User talk:Crdw123

Page contents not supported in other languages.
ཡོང་ཁུངས་Wikipedia

འདི་ནས་ངས་སེམས་གཏམ་རེ་བརྗོད་ན་ཆོག་གམ།[རྩོམ་སྒྲིག]

དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་རྒྱུ་རྐྱེན་དང་ མཐོར་འདེགས་གཏོང་ཐབས་སྐོར་གྱི་ ཐོག་མའི་དཔྱད་པ།

སྒང་བ་པདྨ་ཚེ་རིང་གིས་བརྩམས།

འགྲོ་བ་མིའི་རིགས་ཀྱིས་རང་ཉིད་ཀྱི་ལུས་ལ་འཚོ་རྟེན་དུ་ཟས་རྒྱུན་པར་བསྟེན་དགོས་ཇི་བཞིན་མི་སུ་ཞིག་ཡིན་རུང་རང་གི་གཟུགས་པོ་དང་ཤེས་རིག་ཀུན་སྤྱོད་ཀྱི་ནུས་པ་བླ་ལྷག་གིས་འདོན་སྤེལ་བྱེད་པར་སློབ་གསོ་ལ་ཡང་རྒྱུན་དུ་བསྟེན་དགོས་པ་ཡིན། དེ་བས་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་སློབ་གསོས་སྐྱེད་སྲིང་བྱེད་པའི་འཇོན་མི་ཇི་ལྟར་མང་ན་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྲོད་དུ་རྒྱལ་ཁ་དེ་ལྟར་མང་ལ། དེ་ལས་ལྡོག་ན་རྗེས་ལུས་དང་ཕམ་ཁ་མང་བ་ནི་སློབ་གསོ་རྗེས་ལུས་ཡིན་པའི་རྒྱལ་ཁབ་དག་གི་གནས་ཚུལ་ལ་བལྟས་པ་ཙམ་གྱིས་ངེས་ཤེས་འདྲོངས་ལ། འཇོན་མི་སྐྱེད་སྲིང་བྱ་རྒྱུ་དེ་སློབ་གསོ་ལ་རག་ལས་ཤིང་། སློབ་གསོའི་ནང་ནས་ཀྱང་སློབ་གྲྭའི་སློབ་གསོས་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། སློབ་གྲྭ་ཞིག་གི་སློབ་སྒྲུབ་ཀྱི་གྲུབ་འབྲས་བཟང་ངན་དེ་གཙོ་བོ་དགེ་རྒན་གྱི་དཔུང་སྡེ་སྒྲིག་འཛུགས་ལ་ཐུག་ཡོད་པས། དགེ་རྒན་གྱི་དཔུང་སྡེ་བཟང་བོ་ཞིག་འཛུགས་དགོས་ན། དགེ་རྒན་རེ་རེ་ལ་སེམས་ཁམས་བདེ་ཐང་དང་ཆེད་ལས་རྩལ་ནུས་སོགས་ཀྱི་སྤུས་ཚད་ངེས་ཅན་ཞིག་འཛོམས་དགོས། ཡིན་ན་ཡང་དེང་སྐབས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་ཆེ་བར་དགེ་རྒན་གྱི་བྱ་བར་སྤྲོ་སྣང་མེད་པ་རེད། དེ་ཡང་མཐར་གཏུགས་ནས་བཤད་ན་དགེ་རྒན་གྱི་སྤྤྱི་ཚོགས་གོ་གནས་དམའ་བ་ལས་བྱུང་བ་ཡིན་ཏེ། གནད་དོན་འདིའི་འབྱུང་རྩ་ནི་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་ལྟ་སྟངས་སོགས་ལ་འབྲེལ་བ་ཆེ་ཡང་། འདིར་དགེ་རྒན་རང་སྟེང་ནའང་རྒྱུ་རྐྱེན་གང་མང་ཞིག་ཡོད་པས། ང་ཚོས་མེ་ལོང་རང་སྟེང་ལ་བཀར་ཏེ་རང་ལུས་ལ་བྱི་དོར་བྱེད་པའི་དགོས་པ་ཆེན་པོ་འདུག་པར་སྙམ། གནད་དོན་འདི་ལ་དམིགས་ནས་བདག་གིས་མཁས་པའི་གསུང་སྒྲོས་དང་རིགས་པའི་སྒྲུབ་བྱེད་བཀོད་དེ་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་རྒྱུ་རྐྱེན་དང་དེ་མཐོར་འདེགས་གཏོང་ཐབས་སྐོར་ལ་རང་བློས་ལྕོགས་ཚོད་ཀྱིས་དཔྱད་པར་བྱའོ། དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བ་དེས་སློབ་གྲྭའི་སློབ་གསོའི་སྲོག་ཤིང་དུ་གྱུར་བའི་དགེ་རྒན་མང་བོ་ཞིག་གི་སེམས་ཤུགས་ཉམས་སུ་བཅུག་པས་ནམ་ཡང་ལས་གནས་དེ་ལས་ཐར་འདོད་ཀྱི་བསམ་བློ་སྐྱེ་བཞིན་ཡོད། དེའི་རྒྱུ་རྐྱེན་ལ་དཔྱད་ཞིབ་བགྱིས་ཏེ་དྲིས་ལན་བཙལ་ཐུབ་པ་ཡིན་ན་ཁོ་ཚོའི་སེམས་ཁམས་བདེ་ཐང་ལ་སྨན་པ་དང་། དེ་ལྟར་བྱས་ན་ད་གཟོད་ས་གནས་སློབ་གསོ་ལ་གསོན་ཤུགས་རྒྱས་ཐུབ་ཕྱིར་འདིའི་ཐད་ལ་ཞིབ་འཇུག་བྱ་རྒྱུ་ནི་གལ་འགངས་ཆེ་བའི་བྱ་བ་ཞིག་ཏུ་འཁུམས་ཤིང་། བློ་དམན་བདག་གིས་བལྟས་ན་གཙོ་ཆེ་བ་གཤམ་དུ་བཀོད་པའི་རྒྱུ་རྐྱེན་འདི་དག་ཡིན་པར་སྙམ་པ་དང་། རྒྱུ་རྐྱེན་གཞན་དག་ཀྱང་ཡོད་སྲིད་པས་མཁྱེན་ལྡན་རྣམས་ཀྱིས་དཔྱད་ཞིབ་དང་བགྲོ་གླེང་གང་མང་གནང་བའི་རེ་བ་སྙིང་ནས་ཞུའོ། ། དང་བོ། ནུབ་གླིང་སློབ་གསོ་དང་རང་རྒྱལ་གྱི་