User talk:ཨ་རུ་ར།

Page contents not supported in other languages.
ཡོང་ཁུངས་Wikipedia

<<སངས་རྒྱས་ཀྱི་རྣམ་ཐར་བྱིས་པའི་དགའ་ཚལ།།>>

༄༅། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ད་ལྟ་ནས་བརྩིས་པའི་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་ཙམ་གྱི་གོང་དུ་རྒྱ་གར་བྱང་ཕྱོགས་སུ་ཤཱཀྱའི་རིགས་རྒྱུད་ཀྱི་རྒྱལ་པོ་ཟས་གཙང་ཞུ་བ་ཞིག་བྱུང༌། ཁོང་གིས་རྒྱ་གར་བྱང་ཕྱོགས་རྣམས་ལ་དབང་བསྒྱུར་བ་དང༌། རྒྱལ་པོ་ཟས་གཙང་ལ་བཙུན་མོ་གཉིས་ཡོད། བཙུན་མོ་ཆེ་བའི་མཚན་ལ་སྒྱུ་མ་ལྷ་མཛེས་དང༌། ཆུང་བའི་མཚན་ལ་སྐྱེ་དགུའི་བདག་མོ་ཞེས་ཟེར། ཡིན་ནའང་བཙུན་མོ་དེ་གཉིས་ལ་ཡུན་རིང་སྲས་མ་བྱུང༌། རྒྱལ་སྲིད་སྐྱོང་བར་སྲས་ངེས་པར་དུ་དགོས་པར་བརྟེན་རྒྱལ་པོ་ཟས་གཙང་གིས་ཡར་དཀོན་མཆོག་ལ་མཆོད་པ་ཕུལ། མར་དབུལ་ཕོངས་ལ་སྦྱིན་པ་བཏང་བས། དེའི་རྗེས་མཚན་གཅིག་བཙུན་མོ་སྒྱུ་མ་ལྷ་མཛེས་ཀྱི་རྨི་ལམ་དུ། གླང་པོ་ཆེའི་ཕྲུ་གུ་ཁ་དོག་ཐལ་དཀར་མཆེ་བ་དྲུག་ཡོད་པ་གཅིག་དང༌། བཀྲག་མདངས་ཆེ་བའི་སྐར་ཆེན་ཟུར་དྲུག་ཡོད་པ་ཞིག་རང་གི་ལུས་ལ་ཐིམ་པའི་རྨི་ལམ་བྱུང༌། དེ་ནས་བཟུང་ཡུམ་སྒྱུ་མ་ལྷ་མཛེས་སྦྲུམ་མ་དང་ལྡན་པར་གྱུར། དེ་རྗེས་སྲས་འཁྲུངས་པའི་དུས་སུ་ཉེ་བ་ན། རང་གི་ཡབ་ཀྱི་རྒྱལ་གཞིས་སུ་ཕེབས་པའི་ལམ་དུ་ལུམ་བྷི་ནི་ལྡུམ་རའི་ནང་བཙུན་མོ་སྒྱུ་མ་ལྷ་མཛེས་ལ་སྲས་ཤིག་འཁྲུངས་སོ། །སྲས་དེ་འཁྲུངས་མ་ཐག་ཕྱོགས་བཞིའི་ས་སྟེང་དུ་གོམ་པ་བདུན་རེ་སྤོས་པ་དང༌། གོམ་པ་རེ་ལ་མེ་ཏོག་རེ་སྐྱེས་པས། མི་ཚང་མར་ཡ་མཚན་ཆེན་པོ་སྐྱེས་སོ། །དེ་ནས་ཡབ་རྒྱལ་པོས་ད་ནི་བསམ་པའི་དོན་ཐམས་ཅད་གྲུབ་སོང་ཞེས་གསུངས་ཏེ་མཚན་ཡང་གཞོན་ནུ་དོན་གྲུབ་ཅེས་བཏགས། དེ་ནས་ཉིན་བདུན་གྱི་རྗེས་ཕོ་བྲང་དུ་གདན་དྲངས་ཏེ་བྲམ་ཟེ་མཚན་མཁན་ལ་བསྟན་པས་ཁྱིམ་དུ་བཞུགས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན། སྲས་འཁྲུངས་ནས་ཉི་མ་ཁ་ཤས་ཀྱི་རྗེས་སུ་ཡུམ་སྒྱུ་མ་ལྷ་མཛེས་གྲོངས། བཙུན་མོ་ཆུང་བ་སྐྱེ་དགུའི་བདག་མོས་རྒྱལ་སྲས་དོན་གྲུབ་གསོ་སྐྱོང་མཛད། རྒྱལ་སྲས་དོན་གྲུབ་ལ་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད། རྒྱལ་སྲས་ཀྱི་རྩེད་ཆས་དང༌། རྩེད་གྲོགས་སོགས་ལ་དོ་སྣང་མི་གནང་བར་རྟག་ཏུ་སྒོམ་རྒྱག་ཚུལ་དང༌། ཏིང་ངེ་འཛིན་ལ་མཉམ་པར་བཞག་ཚུལ་སོགས་ཁོ་ན་མཛད་པས། དེ་ལ་ཡབ་རྒྱལ་པོ་དང་བཙུན་མོ་གཉིས་ཀ་ཐུགས་མ་བདེ་བ་བྱུང༌། རྒྱལ་སྲས་དེ་གཞོན་ནུའི་ན་ཚོད་ལ་ཕེབས་པ་དང༌། ནགས་ཚལ་དུ་སྐྱོ་སངས་ལ་ཕེབས་པའི་ཚེ་རང་གི་ཉེ་འགྲམ་ནས་རི་དྭགས་དང༌། གཅན་གཟན་སོགས་ཕར་འགྲོ་ཚུར་འོང་བྱེད་པ་གཟིགས་ཀྱང་གནོད་འཚེ་མི་མཛད་པ་དང༌། བྱམས་པ་དང༌། བརྩེ་བ་ཆེན་པོས་རང་འདོད་ལྟར་འགྲོར་བཅུག་པ་སོགས་མི་རྣམས་ཀྱིས་ཁྱད་ཆོས་དང་ཡོན་ཏན་མང་པོ་མཐོང༌། རང་གི་ཆིབས་རྟ་ཐང་ཆད་དེ་དབུགས་ཧལ་བ་གཟིགས་ཚེ་ཆིབས་རྟ་ལས་བབས་ཏེ་དེ་ལ་བྱམས་བརྩེ་ཆེན་པོས་བྱུག་བྱུག་མཛད་པ་དང༌། རྡུལ་དང་རྔུལ་ནག་ཕྱིས་པ་སོགས་སེམས་ཅན་ཚང་མར་བྱམས་བརྩེ་ཆེན་པོས་སྐྱོང་བར་མཛད་པ་ལས། གདུག་རྩུབ་དང་འཚེ་བ་ནམ་ཡང་མ་མཛད། ཉིན་གཅིག་རང་གི་ཕུ་བོ་ལྷས་བྱིན་གྱིས་ངང་པ་ལ་མདའ་བརྒྱབས་ཏེ་ཕོ་བྲང་གི་ལྡུམ་རའི་ནང་ལྷུང་བ་གཟིགས། གཞོན་ནུ་དོན་གྲུབ་ཀྱིས་ངང་པ་རྨས་མ་དེའི་ལུས་ནས་མདའ་ཕྱིར་འཐེན་ཏེ་རྨ་རྣམས་ཆུས་འཁྲུས་པ་དང༌། བྱམས་བརྩེ་ཆེན་པོས་རང་གི་པང་དུ་ཉར་བར་མཛད། ལྷས་བྱིན་ཡོང་ནས་འདི་ངའི་ངང་པ་ཡིན་པས་དེ་ང་ལ་དགོས་ལབ་པར། ངང་པའི་བདག་པོ་ནི་ངང་པ་རང་ཉིད་ཡིན་པ་ལས། དེ་ལ་གནོད་པ་བྱེད་མཁན་ནི་དེའི་བདག་པོ་ཡིན་མི་སྲིད། ཅེས་གསུངས་ཏེ། ངང་པ་ལྷས་བྱིན་ལ་མ་གནང་བར་གསོ་སྐྱོང་མཛད། རྗེས་སུ་རྨ་གསོས་པ་དང་ངང་པ་དེ་ནམ་མཁའ་ལ་གློད་དེ་རང་གི་ཁྱུ་དང་མཉམ་དུ་འཕུར་རོ།། རྒྱལ་སྲས་དོན་གྲུབ་དགུང་ལོ་དར་མ་ཆགས་པ་དང༌། ཡབ་རྒྱལ་པོ་ཟས་གཙང་མས་གཞོན་ནུ་དོན་གྲུབ་ལ་བཙུན་མོ་འདམ་པའི་ཆེད་དུ་ཉེ་འཁོར་གྱི་རྒྱལ་ཁབ་རྣམས་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་པོའི་སྲས་མོ་རྣམས་འཛོམས་པའི་དགའ་སྟོན་གྱི་སྟོན་མོ་བཤམས། དེའི་སར་རྒྱལ་སྲས་དོན་གྲུབ་ཀྱིས་སྲས་མོ་གྲགས་འཛིན་མ་ལ་རང་གི་སྐེ་རྒྱན་ནོར་བུའི་ཕྲེང་བ་གཡོགས་ཏེ་བཙུན་མོར་བདམས། སྲས་མོ་གྲགས་འཛིན་མ་བཙུན་མོར་ཐོབ་ཆེད་ད་དུང་རྒྱལ་སྲས་གཞན་རྣམས་དང་མདའ་རྩལ་འགྲན་པ་དང༌། རྟ་རྒྱུག་པ་སོགས་སྟོབས་ཀྱི་སྒྱུ་རྩལ་ཚང་མ་ལས་རྒྱལ་བ་དང༌། རྒྱལ་སྲས་དོན་གྲུབ་ཀྱིས་གཞན་གྱིས་བཀུག་མ་ཐུབ་པའི་གཞུ་མོ་ཆེ་བཀུག་སྟེ། མདས་ལྕགས་ཀྱི་སླ་ང་བདུན་དང༌། སྡོང་པོ་བདུན་དུས་གཅིག་ལ་ཕུག་པར་མཛད་པ་སོགས་རྒྱལ་སྲས་དོན་གྲུབ་ལ་འགྲན་ཐུབ་མཁན་གཞན་སུ་ཡང་མ་བྱུང༌། དེ་ནས་ཕོ་རྩལ་སྣ་དགུ་སྟེ། ལུས་ཀྱི་རྩལ་ནི། འཐེབ་ཀྱི་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟ་བུ་དང༌། ངག་གི་རྩལ་ནི། ལོ་རྒྱུས་ཀྱི་དགེ་ཐོན་པ། གཏམ་གྱི་བཞད་གད་ཐོན་པ། གཤགས་ཀྱིས་ཕ་རོལ་ནོན་པ་བཅས་དང༌། ཡིད་ཀྱི་རྩལ་ནི། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་དཔོག་པ་བཅས་སྒྱུ་རྩལ་ཐམས་ཅད་ལས་རྒྱལ་ཁའི་མེ་ཏོག་གི་ཕྲེང་བ་བསྒྲོན། དེ་རྗེས་བག་སྟོན་གྱི་རྟེན་འབྲེལ་རྒྱ་ཆེན་པོ་མཛད་དེ། བཙུན་མོའི་འཁོར་ལ་དགྱེས་པར་རོལ་བར་མཛད་དོ།། རྒྱལ་སྲས་དོན་གྲུབ་འཁྲུངས་པའི་སྐབས་རྩིས་མཁན་གྱི་ལུང་བསྟན་དུ། རྒྱལ་སྲས་འདི་ཆེར་ལོངས་པ་ན། ཡང