User talk:Banzhiya

Page contents not supported in other languages.
ཡོང་ཁུངས་Wikipedia
གནོན་ཤུགས་ཀྱི་བཙན་འཛུལ།
                   བཻཌཱུརྱ།༼ཀན་ལྷོ༽
            

གོ་ལའི་རླུང་རིམས་དགུ་བརྩེགས་འདི་ཡིས་དགུང་དུ་འཕུར་བའི་གཤོག་པ་བཅད།། འཁྱག་རོམ་བཙན་པོའི་གཡུག་པ་འདི་ཡིས་འོག་ཏུ་འཛུལ་བའི་སྡེར་མོ་བཀོག། བར་སྣང་འཕུར་བའི་རྒོད་པོ་འདི་ཡིས་ང་ཡི་དཔུང་བར་བྱ་རྟུག་གཏོར།། རྩྭ་ལ་བརྟེན་པའི་དུད་འགྲོ་འདི་དག་ང་ལ་བལྟས་ནས་ངོ་མཚང་འདྲི།།

ཕ་རོལ་གནས་པའི་རུ་སྡེ་འདི་རུ་ང་རང་བགྲོད་སའི་ལམ་བུ་དོག། ཚུར་རོལ་བཞུར་བའི་གཙང་པོ་འདི་རུ་ང་རང་རྐྱལ་བའི་འཁྱུག་རྩལ་མེད།། གོང་གི་དཔོན་པོའི་ངོ་སོ་བཀུར་བྱེད་ཤོག་སྒོར་བམ་ཁ་རུམ་ན་སྲབ།། འོག་གི་གཡོག་པོར་ཡར་ཞུ་སྐུལ་བའི་གཡོ་འཕྲུལ་ལས་ལ་ཞེན་པ་ལོག།

སྤྱི་ཚོགས་རྒྱ་རྫོང་ནགས་ཀྱི་གསེབ་ན་ཁེར་འགྲོས་བུ་ཆུང་ཉམ་ཆུང་ཉིད།། ཁྲག་ལ་རྔམ་པའི་མཆེ་བ་རྣོན་པོས་ང་ལ་འཇིགས་སྐུལ་ཡང་ཡང་བྱེད།། སྦྱངས་བརྩོན་ཆུ་བོ་དལ་བབས་རིང་མོ་ཞག་མ་གཅིག་ལ་མེ་ཡིས་སྲེག། རྟེན་འབྱུང་འབྲེལ་བའི་ཡུལ་གྲུ་འདི་ན་ལྐོག་དངུལ་གོམས་པ་ཟ་མ་བཞིན།།

ས་སྒང་རིལ་མོའི་འགུག་ཤུགས་འདི་ཡིས་འཕུར་དུ་མ་བཅུག་ཉྭ་ནས་འཐེན།། དབུགས་ཀྱི་རྒྱུ་བ་ཕྲ་མོ་འདི་ཡིས་རུལ་དུ་མ་བཅུག་དྲོད་ཀྱིས་བཟུང་།། ཕྱི་རོལ་གནས་པའི་ལྕགས་རི་འདི་ཡིས་རྐང་རྗེས་ཟབ་མོ་ར་བར་བཅུག། གླེགས་བམ་མཐུག་པོའི་བྲག་རིའི་རྔམ་གྱིས་རྒས་གཉེར་རི་མོ་ཐོད་ལ་བརྐོས།།

རི་བོ་གནམ་གྱི་ཀ་བ་ཟུང་གིས་ང་རང་བཙིར་ནས་གློད་མྱོང་མེད།། ཡ་ཐོག་བསྐལ་བའི་འགྱུར་རྡོ་དག་གིས་ང་རང་རྨོངས་པའི་བརྡ་ཞིག་བསྟན།། ངོ་མཚར་བྱིས་བློའི་དྲི་གཞི་མང་པོས་བདག་གི་ཀླད་རྒྱ་གཏོར་ལ་ཁད།། ལངས་ཕྱོགས་བརྟན་པོའི་མཁར་རྫོང་མདུན་ན་བདག་ནི་ཧ་ཅང་དཔུང་པ་གཉོམ།།

ཉམ་ཆུང་ཚེ་སྲོག་ཁྲག་ཁྲིག་དུ་མ་སྐད་ཅིག་འཆི་བ་བདག་གིས་མཐོང་།། སྟོབས་ལྡན་དཔུང་གི་སྦྱོར་བ་དྲག་པོ་སྤྲིན་ནག་འཁྲུག་པའི་རྔམ་ལ་འགྲན།། ཨ་ཙི་ད་ནི་ཤིན་ཏུ་ཉམ་ཐག་ང་ཡི་ཀཱ་ལིའི་སྐྲ་ལོ་འཐོར།། སྤྱི་ཚོགས་འདི་ཡི་གནོན་ཤུགས་བཙན་པོས་ང་རང་མཐའ་ནས་མཐའ་རུ་དེད།།

སྒྲིབ་པའི་རིག་པ་སངས་བར་འདོད་ཀྱང་བྱིས་བློའི་སྣང་བ་ཉིད་དུ་འཁུམ།། གསང་བའི་སྒྲོམ་དག་གཏོར་བར་འདོད་ཀྱང་རྣོན་པོའི་མཚོན་ཆ་ང་ལ་མེད།། ཕ་གིའི་རི་མོ་སུབ་པར་འདོད་ཀྱང་དཔུང་བའི་ལྷུ་ཚིགས་འཐོར་ལ་ཁད།། མ་གིའི་སྨྱུ་གུ་འཆིང་བར་བརྩམས་ཀྱང་སེམས་ཀྱི་མེ་ཏོག་རྙིད་ལ་ཁད།།

ལྷན་སྐྱེས་སྨིན་མ་པུར་གྱིས་བྲིས་ཀྱང་བཅོས་མའི་ལས་ལ་སྤྲོ་སྣང་མྱོས།། བཟང་བོའི་ཚད་ཤིང་འཇའ་ལྟར་འཁྱོག་ཀྱང་མཛེས་དང་མི་མཛེས་སུ་ལ་དྲི།། ཡ་མ་ཟུང་གི་སྤྱི་ཚོགས་འདི་ཡིས་སྟེང་ནས་བྲབས་ཤིང་འོག་ནས་འཐམ།། ད་ནི་ཤི་གསོན་བྱེ་མའི་ལ་ནས་རང་ལུས་རྒོད་པོར་མཆོད་ན་སྙམ།།

                                 ༢༠༡༡༼༡༢༼༩ཉིན་ལ་སློབ་ཁང་དུ།


ཚོར་བའི་ལྷ་མོ་དབྱིངས་སུ་འཕུར་བ།

                         བཻཌཱུརྱ།༼ཀན་ལྷོ༽    


ཚོར་བའི་རྒྱ་མཚོ་དྲག་ཏུ་འཕྱུར་ཏེ་འཇིག་རྟེན་གོ་ལ་གཏོར་སྙམ་བྱེད།། འཆར་ཡན་བུ་ག་ཕྲ་མོ་དེ་འང་ཕྱོགས་མེད་ཨ་སྔོན་དབྱིངས་སུ་འཕུར།། ཕྱི་ཡི་གཟུགས་མེད་རླུང་བུ་དེས་ཀྱང་ཁོ་བོའི་བྲང་ཁོག་འབུམ་དུ་སྤྲུལ།། ནང་གི་ཤེས་པ་ཤེལ་ཀྱི་ཀ་བས་འོད་ཀྱི་གོང་བུ་མགྲོན་དུ་བོས།།

གླང་བོ་སྟོང་གིས་ཁུར་བའི་སྨྱུ་གུ་སྐད་ཅིག་འཆིང་འདོད་སོར་མོའི་ཚོགས།། ཆེ་ཆུང་ཕྲ་རགས་ཚོར་བ་སྐྱེན་པོས་སྐད་ཅིག་འཐམས་ཏེ་ཟད་པར་གྱུར།། ཡོད་མེད་ཡིན་མིན་སྣང་བའི་རླབས་གཉེར་བར་མེད་སྤྲིན་གྱི་འདུ་འགོད་འཚུབ།། འཇའ་ཚོན་མེ་ཏོག་སིལ་བུར་འཐོར་ཏེ་ཁོ་བོའི་མཐོང་ལམ་ཁད་ཀྱིས་སྒྲིབ།།

མཚམས་རེར་ཡོད་ཚད་ངོ་མཚར་ཆེ་ཞིང་ལན་རེར་ཡོད་ཚད་གསོན་མདོག་ཤོར།། སྣང་བའི་ཡུལ་ཀྱི་རི་རབ་ཉི་ཟླ་བྱེ་མའི་རླུང་གིས་གཡོ་ཞིང་འཁྱོམས།། རྨི་ལམ་ཡིན་ནམ་སྨྱོས་པ་གང་ཡིན་མཐོང་ལམ་སྒྱུ་མའི་འཕྲུལ་གྱིས་ཡིན།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་ཐ་སྙད་བེམ་རོ་རུལ་ཅིང་མྱགས།།

ཉལ་ན་མ་ཡིན་ལངས་ན་མ་ཡིན་ཚོར་བ་འདི་ཡིས་ཡང་ཡང་འཐམ།། ཕྱི་ཡི་གཟུགས་སམ་ནང་གི་ཤེས་པ་གང་ཡིན་ཀུན་ལ་གཤོག་པ་ཐོགས།། མཁའ་རུ་འཕུར་ཀྱང་ས་རུ་འཛུལ་ཡང་ད་དུང་གང་དུ་འབྲོ་བར་རྩོམ།། ཟླུམ་གཟུགས་གོ་ལ་སྤོ་ལོ་བྱས་ཏེ་དཔག་ཚད་བྱེ་བར་འཕངས་ན་འདོད།།

སྤར་མོ་བགྲད་དམ་ཨམ་ཙིག་བསྡམ་མམ་ཅི་ལྟར་བརྗོད་འདོད་རྦ་རླབས་འཕྱོ།། ལུས་ཀྱི་བ་སྤུའི་བུ་ག་དག་ལས་འོད་ཟེར་ཉག་མའི་རྔུལ་ཆུ་འབྱིན།། ཁྲི་གདུགས་ཀྱིས་ནི་གདུང་བ་མིན་ཀྱང་སེམས་ལ་ཚ་ཟེར་འབུམ་ཕྲག་སྤྲོས།། བུ་ཡུག་གིས་ནི་བྲབས་པ་མིན་ཀྱང་ཡ་ཆུང་གྲང་འདར་ཡང་ཡང་རྒྱག།

འཇམ་རྩུབ་ལྕི་ཡང་ཅི་ལྟར་སྡེབ་ཀྱང་གནམ་སའི་བར་ནི་དཔག་པར་དཀའ།། དེ་བཞིན་དབྱངས་ཅན་ངག་ལས་དབྱུང་ཀྱང་སྐད་ཅིག་འཁྱུག་པའི་རི་མོ་ཙམ།། ཇི་ལྟར་མཚོན་བྱེད་གཟུགས་སུ་བྲིས་ཀྱང་དེ་བཞིན་བརྡ་ཡིས་སྟོང་བར་འགྱུར།། ཡོངས་སུ་མཚུངས་པའི་སྡོང་ལོ་དག་ནི་ནགས་ཀློང་དག་ན་བཙལ་དུ་མེད།།

སྣང་བ་འདི་དག་སྟོང་བ་ཡིན་ནམ་སྟོང་བར་རློམ་ཀྱང་སྣང་བར་གྲུབ།། སྣང་སྟོང་འགལ་མེད་གཟེར་ལ་བཏབ་པའི་ངོ་མཚར་སྒྲོམ་དེ་གང་དུ་ཡོད།། རྟག་པ་ཡིན་ནམ་ཆད་པ་ཡིན་ལགས་སོ་སོའི་མཐའ་དང་བྲལ་བ་ཉིད།། ཕྱོགས་ལྷུང་མཐའ་རུ་ལངས་དགོས་མི་འདུག་རིགས་ལམ་སྒོ་མོ་ཧར་ཀྱིས་འབྱེད།།

ད་ནི་ཚོར་བའི་ལྷ་མོ་འདིས་ཀྱང་གནམ་ཀྱི་ཀ་བ་ཡང་ཡང་བཙལ།། བརྒྱ་བྱིན་ཕོ་བྲང་འཇའ་ལས་གྲུབ་ཀྱང་ངོ་མཚར་བློ་དེ་ཤི་བར་གྱུར།། ཨུ་མ་ཁྲོས་པའི་ཚིག་དག་དོར་ནས་འཆི་མེད་བདུད་རྩིའི་མཛོད་ལ་འཇབ།། སེམས་ཀྱི་གསང་བའི་འཕྲུལ་གྱི་ལྡེ་མིག་གང་དུ་སྦས་པའི་གསང་བ་བརྟོལ།།

འཆར་ཀ་དེ་ནི་འཛུམ་དང་ལྷན་ཅིག་ཚོར་བའི་ལྷ་མོ་ལམ་ལ་བརྟེན།། རི་རབ་དག་གི་རྩེ་ལ་མ་ཡིན་རྒྱ་མཚོ་ཆེན་པོའི་འཇིངས་སུ་མིན།། གྲོང་ཁྱེར་ཆེན་པོ་དག་ཀྱང་མ་ཡིན་རི་གྲོང་བྲག་སྐྱིབས་དག་ཀྱང་མིན།། ཤེས་པ་ཕྲ་མོའི་གཤོག་པ་བཙུགས་ནས་སྟོང་བའི་དབྱིངས་སུ་དལ་གྱིས་འཕུར།།