སྤྱི་ཚོགས་རྙིང་བའི་བསམ་བློའི་ཤུགས་རྐྱེན། མིའི་རིགས་ཀྱི་སྤྱི་ཚོགས་བྱུང་བ་ནས་བཟུང་སྟེ་སློབ་གསོ་ཡོད་པར་བཤད་ལ། མི་རེ་རེས་ཚད་མི་འདྲ་བའི་སློབ་གསོ་མྱོང་ཡོད། ཅེས་པ་ལྟར་གནའ་དུས་ནས་བཟུང་མི་རྣམས་ཀྱིས་སློབ་གསོ་མྱོང་བཞིན་ཡོད་ནའང་། སློབ་གསོའི་འཕེལ་རྒྱས་མགྱོགས་བུལ་གྱི་དབང་གིས་རྒྱལ་ཁབ་དང་ས་ཁུལ་གྱི་བར་དུ་དབུལ་ཕྱུག་གི་ཁྱད་པར་ཆེས་ཆེར་ལྡན་པའི་གནས་ཚུལ་བྱུང་ཞིང་། གང་དུ་སློབ་གསོ་ཆེས་ཆེར་དར་ན་དེ་རུ་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་བ་དང་། དམངས་ཀྱི་སྤུས་ཚད་མཐོ་བ། མིའི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་ཡིན་ནོ། །དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཐད་ནས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་བལྟས་ན། བོད་ཀྱི་སློབ་གསོ་དེ་གཙོ་བོ་དགོན་སྡེའི་སློབ་གསོ་དང་། བོད་ཀྱི་རིག་གནས་ཞེས་བཤད་སྐབས་ཀྱང་གཙོ་བོ་རིག་གནས་བཅུ་ལ་ངོས་འཛིན་བཞིན་ཡོད་ནའང་། དགོན་སྡེའི་སློབ་གསོའི་ཤན་ཤུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དགེ་རྒན་ལ་ལྟ་ཚུལ་ཧ་ཅང་བཟང་བོ་ཞིག་ཆགས་ཡོད། ལྷག་པར་དུ་དགོན་སྡེའི་སློབ་གསོའི་མ་ལག་གི་ནང་དུ་དགེ་རྒན་གྱི་ལས་ཀ་ནི་ཆེས་ཁྱད་དུ་འཕགས་པ་ཞིག་ཏུ་བརྩི་བཞིན་ཡོད་དེ། ནང་བའི་གཞུང་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཞེས་པའི་མཚན་ཡང་མེད། །བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་པ་ལྟར། ཚེ་འདི་དང་ཕྱི་མའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དགེ་རྒན་ལས་གཞན་མེད་པ་དང་། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་པ་བཞིན། རང་རེའི་མི་རིགས་འདི་ལ་ཁྱོན་ཡོངས་ནས་དགེ་རྒན་གྱི་འཕྲིན་ལས་ནི་རྣམ་དཀར་དང་ཁྱད་འཕགས་ཤིག་ཏུ་བརྩི་བའི་སྲོལ་ཡོད་ནའང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཤན་ཤུགས་ཀྱིས་དེང་སྐབས་བོད་རིགས་ས་ཁུལ་གྱི་ལས་བྱེད་དང་མང་ཚོགས་ཀྱི་ཁྲོད་དུ་འང་དགེ་རྒན་ལ་གདེང་འཇོག་བྱས་པ་ཞན་ནས་ཞན་དུ་འགྲོ་བཞིན་ཡོད། དེ་ཡང་གཙོ་བོ་རང་རྒྱལ་གྱིས་སྔོན་ཆད་སུའུ་ལེན་གྱི་སློབ་གསོའི་བྱེད་ཕྱོགས་མང་བོ་འདྲ་བཤུས་བརྒྱབ་པ་དང་། དེང་སྐབས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གསོའི་མ་ལག་གི་བྱེད་ཐབས་མང་བོ་ཞིག་འདྲ་བཤུས་བརྒྱབ་པའི་ཚུར་ལེན་རིང་ལུགས་ཀྱི་བྱེད་ཐབས་སྤེལ་བས་ཀྱང་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ལ་ཤན་ཤུགས་ཐེབས་པ་རེད་སྙམ། དཔེར་ན། ཚན་རིག་ལག་རྩལ་འཛམ་གླིང་གི་ཡང་རྩེར་སོན་པའི་ཨ་རི་ལྟ་བུར་མཚོན་ནའང་། དགེ་རྒན་ལ་ངལ་རྩོལ་རྩལ་ནུས་འཛོམས་པའི་སྤྱི་དམངས་ཕལ་བ་ཞིག་གི་ངོས་ནས་བལྟ་བ་ལས་དེ་བླ་ན་མེད་པའི་འཕྲིན་ལས་ཤིག་ཏུ་འདོད་ཀྱིན་མེད། རང་རྒྱལ་གྱི་སློབ་གསོའི་བཤུལ་ལམ་རིང་མོའི་ནང་དུ་འང་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བར་གཡོན་གྱི་ལམ་ཕྱོགས་ཀྱིས་དགེ་རྒན་གྱི་དཔུང་སྡེ་ལ་གཏོར་བརླག་ཐེབས་ཏེ་ཆབ་སྲིད་ལས་འགུལ་གྱི་སྐབས་སུ་སྲིད་ཀྱི་ལས་ཀ་གཉེར་མི་ཐུབ་མཁན་མང་བོ་རབ་དང་རིམ་པ་བྱས་ནས་དགེ་རྒན་གྱི་དཔུང་སྡེ་རུ་བཅུག་པས་དགེ་རྒན་གྱི་དཔུང་སྡེ་ནི་འབག་བཙོག་ཅན་གྱི་རྣམ་པར་གྱུར་བ་དང་། ལྷག་པར་དུ། ལོ་བཅུའི་གོད་ཆག་གི་ཁྲོད་དུ་