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་འགྱུར་རམ། ཡང་ན་འཁོར་བ་ལ་ཆགས་ཞེན་བྲལ་བའི་སེམས་དཔའ་ཆེན་པོ་ཞིག་ཏུ་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། རྒྱལ་སྲས་དོན་གྲུབ་ཀྱིས་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་སྐྱེས་ཏེ་ཆོས་ལ་ཤོར་དོགས་ནས། ཡབ་རྒྱལ་པོ་ཟས་གཙང་གིས་རྒྱལ་སྲས་དོན་གྲུབ་ཕོ་བྲང་གི་ཕྱི་རོལ་དུ་ཕེབས་མ་བཅུག་པ་དང༌། རྒས་འཁོགས་དང༌། ནད་གཅོང་སོགས་ཕོ་བྲང་གི་ར་བའི་ནང་དང༌། ཉེ་འཁོར་དུ་ཡོང་མི་ཆོག་པའི་ཁྲིམས་བཟོས། ཐེངས་གཅིག་རྒྱལ་སྲས་དོན་གྲུབ་གྲོང་ཁྱེར་ལ་གཟིགས་སྐོར་དུ་ཕེབས་འདོད་ཡོད་ཚུལ་གསུངས་པ་དང༌། ཡབ་རྒྱལ་པོས་གྲོང་ཁྱེར་ཡོངས་རྫོགས་ལ་གཟབ་མཆོར་རྒྱ་ཆེན་པོ་བཤམ་དུ་བཅུག་ནས་རྒྱལ་སྲས་ཤིང་རྟའི་ནང་དུ་བཞུགས་ཏེ་གྲོང་ཁྱེར་ལ་ཕེབས། དེའི་སྐབས་གྲོང་ཁྱེར་གྱི་ཕྱོགས་གཅིག་ན་ལུས་འཁར་བ་ལ་བརྟེན་པའི་མི་རྒས་འཁོགས་ཤིག་གཟིགས་ཏེ་རྒ་བའི་སྡུག་བསྔལ་གྱི་གནས་ལུགས་རྣམས་གཟིགས། ཡང་ཐེངས་གཅིག་ཚོང་པའི་ཆས་སུ་བརྫུས་ནས་གྲོང་ཁྱེར་ལ་ཕེབས་སྐབས། གཟུགས་པོ་ཡོངས་རྫོགས་རྨ་ཡིས་ཁྱབ་པའི་མི་ནད་པ་ཞིག་གཟིགས་ཏེ་ན་བའི་སྡུག་བསྔལ་རྣམས་གཟིགས། དེ་གཟིགས་པ་དང་རྒྱལ་སྲས་ཀྱི་ཐུགས་ལ་སྙིང་རྗེ་ཚད་མེད་འཁྲུངས་ཤིང༌། ནད་པ་དེའི་ལུས་བསྐྱོར་ནས་རོགས་པ་དང་བྱམས་སྐྱོང་ཚད་མེད་མཛད། ཐེངས་གསུམ་པར། སླར་ཡང་ཤིང་རྟའི་ནང་གྲོང་ཁྱེར་ལ་ཕེབས་པ་དང༌། མི་ཤི་བའི་རོ་ཞིག་འཁྱེར་འགྲོ་བ་གཟིགས་པས་འཆི་བའི་སྡུག་བསྔལ་དང༌། སྐྱེ་བའི་སྡུག་བསྔལ་གཟིགས། ཐེངས་བཞི་པར་དགེ་སློང་གི་ཆ་བྱད་ཅན་ཞིག་གཟིགས་པས་ཐུགས་ལ་སྤྲོ་བ་ཚད་མེད་སྐྱེས་ནས་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་ཚད་མེད་འཁྲུངས། འགྲོ་བ་སེམས་ཅན་ཚང་མ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་བའི་ཐབས་ནི་ཆོས་ཡང་དག་པ་ཞིག་སྒྲུབ་པ་ལས་གཞན་མེད་པ་དང༌། མདོར་ན། ལུས་ཀྱི་སྟོབས་ཤུགས་དང༌། མཛེས་སྡུག་ལང་ཚོ་བཅས་ཀྱང་རིམ་པས་ཉམས་ཏེ། ཉིན་གཅིག་མི་འདོད་བཞིན་དུ་འཆི་བདག་གཤིན་རྗེའི་ཞགས་པའི་འཆིང་བ་ལས་ཐར་ས་མེད་པའི་གནས་ལུགས་རྣམས་མཁྱེན། དེ་ནས་རྒྱལ་སྲས་དོན་གྲུབ་ཀྱིས་ཚེ་འདིའི་བདེ་བ་ལ་ཆགས་ཞེན་སྤོང་བ་དང༌། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་ལམ་ཞིག་རྙེད་པའི་ཐབས་ཤེས་ཁོ་ན་ཐུགས་ལ་འཁོར། མཐར་འཁོར་བ་ནི་དུག་སྦྲུལ་གྱི་ཚང་ལྟ་བུར་གཟིགས་ཏེ། ཡང་དག་པའི་ལམ་དང༌། ཡང་དག་པའི་བདེན་པ་འཚོལ་བའི་ཕྱིར་རང་གི་རྒྱལ་སྲིད་སྤོང་རྒྱུའི་དམ་བཅའ་བརྟན་པོ་ཐུགས་ལ་བཀོད། ཉིན་ཞག་བདུན་རིང་ཉིན་མཚན་མེད་པར་རྒྱལ་སྲས་བསྲུངས་ཀྱང༌། ཞག་བདུན་གྱི་ཐ་མར་སྲུང་མཁན་རྣམས་མཚན་མོ་ཡུད་ཙམ་གཉིད་ལ་སོང་བའི་སྐབས་རང་གི་བཙུན་མོ་གྲགས་འཛིན་མ་དང༌། སྲས་སྒྲ་གཅན་འཛིན་གཉིས་ཀྱིས་ཀྱང་མ་མཁྱེན་པར་རྒྱལ་སྲིད་སྤངས་ནས་ཕོ་བྲང་གི་ཕྱིར་གཤེགས་སོ།། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རང་གི་ཆིབས་རྟ་ལ་ཆིབས་ཏེ་མཆོད་རྟེན་རྣམ་དག་གི་ཕྱོགས་སུ་ཕེབས། རྒྱལ་སྲས་དང་ལྷན་དུ་རང་གི་ཤིང་རྟའི་ཁ་ལོ་པ་འདུན་པ་ཟེར་བ་ལས་གཞན་སུ་ཡང་མེད། ཆུ་བོ་ཨ་ན་མ་ཞེས་པ་བརྒལ་ཏེ་ཕེབས་པའི་དུས་སུ་ཤིང་རྟའི་ཁ་ལོ་བས་རྒྱལ་སྲས་ཀྱི་ཆིབས་རྟའི་མཇུག་མ་ལ་འཇུས་ནས་ཁོ་ཡང་ཆུ་བོའི་ཕ་རོལ་ཏུ་སླེབས་ཐུབ་པ་བྱུང༌། ཆུ་བོ་ཨ་ན་མ་བརྒལ་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་ཕེབས་པ་དང༌། རང་གི་རལ་གྲི་ཤུབས་ནས་བཏོན་ཏེ་རང་ཉིད་ཀྱི་དབུ་སྐྲ་བཅད། དཔྲོག་ཞུ་དང༌། ན་བཟའ། རིན་པོ་ཆེའི་མགུལ་རྒྱན། ཆིབས་རྟ་བཅས་ཤིང་རྟའི་ཁ་ལོ་བར་གནང་སྟེ་རྒྱལ་གཞིས་སུ་ཕྱིར་སློག་གནང༌། ཡང་དག་པའི་ལམ་དང༌། ཡང་དག་པའི་ལྟ་བ། ཡང་དག་པའི་ཆོས་འཚོལ་བའི་ཆེད་དུ། རྒྱལ་སྲས་དོན་གྲུབ་ཀྱིས་དབེན་པའི་གནས་དང༌། ནགས་ཚལ། གྲོང་དང་གྲོང་ཁྱེར་སོགས་ས་གནས་མང་པོར་ཕེབས་ནས་བྲམ་ཟེ་དང༌། སློབ་དཔོན་མང་པོའི་དྲུང་དུ་ཕེབས་ཏེ་སློབ་སྦྱོང་དང་ཐོས་བསམ་མཛད། ས་ཕྱོགས་དེ་དག་ན་བཞུགས་པའི་བྲམ་ཟེ་དང་སློབ་དཔོན་མང་པོས་གཞོན་ནུ་དོན་གྲུབ་ལ་གུས་བསུ་དང༌། སྣེ་ལེན། ཞབས་ཏོག་རྒྱ་ཆེན་པོ་ཞུས། གཞོན་ནུ་དོན་གྲུབ་ཀྱིས་བྲམ་ཟེ་དང༌། སློབ་དཔོན་མང་པོ་བསྟེན་ཡང་སུས་ཀྱང་ཡང་དག་པའི་ལམ་དང༌། ཡང་དག་པའི་ལྟ་བ་སྟོན་མ་ཐུབ་པར་བརྟེན་ཡང་དག་པའི་བདེན་པ་འཚོལ་བའི་ཆེད་རྒྱ་གར་རྡོ་རྗེ་གདན་དང་ཉེ་བར་ཡོད་པའི་ཆུ་བོ་ནཻ་རཉ྄ཛ་ཞེས་པའི་འགྲམ་དུ་ཉིན་རེར་འབྲུ་རྡོག་རེ་དང༌། ཆུ་ཐིགས་པ་རེ་བཞེས་ཏེ་ལོ་དྲུག་གི་རིང་དཀའ་བ་དྲག་པོ་སྤྱད། རང་གི་སྐུ་ལུས་ཡོངས་རྫོགས་ཀེང་རུས་ལྟ་བུར་གྱུར་ཀྱང་ཡང་དག་པའི་ལམ་དང༌། ལྟ་བ། བདེན་པ་བཅས་ཀྱི་གནས་ལུགས་གང་ཡང་མཁྱེན་མ་ཐུབ། ཉིན་གཅིག་ཤིང་ནགས་ཀྱི་ནང་ནས་སྤྲུལ་པའི་བུད་མེད་གར་མཁན་མ་ཁག་གཅིག་སླེབས་ཏེ་གཞས་དང༌། ཞབས་བྲོ་འཁྲབ། གཞས་ཚིག་ཏུ་སྒྲ་སྙན་གྱི་རྒྱུད་སྐུད་ཧ་ཅང་དམ་དྲགས་ན་ཆད་པར་འགྱུར་ལ། ཧ་ཅང་ལྷུག་དྲགས་ན་སྒྲ་གདངས་མི་འབྱིན། ཟེར་བས་ངལ་ཞིང་དུབ་པའི་མཐའ་དང༌། འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་སྤོང་ཞེས་བསྐུལ་བ་ཡིན་པར་མཁྱེན་ཏེ། སྤྱོད་པའི་མཐའ་གཉིས་སྤངས་ཏེ་སྤྱོད་པ་དབུ་མའི་ལམ་བསྟེན་དགོས་པ་མཁྱེན། ལོ་དྲུག་གི་དཀའ་ཐུབ་ལས་བཞེངས་ཏེ་ཤིང་ན྄ཡ་གྲོ་དའི་སྡོང་པོའི་འོག་ཏུ་བཞུགས། དེར་སྔོན་ལེགས་སྐྱེས་མ་ཟེར་བའི་བུད་མེད་གཅིག་གིས་ཤིང་གི་ལྷ་ལ་སྨོན་ལམ་བརྒྱབས་ཏེ། རང