     ༢༠༡༤༼༣༼༢༥ཉིན་ཏེ་རང་ལོ་ཉེར་གཅིག་པར་མདོ་ལྷོ་ཚང་དུ་བྲིས།


སློབ་ཆེན་པའི་སྤྱི་འགྲོས།

              བེེཌྰུརྱ།༼ཀན་ལྷོ༽ 

ཐོག་མར་སློབ་ཆེན་སྒོ་ཐེམ་བར་ནས་མཚར་སྣང་ངང་གིས་ཉིན་ཞག་བདས།། དེ་རྗེས་རང་དབང་བཟི་ཁ་ཞིག་གིས་རྙི་ལས་ཤོར་བའི་རི་དྭགས་བཞིན།། མཐའ་མར་བྱ་བའི་གནོན་ཤུགས་ཤིག་གིས་སྟེང་ནས་མནན་ཏེ་འོག་ཏུ་བཅུག། འདི་ནི་སློབ་ཆེན་ཕལ་མོ་ཞིག་སྤྱོད་པར་གོམས་པའི་སྤྱི་འགྲོས་ཡིན།།

སློབ་ཆེན་པ་ཡི་མིང་བྱང་ཁུར་བའི་འགན་འཁྲི་ལྕི་མོ་བསམ་བཞིན་དུ།། སྤྱི་ཚོགས་འཚོ་བའི་གྲུ་ཟུར་སོ་སོར་དཔྱོད་ཤེས་མིག་གིས་རྟག་ཏུ་འཚོ།། ཤར་ནུབ་རིག་གཞུང་ཁོག་ཏུ་སྦྲུམ་ཞིང་རྔུལ་ཆུའི་འབྲས་བུ་འོད་དུ་འཚེར།། སློབ་གླིང་རིག་པའི་སྐྱེད་ཚལ་དབུས་ན་འདི་འདྲའི་སློབ་བུ་ཉིན་སྐར་ཙམ།།

བྱིས་པའི་ཕུགས་བསམ་ད་དུང་མ་བོར་བརྩོན་པའི་ཆུ་རྒྱུན་སྔར་ལས་རིང་།། ཚིག་སྦྱོར་སྣ་མང་འཇིམ་པར་བརྫུས་ནས་ངོ་མཚར་སྣང་བརྙན་འབུམ་དུ་སྤྲུལ།། ཐ་སྙད་པ་ཡི་ཧོལ་རྒྱུགས་ལས་དེ་རང་གི་མགུལ་བའི་རྒྱན་དུ་རློམ།། རིག་ལམ་སྒོ་མོ་འབྱེད་པར་གོམས་པ་སློབ་ཆེན་གྲལ་ན་མང་པོ་མེད།།

དྲ་ཁང་ནང་དུ་གནས་མལ་བཅོལ་ཞིང་སྒོར་ཁུག་ནམ་རྒྱུན་སྟོང་བར་ལུས།། དབུགས་ཀྱི་འབྱིན་རྔུབ་དུ་བར་འགྲོགས་ཤིང་ཝུ་ཆང་ཕོར་བ་དགུང་དུ་འཇོག། མཐར་ཕྱིན་དཔང་ཡིག་ལེན་པར་དཀའ་བ་རྒྱ་མཚོའི་ནང་གི་ནོར་བུ་བཞིན།། འདི་འདྲའི་རྣམ་ཐར་ཉུང་བར་འདོད་ན་ཁྱོད་རང་ཧ་ཅང་མགོ་བོ་འཐོམ།།

ཁ་ནས་འཇའ་ཚོན་སྤར་འཛིན་བྱེད་ཅིང་མེ་ལོང་ནང་དུ་གྲོང་ཁྱེར་འཛུགས།། ནམ་རྒྱུན་བཅོས་མའི་ཕྱི་ཚུལ་ཙམ་གྱིས་ཝ་སྐྱེས་རྒྱལ་པོའི་ཆས་སུ་བྱེད།། ཡོན་ཏན་དག་ནི་རྒྱ་མར་བཅལ་ཡང་སྲང་གང་ལོངས་པ་གླིང་ན་མེད།། འདི་འདྲ་དངོས་སུ་མཐོང་བར་མ་ཟད་ཧ་ཅང་འདྲིས་པའི་གྲོགས་ཡང་ཡོད།།

སྤྱི་ཚོགས་འགྲན་རྩོད་སྤྲིན་བཞིན་འཁྲུག་དུས་ཁ་ཅིག་ལྕགས་ཕོར་དོན་དུ་འདུར།། བགྲང་བྱ་བཞི་ཡི་མཚར་སྡུག་དག་ཀྱང་མཱ་ཁི་སི་ཡི་གདོང་ལ་འཐིམ།། སློབ་དེབ་གཅིག་གི་བར་གླགས་དེ་ནས་དུས་ཀྱི་རི་མོ་གདོང་ལ་ཕབས།། འདི་ལྟར་འཚོ་བའི་གྲོགས་མོ་འགའ་ཡང་བདག་གི་ཡིད་ལ་ཝ་ལེར་དྲན།།

ཕྲག་དོག་དབང་གིས་གཞན་ལ་འཕྱ་ཞིང་བྲང་ཁོག་རྒྱ་ཁབ་རྩེ་མོ་ཙམ།། ཁེ་ཕན་ཞིག་གིས་བྲན་དུ་བཅུག་ནས་མཛའ་བརྩེ་ཟེར་བ་བློ་ན་མེད།། སྤྱོད་ངན་དག་ནི་མ་བསླབས་ནའང་ངང་གིས་འབྱར་བའི་འདམ་བག་བཞིན།། འདི་འདྲ་དངོས་སུ་མཐོང་བ་མེད་ཀྱང་འགའ་ཞིག་མཆིས་པ་རྣ་བར་ཐོས།།

ཡོད་ཚད་ཀུན་ལ་འགྲམ་ཆུ་ལྡང་པས་ལྟོ་འདོད་ཆེ་བའི་ཕག་པ་བཞིན།། སྐབས་རེར་མཛེས་མའི་འཛུམ་ལ་ཆགས་ན་ཁྱོད་ནི་རྡོ་བརྐོས་རི་མོ་བཞིན།། གང་ནས་རང་ཉིད་བོར་བ་མི་ཤེས་རང་བཞིན་ཡང་མོ་བ་སྤུ་བཞིན།། སོ་སོའི་བྱ་སྤྱོད་ཐ་དད་ཡིན་ཕྱིར་འདི་འདྲ་དག་ཀྱང་མངོན་སུམ་མཐོང་།།

དོན་མེད་ལས་ཀྱིས་ཉིན་མཚན་བདའ་ཞིང་སློབ་བྱོལ་གྲངས་ཀ་ཀུན་ལས་མང་།། ལོ་ངོ་བཞི་ཡི་མཇུག་སྡོམ་སྐབས་སུ་ཐོབ་པའི་འབྲས་བུ་གཞན་ལས་ཉུང་།། རབ་རིབ་རྐང་རྗེས་ཁྲོམ་ལ་བཀོད་ཅིང་འཆོར་གོས་དག་ལ་སེམས་པ་མཁྲེང་།། འབད་ཀྱིས་སྦྱངས་པའི་ཤེས་བྱ་དག་ཀྱང་བོར་ནས་སྟོང་བ་གཤིས་སུ་གྲུབ།།

རིག་པའི་གནས་ཀྱི་ནོར་ཀྱང་མ་རྙེད་མིག་རྡེབ་གཅིག་གི་ཡུན་ཚད་དུ།། ཐག་ཐག་ཆུ་ཚོད་འཁོར་བ་མ་ཚོར་བཟི་སྨན་རྒྱབ་པའི་ནད་པ་བཞིན།། ལང་ཚོའི་མཚར་སྡུག་སློབ་ཆེན་ནང་ནས་མེ་ཏོག་རྙིད་པོའི་མདངས་སུ་བསྒྱུར།། ད་དུང་མཐར་ཕྱིན་སྤྲོ་ཚོགས་སྟེང་ན་དགོད་སྒྲ་འཆའ་བའི་སློབ་བུ་མང་།།

ད་ནི་སློབ་ཆེན་སློབ་བུ་དག་གིས་བསམ་བློའི་གཏེར་ཁ་འབད་ཀྱིས་སྔོགས། ད་ནི་རིན་ཐང་འོད་དུ་འཚེར་བའི་མི་ཚེའི་རི་མོ་བཀོད་ཅིག་གུ། ད་ནི་སྙིང་ལ་རུས་པ་བསྐྱེད་ནས་ཕུགས་བསམ་གངས་རིའི་རྩེ་རུ་སྙེག། ད་ནི་འདི་ནས་འབྲི་མཚམས་བཞག་ནས་འཆར་ཡན་རྒྱ་མཚོའི་ཀློང་དུ་འགྲོ།



ལྷ་སའི་བདེ་སྐྱིད་ག་རེ་ཕེབས་ཀི་ཡིན།

                བེེཌྰུརྱ།(ཀན་ལྷོ)

དབྱངས་རྟ་སྙན་མོའི་འགྱུར་ཁུག་དེ་ཡིས་གཏིང་གི་རྣམ་ཤེས་མྱོས་པར་བྱེད།། མི་ལོ་སྟོང་གི་འགྱུར་རྡོ་དེ་ཡིས་སྣང་བའི་རི་མོ་མཁའ་ལ་གཏད།། དོ་དགོང་རྒྱུ་བའི་སྒྲོལ་མ་ཁྱེད་ཉིད་ལེགས་བྲིས་པུར་གྱི་རི་མོ་བཞིན།། སྙིང་ལ་ཟུག་པའི་ཚེར་མ་འདི་ཀོ་མི་འཇིག་གཏན་གྱི་བྲག་ལ་བརྐོས།།

ཁྱེད་དང་ཐོག་མར་ཕྲད་པའི་དུས་སུ་བདེ་སྐྱིད་ཅེས་སུ་འབོད་པ་ཙམ།། འོན་ཏེ་འདྲིས་ཤིང་མཛའ་བའི་སྟོབས་ཀྱིས་བརྩེ་བའི་མེ་ཏོག་རྫུས་ཏེ་བཞད།། མཚམས་རེར་ཕ་ཡུལ་དྲན་ཞེས་སྨྲས་པ་ད་དུང་ཡིད་ལ་ཝ་ལེར་དྲན།། ཨ་ཙི་ཅི་ཁག་ཕ་ཡུལ་ཕྱོགས་ཀྱི་ངོ་མཚར་ཕོ་བྲང་དྲན་པར་ངེས།།

སྒྲོལ་མའི་འཛུམ་ཆུང་ཨ་མདོར་འཕྲོས་ཀྱང་སེམས་པ་ལྷ་སའི་ཡུལ་དུ་འཕུར།། གངས་ཀྱི་རི་བོའི་གཟི་དཔལ་ཡིན་ནམ་ནོར་གླིང་ཕོ་བྲང་མཇལ་འདོད་ཡིན།། ཡང་ན་མཐུན་པའི་ལག་རྡང་སྦྲེལ་ཏེ་སྒོར་སྒོར་སྐོར་བྲོ་འཁྲབ་འདོད་ཡིན།། དོན་དམ་རྒྱུ་མཚན་ག་རེ་ཡིན་པ་ཁོ་བོའི་རྣ་བར་ཤུབ་ཤུབ་ཀྱིས།།

ལྷ་སའི་ཕྱོགས་ནས་འདི་རུ་ཕེབས་ཤིང་ལས་ཀྱིས་ལྷན་ཅིག་བགོད་སྒྲ་སྙན།། ཁྱེད་ཀྱི་སྙིང་རུས་ཆེན་པོའི་ཁུག་ན་རེ་བའི་ནམ་མཁའ་དྭངས་ཤིང་གསལ།། ཕ་སྐད་གཙང་མ་རྒྱན་དུ་མཛེས་ཤིང་ཟུར་ལ་གཡུག་པའི་གྲིབ་སོ་མེད།། རྒྱ་ནག་སྤྱི་སྐད་སྨྲ་བར་མཁས་ཤིང་དབྱིན་ཇིའི་སྐད་ལ་བྱང་བ་ཙམ།།

ཁ་སང་ཁྱེད་ཀྱིས་ཕྱི་ཡུལ་འགྲིམས་ཏེ་སློབ་གཉེར་བྱ་འདོད་ཡོད་ཅེས་གསུངས།། འབད་པ་གནམ་གྱི་སྤྱི་ནོར་འདི་ལ་བཙན་པོའི་སྙིང་གི་གོ་ཆ་བསྒོས།། ད་ནི་འདི་ནས་བསམ་གྱིན་བསམ་གྱིན་འདུ་བྲལ་ཆོས་ཉིད་ངང་གིས་དྲན།། ཀྱེ་ཧུད་འཇིག་རྟེན་དཀར་ངོགས་འདི་ནས་སོ་སོར་ཕྲལ་འདི་མིག་ཆུའི་རྒྱུན།།

ངས་ནི་བདེ་སྐྱིད་བདེ་སྐྱིད་ཟེར་བཞིན་མཚན་ལམ་ག་ཙམ་གཉིད་བཤད་རྒྱབ།། ལན་རེར་ལྷ་ས་ལྷ་ས་ཟེར་བཞིན་སྨྱུ་གུ་འཆིང་བ་སུ་ཡིས་བགྲངས།། དྲ་མའི་འགྲམ་གྱི་གྲུ་ཟུར་དེ་ནས་ཡ་གི་མ་གི་ལབ་པ་དྲན།། དེ་རིང་དམིགས་པ་གང་ལ་གཏད་ཀྱང་ཁྱེད་ཀྱི་ཞལ་རས་ཡིད་ལ་འཁོར།།

ཕྱི་ཡི་གཟུགས་བརྙན་གང་དུ་བལྟས་ཀྱང་ཁྱེད་ཀྱི་སྐུ་གཟུགས་ཁོ་ན་ཉིད།། ཨ་ལ་ང་རང་སྨྱོས་པ་ཡིན་ནམ་མིག་གི་རྒྱལ་མོར་སྐྱོན་ཅིག་གདའ།། ལན་རེར་ཁྱེད་ཀྱིས་སྐྲ་ཚུགས་བརྗེས་ཏེ་ཕྱིར་མིག་ཡང་ཡང་བལྟས་པ་དྲན།། ངས་ཀྱང་ཁྱེད་ཉིད་མཐོང་འདོད་དབང་གིས་པྲ་ཆལ་བྱིས་པའི་རྣམ་འགྱུར་སྟོན།

