩི་བ་ཡིན། ཡོངས་གྲགས་ལྟར་ན་ཇོ་བོ་ངག་དབང་རྣམ་རྒྱལ་གྱིས་ཐོག་མར་དགོན་འདི་ཉིད་ཕྱག་བཏབ་པར་གྲགས། དེ་ནས་བཟུང་ད་བར་མི་ལོ་བཞི་བརྒྱ་མ་ཟིན་ཙམ་ཞིག་སོང་བ་ཡིན། ཇོ་བོ་ངག་དབང་རྣམ་རྒྱལ་ནས་དགོན་པ་འདི་ཉིད་དར་རྒྱས་ཆེན་པོ་བྱུང་བ་ལས་དེའི་སྔོན་དུ་ཡང་རས་ཆེན་བློ་འཕེལ་དཔལ་བཟང་སོགས་གནས་འདིར་བཞུགས་མྱོང་བའི་ལོ་རྒྱུས་མཆིས་པ་མ་ཟད་བཞུགས་ཁང་ཕུག་པའི་རྒྱང་ཤུལ་དང་། ཁོང་གི་འདྲ་སྐུ། རྔ་སོགས་དགོན་འདིར་ད་ལྟ་མཇལ་རྒྱུ་ཡོད་པ་དེས་ན་འདིར་དགོན་པ་སྔ་མོ་ནས་ཡོད་པ་མཐའ་གཅིག་ཏུ་ངེས་ཤིང་། རྒྱུ་མཚན་ནི་དོལ་པོ་ས་འདང་ཡུལ་མ་ཆགས་པའི་སྔོན་དུ་འདིར་ཡུལ་ཆགས་པ་ཡིན་པ་དོལ་པོ་ས་འདང་ཡུལ་ལ་ཐོག་མར་དབང་གྱུར་མཁན་ཀོ་བོ་མི་རབས་ཀྱི་མི་རབས་ཀྱི་ལོ་རྒྱུས་སུ་གསལ་ལ། དེ་དུས་ཀོ་ཕོ་ཕུར་ཐོགས་ཞེས་པ་སྔགས་ཅན་ནུས་པ་ཅན་ཞིག་ཡོད་པར་འདུག ཇོ་བོ་ངག་དབང་རྣམ་རྒྱལ་ཁོང་ཉིད་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་ལ་མོས་ཤིང་། མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེ་དང་ཕན་ཚུན་བླ་སློབ་ཡིན་པའི་མཁས་སྒྲུབ་ཀརྨ་བློ་བཟང་དོལ་པོ་ལ་ཕེབས་ནས་འཇའ་ཚོན་ཆོས་སྐོར་དང་གར་དབང་རྡོ་རྗེའི་གཏེར་ཆོས་ཆ་ཚང་གསན་ནས་གཙིགས་ཆེར་མཛད། ཇོ་བོ་ངག་དབང་རྣམ་རྒྱལ་ནི་ཡོལ་མོའི་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་དངོས་སློབ་ཡིན་པ་ཁོང་གི་རང་རྣམ་དུ་འཁོད་པ་དང་། སྤྲུལ་སྐུ་བསྟན་ནོར་བུ་ཕྱི་ལོ་༡༥༩༨ལོར་འཁྲུངས་པའང་ཁོང་གི་རྣམ་ཐར་ལས་གསལ་པས། དགོན་འདི་གནས་སྤོས་བྱས་ནས་ལོ་བཞི་བརྒྱ་ལྷག་ཅིག་སོང་