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ལྡབ་འགྱུར་གྱིས་མར་ལྷུང་ཞིང་། ལོ་རབས་དྲུག་ཅུ་བའི་སྨད་ནས་རང་རྒྱལ་གྱི་སློབ་གསོ་རྩ་བའི་ཆ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་སོང་ནའང་དགེ་རྒན་གྱིས་མ་འདང་བའི་དབང་གིས་སློབ་ཆུང་མཐར་ཕྱིན་ནས་སློབ་ཆུང་གི་དགེ་རྒན་བྱེད་པ་དང་། སློབ་འབྲིང་མཐར་ཕྱིན་ནས་སློབ་འབྲིང་གི་དགེ་རྒན་བྱེད་པའི་སྤུས་ཚད་མི་ལོང་བའི་མི་མང་བོ་ཞིག་དགེ་རྒན་གྱི་དཔུང་སྡེ་རུ་སླེབས་པར་བརྟེན། འགོ་ཁྲིད་ཐེ་བའི་མི་ཐམས་ཅད་ཀྱི་སྣང་ངོར་མི་སུ་ཞིག་ཡིན་ཡང་དགེ་རྒན་བྱ་ཐུབ་པའི་བསམ་བློ་སྐྱེས་ལ། མི་སུས་ཀྱང་གཉེར་ཐུབ་པའི་ལས་གནས་ཤིག་ལ་སྤྱི་ཚོགས་ཀྱི་གོ་གནས་མཐོན་པོ་ཞིག་ཡོད་མེད་ང་ཚོས་ཞིབ་ཏུ་འདང་མ་བརྒྱབ་ཀྱང་ཤེས་ཚོད་རེད། དེ་བས་དེང་སྐབས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་རྒྱུ་རྐྱེན་ལས་ཕྱི་རྐྱེན་གཅིག་ནི་སློབ་གསོ་གཞན་ལ་ལད་ཟློས་བྱས་པ་དང་སྤྱི་ཚོགས་རྙིང་བའི་ལྟ་ཚུལ་ལས་ཐོན་པ་ཞིག་ཡིན་པར་སྙམ་མོ། ། གཉིས་པ། དཔལ་འབྱོར་གྱི་འཁོས་ཀ་ཞན་པ། མི་རྣམས་འཇིག་རྟེན་དུ་བྱོན་པ་ནི་ལྟོ་གོས་ཀྱི་ཆེད་ཁོ་ན་མིན་ཡང་། ཚད་ངེས་ཅན་ཞིག་གི་དཔལ་འབྱོར་གྱི་ཆ་རྐྱེན་མེད་ཚེ་བྱ་བ་མང་བོ་ཞིག་སྒྲུབ་དཀའ་བར་ཟད་ཅིང་། རང་ཉིད་ཀྱི་ལྟོ་བ་འགྲངས་པ་ཙམ་ལས་བྱ་བ་གཞན་དག་སྒྲུབ་པའི་ཆ་རྐྱེན་དབེན་པ་ཞིག་ལ་སུ་ཞིག་གིས་ཀྱང་བཀུར་གཟོ་མི་བྱེད་པ་ནང་བཞིན། ལས་གནས་གང་ཞིག་ལ་གླ་ཕོགས་ཇི་ལྟར་མཐོ་ན་དེ་ལ་འདྲེན་ཤུགས་དེ་ལྟར་ཆེ་ཞིང་མི་རྣམས་སྨོན་པ་འཆོར་སའི་གནས་ལགས་པ་དང་། ཡང་གཅིག་བཤད་ན། དཔལ་འབྱོར་གྱི་ཆུ་ཚད་ཇི་ལྟར་མཐོ་ན་ད་གཟོད་སྤྱི་ཚོགས་ཀྱི་གོ་གནས་དེ་ལྟར་མཐོ་བ་ཡིན། ཞེས་པ་བཞིན། རང་རྒྱལ་གྱི་སྤྱི་ཚོགས་སུ་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ཞིབ་འཇུག་པ་ཚོས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་གནད་དོན་གླེང་སྐབས་མང་བོ་ཞིག་གིས་དགེ་རྒན་གྱི་གླ་ཕོགས་དམའ་བ་དེ་གནད་དོན་གཙོ་བོ་ཞིག་ཏུ་འདོད་ཀྱིན་ཡོད། མ་གཞིར་དགེ་རྒན་གྱི་ལས་ཀ་ནི་དཀའ་ཚེགས་ཆེ་ཞིང་དུས་ཚོད་ཀྱང་མང་བོ་གཏོང་དགོས་པ་ཞིག་ཡིན་སྟབས་གླ་ཕོགས་ལས་གཞན་གྱི་ཡོང་འབབ་བཙལ་བའི་ཁོམ་ལོང་མེད་པ་དང་། ལྷག་པར་དུ། དཔལ་འབྱོར་རྗེས་ལུས་ཀྱི་ས་ཆའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དག་གིས་རང་གི་ལས་ཀའི་ཚད་ལས་འདས་པའི་བྱ་བ་མང་བོ་ཞིག་བསྒྲུབས་ཀྱང་དེ་མཐུན་གྱི་ཡོང་སྒོ་ཞིག་འཐོབ་རྒྱུ་མེད་པ་སོགས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་དུ་དགེ་རྒན་དག་ནི་ནམ་ཡང་ཕྱིའི་དངོས་པོའི་ལོངས་སྤྱོད་ཆེས་ཆེར་བདོ་བའི་དེང་རབས་ཀྱི་སྤྱི་ཚོགས་སུ་གཉོམ་ཆུང་གི་ཚོགས་པ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་དེ་དག་གི་དབང་གིས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་མཐོར་འདེགས་ཡོང་དགོས་ན། གཅིག་ནས་རྒྱལ་ཁབ་དང་ས་གནས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དགེ་རྒན་གྱི་གླ་ཕོགས་ཐད་ནས་གཟིགས་གཟོས་རྒྱ་ཆེར་གནང་དགོས་པ་དང་། གཉིས་སུ་ས་གནས་ཀྱི་སློབ་གྲྭས་ཀྱང་ལས་ཚད་ལས་གཞན་གྱི་བྱ་བ་བསྒྲུབས་པ་དག་ལ་དུས་ཚོད་ལྟར་ཡོང་འབབ་བསྣོན་པའི་བྱེད་ཐབས་ལག་ཏུ་བསྟར་ན་སློབ་གྲྭའི་སློབ་གསོའི་བྱ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