ལ་སེ་ལ་སེ་ཨན་ནེ་ཟེར་བཞིན་གསུངས་སྐད་ཅོ་ཀ་འཇམ་ལ་ནེམ།། ཕ་ཡུལ་ཕྱོགས་ཀྱི་འཕོ་འགྱུར་གླེང་དུས་སྐད་ངག་ཅུང་ཟད་གཉོམ་ལ་ཆུང་།། གཞན་ཕན་འཚེ་མེད་ལྟ་སྤྱོད་ལབ་ན་འཛུམ་ཆུང་ལྷད་མེད་རྒྱན་དུ་མཛེས།། ཡུལ་སྲོལ་གོམས་གཤིས་མ་ཉམས་ཡོད་ཅེས་ཡང་དང་ཡང་དུ་སྨྲ་བར་བྱེད།།

འོ་ཇ་མངར་ཇ་དཀྲུག་ཇ་སོགས་ཀྱང་ཁོ་མོ་སྐོལ་ལ་མཁས་ཞེས་ཟེར།། ཁྱད་པར་གླང་དར་ཆུར་བར་གྲགས་པའི་ཁ་ཟས་ཤིག་ཀྱང་བྱིན་མྱོང་ཡོད།། ལྷ་སའི་དམངས་ཁྲོད་ཡུལ་སྲོལ་དག་ཀྱང་ཁྱེད་ཀྱི་ངག་ལས་རྒྱུས་མེད་མིན།། མཚམས་རེར་དབུས་དང་ཨ་མདོའི་བར་ནས་ཁ་རྩོད་ཏོག་ཙམ་ཤོར་མྱོང་ཡོད།།

རིགས་ཀྱི་ཞེན་པ་གཏིང་ན་འཕྱུར་ཅིང་སྲིད་དོན་སྒྲུབ་ལ་རབ་དུ་མཁས།། ཁྲོམ་ལ་ཆས་དུས་ཀུན་མཐུན་ཡིན་ཏེ་ནང་ལ་འཁོར་དུས་རང་ཕྱོགས་འཛིན།། ལྷ་ས་སྐྱིད་དེ་ཉིང་ཁྲི་དྲོ་ལ་ནགས་ཆུ་ཅུང་ཟད་གྲང་སོགས་སྨྲ།། འདི་དག་ཀུན་ཀྱང་རྒྱུན་ཤེས་ཡིན་ཏེ་ཁྱེད་ཀྱིས་ཁོ་བོར་ངང་གིས་བསླབས།།

འུ་གཉིས་ལས་ཀྱིས་འདི་རུ་འཛོམས་ཤིང་སླར་ཡང་བྲལ་ལ་གདུང་བ་ལྕི།། དེ་མིན་ཕོ་མོའི་བརྩེ་དུང་དམར་པོས་ཟུར་མིག་གློད་པ་ཡེ་ནས་མེད།། ཁྱེད་ཀྱིས་ང་ལ་བག་ཆགས་ཤིག་གིས་གཞན་དག་ངག་སྒྲོས་ཧྲལ་ཧྲུལ་བཟོས།། ཉི་མའི་གྲོགས་ཀྱི་ཡུལ་གྲུ་དེའང་ནམ་ཞིག་སྤྲིན་ལས་གྲོལ་བར་ངེས།།

ཐག་རིང་གྲོང་གི་མེ་ཏོག་ཁྱེད་ཉིད་འཛུམ་དཀར་འདབ་རྒྱ་ལྷུག་ལྷུག་དགོད།། དགུང་ན་འཕུར་བའི་སྤྲིན་པ་ལེབ་མོ་ཕྱོགས་མེད་རླུང་བུས་དབྱིངས་སུ་དེད།། བྱ་དང་བྱེའུ་འདབ་ཆགས་ཀུན་ཀྱང་ལ་ཁའི་ཉི་མས་ཚང་དུ་ཁྱེར།། སྐད་ཅིག་མི་སྡོད་དུས་ཀྱི་ཆུ་བོས་ཁྱེད་ཀྱང་ཉི་འོད་གྲོང་དུ་ཁུར།།

ཀྱེ་ཧུད་ད་ནི་བྲལ་ལ་ཉེ་ཞིང་དུང་བའི་དར་དཀར་རླུང་གིས་བསྐྱོད།། ལྷག་བསམ་ངང་གིས་སློབ་གསོ་བསྐྱོང་ལ་དམ་བཅའི་རི་མོ་སྙིང་ལ་བརྐོས།། མ་འོངས་རེ་བའི་བྱིས་པ་དག་ལ་རིགས་པའི་ལམ་སྟོན་ཧུར་གྱིས་བྱེད།། ལྷ་སའི་བདེ་སྐྱིད་ག་རེ་ཕེབས་ལ་ཁོ་བོའི་བསམ་གཞིག་རི་ལ་བྲོས།།

འདི་ལྟར་ད་ནི་བཙུན་མོ་སི་ཏཱ་མགྲིན་བཅུས་བརྐུས་པའི་ར་མདའ་མིན།། འབྲུག་མོ་དཔའ་རྟུལ་སྲོག་གི་གཤེད་མ་ཧོར་གྱིས་འཕྲོག་པའི་སྐྲ་བདག་མིན།། ཧེ་ལུང་འཛམ་གླིང་མཛེས་མའི་རྒྱན་གཅིག་གྲོ་མོར་སོང་བའི་ཞེ་སྡང་མིན།། འོན་ཏེ་ལས་ཀྱིས་ཨེན་ཙམ་འདྲིས་པའི་མཛའ་བརྩེ་གཡུང་དྲུང་རི་མོ་ཡིན།།

ཇ་ཕོར་འཆིང་ནས་ཧུབ་གང་འཐུང་ཞོར་ཁྱེད་ལ་ཁ་བརྡ་ཕྲན་ཙམ་གློད།། དབུས་ན་མཁས་པ་ཅི་ཙམ་ཡོད་ཅེས་ཀུ་རེ་བྱས་པ་ཨེ་དྲན་གི། སྨྱུ་གུ་ང་ལ་གཡོར་ཞེས་སྨྲས་པ་རྫུན་དུ་སོང་པར་འགྱོད་ལགས་ན།། ཐད་ཀའི་མཐོངས་ཀི་རྒོད་པོ་འདི་ལ་སྨྱུ་གུ་ཆ་ཞིག་སྐུར་དང་ཀྱེ།།

མལ་གྲོ་རྫོང་གི་ཨ་ཅག་བདེ་སྐྱིད་ཁ་པར་སྐུད་ལམ་འཚུབ་ཆ་ཆེ།། བྲེལ་བ་ཚ་བོ་ཞེ་དྲགས་མེད་ན་རྒྱང་རིང་ཡུལ་ན་ཅེར་ནས་ཡོད།། ཁྱེད་ཀྱི་སྒོ་མོ་འཇའ་ལས་གྲུབ་པས་ཇི་ཙམ་ཅར་ན་དེ་ཙམ་འབྲོ།། ནམ་ཞིག་འཇའ་ཡི་སྒོ་མོ་འདིའང་སུ་ཡིས་འབྱེད་ཅེས་ཆིག་ལབ་ཤོར།།

ད་ནི་ཕྱིར་དྲན་མེ་ལོང་ངོས་ན་ཁྱེད་སྐུ་རང་བྱུང་སྔར་ལས་མཛེས།། ཁ་པར་སྐུད་པའི་འཕྲིན་ལམ་དེ་ནས་མེ་འཁོར་ནང་ན་ཡོད་ཅེས་གསུངས།། ཁྲ་ཚོམ་མེ་ཏོག་མགོ་ལྕོག་ལྡེམ་ཞོར་ཁྱེད་ཀྱི་ཞབས་རྗེས་སྙེག་ལ་བྲེལ།། ཨ་མདོའི་བུ་ཆུང་ཅི་བྱ་གཏོལ་མེད་དྲན་གདུང་སྨྱུ་གུའི་རྩེ་ལ་བཏགས།།



       ཚོར་བའི་ལྷ་མོ་དབྱིངས་སུ་འཕུར་བ།

                      བཻཌཱུརྱ།     

ཚོར་བའི་རྒྱ་མཚོ་དྲག་ཏུ་འཕྱུར་ཏེ་འཇིག་རྟེན་གོ་ལ་གཏོར་སྙམ་བྱེད།། འཆར་ཡན་བུ་ག་ཕྲ་མོ་དེ་འང་ཕྱོགས་མེད་ཨ་སྔོན་དབྱིངས་སུ་འཕུར།། ཕྱི་ཡི་གཟུགས་མེད་རླུང་བུ་དེས་ཀྱང་ཁོ་བོའི་བྲང་ཁོག་འབུམ་དུ་སྤྲུལ།། ནང་གི་ཤེས་པ་ཤེལ་ཀྱི་ཀ་བས་འོད་ཀྱི་གོང་བུ་མགྲོན་དུ་བོས།།

གླང་བོ་སྟོང་གིས་ཁུར་བའི་སྨྱུ་གུ་སྐད་ཅིག་འཆིང་འདོད་སོར་མོའི་ཚོགས།། ཆེ་ཆུང་ཕྲ་རགས་ཚོར་བ་སྐྱེན་པོས་སྐད་ཅིག་འཐམས་ཏེ་ཟད་པར་གྱུར།། ཡོད་མེད་ཡིན་མིན་སྣང་བའི་རླབས་གཉེར་བར་མེད་སྤྲིན་གྱི་འདུ་འགོད་འཚུབ།། འཇའ་ཚོན་མེ་ཏོག་སིལ་བུར་འཐོར་ཏེ་ཁོ་བོའི་མཐོང་ལམ་ཁད་ཀྱིས་སྒྲིབ།།

མཚམས་རེར་ཡོད་ཚད་ངོ་མཚར་ཆེ་ཞིང་ལན་རེར་ཡོད་ཚད་གསོན་མདོག་ཤོར།། སྣང་བའི་ཡུལ་ཀྱི་རི་རབ་ཉི་ཟླ་བྱེ་མའི་རླུང་གིས་གཡོ་ཞིང་འཁྱོམས།། རྨི་ལམ་ཡིན་ནམ་སྨྱོས་པ་གང་ཡིན་མཐོང་ལམ་སྒྱུ་མའི་འཕྲུལ་གྱིས་ཡིན།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་ཐ་སྙད་བེམ་རོ་རུལ་ཅིང་མྱགས།།

ཉལ་ན་མ་ཡིན་ལངས་ན་མ་ཡིན་ཚོར་བ་འདི་ཡིས་ཡང་ཡང་འཐམ།། ཕྱི་ཡི་གཟུགས་སམ་ནང་གི་ཤེས་པ་གང་ཡིན་ཀུན་ལ་གཤོག་པ་ཐོགས།། མཁའ་རུ་འཕུར་ཀྱང་ས་རུ་འཛུལ་ཡང་ད་དུང་གང་དུ་འབྲོ་བར་རྩོམ།། ཟླུམ་གཟུགས་གོ་ལ་སྤོ་ལོ་བྱས་ཏེ་དཔག་ཚད་བྱེ་བར་འཕངས་ན་འདོད།།

སྤར་མོ་བགྲད་དམ་ཨམ་ཙིག་བསྡམ་མམ་ཅི་ལྟར་བརྗོད་འདོད་རྦ་རླབས་འཕྱོ།། ལུས་ཀྱི་བ་སྤུའི་བུ་ག་དག་ལས་འོད་ཟེར་ཉག་མའི་རྔུལ་ཆུ་འབྱིན།། ཁྲི་གདུགས་ཀྱིས་ནི་གདུང་བ་མིན་ཀྱང་སེམས་ལ་ཚ་ཟེར་འབུམ་ཕྲག་སྤྲོས།། བུ་ཡུག་གིས་ནི་བྲབས་པ་མིན་ཀྱང་ཡ་ཆུང་གྲང་འདར་ཡང་ཡང་རྒྱག།

འཇམ་རྩུབ་ལྕི་ཡང་ཅི་ལྟར་སྡེབ་ཀྱང་གནམ་སའི་བར་ནི་དཔག་པར་དཀའ།། དེ་བཞིན་དབྱངས་ཅན་ངག་ལས་དབྱུང་ཀྱང་སྐད་ཅིག་འཁྱུག་པའི་རི་མོ་ཙམ།། ཇི་ལྟར་མཚོན་བྱེད་གཟུགས་སུ་བྲིས་ཀྱང་དེ་བཞིན་བརྡ་ཡིས་སྟོང་བར་འགྱུར།། ཡོངས་སུ་མཚུངས་པའི་སྡོང་ལོ་དག་ནི་ནགས་ཀློང་དག་ན་བཙལ་དུ་མེད།།

སྣང་བ་འདི་དག་སྟོང་བ་ཡིན་ནམ་སྟོང་བར་རློམ་ཀྱང་སྣང་བར་གྲུབ།། སྣང་སྟོང་འགལ་མེད་གཟེར་ལ་བཏབ་པའི་ངོ་མཚར་སྒྲོམ་དེ་གང་དུ་ཡོད།། རྟག་པ་ཡིན་ནམ་ཆད་པ་ཡིན་ལགས་སོ་སོའི་མཐའ་དང་བྲལ་བ་ཉིད།། ཕྱོགས་ལྷུང་མཐའ་རུ་ལངས་དགོས་མི་འདུག་རིག་ལམ་སྒོ་མོ་ཧར་ཀྱིས་འབྱེད།།

ད་ནི་ཚོར་བའི་ལྷ་མོ་འདིས་ཀྱང་གནམ་ཀྱི་ཀ་བ་ཡང་ཡང་བཙལ།། བརྒྱ་བྱིན་ཕོ་བྲང་འཇའ་ལས་གྲུབ་ཀྱང་ངོ་མཚར་བློ་དེ་ཤི་བར་གྱུར།། ཨུ་མ་ཁྲོས་པའི་ཚིག་དག་དོར་ནས་འཆི་མེད་བདུད་རྩིའི་མཛོད་ལ་འཇབ།། སེམས་ཀྱི་གསང་བའི་འཕྲུལ་གྱི་ལྡེ་མིག་གང་དུ་སྦས་པའི་གསང་བ་བརྟོལ།།