ཡོད་པ་རྟོགས་ཐུབ། དགོན་འདིའི་གནའ་བོའི་བཅའ་ཡིག་ཏུ་རྒྱལ་ཁབ་ཤར་ནུབ་གཉིས་ཀྱིས་དབུ་བླར་བཀུར་ཞིང་། དགོན་གྱི་ས་ཚིགས་སྲུང་མཚམས་བཅས་ལ་ཕྱག་ཐམ་བསྩལ་ཞེས་གསལ་ཞིང་། དེར་འཁོད་པའི་དབུ་བླ་ནི་རས་ཆེན་བློ་འཕེལ་དཔལ་བཟང་ཞུ་བ་དེ་ཡིན་པ་དང་། རྒྱལ་ཁབ་ཤར་ནུབ་གཉིས་ཞེས་པའང་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་སྟོད་མ་ཡ་རྩེ་འཛུམ་ལང་རྒྱལ་པོའི་མངའ་འོག་གི་འཛུམ་ལང་རྒྱལ་ཕྲན་དང་། ཨ་མ་དཔལ་གྱི་གདུང་རྒྱུད་གློ་བོ་རྒྱལ་པོའི་མངའ་འོག་གི་གློ་བོ་རྒྱལ་ཕྲན་གཉིས་ཡིན་པ་གཅའ་ཡིག་ཏུ་གསལ། དེ་ལྟར་དགོན་འདི་ཉིད་ནི་གློ་བོ་ཆོས་རྒྱལ་བསམ་འགྲུབ་དཔལ་འབར(༡༦༥༧ནས་༡༧༢༠བར་རྒྱལ་སྲིད་བསྐྱངས)དང་། ཡ་རྩེ་འཛུམ་ལང་རྒྱལ་པོ་ཀཱ་ཐི་བྷ་འདུར(༡༦༣༣༥)གཉིས་ཀྱིས་དད་ཡུལ་གྱི་སྐྱབས་རྟེན་ཕུལ་ས་དང་དགོས་དོན་གྱི་འབྲེལ་འཛུགས་བྱ་ས་ཞིག་ཡིན་པའང་གཅའ་ཡིག་དུ་གསལ་ཡོད། དེ་ནས་རིམ་བཞིན་ཇོ་བོ་ངག་དབང་དོན་གྲུབ་དང་། བཀའ་བརྒྱུད་འཇམ་དབྱངས་བསྟན་འཛིན་སོགས་བླ་རབས་རིམ་པར་བྱོན་ཅིང་། ལྷག་པར་དུ་དུས་རབས་བཅོ་བརྒྱད་པའི་ནང་དུ་དོལ་པོ་ཉིན་ཆུང་གྲུབ་ཐོབ་ཨོ་རྒྱན་ཆོས་བཟང་མཆོག་གནས་འདིར་ཞབས་ཀྱིས་བཅགས་ཤིང་ཉིན་ཆུང་བླ་བྲང་ཕྱག་བཏབ་པ་དང་། ཁོང་གི་སྲས་བླ་ཆུང་བསོད་ནམས་རྒྱལ་མཚན་གྱིས་གནམ་གུང་དགོན་པ་བསྐྱངས། དུས་རབས་བཅུ་དགུའི་མགོ་སྟོད་ཙམ་ལ་ཉིན་ཆུང་གྲུབ་ཐོབ་སྐུ་འཕྲེང་གཉིས་པ་ཨོ་རྒྱན་བསྟན་འཛིན་རིན་པོ་ཆེ་མཆོག་ས་ལྡང་གབ་པའི་རུས་བརྒྱུད་དོལ་པོ་ཤེལ་རི་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རབ་རྒྱས་