་མ་ཟད། དགེ་རྒན་གྱི་ཡོང་འབབ་ཀྱང་མཐོ་རུ་གཏོང་ཐུབ་པས། འདི་ལྟར་བྱས་ན་ད་གཟོད་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་མཐོར་འདེགས་ཡོང་བར་ཕན་པ་ངེས་ཅན་ཞིག་ཡོད་པར་སེམས་སོ། ། གསུམ་པ། དགེ་རྒན་གྱི་རིག་གནས་དང་ཀུན་སྤྱོད་ཀྱི་སྤུས་ཚད་ཞན་པ། དེང་གི་དུས་རབས་གསར་བ་ནི་འཇོན་མི་འགྲན་རྩོད་ཀྱི་དུས་རབས་ཤིག་ཡིན་པ་དང་འཇོན་མི་སྐྱེད་སྲིང་བྱེད་སའི་ཁོར་ཡུག་དེ་ཡང་གཙོ་བོ་སློབ་གྲྭ་ཡིན་ཕྱིར། དགེ་རྒན་གྱི་རིག་གནས་ཀྱི་སྤུས་ཚད་དང་ཀུན་སྤྱོད་ཀྱི་སྤུས་ཚད་ཞན་པ་དེ་སློབ་གསོ་འཕེལ་རྒྱས་དང་འཇོན་མི་སྐྱེད་སྲིང་བྱེད་པའི་བཀག་རྡོ་ལྟ་བུར་གྱུར་བ་རེད། མིག་སྔའི་གནས་བབ་ལ་ཡིད་ཚིམ་པ་ནི་རྗེས་ལུས་ཀྱི་སྔ་ལྟས་ཡིན་ལ། མི་ཞིག་གིས་སྔར་ལས་མཐོ་བའི་དམིགས་འབེན་ལ་བརྩོན་སྙེག་མ་བགྱིས་ན་ཁོ་ནམ་ཡང་རང་ཉིད་ལས་འགོངས་མི་ཐུབ་པ་དང་། ནམ་ཡང་གོང་འཕེལ་དུ་འགྲོ་མི་ཐུབ་པར་མ་ཟད། རྗེས་སུ་ལུས་པའི་རྐྱེན་དུ་ཡང་འགྱུར་ངེས། དགེ་རྒན་ལ་ཕྱོགས་ཡོངས་ནས་རང་ཉིད་སྤུས་ཚད་ཇེ་མཐོར་གཏོང་བར་མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་འདུ་ཤེས་དང་ལག་ལེན་མངའ་བ་ཡིན་ན་ཁོ་ཚོའི་ངལ་རྩོལ་རྩལ་ནུས་མཐོར་འདེགས་བྱ་ཐུབ། དེང་སྐབས་སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭ་འདེམས་སྐབས་ཀྱང་གང་དུ་དགེ་རྒན་འཇོན་ཐང་ཅན་མང་ན་དེ་རུ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ལ། དེའི་རྒྱུ་མཚན་ནི་དགེ་རྒན་བཟང་བོ་ཞིག་བསྟེན་ན་སློབ་མ་ལའང་ཕན་ཐོགས་དེ་ཙམ་ཆེ་བ་ནི། མཛའ་བཤེས་ཀྱི་ཚོམ་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབས་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་འཐོབ་འགྱུར་བ། །དེ་ཕྱིར་བདག་བས་གཙོར་གྱུར་བསྟེན་པ་གཅེས། །ཚུལ་ཁྲིམས་ཉེ་བར་ཞི་བ་དང་། །ཤེས་རབ་ཆེས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །ཞེས་པ་དང་། སློབ་གྲྭ་ཇི་ལྟར་དམའ་ན་སློབ་གྲྭ་དེའི་དགེ་རྒན་གྱི་རེ་བ་དེ་ལྟར་མཐོ་དགོས་པ་ཡིན་ལ། ཁྱད་པར་དུ་མིའི་བློ་སྒོ་འབྱེད་པའི་རྨང་གཞིའི་སློབ་གསོ་ནི་མི་རེ་རེའི་མི་ཚེའི་རྒྱལ་ཕམ་ལ་ཐད་ཀར་རག་ལས་ཡོད་པས། འཛིན་གྲྭ་ཇི་ལྟར་དམའ་ན་དགེ་རྒན་གྱི་སྤུས་ཚད་རེ་བ་དེ་ལྟར་མཐོ་དགོས་པ་དང་། ནང་སྒོས་སུ་དགེ་རྒན་གྱི་ཆེད་ལས་རེ་བ་དང་དགེ་གཤིས་རེ་བ། བསམ་བློ་ཀུན་སྤྱོད་ཀྱི་རེ་བ་ཇེ་མཐོར་གཏོང་དགོས་པ་རེད། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་ཆེ་བའི་རིག་གནས་དང་ཀུན་སྤྱོད་ཀྱི་སྤུས་ཚད་དམན་པ་དེས་སློབ་གྲྭའི་སློབ་གསོ་གོང་འཕེལ་དུ་འགྲོ་མ་ཐུབ་པ་དང་། སློབ་གྲྭའི་རྗེས་ལུས་ཀྱི་སྣང་ཚུལ་འདིས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་འབྲས་བུ་བསྐྱེད་པ་རེད་སྙམ། དེས་ན་ཇི་ལྟར་བྱས་ན་དགེ་རྒན་གྱི་རིག་གནས་དང་ཀུན་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཐུབ་ཅེ་ན། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་ནི་སྲོག་ཤིང་དང་། རིག་གནས་ཀྱི་སྤུས་ཚད་ནི་རྨང་རྡོའོ། །ཞེས་པ་ལྟར། དགེ་རྒན་གྱིས་ཐོག་མར་སློབ་གསོ་སེམས་ཁམས་རིག་པས་འདུས་པའི་གཞུང་ལུགས་གང་མང་ལ་སློབ་སྦྱོང་དང་དཔྱད་ཞིབ་བགྱིས་ནས་ལག་ལེན་དང་ཟུང་འབྲེལ་བྱ་ཐུབ་ན་སློབ་གསོའི་བྱ་རིམ་ཁྲོད་དུ་འབྲས་བུ་བཟང་བོ་རེ་ལེན་ཐུབ་པ་དང་དགེ་རྒན་གྱིས་གཙོ་བོ་