འཆར་ཀ་དེ་ནི་འཛུམ་དང་ལྷན་ཅིག་ཚོར་བའི་ལྷ་མོ་ལམ་ལ་བརྟེན།། རི་རབ་དག་གི་རྩེ་ལ་མ་ཡིན་རྒྱ་མཚོ་ཆེན་པོའི་འཇིངས་སུ་མིན།། གྲོང་ཁྱེར་ཆེན་པོ་དག་ཀྱང་མ་ཡིན་རི་གྲོང་བྲག་སྐྱིབས་དག་ཀྱང་མིན།། ཤེས་པ་ཕྲ་མོའི་གཤོག་པ་བཙུགས་ནས་སྟོང་བའི་དབྱིངས་སུ་དལ་གྱིས་འཕུར།།

      ༢༠༡༤༼༣༼༢༥ཉིན་ཏེ་རང་ལོ་ཉེར་གཅིག་པར་མདོ་ལྷོ་ཚང་དུ་བྲིས།

སྣང་བ་རབ་རིབ།

    བཻཌཱུརྱ།(མདོ་ལྷོ)

མུན་པ་སྤར་སྙོབ་ཡིད་ལ་འཇུག་འདོད་ཀྱིས།། སྔོན་སྨོན་ཆར་སིམ་ཞེ་ལ་བབས་བསམ་གྱིས།། འཛའ་ཚོན་མེ་ཏོག་རུམ་ནས་མི་གཏོང་གིས།། ང་ཡི་སྣང་བ་བྱེ་མའི་རི་ལ་ཤོར།།

ཁ་ཤོམ་ཡིན་བསམ་མེད་ལ་འཕུར་འདོད་ཀྱིས།། གཤོག་པ་སྤྲིན་དཀར་ལེབ་མོ་ཞོན་བསམ་གྱིས།། འཕྲིན་ཐུང་ལག་པ་གཡུག་གཡུག་མི་གཏོང་གིས།། ང་ཡི་རྣམ་ཤེས་དམྱལ་ཟངས་སྒོ་མོ་ཉུལ།།

རྨི་ལམ་རུམ་ཁ་འཐེན་ནས་གཟིམས་འདོད་ཀྱིས།། སྐར་འོད་འཛུམ་དཀར་ལམ་ལམ་ངོམ་བསམ་གྱིས།། སྙིང་གཏམ་ཐལ་བ་རླུང་ལ་མི་སྐྱོན་གིས།། ང་ཡི་མུ་ཏིག་ཟླ་འོད་ཞོལ་ལ་གཏོར།།

སྒེའུ་ཁུང་བྲང་ལ་གླན་ནས་སྒུག་འདོད་ཀྱིས།། ལུས་སེམས་དར་ལྕོག་འདར་འདར་སྐྱོད་བསམ་གྱིས།། ཨ་ལན་བྲག་ཅ་ཐོས་པས་མི་ཟིན་གིས།། ང་ཡི་འདབ་དྲུག་ཟེགས་མ་སྙིང་ལ་ཟུག།

རི་མོ་ཤར་ཤུར་ཐོད་ལ་དཔྱངས་འདོད་ཀྱིས།། སྐྲ་ལོ་རྒྱ་ལྕང་ལྡེམ་ལྡེམ་འཕྱོ་བསམ་གྱིས།། ཕ་རོལ་དྲ་ཡོལ་གཡོ་ཙམ་མི་བྱེད་ཀིས།། ང་ཡི་མིག་ཆུ་དགུ་ཚིགས་ཕྱོགས་སུ་བཞུར།།

ཆུང་འདྲིས་མཛའ་གཅུགས་ཡིད་ལ་མཆོངས་འདོད་ཀྱིས།། རྨི་ལམ་སྒྱུ་མ་མཁའ་ལ་འཁྲིག་བསམ་གྱིས།། ལང་ཚོ་འཛའ་ཚོན་ཇི་བཞིན་མི་སྣང་གིས།། ང་ཡི་གཡུ་ཆུང་ལག་གདུབ་ཐང་ལ་ལྷུང་།།

ཤོག་བྱ་གནམ་གྲུ་རྐང་རྟེན་འགྱུར་འདོད་ཀྱིས།། གཡང་དཀར་ཞོ་གསར་ཕུང་བོ་སྤུངས་བསམ་གྱིས།། བྲིད་བྱེད་ལང་ཚོ་ངོམས་པས་མི་ཚིམ་གིས།། ང་ཡི་བསམ་གཞིག་རི་མོ་མེ་རུ་སྲེག།

འཇམ་ནེམ་གནས་ལ་མཆུ་སྒྲོས་སྦྱར་འདོད་ཀྱིས།། སྣང་བ་གོར་མོ་ཚད་ལས་འཕགས་བསམ་གྱིས།། གཉུག་གཤིས་གཡུང་དྲུང་གཏོར་བར་མི་བྱེད་ཀིས།། ང་ཡི་དྭངས་གཙང་ཆུ་མོ་བཞུར་རྒྱུན་སྐམ།།

བརྩེ་ཞེན་ཨ་ལོང་བྲག་ལ་བརྐོ་འདོད་ཀྱིས།། སྙིང་ཁམས་ཕོ་བྲང་སྨྱོ་ཆུས་འཁྲུལ་བསམ་གྱིས།། ལུས་སེམས་ཚོར་བ་ཤུགས་ཆེན་མི་གཅོག་གིས།། ང་ཡི་ཕྱིར་མིག་ཕྲ་མོ་ཐང་ལ་ལྷུང་།།

གཏིང་མཐའ་ནམ་མཁའ་གཞལ་ལ་རྔམ་འདོད་ཀྱིས།། ཧོལ་རྒྱུགས་མེ་རི་ནམ་ཞིག་འཕྱུར་བསམ་གྱིས།། དབང་ཤེས་སྒོ་མོ་གསལ་བར་མི་སྣང་གིས།། ང་ཡི་གྲིབ་ནག་བསྐལ་བ་སྟོང་ལ་སྲིང་།།

ཆོས་ཉིད་བདེན་པ་མངོན་སུམ་རྟོགས་འདོད་ཀྱིས།། བག་ཆགས་བ་སྤུ་གར་ལ་རོལ་བསམ་གྱིས།། སྣང་བ་སྒྱུ་མ་ལྷ་མོར་མི་ཆགས་ཀིས།། ང་ཡི་གོམ་པ་ཆུང་ཆུང་རི་ལ་འཇོག།

                            ༢༠༡༥༼༥༼༡༧ཉིན།
 ཁྱེད་ནི་ཁོ་བོའི་ཁེར་ཧྲེང་གཏོར་བྱེད་ཀྱི་ཟུར་མིག་ཡིན་ན
                                      བཻཌཱུརྱ།༼ཀན་ལྷོ༽

ཐ་སྙད་ཀྱི་སྐུད་པས་འཁེལ་མ་ནུས་ཀྱང སྐྱེངས་མདོག་གིས་སོ་སོར་གྱེས ལྷིང་འཇགས་ཀྱི་ངོགས་ནས་གྱེས་ཕྱག་དེའང་ངོ་ཚས་སད ཡིན་ནའང་ཁྱེད་ཀྱིས་རྟོགས་མི་སྲིད་དེ སྒྲོམ་དེའི་ནང་ལ་ཁྱེད་ཀྱི་སྐྲའི་ཉག་མ་གཅིག་བཅུག་ཡོད སྐྲའི་ཉག་མ་དེའང་ཁ་རོག་གེར་རྐུས་ཡོང་བ་ཞིག་ཡིན

ཁྱེད་ཀྱིས་སྐར་ཆ་རེ་རེའང་བརྩོན་པས་འདེགས་ཀྱིན དཔེ་ཆ་ཀློག་བཞིན་ནམ་འཛུམ་ཆུང་ངོམས་བཞིན་ཡོད འཆར་ཡན་གྱི་ཀློང་ནས་རེ་རེ་བཞིན་མོག་མོག་ཏུ་སྣང ངའི་སྙིང་གི་ལྡིང་ཚད་འདིའང སུས་ཀྱང་རྟོགས་མི་སྲིད་པའི་གྲངས་ཀ་ཞིག་ཏུ་གྱུར་ཡོད གྲངས་ཀ་འདི་དག་ནི་སྒྲོམ་དེའི་གསང་གྲངས་ཡིན

སུན་སྣང་དང་གནོན་ཤུགས་ཞེས་སྤར་འཛིན་བྱེད་མི་ནུས་ཀྱང ཁེར་ཧྲེང་ལ་གོམས་པའི་ཁོ་བོའི་འཇིག་རྟེན་འདིར འདུ་འཛི་དང་འུར་ཟིང་ཁ་བ་བཞིན་བབས་ཤིང་བཀླུབས ཡིན་ནའང་དྭངས་གཙང་གི་ཞིང་ཁམས་འབའ་ཞིག་ཡིན ད་དུང་གསང་གྲངས་མ་ཡིན་པའི་ཨང་གྲངས་གཞན་དེ་དག་ཀྱང ཁྱེད་ཀྱི་དྲ་ཡོལ་ཏུ་འགྱུར་བར་སེམས་ཁྲལ་ཤིན་ཏུ་ལྕི

ཁོ་བོ་ཁྱེད་ཀྱིས་དང་ལེན་བྱ་བར་སྟོང་འདང་རྒྱབ་ཡོད་ནའང ནམ་ཞིག་ཡོད་ཚད་སྐྱ་ཐིང་ངེར་འགྱུར་དོགས་ཀྱིས སེམས་པ་འདིའང་ཁ་རོག་གེར་གས་སྣང་ཤར ཡང་ན་གདམ་ང་འདི་སྙིགས་སྒམ་དུ་འཕེན་དགོས གློ་བུར་དུ་ང་རང་སྟག་རྒོད་ལྟར་ཐད་ཀྱིས་མཆོངས་བར་རེ་སྨོན་བགྱི ལྐོག་ལྟ་དང་ཆིག་ལབ་འདི་དག་ནི་ཅི་འདྲའི་བགོད་བྲོ་ཨང

ངའི་སྣང་ངོར་ཁྱེད་ནི་ཟད་མི་ཤེས་པའི་སྟོབས་ཤུགས་ཤིག་རེད ཁྱེད་དྲན་པ་ཙམ་གྱིས་ངའི་འཇིག་རྟེན་གྱི་ཕྱེད་ཀ་ཡོམ་ཡོམ་སྐྱོམ འཇིགས་སྣང་དང་དགའ་སྤྲོ་ཟུང་གིས་གློག་འཁྱུག་པ་ཇི་བཞིན ཅི་ཡང་སྨྲ་མི་ཤེས་པར་གྱུར་ཅིང་གང་ལ་བསམ་དགོས་པའང་བོར ཡིན་པ་ནི་ཁེར་ཧྲེང་གི་འཇིག་རྟེན་མེ་ལ་སྲེག་པའི་བསུང་ཞིམ་དེ སྒྲོམ་ལ་བཅུག་པའི་མེ་ཏོག་རྐང་དེའི་དྲི་བསུང་ཡིན

ཁྱེད་ཀྱིས་ཀྱང་རྟོགས་མི་སྲིད་པའི་ཁོ་བོའི་ཟུར་མིག་འདི ཆུ་ཕྲན་བཞིན་ཁྱེད་ཀྱི་ཡ་ཆུང་བརྒྱུད་ནས ཁྱེད་ཀྱིས་ཀྱང་མཐོང་མི་སྲིད་པའི་ས་བོན་ཕྲ་ཕྲ་འདི མེ་ཏོག་བཞིན་ཁྱེད་ཀྱི་པང་བར་འབུས་ན སྐེད་པར་བཏགས་པའི་ལྡེ་མིག་འདིའང་སིལ་སྒྲ་དང་བཅས་ཏེ ཁྱེད་ཀྱི་ལག་པར་གཏད་ཆོག

དོ་ནུབ་ངས་སྔར་བཞིན་ཟླ་འོད་རུམ་ནས སྐར་མདའ་ཡོད་ཚད་ཁྱེད་ཕྱོགས་སུ་བཞུར་བར་བསམ ཡིན་ནའང་ངའི་བྲང་ཁོག་ཐད་ཀྱིས་གས་ཤིང ཁྲག་ཐིགས་རེ་རེ་བཞིན་ས་ལ་བསགས་པས མེ་ལྕེ་སྦས་པའི་ཕུང་བོ་ཇི་བཞིན སྐད་ཅིག་དེ་ཉིད་ལ་བཞུར་ཅིང་འཕྱོ

                         ༢༠༡༥༼༡༼༡༥ཉིན་འཁྱགས་སྒམ་དུ།


               ཁོ་མོ་གང་ན་ཡོད
                            བཻཌཱུརྱ།༼ཀན་ལྷོ༽

སྐར་མདའ་ཞིག་དགུ་ཚིགས་ཀྱི་མཐའ་རུ་ཡལ་རྗེས རབ་རིབ་ཏུ་གྱུར་བའི་ཕྱོགས་དེ་ནི ཁྱེད་ཀྱི་མིག་མདའ་རུ་མཐོང ཁྱེད་རང་ང་ལས་སྐྱེས་འཕྱི་བས ངས་ཤོག་དཀར་ཀྱི་ངོས་ན་ཁྱེད་ལ་སྒུག་ཡོད

ངའི་སྒྲོམ་བུ་དེ་ཁྱེད་ཀྱིས་ཀྱང་རྟོགས་མི་སྲིད་དེ སྒྲོམ་བུ་གཉེར་མཁན་གྱི་བདག་པོའང་མོག་མོག་ཏུ་ཡོད སྐར་ཆ་རེ་རེ་བཞིན་ཁྲ་ཡིས་བཟུང་རྗེས རླུང་ལ་ཞོན་པའི་སྒྲོ་སྤུ་རེ་རེ་བཞིན་ཁོ་བོའི་མཐོངས་སུ་འཕུར ཡིན་ནའང ངས་རླུང་འགྲོས་སུ་གོམ་པ་འཇོག་མི་སྲིད

མེ་ཏོག་གི་ཆར་བ་ལྟར་འཐོར་བའི་སྐར་མདའ་མཁའ་རུ་ཟུག་པས གཟེར་ལ་བཏབ་པའི་སྒྲོམ་ཟྭ་དེའང སྒྲོ་སྤུ་གཏོར་བ་ཇི་བཞིན་འཐོར་བར་གཟབ་གཟབ་ཀྱིས ཟླ་འོད་ཀྱི་གཤོག་པར་གཉེར་མའི་རི་མོ་ཤར་ཤུར་དུ་བཀོད ཡིན་ནའང དེ་དག་ནི་སྒྲོམ་ལ་བཅུག་པའི་རྨི་ལམ་ཁོ་ན་ཉིད

ཁྱེད་རང་རབ་རིབ་ཀྱི་ཁྲོད་ནས་བོར་སོང་པ་དེ་ཡིན་ཀྱང་ཆོག སྐར་མདའ་ལྟར་རྒྱ་མཚོའི་ཕ་རོལ་དུ་སྲིད་ཀྱང་འོས སྒྲོམ་དུ་སྦས་པའི་མིག་མདའ་དེ་དག་ནི ཁྲག་ལ་འཛུལ་བའི་རྒྱུ་བ་གཞན་ཞིག་ཡིན ཡིན་ནའང ཡོད་ཚད་ནི་རྨི་ལམ་དུ་དུས་ཆད་བཏབ་པ་ཇི་བཞིན

                                      ༢༠༡༥༼༡༼༢ཉིན་ལ།


   ཨིན་ཡིག་གིས་ང་གཉིད་དུ་མ་བཅུག
                                  བཻཌཱུརྱ།

སེམས་ཚེགས་ཀྱི་ཁ་བས་གདོང་ལ་ཡང་ཡང་བྲབས་ཀྱང ཁ་བ་སྲེག་བྱེད་ཀྱི་མེ་རི་དེའང་མིག་ཀོང་ནས་གྱེན་དུ་འཕྱུར

ཞོགས་པ་འདིའམ་ཡང་ན་མཚན་མོ་འདིར མཆོད་མེ་ག་ཙམ་ཞིག་མེ་ལ་སྒྲོན་ཡོད ཡིན་ནའང་ཨིན་ཡིག་ང་ཡི་རྣ་ཅོག་ལ་ཞོན་ཏེ་ལྕག་གིས་རྡུང སྒོ་ཁྱིས་ཀྱང་ལྕགས་ཐག་ཤ་ལེར་རིི་སྒང་དུ་འཐེན བྱ་བྱེའུ་དག་ཀྱང་གཤོག་འགྱུར་གྱིས་གང་ཞིག་ལ་འཕུར་གྲབས་བྱེད རླུང་བུ་ཞིག་མཆོངས་ཡོང་བ་དེའང་རིམས་ཀྱིས་མི་སྣང་བར་གྱུར དུས་འདིར་བར་དོའི་སྒོ་མོ་ལའང་ཨིན་ཡིག་རྒྱབ་ཡོད་པར་ཐེ་ཚོམ་མེད ལྷ་ཆེན་པོས་ཀྱང་ཨིན་ཡིག་གི་སྨོན་ཚིག་བརྗོད་བཞིན ཨིན་ཡིག་ནི་རུམ་ཁ་འཐེན་བྱེད་ཀྱི་སྦྲུལ་གྱི་རྔ་མ་ཞིག་ལ་བྱིན་གྱིས་རླབས རྨི་ལམ་ལ་རོལ་མ་ཐག་འཇིག་རྟེན་དུ་སྦྲུལ་མང་པོ་ནུར་ཡོང ང་རང་འཇིགས་དངངས་གིས་ཕོ་བྲང་གི་ཕྱོགས་སུ་རྒྱུགས ང་ལ་ཆུང་མ་ཞིག་སྩོལ་རོགས་ཞེས་སྐད་ཆེན་པོ་རྒྱབ་ཀྱང ཕ་རོལ་གྱི་མི་དེས་ཨིན་ཡིག་གི་ལམ་ནས་གླུ་དབྱངས་བླངས ཕྱིར་སད་དུས་ང་ཡི་སྙེ་འབོལ་ཀྱང ཨིན་ཡིག་གིས་ཁུར་ནས་གར་སོང་ཆ་མེད་དུ་གྱུར ང་རང་སའི་གོ་ལའི་ལྷོ་སྣེའམ་ཧི་མ་ལའི་རྩེ་ལ་བཏགས་པའི་དར་ལྕེ་ལྟར འདར་སིག་སིག་གིས་སྐད་ཆ་དང་སྐར་ཚོགས་ཡོད་ཚད རྨས་ཟིན་པའི་གཤེད་མ་དང་གོང་མའི་རྐང་བར་བཏགས དེ་དག་ནི་ཨིན་ཡིག་གིས་བརྒྱུས་པའི་ལྕགས་ཐག་འདོམ་པ་བཅོ་བརྒྱད

ཨིན་ཡིག་ང་ལ་ཅི་ཡང་མི་དགོས ཨིན་ཡིག་ང་ཅི་ཡང་མིན དབྱངས་རྟ་དེ་དག་ཀྱང་སྐྱ་དམག་གི་རྨིག་སྒྲ་ཇི་བཞིན ཕ་རོལ་ནས་ང་ཡི་ཕྱོགས་སུ་མདའ་རྒྱང་གིས་སླེབས་ཡོང ཨིན་ཡིག་གིས་ང་གཉིད་དུ་མ་བཅུག

                                          ༢༠༡༥༼༤༼༩ཉིན།
                  ༼བློ་འབྱེད་འཛིན་གྲྭའི་རང་མོས་བགྲོ་གླེང་ནས་ཕྱིར་ལོག་རྗེས་ཀྱི་མཚན་མོའི་ཆུ་ཚོད་གཅིག་པར༽



              ཀླད་རྩ་གས་པ།
                                     བཻཌཱུརྱ།

ངའི་ཕ་རོལ་གྱི་ཁོ་མོ ཀླད་པའི་ཕྲ་ཕུང་ལས་འབར་ཏེ རང་ཉིད་དང་བཅས་པ་དུམ་བུར་དུམ་བུར་འཐོར འཐོར་སོང་བའི་ཐལ་རྡུལ་དེ་དག་ཀྱང་ང་ཡི་མིག་ལ་འཚང མི་ཁ་དང་གཏམ་ཡན་སྦྲང་ཚང་གཏོར་བ་ཇི་བཞིན

རྨི་ལམ་ལས་ངས་རང་ཉིད་མེ་ལོང་ལ་འཁྲུལ་ནས ཟློས་གར་གང་མང་འཁྲབ ཐོས་ཡོང་བ་ནི་སྒྲོམ་ལ་བཅུག་པའི་འཁུན་སྒྲ་ཁོ་ནའོ གལ་ཏེ་ལས་དབང་ནི་ཀླད་རྩ་རྒྱུས་པའི་ཞགས་པ་ཞིག་ཡིན་ན སྐར་ཆ་དང་མཉམ་དུ་འབར་མདེལ་གྱིས་གཏོར་ཞིག

ངའི་ཀླད་རྩའི་སྦུབས་སུ་ཁྱེད་ཀྱིས་ཅི་ཞིག་སྦས་ཡོད ངས་རྨི་ལམ་ཡང་ཡང་བཏང་ནའང སྙིང་ཁམས་ཀྱི་འཕར་སྒྲས་རྣ་བའང་འོན་ལ་ཉེ སྒྲ་འདི་དག་ནི་ཁྱེད་ཀྱིས་སྦས་པའི་འབར་མདེལ་དེ ཁོ་བོའི་ཀླད་རྩ་མ་གས་པའི་སྐད་ཅིག་སྔོན་མའོ

                              ༢༠༡༥༼༣༼༡༥ཉིན་གྱི་དྲན་ཐོ། 
       


             ག་ལེར་འཚོལ་ཆོག
                               བཻཌཱུརྱ།༼ཀན་ལྷོ༽

མིག་གི་ཁྲ་རིས་དེའང ཕྱི་ནང་གཡོག་བྱེད་ཀྱི་ལྷན་པ་དཀར་ནག ཆགས་ཉམས་སམ་སུན་སྣང་གིས་ཡིན་ནམ ཤེལ་སྒོ་སིལ་བུར་འཐོར་བས་ཡིན ཡང་ན ཁྲག་ཐིགས་རེ་རེ་བཞིན་གདན་ལ་འཛུལ་བས་ཡིན

འཕྲུལ་གྱི་འཇའ་ཚོན་དེའང གནམ་ས་འབྱེད་བྱེད་ཀྱི་རྨི་ལམ་རབ་རིབ གོར་གོར་རམ་ཟླུམ་ཟླུམ་གྱིས་ཡིན་ནམ མུ་ཏིག་གཏོར་ཤུལ་དུ་འོད་ཞགས་བཏབ་པས་ཡིན ཡང་ན རྨི་ལམ་གྱི་མིག་ཆུ་མཚོ་ལ་ལྷུང་པས་ཡིན

འཕྲུལ་གྱི་སྒོ་མོ་དེའང སྦྲུམ་མའི་འཕྲུམ་རུས་ཕྱེ་བའི་དབུགས་ཀྱི་འབྱིན་རྔུབ ལྷོད་དྲགས་པས་སམ་དམ་དྲགས་པ་ཡིན་ནམ མིག་གི་ཁྲ་རིས་གཡོ་བའི་སྒྲོ་སྤུ་ཡིན ཡང་ན གཡང་ལ་ལྕེབས་པའི་བྱིས་པ་ཞིག་གི་བེམ་རོ་ཡིན

                                    ༢༠༡༤༼༡༢༼༢༨ཉིན།



               ཁོ་མོ་གང་ན་ཡོད
                            བཻཌཱུརྱ།༼ཀན་ལྷོ༽

སྐར་མདའ་ཞིག་དགུ་ཚིགས་ཀྱི་མཐའ་རུ་ཡལ་རྗེས རབ་རིབ་ཏུ་གྱུར་བའི་ཕྱོགས་དེ་ནི ཁྱེད་ཀྱི་མིག་མདའ་རུ་མཐོང ཁྱེད་རང་ང་ལས་སྐྱེས་འཕྱི་བས ངས་ཤོག་དཀར་ཀྱི་ངོས་ན་ཁྱེད་ལ་སྒུག་ཡོད

ངའི་སྒྲོམ་བུ་དེ་ཁྱེད་ཀྱིས་ཀྱང་རྟོགས་མི་སྲིད་དེ སྒྲོམ་བུ་གཉེར་མཁན་གྱི་བདག་པོའང་མོག་མོག་ཏུ་ཡོད སྐར་ཆ་རེ་རེ་བཞིན་ཁྲ་ཡིས་བཟུང་རྗེས རླུང་ལ་ཞོན་པའི་སྒྲོ་སྤུ་རེ་རེ་བཞིན་ཁོ་བོའི་མཐོངས་སུ་འཕུར ཡིན་ནའང ངས་རླུང་འགྲོས་སུ་གོམ་པ་འཇོག་མི་སྲིད

མེ་ཏོག་གི་ཆར་བ་ལྟར་འཐོར་བའི་སྐར་མདའ་མཁའ་རུ་ཟུག་པས གཟེར་ལ་བཏབ་པའི་སྒྲོམ་ཟྭ་དེའང སྒྲོ་སྤུ་གཏོར་བ་ཇི་བཞིན་འཐོར་བར་གཟབ་གཟབ་ཀྱིས ཟླ་འོད་ཀྱི་གཤོག་པར་གཉེར་མའི་རི་མོ་ཤར་ཤུར་དུ་བཀོད ཡིན་ནའང དེ་དག་ནི་སྒྲོམ་ལ་བཅུག་པའི་རྨི་ལམ་ཁོ་ན་ཉིད

ཁྱེད་རང་རབ་རིབ་ཀྱི་ཁྲོད་ནས་བོར་སོང་པ་དེ་ཡིན་ཀྱང་ཆོག སྐར་མདའ་ལྟར་རྒྱ་མཚོའི་ཕ་རོལ་དུ་སྲིད་ཀྱང་འོས སྒྲོམ་དུ་སྦས་པའི་མིག་མདའ་དེ་དག་ནི ཁྲག་ལ་འཛུལ་བའི་རྒྱུ་བ་གཞན་ཞིག་ཡིན ཡིན་ནའང ཡོད་ཚད་ནི་རྨི་ལམ་དུ་དུས་ཆད་བཏབ་པ་ཇི་བཞིན

                                      ༢༠༡༥༼༡༼༢ཉིན་ལ།
          ཁྱེད་ཀྱིས་ང་རང་དང་ལེན་བྱས་ན
                                          བཻཌཱུརྱ།


ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ང་དང་འགྲོགས་ནས་ངའི་ཁྱི་གུ་ལ་བལྟས་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ང་དང་ལྷན་དུ་ངའི་ཁྱི་གུ་ལ་བྱིལ་བྱིལ་བྱས་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ང་དང་འདྲ་བར་ངའི་ཁྱི་གུ་ལ་འོ་ཡང་བྱས་ཆོག


ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ངག་འཇམ་པོས་ངའི་ཁྱི་གུ་ལ་གང་འདོད་དུ་གཅེས་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ཚིག་ཡག་པོས་ངའི་ཁྱི་གུ་ལ་སྙན་ངག་བྲིས་ཀྱང་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན བློ་བདེ་མོས་ངའི་ཁྱི་གུ་ཁྲིད་ནས་རྫི་ལ་སོང་ཀྱང་ཆོག


ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ངས་ཁྱེད་ལ་སྙན་ངག་གྱེར་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ངས་ཁྱེད་ལ་ལོ་རྒྱུས་བཤད་ཆོག ཁྱེད་ཀྱིས་ང་རང་དང་ལེན་བྱས་ན ཁྱེད་རང་ངའི་ཁྱི་གུ་དང་རྩེད་མོར་རོལ་ཆོག