རིན་པོ་ཆེ་མཆོག་གི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གོང་མའི་ཁྲིར་མངའ་གསོལ་ཞིང་ས་ལྡང་ཡུལ་དགོན་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གནམ་དགུང་དགོན་པའི་བསྟན་བདག་ཏུ་དབང་བཀུར། མི་མིན་འབྱུང་པོ་ཚར་གཅོད་སོགས་ལས་བཞིའི་ཕྲིན་ལས་མངའ་དབང་བརྙེས། འཚོ་བྱེད་སྨན་གྱིས་ཉམས་ཐག་ནད་པ་དུ་མ་འཆི་བའི་འཇིགས་པ་ལས་བསྐྱབས། དོལ་ཕྱོགས་གྲུ་བཞི་དང་མངའ་རིས་འབྲོག་སྡེ། མུ་ཁུམ་སོགས་ཕྱོགས་བཞིའི་ཡུལ་གྲུ་ཀུན་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུའོ།། དེ་ནས་ཉིན་ཆུང་སྐུ་འཕྲེང་གཉིས་པའི་ཞལ་འཆེམ་དུ་གདུང་སྲས་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་སྐུ་ནར་མ་སོན་བར་དུ་ཁོང་དང་མ་ཡུམ་གཅིག་པའི་གཅེན་པོ་བླ་མ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་གཟིགས་སྐྱོང་དང་ཕྱག་རོགས་མཛད་དགོས་པ་དང་། གདུང་སྲས་སྐུ་ནར་སོན་པ་དང་དགོན་པ་ཁོང་ལ་རྩིས་འབུལ་དགོས་པའི་བཀའ་ཕེབས་པ་ལྟར། བླ་མ་བསྟན་འཛིན་ཆོས་རྒྱལ་མཆོག་༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གི་ཞབས་ལ་གཏུག་ནས་ཀློང་ཆེན་སྙིང་ཐིག་སོགས་ཆོས་བཀའ་མང་དུ་ཞུས། གདུང་སྲས་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་སྐུ་ན་ཆུང་སྐབས་གནམ་དགུང་དགོན་པ་འཛིན་སྐྱོང་གི་ཕྱག་རོགས་མཛད་པ་སོགས་དགོན་འདིར་བཀའ་དྲིན་ཆེ། དེ་ནས་གདུང་སྲས་སྐུ་ནར་སོན་ཞིང་གསན་བསམ་སྒོམ་པ་མཐར་སོན་པ་དང་ཡབ་དམ་པའི་ཞལ་ཆེམས་ལྟར་གནམ་དགུང་དགོན་པའི་བསྟན་བདག་ཏུ་མངའ་གསོལ་མཛད་ཅིང་བསྟན་པ་འཛིན་སྐྱོང་མཛད་ཅིང་ད་ལྟ་ཡང་ཉིན་ཆུང་གདུང་སྲས་ཨོ་རྒྱན་རྒྱལ་མཚན་མཆོག་ལ་ཕྱར་གྲུ་མཉམ་འདེགས་མཛད་བཞིན་པ་ཡིན། ས་ལྡང་ཡུལ་དགོན་མི་མང་གིས་རེ་སྐུལ་ལྟར་ད་སྐབས་ཉིན་ཆུང་གདུང་སྲས་ཨོ་རྒྱན་རྒྱལ་མཚན་མཆོག་གིས་གནམ་དགུང་དགོན་པའི་ཁྲི་ཐོག་བླ་རབས་ཀྱི་འགན་བཞེས་ཤིང་གདན་རབས་ན་རིམ་གྱི་ལུགས་བཟང་མ་ཉམས་པར་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་རྒྱབ་གཉེར་ཕྱག་ཡིག་སྦུག་ཐམ་དང་བཅས་པ་གནང་སྟེ་ཉིན་ཆུང་བླ་བྲང་དང་གནམ་དགུང་དགོན་གཉིས་ཀ་འཛིན་སྐྱོང་དང་ཉམས་གསོ་གནང་བཞིན་པ་སོགས་བླ་རྒྱུད་དང་སྤྲུལ་རྒྱུད་གཉིས་ཀྱིས་འཛིན་སྐྱོང་གནང་གིན་ཡོད་དོ།། ལོ་རེ་བཞིན་དཔྱིད་ཀྱི་ཚེས་བཅུ་ཆེན་མོ་དང་། དབྱར་གྱི་སྤྲེལ་ཟླ། སྟོན་གྱི་བ་ཆོག དགུན་གྱི་དགུ་གཏོར། གཞན་ཡང་དབྱར་གྱི་ལྷ་གསོལ་ཆེན་མོ་དང་། དགུན་གྱི་ལྷ་གསོལ་ཆེན་པོ་བཅས་ལ་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས། ཀློང་ཆེན་སྙིང་ཐིག ཚོགས་ལས་རིན་ཆེན་ཕྲེང་བ། སྒྲོལ་ཆོག་མནྜལ་བཞི་ཆོག་སོགས་རིག་འཛིན་གོང་མའི་ཕྱག་བཞེས་མ་ཉམས་པར་རྒྱུན་འཛིན་བཞིན་པ་བཅས་སོ།།
དོལ་པོ་ཉིན་ཆུང་བླ་བྲང་དུ༌བོད༌བརྒྱུད༌གསོ༌རིག༌ལག༌ལེན༌དང༌ཨེམ་ཆིའི༌འཕེལ་རིམ༌སྐོར།
[རྩོམ་སྒྲིག]སྤྱིར་བོད་དང་ཧི་མ་ལ་ཡའི་ཁོངས་སུ་སྔོན་ཆད༌བླ་མ་དང་ཨེམ་ཆི་གཉིས་ཀ་གཅིག༌ལྕོགས༌སུ༌གནང་མཁན་དཔེ༌མཚོན༌ཙམ༌ཞུས༌ན། ཆོས༌རྒྱལ༌དྭགས་པོ་ལྷ་རྗེ་དང༌། རིག༌འཛིན༌འཇའ༌ཚོན༌སྙིང༌པོ། ཟུར༌མཁར༌མཉམ༌ཉིད༌རྡོ༌རྗེ། འབེ༌ལོ༌ཚེ༌དབང༌ཀུན༌ཁྱབ། ཀོང༌སྤྲུལ༌བློ༌གྲོས༌མཐའ༌ཡས། འཇམ༌མགོན༌མི༌ཕམ༌རྣམ༌རྒྱལ༌སོགས༌ཤིན༌ཏུ༌མང༌པོ༌བྱུང༌ཞིང༌། དེ༌བཞིན༌མཐོ༌སྒང༌དོལ་པོའི་ཁུལ༌དུ༌ཡང་གཞན་ཕན་ཁོ་ན་ཐུགས་ལ་བཅངས་པའི་ཨེམ་རྗེ་དང༌བླ༌མ༌ཅིག༌ལྕོགས༌ཡིན༌མཁན༌སྔོན༌ཆད༌མང༌དུ༌བྱུང༌བ༌སྨོས༌མེད༌ཐོག ཁྱད༌པར༌དུས༌རབས༌བརྒྱད༌པའི༌ནང༌ཆོས༌རྒྱལ༌ཁྲི༌སྲོང༌ལྡེའུ༌བཙན༌གྱི༌དབུའི༌བླ༌སྨན༌མཁས༌པ༌དགུའི༌ཡ༌རྒྱལ༌དོལ༌པོའི༌སྨན༌པ༌ཁྱོལ༌མ༌རུ༌རྩེ༌ཉིད༌ས༌གནས༌འདིར༌བྱུང༌ཚུལ༌སྐོར༌ནི༌བོད༌ཀྱི༌ལོ༌རྒྱུས༌སྔ༌ཕྱི༌བར༌གསུམ༌ཐམས༌ཅད༌ན༌རླུང༌ལྟར༌གྲགས༌པས༌འདིར༌ཆེད༌དུ༌གསལ༌བཤད༌ཞུ༌མ༌དགོས། ཁོ༌བོའི༌གོང༌གི༌མི༌རབས༌ཏེ། ཐོས༌ཚོད༌དང༌དྲན༌ཚོད༌ཙམ༌དུ༌ཡང༌། ཕྲེད༌ཕུག༌སྐྱབས༌མགོན༌འཆི༌མེད༌རྒྱལ༌མཚན༌དང༌། རྒྱམ༌མདོ༌སྤྲུལ༌སྐུ༌པདྨ༌མཁྱེན༌བརྩེ༌རྡོ༌རྗེ། ཤེལ༌རི༌ཕུན༌ཁང༌ངམ༌བསུ༌ཞིང༌བླ༌བྲང༌པ༌བླ༌མ༌བསྟན༌འཛིན༌ཡབ༌སྲས༌སོགས༌མང༌དུ༌བྱུང་ཞིང༌། ད་ལྟའང༌དེ༌དག༌གི༌བརྒྱུད༌འཛིན༌དང༌སློབ༌ཚོགས༌མང༌པོ༌སྐུ་འཚོ་ཞིང་བཞུགས༌ནས༌ཆོས༌དང༌སྨན༌དཔྱད༌གཉིས༌ཀའི༌སྒོ༌ནས༌འགྲོ༌དོན༌གནང༌བཞིན༌ཡོད། དེ་རྣམས་ཀྱི་ནང་ནས་ལོ་རྒྱུས་ཅན་གྱི༌བླ༌མ༌དང༌ཨེམ༌ཆི༌གཅིག༌ལྕོགས༌ཡིན༌མཁན༌གྲགས༌ཆེ༌གྲས༌སུ༌གཏོགས༌པ༌དོལ་པོ་ཉིན་ཆུང་བླ་བྲང་གི་སྨན་པའི་བརྒྱུད་ཁུངས༌སམ༌འཕེལ༌རིམ༌ནི། དེ༌ཡང༌ཉིན༌ཆུང༌པ༌གྲུབ༌ཐོབ༌སྤྲུལ༌སྐུ༌ཨོ༌རྒྱན༌བསྟན༌འཛིན༌གང༌ཉིད༌ནི༌དོལ༌ཕྱོགས༌ན༌ཡོངས༌སུ༌གྲགས༌བླ༌སྤྲུལ༌ཆེ༌ཤོས༌གྲས༌ཡིན༌པ༌མ༌ཟད། ཁོང༌ནི༌བོད༌ལུགས༌གསོ༌རིག༌ལ༌མཆོག༌ཏུ༌མཁས༌པའི༌སྨན༌པ༌གྲགས༌ཆེན༌ཞིག༌ཀྱང༌ཡིན།ཁོང༌ནི༌ནད༌པ༌ཉམ༌ཐག༌ལ༌ཐུགས༌བརྩེ༌ཆེ༌ཞིང༌སྨན༌སྦྱིན༌མཛད༌རྒྱུར༌གཏོང༌ཕོད༌ཀྱི༌ཕྱག༌ཧ༌ཅང༌གི༌ཡངས༌པས༌མི༌རྣམས༌ཀྱི༌ངག༌རྒྱུན༌དུ༌ཉིན༌ཆུང༌རིན༌པོ༌ཆེའི༌སྨན༌ནི༌ཉིན༌གྲངས༌མང༌པོ༌འདེང༌བའི༌རྒྱགས༌ཕྱེ༌བཞིན༌དང༌དོ༌མཉམ༌ཚུལ༌གླེང༌བཞིན༌ཡོད༌ཟེར། སྐབས༌དེའི༌མི༌མང༌ཚོས༌ཁོང༌གི༌སྨན༌གྱིས༌མི༌ཕན༌པ༌གཏན༌ནས༌མི༌སྲིད༌ཅེས༌ཡོངས༌སུ༌གྲགས༌པར༌གྱུར། ཁོང༌ལ༌ཐོག༌མར༌བོད༌ལུགས༌གསོ༌རིག༌གསོ༌རིག༌སློབ༌ཁྲིད༌གནང༌མཁན༌ནི༌བླ༌མ༌མགར༌ཆུང༌རྣམ༌རྒྱལ༌ཞེས༌མཐོ༌སྒང༌དོལ༌པོ༌ན༌གསོ༌རིག༌ལ༌མཆོག༌ཏུ༌མཁས༌པར༌ཡོངས༌སུ༌གྲགས༌པ༌དེ༌ཡིན། གཞན༌ཡང༌༸དཔལ༌རྒྱལ༌བའི༌དབང༌པོ༌ཀརྨ༌པ༌མཁའ༌ཁྱབ༌རྡོ༌རྗེའི༌དངོས༌སློབ༌དོལ༌པོ༌ན༌ཡོངས༌སུ༌གྲགས༌པའི༌སྒོམ༌ཆེན༌ཕྲིན༌ལས༌ཆོས༌འཕེལ༌གྱི༌ཡབ༌བསྟི༌གླིང༌དཔེ༌གསར༌བ༌དྲུང༌འཚོ༌པདྨ༌ཆོས༌འཕེལ༌སོགས༌མཁས༌པ༌མང༌པོའི༌མན༌ངག༌དང༌ཡིག༌ཆ༌དག༌ལ༌ཡང༌མྱོང༌འདྲིས༌མཛད༌པའི༌བཤད༌སྲོལ༌འདུག སྨན༌སྦྱོར༌ལག༌ལེན༌དྲུང༌འཚོ༌པདྨ༌ཆོས༌འཕེལ༌གྱིས༌མཛད༌པའི༌སྦྱོར༌དཔེ༌སྡེ༌ཚན༌བཞི༌པ༌ལ༌བརྟེན༌ནས༌མཛད༌ཡོད། བླ༌མ༌མགར༌ཆུང༌ཁོང༌གིས༌སློབ༌ཁྲིད༌གནང༌ས༌ཉིན༌ཆུང༌གྲུབ༌ཐོབ༌ནི༌སྤྱིར༌སྐྱེ༌སྤྲུལ༌གོ༌ས༌མཐོན༌པོ༌ཡིན༌པ༌དང༌། ཁྱད༌པར༌དུ༌བླ༌མ༌མགར༌ཆུང༌ཁོང༌རང༌གི༌བླ༌མའི༌ཡང༌སྲིད༌ཡིན༌པའི༌སྟབས༌ཀྱིས༌དམིགས༌བསལ༌གྱི༌སློབ༌སྟོན༌མཛད༌པས། ཉིན༌ཆུང༌པས༌ཀྱང༌དགེ༌རྒན༌བླ༌མ༌མགར༌ཆུང༌གིས༌སློབ༌སྟོན༌མཛད༌པ༌བཞིན༌གསན༌སྦྱོང༌མཛད༌པས༌སྨན༌གྱི༌ལག༌ལེན༌ལ༌ཤིན༌ཏུ༌མཁས༌པར༌གྱུར། སྦྱོང༌བརྡར༌དང༌ལག༌ལེན༌གྱི༌གཞི༌བཅོལ༌སའི༌སྨན༌གཞུང༌ནི། དཔལ༌ལྡན༌རྒྱུད༌བཞི༌སྨོས༌མེད༌ཐོག འཇམ༌འགོན༌ཀོང༌སྤྲུལ༌གྱི༌ཟིན༌ཏིག༌དང༌ཡང༌ཏིག