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་སློབ་མར་རོགས་སྐྱོར་དང་སྐུལ་སྟོན་བྱ་རྒྱུ་གལ་ཆེ་ཞིང་། མི་ཚེའི་གོ་རིམ་ཁྲོད་སློབ་སྦྱོང་ནི་ཡལ་བར་འདོར་མི་ཐུབ་པའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་བ་ཡིན་ན་ད་གཟོད་བསམ་བློའི་གོ་རྟོགས་མཐོ་ཞིང་རིག་གནས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བ། སློབ་གསོའི་ལག་ལེན་ཁྲོད་དུ་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་མཁན་དུ་འགྱུར་ངེས་པ་དང་སློབ་མ་རེ་རེའི་འཇོན་ནུས་སྔོག་འདོན་བྱེད་ཐུབ་པའི་དགེ་རྒན་མཆོག་ཏུ་གྱུར་བ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ། །དུས་མཚུངས་སུ་ཀུན་སྤྱོད་ཀྱི་སྤུས་ཚད་ཀྱང་གཙོ་ཆེ་སྟེ། ཧི་ཨར་པྰ་ཐི་ཡིས། བདག་གིས་སློབ་གསོའི་ནང་དོན་མི་འདུས་པའི་སློབ་ཁྲིད་ཁས་མི་འཆེ། གལ་ཏེ་སློབ་ཁྲིད་ཀྱིས་ཀུན་སྤྱོད་སློབ་གསོ་ཡལ་བར་དོར་བ་དེ་ནི་དམིགས་ཡུལ་དབེན་པའི་བྱེད་ཐབས་ལས་མ་འདས་ཞེས་པ་ལྟར། དགེ་རྒན་གྱི་བྱ་བའི་ཁ་གཏོད་ས་ནི་རེ་བ་དང་གསོན་ཤུགས་ཀྱིས་བརྟས་པའི་མི་ཡིན་ཕྱིར། ཐོག་མཐའ་ཀུན་ཏུ་རང་ཉིད་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་ཐབས་ལ་འབད་དགོས་ཏེ། རང་གཞན་མི་རིགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྤྱོད་བཟང་ཐམས་ཅད་ལ་བསླབ་དགོས་ཤིང་རྒྱུད་ལ་སྦྱར་ཏེ་ཀུན་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། དེ་ལྟར་དགེ་རྒན་གྱི་རིག་གནས་དང་ཀུན་སྤྱོད་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱ་ཐུབ་ན། དགེ་རྒན་ནི་སྐལ་ལྡན་བུང་བའི་ཚོགས་རྣམས་རང་དགར་འདུ་སའི་བཅུད་ལྡན་གྱི་མེ་ཏོག་ཅིག་ཏུ་འགྱུར་ངེས་ལ། དགེ་རྒན་རྣམས་ལ་སྤྱི་ཚོགས་ཀྱི་བརྩི་བཀུར་འཐོབ་པར་འདོད་ན། ཐོག་མར་རང་ཉིད་ཀྱི་བསམ་བློའི་ཀུན་སྤྱོད་དང་ལས་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་དགོས་ཤིང་དེ་ལྟ་ན་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཇེ་མཐོར་འགྲོ་བའི་རྐྱེན་དུ་ཡང་འགྱུར་རོ། ། བཞི་བ། སློབ་གསོའི་གཞུང་ལུགས་དང་བྱེད་ཐབས་ཀྱིས་རྟུལ་བ། ཡུལ་དུས་ཀྱི་དབང་གིས་སློབ་གསོའི་དམིགས་ཡུལ་དང་ནང་དོན། དགེ་རྒན་གྱི་ཕན་ནུས་སོགས་ལ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་ཀྱང་། བོད་ཀྱི་ས་ཁུལ་དུ་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭའི་སློབ་གཙོ། དགེ་རྒན་གྱི་སྡེ་རུ་གནའ་དེང་ཕྱི་ནང་གི་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་དང་། སློབ་གསོའི་ཆོས་ཉིད་དང་མི་རིགས་ཀྱི་སློབ་གསོ་གོང་འཕེལ་གཏོང་ཐབས་སོགས་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་དཀོན་ལ། སློབ་གསོའི་ཐད་ཀྱི་དཔྱད་རྩོམ་འགའ་རེ་ཡོད་ཀྱང་། དེ་དག་ནི་རང་ཉིད་ཀྱི་ལས་ཐོབ་ཁོ་ནའི་ཆེད་དུ་བྲིས་པས་སེམས་ཀྱི་འཁྱེར་སོ་ལུང་རིགས་ཀྱི་རྒྱབ་རྟེན་མེད་པ་ཙམ་དུ་ཟད་པས་ཞིབ་འཇུག་གི་རིན་ཐང་མངོན་ཐུབ་ཀྱི་མེད། མི་རིགས་ཀྱི་སློབ་གསོའི་སྲོག་ཤིང་དུ་གྱུར་བའི་གཞི་རིམ་སློབ་གསོ་གཉེར་མཁན་ཚོས་སློབ་གསོའི་གཞུང་ལུགས་དང་ཆོས་ཉིད་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་མ་འདང་བའི་དབང་གིས། དེ་བྱུང་འབྲེལ་གྱི་དགེ་རྒན་གྱི་སྤུས་ཚད་ཞན་པ་དང་ཁྲིད་ཐབས་དམན་པའི་མཇུག་འབྲས་བྱུང་