                 ༢༠༡༤༼༥༼༨ཉིན་གྱི་ཞོགས་པར་བཏབ།


               དགུ་འགྱུར་སེམས་ཀྱི་མདུད་པ།
                                  བཻཌཱུརྱ།༼ཀན་ལྷོ༽
                         ༡
        དུས་རབས་ཉེར་གཅིག་པའི་ནང་བ་ཞིག་ཇི་ལྟར་ཆགས་ཐུབ་པར་བསམ་པ་གློད་ཞོར།༼ཀུན་བཟང་བླ་མའི་ཞལ་ལུང༽གི་ལས་རྒྱུ་འབྲས་ཀྱི་སྐོར་ལ་བསྐྱར་དུ་ཐེངས་གཅིག་བལྟས་རྗེས།བྱ་དངོས་གང་ལ་བསམ་གཞིག་གཏོང་སྐབས་དེའི་སྟེང་དུ་ཡོད་པའི་བརྩེ་བ་དང་དུང་བ་ཡོད་ཚད་ཟུར་དུ་བཞག་ནས་གཞི་དངོས་པོའི་ཆོས་ཉིད་ལ་བསམ་བློ་ཡང་ཡང་གཏོང་རྒྱུ་ནི་རིག་པའི་སྤུ་གྲི་ལ་ངར་བླུད་པའི་ཐབས་དམ་པ་ཞིག་ཏུ་མཐོང་།
                          ༢
  སྔོན་ཆད་མཁས་པ་སུས་དེ་ལྟར་གསུངས་འདུག་པ་དེ་གཙོ་བོ་ཞིག་རེད་དམ།ཕྱི་རོལ་ཆོས་ཉིད་ལ་གྲུབ་པའི་གནས་ལུགས་དེ་གནད་དུ་འཛིན་དགོས་པ་རེད།གང་ལྟར།དུང་ཞེན་གྱི་མིག་ཟུང་རིང་དུ་དོར་ནས་མེ་ལོང་ལ་བལྟ་དགོས་པ་རེད་དམ།ཡང་ན་གཟུགས་བརྙན་དེ་དག་ཀྱང་མ་ཡིན་པའི་རང་ཉིད་འཚོལ་དགོས།
                           ༣
   རྡུལ་ཕྲ་རབ་ཀྱི་དབྱེ་སྟངས་སོགས་དང་ནང་བའི་ཚན་རིག་ཏུ་འབོད་པའི་རིག་པ་དེ་དག་ནི་ངོ་མཚར་གྱི་གནས་སུ་གྱར་མོད་ཀྱང་།རྩིས་ཚན་གྱི་རིག་པ་ནང་བཞིན་ཞིབ་ཕྲའི་གོ་རིམ་ངེས་ཅན་ཞིག་ཡོད་མི་འདུག མདོར་ན།བོད་ཀྱི་མཁས་པ་ཚོ་དཔེ་འཇོག་དང་སྡོམ་ཚིག་འགོད་པ་ལ་མཁས་་མོད་ཀྱང་འབྲས་བུ་ལས་བྱུང་རིམ་དག་ཞིབ་ཏུ་འགོད་རྒྱུར་གོམས་མི་འདུག་སྙམ།
                           ༤
 གྲུབ་མཐའི་ཕྱོགས་ཞེན་དང་མདོ་སྔགས་སོ་སོར་འཐེན་འཁྱེར་བྱེད་པ་འདིས་རང་ཉིད་ཀྱི་རྣམ་ཤེས་ལ་ས་བཀབ་པ་ཙམ་ལས།ལྷ་སྐུའི་རྣམ་པར་བཞེངས་པའི་བརྡ་དེ་དག་ལས།དཔེར་ན།ཤེས་རབ་ཀྱི་མཚོན་བྱེད་ལ་རལ་གྲི་དང་།བདེན་གཉིས་དེ་ར་ཅོའི་གཟུགས་སུ་བཞེངས་པ་སོགས་ཀྱིས་མཚོན་ལ།རྒྱུད་པ་བའི་བཞེངས་པའི་རྗེ་བཙུན་འཇམ་དབྱངས་དང་མཚན་ཉིད་པའི་བཞེངས་པའི་རྗེ་བཙུན་འཇམ་དབྱངས་གཉིས་ཐ་དད་དུ་མེད་པས་ཀྱང་མཚོན།
                       ༥
  རྒྱལ་བོ་ཀྲི་ཀྲིའི་རྨི་ལམ་བཅུ་བོ་ལའང་ད་དུང་རེ་རེ་བཞིན་དུ་བརྟག་ཅདགོས་པ་རེད་ལ།དོན་ངོ་མར་རྨི་ལམ་རེད་དམ་མི་རྣམས་ཀྱི་བློ་ལ་འཇོག་བདེ་ཆེད་གཏམ་རྒྱུད་ཀྱི་རྣམ་པར་བྲིས་མིན་ལའང་དཔྱད་དགོས་པ་རེད།འོན་ཀྱང་ས་ལམ་གྱི་ཡོན་ཏན་དང་བགྲོད་ཚུལ་འདི་དག་ཉམས་ལེན་གྱི་སྒོ་ནས་ཡོན་ཏན་གང་དེ་རང་རྒྱུད་ལ་མ་སྐྱེས་པར་འཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་བས་རང་སོར་བཞག་ན་བདེ་ཨང་།       
                       ༦
ད་ནས་བཟུང་འགྲོ་བ་མིའི་རིགས་ཀྱིས་ཕོ་དང་མོ་ཞེས་མཆོག་དམན་གྱི་མིག་གིས་སོ་སོར་མི་དགར་བར་ཞུ།བདག་ཅག་གིས་སྟོན་པས་ཀྱང་མ་རུ་མ་གྱུར་བའི་སེམས་ཅན་མེད་ལ།རིགས་དང་རུས་ཀྱང་མི་གཙོ་བར་བསླབ་པ་གཙོ་གསུངས་པ་ལ་ལྟོས་དང་།དེ་ཡང་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་གློད་ན།ཕོ་དང་མོ་སོ་སོས་མིའི་རིགས་ཀྱི་སྐྱེ་འཕེལ་དང་འཕེལ་རྒྱས་ལ་བཏོན་པའི་ནུས་པ་ཕལ་ཆེར་འདྲ་སྟེ།ཕ་དང་མ་སོ་སོས་རང་གི་བུ་ཕྲུག་གཅེས་པར་བསྐྱངས་པ་བཞིན་ནོ།།
                        ༧
   བསམ་པ་བཟང་པོ་མེད་པར་ཁྲི་ལ་འགྱིང་མཁན་དེ་དག་གིས་གཟབ་གཟབ་གནང་རོགས།དེར་མ་ཟད།གཟིགས་པགས་མནབས་པའི་བོང་བུ་དེ་དག་ཨཱ།ད་དུང་ཡང་སྔར་བཞིན་ལགས་ན།"ང"་ལ་ལག་པས་རེག་དང་།ཁྱེད་ལ་ཉེན་བརྡ་གཏོང་ངེས།དེས་ཀྱང་མི་ཚིམ་ན་དངོས་སུ་ཚོད་ལྟ་བྱོས་དང་།ང་ལ་རྒྱུ་འབྲས་ཟེར་བའི་རྒྱབ་རྟེན་ཞིག་ཡོད་པས།ངས་ནི་ཁྱེད་ལ་རང་གི་མིག་ཟུང་ལའང་ཡིད་ཆེས་དཀའ་བའི་དམྱལ་བ་ཞིག་བསྟན་ཆོག  
                        ༨
   དཔལ་འབྱོར་གལ་ཆེན་རེད་དེ།ཁྱེད་ཀྱི་སེམས་ཚེགས་དང་འདོད་ཧམ་ཡོད་ཚད་འདི་ལས་བྱུང་བར་ངེས།འོན་ཏེ།གློ་བུར་དུ་མི་རྟག་པས་ལག་པ་གཡུག་ན་ཅི་ལྟར་དང་ལེན་རྒྱག་རྒྱུ་དེའང་སྣང་མེད་དུ་ག་ལ་རུང་།འདི་ལྟར་བསམ་ན།ཁྱེད་རང་ཤོག་དངུལ་གྱི་བམ་ཁར་བརྟེན་ནས་འཚོ་ནའང་འཇིག་རྟེན་འདིར་གསེར་ལོར་གྱིས་བསླུ་མི་ཐུབ་མཁན་ཀྱང་ད་དུང་ཉུང་ཉུང་མིན་པ་ཡིད་ལ་ཟུངས།
                           ༩
      ཚན་རིག་དང་ནང་བའི་རིག་པ་སོ་སོས་སེམས་ཀྱི་ནུས་པ་ཁྱད་མཚར་པ་དེ་ཁས་བླངས་ཟིན་ན།དད་པ་ཞེས་པ་དེའང་རྨོངས་དད་ཙམ་མ་ཡིན་པར་སེམས་ཀྱི་ནུས་པ་ཞིག་སྟེ།ཡིད་ཆེས་ཙམ་ལ་ངོས་བཟུང་ནས་ཐོག་མའི་གོ་བ་གཏིང་ན་བདེ་བར་འདོད་ལ།བྱིན་རླབས་ཞེས་པ་དེའང་དད་པ་ལས་བྱུང་པའི་སེམས་ཀྱི་ནུས་པ་ཞིག་ལ་ངོས་བཟུང་ན་ཨེ་མི་དྲག འོན་ཏེ།ཉེ་ལམ་མདོ་སྨད་ཀླུ་ཆུའི་ཤིས་ཚང་སྒར་གསར་གྱི་རྟེན་བྱིན་ཅན་སྡེ་ཁྲི་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཉི་མའི་འདྲ་སྐུ་ངོ་མཚར་ཅན་ཞིག་ལ་དབུ་སྐྲ་དཀར་སེང་ངེར་སྐྱེ་དང་སྐྱེས་བཞིན་པ་དེ་དང།དབུ་ཞྭའང་ཁོང་གིས་ཁོང་ལ་མནབས་གསོལ་གནང་བཞིན་པ་དེ་དག་ནི་སྐྱེ་བོ་ཕལ་བའི་དཔྱད་བྱ་མ་ལགས་སོ།།                            
                                       ༢༠༡༤༼༡༠༼༡༥ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས།


ནགས་ཚལ་མེ་ལ་ཤོར་རྗེས
                                     བཻཌཱུརྱ།

གདོད་མའི་ནགས་ཚལ་ནས་བྱུར་དམར་མང་པོ་རྙེད་ནའང རབ་བྱུང་པ་དེ་དག་ཀྱང་རང་གི་ཕ་ཡུལ་དུ་ལོག གློ་རྡེག་ལ་རི་ལུང་ཡོངས་རྫོགས་ཐལ་རྡུལ་གྱིས་བཀང་རྗེས སྒོ་ཁྱིའི་སྲུང་སྐྱོབ་ལ་འཁེན་ནས་ང་རང་ཐག་རིང་དུ་བཞུད

ལམ་བར་དུ་ཡ་ཐོག་གི་འགྱུར་རྡོ་མང་པོས་ང་ཡི་མཐོང་ལམ་སྒྲིབ

སྨུག་སྤྲིན་ལང་ལོང་གི་ཁྲོད་ནས འབྲི་མོའི་བཞོ་དབྱངས་དང་རྟ་ཕོའི་འཚེར་སྐད་ཐོས ད་དུང་རི་ཁྲོད་པ་འགའ་ཞིག་ཀྱང་ཨམ་གཙིགས་ཀིས དུ་སྨུག་ལ་བལྟོས་ནས་མིག་ཟུང་རུབ་དུས ལག་པ་མང་པོས་ངའི་བར་སྣང་བཀབ ངོ་ཤེས་དེ་དག་ཀྱང་ཟླ་བའི་ནང་གི་རབ་རིབ་ཇི་བཞིན ཅི་ལྟར་བཙལ་ཡང་མི་གསལ་བར་གྱུར མུན་ནག་གི་དབྱངས་རྟ་མང་པོ་མིག་ལ་འཛུལ་བས གས་སྲུབས་ཀྱི་བར་ནས་གླེགས་བམ་མང་པོ་བཞུར་ཡོང ཚི་དྲེག་དེ་དག་ཀྱང་སྒྲོམ་དུ་བཅུག་པའི་ལག་ཕྱིས་རེ་རེ མཚོ་མོའི་དྭངས་གསལ་ལ་མིག་ཟུང་གཏད་ནས ཐལ་རྡུལ་དང་ལྷན་དུ་བར་སྣང་བཀང་བར་ཡིད་སྨོན་བགྱི

                                   ༢༠༡༥༼༤༼༡༥ཉིན།


སྐྲ་དཀར་གྱི་ཉག་མ་འདི་ཚོད་ཚོད་ལ་སྐྱེ་བ་ཨེ་རེད
                                    བཻཌཱུརྱ།

སེམས་ལ་ཁ་བ་བབས་པས སྒྲོན་འོད་ཡང་གྲང་འདར་གྱིས་ལྷེམ་ལྷེམ་འགུལ ཝུ་ཆང་ལྟ་བུའི་ཚོར་བ་འདིའང་གར་མ་ལྟར་ཆོ་ངེ་འདོན ཕྱེ་ལེབ་དག་མེ་རུ་མཆོངས་པའི་སྔ་རྗེས་སུ ངའི་ཚོར་བ་རྨང་ནས་སྦྲིད་དེ ཁྱེད་ཀྱི་ལག་པར་འཐམ་ནས་འོ་དོད་བོས ཡིན་ནའང་ཁྱེད་ནི་འཁྱགས་རོམ་ལས་གྲུབ་པའི་མིག་ཟུང་སྟེ ཕྱིར་མིག་མེད་པའི་གྲིབ་ནག་རིང་པོ་དེའོ

 A སུ་ཞིག

ཁ་བ་ད་དུང་ཡང་འབབ་བཞིན་འདུག ངའི་སྐྲ་ལོ་ཕྱེད་ཙམ་དཀར་པོར་གྱུར ངའི་ལང་ཚོའི་ཁ་དོག་ཀྱང་སྔོ་ནག་ནས་ནག་པོར་གྱུར སྐབས་འདིར་ང་གང་དུ་ཡང་མེད ང་ཁྱེད་ཀྱི་མིག་ཀོང་ལ་སིམ་ཡོད འདར་སིག་སིག་གི་ང བསམ་པ་མེ་ཐབ་ལ་འཁེན་པའི་ང གོ་སྐབས་ལ་སྒུག་པའི་ང ལག་པ་རུམ་ལ་བཅུག་པའི་ང ཁྱེད་ཀྱི་མཆོད་སྡོང་ལ་བཏགས་ཡོད ཁྱེད་རང་ཐལ་བ་བཞིན་ཆུ་ལ་བཏབ་ནའང འབར་ནས་ཟད་སོང་ན་མཛེས་སྡུག་ཅིག་ཏུ་རློམ་ཀྱང་མི་ཆོག་པ་ཅི་ཞིག་ཡོད ཡིན་ནའང ཁ་བ་བབས་རྗེས སྐྲ་ལོ་དཀར་པོར་འགྱུར་མཁན་མང་པོ་ཞིག་ཡེ་ནས་མེད

 B ཅི་ལྟར

ཀླད་རྩ་མ་སྐམ་པའི་སྔ་རོལ་དུ ངའི་མཛུབ་མོས་ཁྱེད་ཀྱི་མིག་ནང་ལ་འཛེར་ན ངའི་འཇིག་རྟེན་ཀྱང་མཚན་མོ་ལྟར་ནག་དུབ་བེར ཡིན་ནའང་ལང་ཚོ་ནི་འཕྲུལ་སྣང་རིགས་ཤིག་སྟེ དུས་ཚོད་ཀྱང་བཟི་བར་བྱེད་ལ འཆི་བའང་གྲོགས་སུ་འབོད བཟི་ཟིན་པ་དེ་དག་གིས་ཀྱང་ལྕེབས་ཐག་བཙལ རྣམ་ཤེས་དེ་དག་ཀྱང་རྒས་གཉེར་གྱི་གསེང་དུ་ཡིབས འཇགས་སྐྱ་རླུང་གིས་ཁུར རྨི་ལམ་ཁྲ་ཡིས་བཟུང འོན་ཀྱང་ང་ལ་མིག་ཆུ་སྐམ་ཤུལ་ཙམ་ཡང་མེད ཕ་ཡུལ་ང་དང་རྒྱང་ཐག་གིས་བཀྱེད བརྩེ་དུང་ང་དང་རྒྱང་ཐག་གིས་བཀྱེད ཝུ་ཆང་ཧུབ་ཀྱིས་བཏུང རོལ་མོ་དཀྲོལ རྡོག་སྣེ་མཁའ་ལ་གཏད སྐྲ་ལོ་རིང་པོ་དེའང མུན་པ་གཤགས་བྱེད་ཀྱི་རལ་གྲི་ནག་པོ་ཞིག་ཏུ་སྒོམ ལང་ཚོ་འདིའང་ཁ་བའི་ནང་ཡུན་རིང་སྦངས་པས ལོ་ངོ་སྟོང་ལ་བསྙལ་བའི་རྒུན་ཆང་འདིས ངའི་ལང་ཚོའི་སྐྲ་ལོའང་དཀར་དུང་དུང་དུ་སྒྱུར

c གང་ལ

གོམ་ཞེང་ཤེད་ཀྱིས་སྤོས་པས རང་ཉིད་ཤེལ་སྒོ་ལྟར་འཐོར་ལ་ཁད་ཙམ་དུ མིག་མདའ་དེ་དག་ཀྱང འདམ་རྫབ་དེ་དག་ཀྱང ཕ་རོལ་ནས་ཕ་རོལ་དུ་དེད རྡོ་ཐེམ་ལྟ་བུའི་དགུ་ཚིགས་ཀྱི་ཀློང་དུ ངས་རྨི་ལམ་རག་རོག་གི་རྟ་ཕོར་ཞོན་ནས རླུང་ལ་བཏབ་པའི་རྨིག་རྗེས་བཙལ དབྱངས་རྟ་བཙལ སྐར་མ་རབ་རིབ་ཅིག་ཀྱང་བཙལ སྨ་རར་བྱིལ་བྱིལ་གྱིས རང་ཉིད་ཀྱི་སྐྲ་ལོ་ལྟ་བུའི་སྨྲ་ར་དྲན ལྷོག་ལྷོག་འཕྱུར་བའི་དུ་ཞགས་དྲན བང་སོ་དྲུས་པའི་གཏམ་རྒྱུད་དག་ཀྱང་དྲན

འཁོར་ལོ་ཆེན་པོ་འདི་འཁོར་དགོས་པ

སྐྲ་ལོ་དཀར་པོ་འདི་སྐྱེ་དགོས་པ ད་ནི་གང་ལ་འགྲོ

 ༢༠༡༥༼༥༼༡༥ཉིན་ལ།


རོལ་དབྱངས་དེའི་རྗེས་སུ
                                    བཻཌཱུརྱ།

མིག་ཆུ་ཐིགས་པ་འགའ་ཞིག རང་ཉིད་དང་ལྷན་ཅིག་ཆང་ཕོར་དུ་ལྷུང ཆང་ཕོར་དེའང མེ་ལོང་ཆག་རོ་ཇི་བཞིན གང་ལ་བལྟ་དགོས་པའང་མི་ཤེས་པར་གྱུར ཆང་ཕོར་ཕྱི་བྱེད་ཀྱི་ལག་ཕྱིས་ནག་པོ་དེའང བསྐལ་བ་གྲངས་མེད་ལ་འཚེམ་དྲུབ་ཀྱིས་ནའང ཚོར་བ་སྦྲིད་བྱེད་ཙམ་ལས་ རོལ་དབྱངས་ལ་འཁེན་ནས་སྔུར་བ་ཡང་ཡང་འཐེན རྨི་ལམ་དུའང་ད་དུང་སུ་ཞིག་ལ་འཁྱུད་འདོད་ཀྱིས རང་ཉིད་ཀྱང་རོལ་དབྱངས་ལྟར་སྙན་ཞིང་འཇེབས

                                    ༢༠༡༥༼༥༼༡༨ཉིན།


མཚན་མོ་གཉིད་སོང

  བཻཌཱུརྱ།

སྒྲོན་མེ་གཅིག་ཀྱང་མེད གླུ་སྐད་ཀྱང་མེད ངས་ཁྱེད་ཀྱི་སྐྲ་ལོ་ཡང་ཡང་འཐེན ས་ཁུ་སིའི་རོལ་མོ་དེའང་འཇགས་ཟིན རྒྱང་རིང་གི་གློག་སྡོང་དག་ཀྱང་གཟིམ་ལ་ཉེ འཁྱམ་ལ་ཉེ་བའི་རྣམ་ཤེས་ཀྱི་ཚོགས རླུང་བུ་དང་མུན་ནག་གི་ཚོགས འགྱོད་བཤགས་དང་སྙིང་གཏམ་གྱི་ཚོགས

ཡོད་ཚད་མེ་ལ་སྲེག་རྗེས

དུ་བ་ལང་ལོང་འཕྱུར དུ་བ་དེའང་ཁྱེད་ཀྱི་སྐྲ་ལོ་ལྟར་རླུང་གིས་ཁུར མཚན་མོ་འདིར གཉིད་བཤད་ཙམ་ཡང་རྒྱག་མཁན་མེད

   ༢༠༡༥༼༥༼༡༤ཉིན།
       ཤྭ་བ་རི་རྫོང་ལ་ཕུལ་བའི་གྱེས་ཕྱག
                                       བཻཌཱུརྱ།

ངས་ཕྱིར་མིག་བལྟ་ཞོར ཁྱེད་རང་ནགས་ཀྱི་རྩེ་མོར་བྱོན་དོན ཤྭ་བ་དང་བྱེའུ་གྲོགས་སུ་བཞེས་དོན བྲག་དཀར་གྱི་ཐེམ་ནས་དབྱིངས་སུ་ཞུགས་དོན ག་རེ་ཡིན་པ་སུ་ལ་གྱེར་ཨང སྔོན་བྱོན་ཚོས་ཉམས་ལེན་གྱི་ཕྱག་རྒྱ་མཁའ་ལ་བཏབ་ནའང ཁྱེད་ཅག་གནས་བདག་ཡིན་ཁུལ་གྱིས ངེད་ཅག་གི་ཨམ་ཕྲག་ལ་ཡང་ཡང་ཅེེར བསིལ་རླུང་དྭངས་མོ་དེའང བྲག་ཅ་སྙན་མོ་དེའང སུ་ཞིག་གི་ཧམ་སེམས་ཀྱིས སྔོན་བྱོན་ཚོ་དངུལ་ཁུག་འབའ་ཞིག་ཏུ་རློམ རྒོད་པོའི་སྙིང་རྩ་འདར་སའི་བྲག་རི་འདི་འང ལག་ལ་པར་ཆས་ཐོགས་པའི་ཡུལ་སྐོར་བའི་རྐང་རྟེན་ཨེ་རེད

 ལྷ་ཡུལ་ལ་མེ་ཤོར་རྗེས
          བཻཌཱུརྱ།

འཇའ་ཚོན་གྱི་ཐིག་ལེ་རེ་རེ ལུས་སེམས་སྦྲེལ་བྱེད་ཀྱི་ཟམ་པ་རེ་རེ རྨི་ལམ་ཕ་རོལ་གྱི་རྨི་ལམ་ཕ་རོལ རོལ་དབྱངས་ཀྱིས་ཕྱུག་པའི་རླུང་བུ་ལྟར་འཇེབས ཁོ་མོའི་གླུ་ཚིག་མེད་པའི་དབྱངས་རྟ་འདི་དག ལྷ་ཡུལ་གྱི་མེ་ཏོག་ཡིན འཇའ་ཚོན་གྱི་ཟམ་པ་ཡིན གློ་རྡེག་ལ་ཐོར་རླུང་མཁའ་རུ་འཕྱུར་བས ངའི་ལྷ་ཡུལ་གྱི་ཕོ་བྲང ངའི་སེམས་གཅེས་ཀྱི་སྒྲོལ་མ མེ་ལྕེ་ཡི་ཁྲོད་ནས་འོད་སྣང་དུ་གྱུར འཇའ་ཚོན་གྱིས་བཟོས་པའི་ཕོ་བྲང་དེའང མེ་རུ་སྲེག་རྗེས་ཀྱི་ཐལ་བ་ལྟར་རླུང་གིས་གཏོར སྐབས་འདིར་ང་ལ་ལྷག་པ་ནི བདག་པོ་མེད་པའི་རོལ་དབྱངས་ཀྱི་ཆག་རོ་ལྷག་འཕྲོ མཚོ་མོ་སྲེག་རྗེས་ཀྱི་རྫིང་ཆུ་ཇི་བཞིན མེ་ལྕེ་ལྡག་ནས་བསྐམས་པར་གྱུར ལྷ་ཡུལ་ལ་མེ་ཤོར་རྗེས ང་དུ་བ་ལྟ་བུའི་རིང་བོ་དེའང་མིན ང་མེ་ལྕེ་ལྟ་བུའི་དར་ལྕོག་དེའང་མིན ང་རླུང་གིས་ཁུར་རྗེས ང་བྲག་ལ་གཏོར་རྗེས ཤུལ་དུ་ལྷག་པ་ནི་ཅི་ཞིག་ཡིན