པདྨ༌གཅེས༌ཕྲེང༌། མན༌ངག༌བྱེ༌བ༌རིང༌སྲེལ༌སོགས༌ཡིན༌པ༌ཁོང༌གི༌ཤུལ༌ན༌ཡོད༌པའི༌དཔེ༌ཆ༌དག༌ལས༌དཔོགས༌ནུས། ཉིན༌ཆུང༌པ༌ཁོང༌གིས༌སྨན༌དཔྱད༌གསན༌སྦྱངས༌དང༌འབྲེལ༌བའི༌འགྲོ༌དོན༌ལ༌སྨན༌པ༌བླ༌མ༌མགར༌ཆུང༌ཡང༌ཐུགས༌ཤིན༌ཏུ༌མཉེས༌ནས༌སྐུ༌མ༌གཤེགས༌ཙམ༌གྱི༌སྔོན༌དུ༌ཁོང༌རང༌གི༌སྨན༌གྱི༌ཡོ༌བྱད༌ཆ༌ཚང༌དང༌། དངུལ༌གྱི༌ཚེ༌བུམ༌སོགས༌མཆོད༌ཆས༌འགངས༌ཆེན༌གྱི༌རིགས༌རྣམས༌ཉིན༌ཆུང༌པ༌ལ༌ཕུལ༌ཞིང༌། སླར༌ཁོང༌རང༌གི༌ཡང༌སྲིད༌ཀྱང༌ཉིན༌ཆུང༌པའི༌སྲས༌སུ༌འཁྲུངས༌རྒྱུ༌ཡིན༌ཚུལ༌དང༌། སྨན༌གྱི༌ཡོ༌བྱད༌རྣམས༌ཀྱང༌ཡང༌སྲིད༌དེའི༌ཕྱག༌ཏུ༌ཕྲོད༌དགོས༌ཚུལ༌གསུངས། ཉིན༌ཆུང༌པས༌ཀྱང༌དེ༌བཞིན༌དུ༌ཞལ༌བཞེས༌མཛད༌པ༌བཞིན། མི༌རིང༌བར༌ཉིན༌ཆུང༌པ༌ཁོང༌ལ་སྲས་གཉིས་ཡོད་ཀྱང་རང༌གི༌ལྕམ༌ལ༌སྲས༌ཕྱི་མ་ཞིག༌འཁྲུངས༌པར༌དེའི་མཚན༌བསྟན༌འཛིན༌ཆོས༌བཟང༌ཞེས༌གསོལ༌ཞིང༌། འབྲེལ༌ཡོད༌བརྒྱུད༌༸རྒྱལ༌དབང༌ཀརྨ༌པ༌ཆེན༌པོར༌སྲས༌ཐ༌ཆུང༌དེ༌ཉིད༌སྨན༌པ༌བླ༌མ༌མགར༌ཆུང༌པའི༌ཡང༌སྲིད༌ཡིན༌མིན༌ཐད༌སྙན༌སེང༌འཕུལ༌བ༌ན། གོང༌ནས༌དེ༌བཞིན༌ཡིན༌པའི༌བཀའ༌ལན༌དང༌འཇགས༌མདུད༌མདུད༌བཅས༌བསྩལ། ལོ༌མང༌མཚམས༌སྒྲུབ༌མཛད༌ཅིང༌མངའ༌གསོལ༌ཞུས༌པ༌བཞིན༌ཡབ༌ཀྱི༌གདན༌ས༌གནམ༌གུང༌དགོན༌པའི༌ཁྲི༌པར༌ཕེབས། ཁོང༌ནི༌དམ༌པ༌གོང༌མའི༌མཐོང༌རྒྱུན༌ཙམ༌ལས༌དམིགས༌བསལ༌གསོ༌རིག༌ལ༌གསན༌བསམ༌དང༌དང༌སྦྱོང༌བརྡར༌དེ༌ཙམ༌མ༌གནང༌བར༌སྤྲོས༌མེད༌ལྷུག༌པ༌ལྟ༌བུར༌བཞུགས༌ན༌ཡང༌། སྔོན༌གོམ༌གྱི༌བག༌ཆགས༌སད༌པ༌ལྟ༌བུས༌སྨན༌དཔྱད༌ལ༌མཁས༌ཞིང༌། ནང༌དོན༌ཆོས༌ཀྱི༌གོ༌སྟོབས༌དང༌བཟོ༌རིག༌ལག༌རྩལ༌སོགས༌ཤེས༌བྱ༌ཆེ༌ཕྲ༌ལ༌ཐུགས༌རིག༌ཤིན༌ཏུ༌ཟབ༌ཅིང༌། འགག༌ལ༌ཐུག༌པའི༌ནད༌པ༌ཛ༌དྲག༌མང༌པོ༌སྨན༌དཔྱད༌ཀྱི༌ལམ༌ནས༌བདེ༌བླག༌ཏུ༌བཅོས༌པ༌སོགས༌ངོ༌མཚར༌གྱི༌མཛད༌པ༌ཅན༌དུ༌བཞུགས༌ཡོད།