ཞིང་། མཇུག་འབྲས་དེས་ཀྱང་གཞི་རིམ་སློབ་གསོ་ལ་གསོན་ཤུགས་མེད་ཅིང་འཕེལ་རྒྱས་དལ་བའི་མཇུག་འབྲས་སྐྱོ་བོ་དེ་བསྐྱེད་པས་བོད་ཀྱི་གཞི་རིམ་སློབ་གསོ་ནི་བར་སྣང་གི་ཁང་བཟང་གི་རྗེས་སུ་སོང་བས། སྤྱི་ཚོགས་སྟེང་དགེ་རྒན་གྱི་གོ་གནས་མར་འགྲིབ་པའི་སྣང་ཚུལ་བྱུང་། དེས་ན་ཇི་ལྟར་བྱས་ནས་དགེ་རྒན་གྱི་སློབ་གསོའི་གཞུང་ལུགས་ཀྱི་ཡོན་ཏན་གོང་འཕེལ་དང་སློབ་ཁྲིད་ཀྱི་བྱེད་ཐབས་ལེགས་བཅོས་བྱ་དགོས་ཞེ་ན། ངའི་བསམ་པར་དགེ་རྒན་བཟང་བོ་ཞིག་ཏུ་འགྱུར་དགོས་ན། སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་དང་སློབ་གསོའི་ཆོས་ཉིད་ལ་ངེས་ཤེས་ཅུང་ཙམ་ཡོད་པ། དུས་མཚུངས་སུ་སློབ་གསོའི་ཐད་ཀྱི་རྟོགས་སད་དང་གསར་བསྐྲུན་རང་བཞིན་ཡོད་པ། སློབ་མར་དགའ་བ་དང་རྒྱུས་ལོན་པ། སྣོད་བསྟུན་སློབ་ཁྲིད་བྱེད་ཐུབ་པ་དང་། ཆུང་འབྲིང་སློབ་གྲྭའི་མཐར་ཕྱིན་སློབ་མར་ཚེ་གང་བོར་སློབ་སྦྱོང་བྱེད་པའི་རྨང་གཞི་འཇོག་པའི་ཆེད་དུ་སྔར་ཡོད་ཀྱི་དཔེ་ཆའི་ཤེས་བྱ་ཁོ་ན་བརྒྱུད་སྒྲོག་བྱས་པ་འབའ་ཞིག་གིས་མི་ཆོག་པར། ཆེས་གཙོ་བོ་ནི་སློབ་མར་སློབ་སྦྱོང་བྱེད་ཚུལ་བསྟན་ཏེ་ཁོ་ཚོར་རང་སྦྱོང་གི་ནུས་པ་དང་། སློབ་གྲྭ་ནས་བུད་རྗེས་རང་ཉིད་ཀྱིས་ཤེས་བྱ་གསར་བ་བསྡུ་ལེན་བྱེད་པའི་ནུས་པ་ལྡན་པར་བྱ་དགོས་ཞེས་པ་ལྟར། ད་ལྟ་འཛམ་གླིང་ཡོངས་སུ་ཆ་འཕྲིན་ལག་རྩལ་སོགས་སྔར་བས་འཕེལ་རྒྱས་བྱུང་བར་བརྟེན། འཛམ་གླིང་ཤར་ནུབ་ཀྱི་རིག་གནས་ཐོན་འབྲས་སྣ་ཚོགས་ཕན་ཚུན་ལ་ཁྱབ་སླ་ཞིང་། དཔེ་ཁང་དང་དྲ་ངོས་སོགས་ནས་རང་ལ་གང་མཁོའི་དཔེ་ཆ་སྣ་ཚོགས་བཙལ་དུ་ཡོད་པས་ན། སློབ་གསོའི་སྐོར་གྱི་དཔེ་ཆ་ཡང་དེ་ལས་མ་འདས་པས། དགེ་རྒན་ཚོས་མ་མཐའ་ཡང་རང་ལ་མཁོ་གལ་ཆེ་བའི་སློབ་གསོའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་དཔེ་ཆ་སྣ་ཚོགས་བཙལ་ནས་ལས་ཞོར་དུ་མང་བོ་ཞིག་ལ་བལྟ་རྒྱུ་གལ་ཆེ་བར་མཐོང་། བོད་ཀྱི་གཏམ་དཔེ་ལ་འང་། རྩྭ་མ་ཟོས་ན་ལྕི་བ་གཏོང་རྒྱུ་མེད་ཅེས་པའི་དཔེ་བཞིན། ཇི་ལྟར་གཞུང་ལུགས་ཀྱི་ཐོས་བསམ་ཞན་ན་དེ་ལྟར་བསམ་བློའི་གོ་རྟོགས་ཀྱང་དམའ་བ་རེད། དེ་བྱུང་འབྲེལ་གྱིས་སློབ་གསོའི་ལག་ལེན་ཁྲོད་དུའང་སློབ་གསོའི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་མེད་པ་དང་། གཙོ་ཕལ་གྱི་དབྱེ་བ་མི་ཤེས་པ། བྱེད་ཐབས་གང་ལའང་གསར་གཏོད་དང་རང་གི་ཐུན་མིན་གྱི་སྒེར་གཤིས་མེད་པ་སོགས་ཀྱིས་སློབ་གསོའི་འབྲས་བུ་ལེགས་པོ་ཞིག་འཐོབ་ཐུབ་ཀྱི་མེད། གནད་དོན་འདི་དག་སེལ་དགོས་ན། ཐོག་མར་སློབ་གསོའི་གཞུང་ལུགས་དང་ལག་ལེན་གྱི་ཤེས་བྱ་མང་བོ་བསྡུ་ལེན་བྱས་པ་དང་བསྟུན་ནས་སློབ་ཁྲིད་དངོས་སུ་བཀོལ་ཅི་ཐུབ་བྱས་ན་དགེ་རྒན་གྱི་ལས་སྒྲུབ་ནུས་པ་མཐོར་འདེགས་ཡོང་བ་དང་། དེ་ལྟར་བྱས་ན་མི་རིགས་ཀྱི་སློབ་གསོ་གོང་འཕེལ་དུ་འགྲོ་ཐུབ་པས། དེ་དང་བསྟུན་ནས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཀྱང་ཇེ་མཐོར་འགྲོ་ཐུབ་པར་སྙམ་མོ། ། ལྔ་བ། དགེ་རྒན་གྱི་བསམ་བློའི་སྟེང་གི་སྐྲན་ནད། མི་སུ་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་ལས་ཀར་ཞུགས་ཚེ། རང་ཉིད་ཆེས་དགའ་སའི་ལས་གནས་ཤིག་འདེམས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་མོད། དགེ་རྒན་མང་བོ་ཞིག་ནི་རང་ཉིད་ལས་གནས་དེ་ལ་མི་དགའ་ཡང་བྱ་བ་ཞིག་རེག་པའམ་འཚོ་གནས་ཀྱི་ཆེད་དུ་མི་འདོད་བཞིན་དུ་ལས་གནས་དེ་རུ་ཞུགས་པ་ཡིན་པས