                                  ་      ༢༠༡༥༼༦༼༡༧ཉིན་ཁྲི་ཀ་ནས།


       ཡང་སྙིང་ང་ཚོས་ཅི་ཞིག་འཚོལ་བཞིན་ཡོད།
                      -----སློབ་ཆེན་པ་ཞིག་གི་ཕྱིར་རྟོག
                                           བཻཌཱུརྱ།(ཀན་ལྷོ)
     མི་ལོ་བཅུ་དྲུག་རིང་གི་སློབ་གཉེར་གྱི་རྐང་རྗེས་ལ་ཕྱིར་མིག་ཅིག་གློད་ན་ཁོ་བོས་ད་དུང་ཡང་རང་ཉིད་ཀྱིས་དོན་ངོ་མར་ཅི་ཞིག་འཚོལ་བཞིན་པ་དང་གང་ཞིག་དོན་དུ་གཉེར་བཞིན་པ་གསལ་བོར་ངེས་ཀྱིན་མེད་པའི་རབ་རིབ་ཀྱི་སྣང་ཚུལ་འདི་ཉིད་ནི་ཕྲན་ཁོ་ན་ཙམ་མ་ཡིན་པར་གང་སར་ཁྱབ་པའི་གནད་དོན་ལ་གཞིག་ན་མི་སྒེར་གྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར་སློབ་གསོའི་གནད་དོན་ཞིག་ཡིན་མིན་ཀྱང་ང་ཚོའི་དཔྱད་གཞིར་འཁུམས།གལ་ཏེ་རང་སོ་སོས་མི་ཚེ་ནི་རྨི་ལམ་ཞིག་གམ་འཚོ་བ་ནི་རོལ་རྩེད་ཙམ་དུ་ངོས་བཟུང་བ་ཡིན་ན་ང་ཚོས་མི་ཚེའི་རིན་ཐང་ལ་འཚོལ་སྙེག་གང་ཡང་བྱ་མི་དགོས་ཏེ།མི་ཚེ་ནི་མ་གཞི་ནས་དོན་སྙིང་མེད་པ་ཞིག་ཆགས་ཡོད་པས་རེད།ཡིན་ནའང་མི་ཚེ་ནི་གོ་སྐབས་ཤིག་དང་རིན་ཐང་ཞིག་ཏུ་བསམ་ན་ཆུ་ཚོད་འདི་ཐུང་དྲགས་པས་ད་དུང་ཡང་སྒྲུབ་འདོད་ལ་བསྒྲུབ་མ་ཚར་པའི་ལས་ཀའང་ཤིན་ཏུ་མང་།
      སློབ་ཆུང་ནས་སློབ་འབྲིང་གི་སྐབས་སུ་རྒྱུགས་སྐར་འབའ་ཞིག་གི་ཚོད་འཛིན་གྱིས་ང་ཚོས་ནམ་ཡང་རྒྱུགས་སྐར་མཐོན་པོ་འབའ་ཞིག་ལ་རེ་བ་ཡོད་ཚད་བཅོལ་ཞིང་།གློ་བའི་བུ་གའང་རྒྱ་ཁབ་ཀྱི་རྩེ་ལྟར་རིམ་གྱིས་ཇེ་དོག་ཏུ་གྱུར།འོན་ཀྱང་སློབ་འབྲིང་གི་སྐབས་སུ་ཐོག་མར་མི་གཤིས་ཀྱི་བཟང་ངན་དང་ཕན་ཚུན་ལ་སེམས་ཤེས།སྤྱིའི་འདུ་ཤེས་དང་ཚོགས་པའི་ཁེ་ཕན་སོགས་ལ་ངེས་ཤེས་ཕྲ་མོ་ཙམ་སྐྱེས་པའི་ཞོར་ལ་གཡོ་སྒྱུ་དང་སྒེེར་སེམས་སོགས་ཀྱང་ངང་གིས་འཕེལ།སློབ་ཆེན་གྱི་སྒོ་ཐེམ་བརྒལ་རྗེས་ཆེད་སྦྱོང་རང་བཞིན་ལྡན་པའི་བསླབ་ཚན་དག་ལ་སློབ་སྦྱོང་བྱས་པ་བརྒྱུད་ཤེས་བྱའི་ནམ་མཁའ་ནི་རྒྱ་ཆེ་ཞིང་མཐའ་ཡས་པའང་ངམ་གྱིས་ཤེས།དེར་མ་ཟད་སྤྱི་ཚོགས་སམ་མི་སྒེར་གྱི་འགན་འཁྲི་དང་ནུས་པ། རང་བཞིན་སོགས་ལའང་ཕྱིར་རྟོག་གི་སྒོ་མོ་ཡང་ཡང་ཕྱེ་ནས་རང་ཉིད་འཐུས་ཚང་ངམ་སྒེར་ཚུགས་ཀྱི་བསམ་བློའི་སྒྲོམ་གཞི་ཞིག་ཆགས་པར་འབད་པ་ཅི་ལྕོག་གིས་ཐོག་མའི་གོམ་པ་སྤོས་ནའང་།སྔར་བཞིན་རིག་གནས་ག་གེ་མོ་ཞིག་གི་ཤུགས་རྐྱེན་དང་ཁོར་ཡུག་ཆུང་ཆུང་ཞིག་གི་བཀག་རྒྱ་ལས་བརྒལ་མ་ནུས་པ་འདི་དག་ལས་ང་ཚོ་ནི་གཟེབ་ཏུ་བཅུག་པའི་བྱིའུ་ཆུང་ཞིག་འདྲ་བར་ཉམ་ཆུང་གི་གནས་སུ་མཐོང་།
        འདི་ལྟར་ཅུང་ཞིབ་ཏུ་གཞིག་ན་རྒྱལ་གཉེར་སློབ་གྲྭ་ནས་ང་ཚོས་རྨང་གཞིའི་ཤེས་བྱ་དང་ཐབས་ལམ་སོགས་རྒྱུགས་སྤྲོད་ལག་ཆ་ཙམ་ལས་སློབ་སྦྱོང་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་གང་ཡང་ཤེས་རྟོགས་ཡོང་གི་མི་འདུག འོ་ན་སློབ་སྦྱོང་ཆེད་པའི་མཐར་ཐུག་གི་དམིགས་ཡུལ་གང་ཞེ་ན་སློབ་གཉེར་བ་སུ་ཡིན་རུང་གང་ལ་གང་འཚམས་ཀྱི་བདེ་སྐྱིད་ཅིག་འཚོལ་ཆེད་ཡིན་པ་གཞིར་བཞག་རེད།འོན་ཀྱང་རིག་གནས་མི་འདྲ་བ་སོ་སོས་དབང་སྒྱུར་ཐེབས་པའི་མི་སོ་སོའི་བདེ་སྐྱིད་ལ་ངོས་འཛིན་བྱ་སྟངས་ཡང་འདྲ་མིན་སྣ་ཚོགས་དང་རྒྱ་ཆེ་ཆུང་གི་ཁྱད་པར་བྱུང་བར་བརྟེན།ང་ཚོའི་སེམས་རྒྱུད་ལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་གིས་སིམ་པར་བྱ་རྒྱུ་གནད་དུ་ཆེ།དེང་གི་ཆར་སློབ་གསོའི་ཐབས་ལམ་སྡུག་པོའི་འོག་ནར་སོན་ཞིང་སྒེར་སོའི་མི་བུའི་སྒལ་ཚིགས་གཅོག་བྱེད་ཀྱི་ཆབ་སྲིད་རང་བཞིན་གྱི་སློབ་གསོ་དེས་ཡོད་ཚད་ལ་བརྗེད་ཆུ་བླུད་པར་བྱེད་པ་ལགས་ཕྱིར།ང་ཚོ་སྨྱོན་པ་དེ་དག་གི་གྲལ་དུ་ཡོད་ནའང་བརྗེད་ཆུ་བཏུང་མི་རིགས་ལ་དེ་ཉིད་དུ་དྭངས་པར་བྱེད་པའི་ཁ་ཟས་ཤིག་བསྟེན་རྒྱུ་ནི་དེ་བས་ཀྱང་གལ་ཆེན་དུ་ཁོ་བོས་འདོད།
      མདོར་ན་གོང་དུ་གླེང་ཟིན་པའི་བརྗེད་ཆུ་གང་དེས་རང་ཉིད་ཀྱི་ལོ་རྒྱུས་དང་ཁ་ཆེམས་བརྗེད་པར་འགྱུར་བའི་ཉེན་བརྡའང་མང་དུ་བཏང་ཞིང་ཅི་ཞིག་འཚོལ་འདོད་ལ་འཚོལ་བཞིན་པ་དེ་དག་ཀྱང་ཉོག་ཉོག་ཏུ་གྱུར་བ་འདིས་ནི།ང་ཚོས་རང་དབང་དང་ཕུགས་བསམ་ཀྱི་གཤོག་པ་བཙུགས་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལྟ་བུའི་བདེ་སྐྱིད་ནི་ཐག་རིང་ཡང་མེས་རྒྱལ་དང་མི་རིགས།ཁྱིམ་ཚང་དང་མི་སྒེར་གྱི་བདེ་སྐྱིད་ལ་འབད་པ་ཆེན་པོ་བསྟེན་རྒྱུ་ནི་ཐུན་མོང་གི་མགྲིན་དབྱངས་ལགས་ཀྱི་བླ་འཚོང་པའི་དངུལ་ལོར་སྒྲུབ་སྟངས་ལ་དག་ལ་བདེ་སྐྱིད་དུ་འབོད་ཀྱིན་མེད་པའང་གོ་བར་གྱིས་ཤིག རང་སོ་སོས་བདེ་སྐྱིད་ནི་ཅི་ཞིག་ཡིན་པའི་བསམ་གཞིག་གི་སྔོན་དུ་བགྲོ་བྱ་ནི་རང་སོ་སོའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ།རིན་ཐང་ལྟ་ཚུལ་སོགས་ཚུགས་པར་བྱེད་པའི་རིག་གནས་གང་དེར་ཡང་དག་གི་གདམ་ང་བྱ་རྒྱུ་ནི་གནད་ཀྱི་དམ་པའོ།།
                 ༢༠༡༤༼༧༼༡༥ཉིན།
         

                       ༢༠༡༥༼༦༼༡༢ཉིན།
 

请有关部门严查甘南高考作弊现象让甘南教育走向公平公正道路

     རྐུན་མར་དཔའ་དར་འདོགས་པའི་ལམ་ལུགས་ལ་
                       ངོ་རྒོལ་བྱེད་དགོས།
                                            བཻཌཱུརྱ།(ཀན་ལྷོ)
  ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་མཐོ་རྒྱུགས་དང་རྐུ་འབྲི་ནི་གཟུགས་དང་གྲིབ་མ་ལྟར་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད།དེར་མ་ཟད་མཐོ་རྒྱུགས་ལ་རྐུ་འབྲི་བྱས་པ་ཐལ་དྲགས་པའི་རྒྱུ་འབྲས་གོ་ལྡོག་གི་སྣང་ཚུལ་འདིས་སྤྱི་ཚོགས་ཧྲིལ་བོ་ཞིག་གི་ངོ་གདོང་དམར་རྗེན་དུ་བཏོན་པ་སྟེ།ལས་འབྲས་ལ་རྨོངས་ཤིང་རུལ་སུངས་ལ་མོས་པའི་རྩ་འཛུགས་ཤིག་ཀྱང་ཞོར་ལ་མཐོང་ཐུབ་པ་རེད།
    ཁོ་བོས་རྒྱུས་ལོན་བྱས་པ་ལྟར་ན་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ན་རྐུ་འབྲིའི་སྣང་ཚུལ་རེ་འགའ་ཡོད་པར་ཐོས་མོད་ཀྱང་འདིར་རང་ལ་རྒྱུས་ཆེ་བའི་ཀན་ལྷོ་ཁུལ་གྱི་མཐོ་རྒྱུགས་ཀྱི་རྐུ་འབྲིའི་གནས་ཚུལ་ནི་རྒྱལ་ཡོངས་ཀྱི་ཆེས་སྐྱུག་བྲོ་བ་དེ་ཡིན་པར་ཡོངས་ཁྱབ་སུ་ཁས།
    ཀན་ལྷོ་ཁུལ་གྱི་ཁོངས་སུ་རྫོང་ཁག་བདུན་ཡོད་ལ་དེ་དག་ལས་བོད་འབྲིང་རྩེ་གྲ་ནི་གཙོད་བོད་རིགས་སློབ་འབྲིང་ཆགས་ཡོད་པ་རེད།ཡིན་ནའང་བོད་ཁམས་ཀྱི་ཡང་རྩེའི་སློབ་གྲྭར་གྲགས་བཞིན་པའི་བོད་འབྲིང་དེའང་རྐུ་འབྲི་ལས་ཐར་ཐུབ་ཡོད་པ་མ་རེད།དཔེར་ན།མཐོ་འབྲིང་གསུམ་པའི་སློབ་མ་དག་རྒྱུགས་སྤྲོད་ལ་ཉེ་བའི་ཉིན་གཅིག་གཉིས་ཙམ་གྱི་སྔོན་དུ་རྒྱུགས་ར་སོ་སོའི་སློབ་མ་རྣམས་གྲོས་བསྡུར་གྱིས་སློབ་སྦྱོང་ལ་བཟང་ཤོས་དག་གིས་རྒྱུགས་རའི་ནང་གི་སློབ་གྲོགས་གཞན་དག་ལ་རོགས་རམ་ཅི་ལྟར་བྱ་རྒྱུ་ཙམ་མ་ཟད།རྒྱུགས་ཤོག་སོ་སོ་དང་རྒྱུགས་ཤོག་རེ་རེའི་དོན་ཚན་སོ་སོ་ཡང་སུ་དང་གང་གིས་འབྲི་མིན་ལ་བགྲོ་བར་བྱེད་ཅིང་ཐ་ན་ཚིག་རྟིང་མནའ་ཡིས་གནོན་པའི་སྣང་ཚུལ་ཡང་ཡོད་སྐད།དེ་བཞིན་ཀླུ་ཆུ་དང་བསང་ཆུ།རྨ་ཆུ།ཅོ་ནེ།ཐེ་བོ་སོགས་ཀྱི་བོད་འབྲིང་ལ་ལྟོས་བཅས་ཀྱིས་འབུར་ཐོན་གྱི་སློབ་མ་ཤིན་ཏུ་ཉུང་བས་མཐོ་རྒྱུགས་ལ་མ་ཐོན་གོང་གི་ཟླ་གཅིག་ཙམ་གྱི་སྔོན་ནས་བརྐུ་འབྲི་ལ་རེ་བ་ཆེན་པོ་བྱེད་ལ།སྟོད་ལྭའི་ནང་ཁུལ་དུ་ཨམ་ཕྲག་བཟོ་བ་སོགས་རྐུ་འབྲིའི་སྟ་གོན་གྱིས་དུས་བདའ་བར་བྱ་སྐད།གལ་ཏེ་ཁྱེད་ཀྱིས་གོང་དུ་གླེང་བཞིན་པ་འདི་དག་ནི་སྨྱོན་པའི་ལབ་བརྡོལ་ཙམ་དུ་བསམ་ན་རྒྱུགས་རའི་ནང་གི་བརྙན་མིག(监控器)ཏུ་ཞིབ་བཤེར་བྱེད་པའམ་བཅར་འདྲིའི་ཐབས་ལམ་བརྒྱུད་ན་གསལ་བོོོར་ཤེས་ཐུབ།འོ་ན་གོང་དུ་གླེང་ཟིན་པའི་རྐུ་འབྲི་ནི་སྣང་ཚུལ་ཙམ་དང་དེའི་རྒྱབ་ལོགས་སུ་སྦས་ཡོད་པ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རྒྱུགས་དོ་དམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲུང་བརྩི་དང་སྤྱི་ཚོགས་ཁྲིམས་མཐུན་ཅན་གྱི་ཚད་གཞི་ལོན་མེད་པར་རྟོགས་ཐུབ།
   གལ་ཏེ།ད་དུང་མུ་མཐུད་དུ་རྐུན་མའི་རྒྱལ་བོར་དཔའ་དར་གདགས་སྲིད་ན།སློབ་འབྲིང་སོ་སོས་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས་པ་མིན་པར་འབུར་ཐོན་གྱི་སློབ་མ་རེ་འགས་ཆོག་སྟེ།རྒྱུ་མཚན་ནི་རྐུ་འབྲིའི་ཐབས་ལམ་བརྒྱུད་ན་རྒྱལ་ཁ་ལོན་ཐུབ་པས་སོ།།
             ༢༠༡༥༼༧༼༧ཉིན།
"https://bo.wikipedia.org/w/index.php?title=User_talk:Banzhiya&oldid=129820"ལས་སླར་རྙེད་སོང།