་མགོ་བརྩམས་པ་ནས་བཟུང་སྟེ་གནད་དོན་ཞིག་ཡོད་པ་ནི། བྱ་བའི་ཁྲོད་ཀྱི་སྤྲོ་སྣང་བཙལ་མ་ཐུབ་པས་ལས་གནས་དེ་ལ་མི་དགའ་བའི་བསམ་བློ་སྐྱེས་པ་དང་། བསམ་བློ་དེའི་འབྱུང་རྩའང་གཙོ་བོ་དཔལ་འབྱོར་གྱི་འཁོས་ཀ་ཞན་པ་དང་འགན་བབ་ལྕི་བ། རང་ཉིད་ཀྱི་རིག་གནས་དང་ཀུན་སྤྱོད་ཀྱི་སྤུས་ཚད་དམའ་བ། སྤྱི་ཚོགས་ཀྱི་གོ་གནས་དམའ་བ་སོགས་ལས་བྱུང་བར་འདོད། གནད་དོན་འདི་དག་གི་དབང་གིས་དགེ་རྒན་གྱི་བྱ་བ་ནི་ཧ་ཅང་ཐབས་རྡུགས་ཤིག་ཏུ་འདོད་ཀྱིན་ཡོད་པས། ལས་གནས་དེ་རུ་ཉིན་གཅིག་ལ་བསྡད་ན་བདེ་བ་ལས་སྡུག་བསྔལ་ཆེ་བའི་རྐྱེན་གྱིས་ནམ་ཡང་དེ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེ་བཞིན་ཡོད། འདི་ནི་དགེ་རྒན་གྱི་བསམ་བློའི་སྟེང་གི་ཆེས་བཅོས་ཐབས་དཀའ་བའི་སྐྲན་ནད་རིགས་ཤིག་ཡིན་པར་བདག་གིས་འདོད་ཅིང་། དགེ་རྒན་མང་ཆེ་བར་བསམ་བློའི་སྟེང་གི་སྐྲན་ནད་རིགས་འདི་ཡོད་པས། སློབ་གྲྭའི་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་ཐོག སྤྱི་ཚོགས་ཀྱིས་དགེ་རྒན་ལ་གདེང་འཇོག་མཐོན་པོ་མ་བྱས་པའི་དབང་གིས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཀྱང་རང་བཞིན་གྱིས་མར་ལྷུང་བ་རེད། དེས་ན་དགེ་རྒན་གྱི་སེམས་ནད་འདི་བཅོས་པར། ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཆ་ནས་འབད་དགོས་ཏེ། ཕྱི་རྐྱེན་གྱི་ཐད་ནས་ཐོག་མར་རྒྱལ་ཁབ་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དགེ་རྒན་གྱི་ལས་རིགས་ལ་ཁ་གཡང་ཙམ་མ་ཡིན་པར་གདེང་འཇོག་ཚད་མེད་གནང་རྒྱུ་དང་། གཉིས་སུ་དགེ་རྒན་གྱི་འཚོ་གནས་དང་ཐད་ཀར་འབྲེལ་ཞིང་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཟླ་ཕོགས་འཕར་སྣོན་དང་། འགན་ཁུར་ལས་འདས་པའི་ལས་ཀ་ལས་པར་དུས་བཅད་ལྟར་ཡོང་འབབ་སྣོན་དགོས། ནང་རྐྱེན་ནི་དགེ་རྒན་རང་ཉིད་ལ་རང་གི་ལས་གནས་དེའི་དོན་སྙིང་དང་དགོས་པ་སོགས་ཀྱི་ཐད་ནས་ངོས་འཛིན་ཡང་དག་ཅིག་ཡོད་དགོས་པ་དང་། གཉིས་སུ་སྒེར་གྱི་རིག་གནས་དང་ཀུན་སྤྱོད་ཀྱི་སྤུས་ཚད། སློབ་གསོའི་བྱེད་ཐབས་སོགས་ལེགས་བསྒྱུར་གྱི་བྱ་བར་འབད་དགོས་ཏེ། ཀུན་སྤྱོད་སྐྱེད་སྲིང་བྱེད་པ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ཡིན་པས། དགེ་རྒན་ཞིག་ལ་ཀུན་སྤྱོད་ལེགས་པོ་ཞིག་འཛོམས་ན། ད་གཟོད་མིག་དཔེ་སྟོན་ཐུབ་པ་དང་། སློབ་མའི་བསམ་བློ་དང་འདུ་ཤེས་ལ་ཤུགས་རྐྱེན་ལེགས་པོ་ཞིག་ཐེབས་ཏེ་སློབ་གསོའི་དམིགས་ཡུལ་ཡང་ངང་གིས་འགྲུབ་ཐུབ་ཅེས་པ་ལྟར་དང་། ཧི་ཨར་པྰ་ཐི་ཡིས། ཚད་ལྡན་གྱི་དགེ་རྒན་ཞིག་ལ་ཆེད་ལས་ཀྱི་ཤེས་བྱ་འཛོམས་པ་ཡིན་ན་ད་གཟོད་དགེ་རྒན་གྱི་བྱ་བཞག་འགྲུབ་ཐུབ་པ་དང་། སློབ་གསོའི་ཕུགས་བསམ་འགྲུབ་ཐུབ་པར་བདག་གིས་འདོད་དོ་ཞེས་གསུངས་པ་ལྟར། དགེ་རྒན་ལ་ཚད་མཐོའི་འཇོན་ནུས་ལྡན་ཚེ་སྤྱི་ཚོགས་ཀྱི་གོ་གནས་ཇེ་མཐོར་འགྲོ་བའི་རྨང་བསྐྲུན་པ་ཡིན་ནོ། །གསུམ་དུ་དགེ་རྒན་གྱི་བསྒྲུབ་བྱ་སློབ་གསོ་ཡིན་པ་ལྟར། སློབ་གསོའི་ཆོས་ཉིད་དང་མིའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཤེས་པར་སློབ་གསོའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་དཔེ་མང་བཀླགས་ཤིང་ཡུལ་དུས་དང་མཚམས་པའི་སྒོ་ནས་ལག་ལེན་གྱི་ཁྲོད་དུ་བཀོལ་ཐུབ་པ་ཡིན་ན་སློབ་གསོའི་བརྒྱུད་རིམ་དུ་རྒྱལ་ཁ་རབ་དང་རིམ་པ་ལེན་སྲིད་ལ། དེ་ལྟར་བྱས་ན་རང་ཉིད་ཀྱི་བྱ་བའི་དོན་སྙིང་ཤེས་ཐུབ་ཅིང་། རྒྱལ་ཁའི་བྲོ་བའང་མྱོང་ཐུབ་པས་སེམས་སྟེང་གི་སྐྲན་ནད་དེའང་རིམ་གྱིས་བཅོས་ཐུབ་བོ། ། མཇུག་བསྡུ་བའི་གཏམ། སློབ་གསོ་ནི་མི་རིགས་ཤིག་གི་བླ་སྲོག་གི་གཟུང་ཐག་ལྟ་བུ་ཡིན་ཞིང་། དེ་ལ་རྒྱུན་གཏན་རང་བཞིན་དང་ལོ་རྒྱུས་རང་བཞིན་མངའ་བས། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སློབ་གསོ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་འབྱུང་དུ་འཇུག་རྒྱུ་དེ་སློབ་གསོའི་ཆོས་ཉིད་དང་འགལ་ནའང་། དེ་ལ་ཞིབ་འཇུག་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སློབ་གསོའི་ལས་རིགས་སོ་སོའི་ལས་བྱེད་མི་སྣ་དང་སྒོས་སུ་དགེ་རྒན་དག་གི་གཡོལ་མེད་ཀྱི་འགན་འཁྲི་ཞིག་ཡིན། རླབས་ཆེན་གྱི་འགན་འཁྲི་འདི་ཐེག་པར་ཕྱི་ནང་གཉིས་ཆ་ནས་ཆ་རྐྱེན་མང་བོ་ཞིག་འཛོམས་དགོས་ཀྱང་། དེ་དག་མ་འཛོམས་པའི་དབང་གིས་གོང་དུ་བཀོད་པའི་རྒྱུ་རྐྱེན་རྣམས་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་བྱུང་ཞིང་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་མར་ལྷུང་བའི་གནས་ཚུལ་བྱུང་བ་རེད། དེ་བས་སྤྱི་ཚོགས་ཀྱི་ལས་གནས་ལ་བཟློག་མེད་ཀྱི་ཆོས་ཉིད་ཅིག་ཡོད་པ་ནི་ཆེད་ལས་ཅན་ལ་ད་གཟོད་སྤྱི་ཚོགས་ཀྱི་གོ་གནས་ཡོད་པས་སྤྱི་ཚོགས་ཀྱིས་བརྩི་བཀུར་ཐོབ་པ་དང་། ལས་གནས་ཤིག་མི་སུ་ཡིན་ཡང་འཁུར་ཐུབ་པ་ཞིག་ཡིན་ཚེ་དེ་ལ་སྤྱི་ཚོགས་ཀྱི་གོ་གནས་མེད་པས། གལ་ཏེ་དགེ་རྒན་ལ་སྤྱི་ཚོགས་ཀྱི་གོ་གནས་མེད་ན་ལས་གནས་དེ་ལ་སྤྱི་ཚོགས་ཀྱིས་བརྩི་བཀུར་བྱེད་མི་སྲིད་པ་དང་། དེ་ལྟར་སྤྱི་ཚོགས་དེའི་སློབ་གསོའི་ཐོག་ཁང་ཆེན་མོ་དེ་ཡང་རྡིབ་འགྲོ་ལ། སྤྱི་ཚོགས་དེ་ལའང་འཕེལ་རྒྱས་མེད་དོ་ཞེས་པ་བཞིན། དགེ་རྒན་ལ་སྤྱི་ཚོགས་ཀྱི་གོ་གནས་ལེགས་པོ་ཞིག་འཐོབ་དགོས་ན། ཐོག་མར་རང་ཉིད་ཆེད་ལས་ཅན་དུ་འགྱུར་བར་བརྩོན་སྙེག་བགྱིད་དགོས་ལ། དེ་ལྟར་བྱས་ན་ངལ་རྩོལ་རྩལ་ནུས་འཛོམས་ཤིང་སྤྱི་ཚོགས་ལས་རིགས་སུ་གཞན་གྱིས་མཐོང་ཆེན་དང་སྙེག་ཡུལ་དུ་འགྱུར་ངེས་པས། སྤྱི་ཚོགས་གོ་གནས་ཀྱང་ཇེ་མཐོར་འགྲོ་ཐུབ་བོ། ། ཁོ་བོས་བལྟས་ན་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དམའ་བའི་རྒྱུ་རྐྱེན་གཙོ་བོ་གོང་གི་དེ་དག་ཡིན་པར་འདོད་མོད། འདིའི་ཕྱོགས་ལ་མ་རྟོགས་ལོག་རྟོག་གི་ཆ་ངེས་པར་ཡོད་སྲིད་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་སྙིང་ནས་ཞུའོ། ། རྩོམ་འདི་ཡོངས་སུ་རྫོགས་སོ། ། 【ཟིན་འགོད་པའི་གསལ་བཤད། སྒང་བ་པདྨ་ཚེ་རིང་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ་འདི་ཁོ་བོས་འདིར་བཤུ་འབྲི་བྱས་པ་ཡིན་པས། རྩོམ་པ་པོར་དགོངས་འགལ་མེད་པར་ཞུ་བའི་དུས་མཚུངས་སུ་ཀློག་མཁན་རྣམས་ལ་ཞུ་རྒྱུ་ནི། གོང་གི་རྩོམ་ཡིག་འདིའི་མཇུག་ཏུ་མཆན་དང་ལུང་ཁུངས་23ཡོད་པ་ཚང་མ་ངས་འདིར་མ་བཀོད་པས། ཞིབ་ཏུ་གཟིགས་འདོད་མཁན་ཚོས་ཉེ་ཆར་མདོ་ལྷོའི་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དང་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གཉིས་ཀྱིས་པར་དུ་བསྐྲུན་པའི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་ཀྱི་ཞིབ་འཇུག་གླེང་དེབ༼ སྒྲོན་མེ ༽ཞེས་པའི་2011ལོའི་དེབ་ཀྱི་ཤོག་ངོས་55ནས་62བར་གཟིགས་རོགས་གནོང་།】

"https://bo.wikipedia.org/w/index.php?title=User_talk:Crdw123&oldid=107762"ལས་སླར་རྙེད་སོང།