་ལ་བུ་ཞིག་གི་དངོས་གྲུབ་གནང་ན་ཤིང་གི་ལྷ་ལ་འོ་འབྲས་ཀྱི་མཆོད་པ་འབུལ་རྒྱུའི་ཁས་ལེན་བྱས་ཡོད་པ་དེས། ཉིན་གཅིག་ཤིང་དེའི་འོག་ཏུ་སྔར་མཐོང་མ་མྱོང་བའི་མི་ཞིག་ཡོད་པ་མཐོང་བ་དང༌། ད་ནི་ཤིང་གི་ལྷས་རང་ཉིད་ལ་དངོས་སུ་ཞལ་གཟིགས་གནང་བར་བསམས་ཏེ། གུས་པ་ཆེན་པོས་བ་མཆོག་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་འབྲས་ཀྱི་མཆོད་པ་ཕུལ། ལེགས་སྐྱེས་མས་ཕུལ་བའི་འོ་འབྲས་མཆོད་རྗེས་སྐུ་གཟུགས་སྔར་ལྟར་གསོས། ཉིན་གཅིག་བྲམ་ཟེ་རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ཟེར་བས་རྩྭ་ཀུ་ཤའི་ཁྲེས་པོ་འཁྱེར་ཏེ་འགྲོ་བ་གཟིགས་པ་དང༌། རྒྱལ་སྲས་དོན་གྲུབ་ཀྱིས་བཀའ་བསྩལ་བ་ལྟར། རྩྭ་ཀུ་ཤའི་ཆག་པ་ཕུལ་བ་བཞུགས་གདན་མཛད་ཅིང༌། གདན་ཐོག་གཅིག་ལ་འཚང་རྒྱ་བའི་རྟེན་འབྲེལ་ལེགས་པར་འགྲིགས། དེ་ནས་ཀུ་ཤའི་ཆག་པ་གདན་ལ་བཏིང་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་སྐུ་རྒྱབ་མཛད། སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མ་ཐོབ་བར་གདན་དེ་ལས་མི་བཞེངས་པའི་དམ་བཅའ་བརྟན་པོ་མཛད། གཞོན་ནུ་དོན་གྲུབ་ཀྱིས་དམ་བཅའ་བརྟན་པོ་བཞག་པ་དེ་བདུད་སྡིག་ཏོ་ཅན་རྣམས་ཀྱིས་ཤེས་ཏེ་ཆོས་ལ་བར་ཆད་གཏོང་ཆེད་ལ་ལས་མེ་སྤོར་བ་དང༌། ལ་ལས་རྡོ་ཆར་འབེབ་པ། ལ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པ། ལ་ལས་གར་མཁན་མར་སྤྲུལ་ཏེ་རྣམ་འགྱུར་སྣ་ཚོགས་བསྟན་ཡང༌། རྒྱལ་སྲས་དོན་གྲུབ་ཀྱི་ཐུགས་ལ་འཇིགས་པ་དང༌། གཡོ་བ་སྤུ་ཙམ་མེད་པར་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཐུགས་ལ་ཁྲོ་བ་ཙམ་ཡང་མེད་པར་སྙིང་རྗེ་ཆེན་པོ་འཁྲུངས་པས། བདུད་ཀྱི་རྡོ་ཆར་དང༌། མཚོན་ཆ་རྣམས་མེ་ཏོག་གི་ཆར་པར་གྱུར་ཏེ་སྐུ་ལུས་ལ་གནོད་པ་ཕྲ་མོ་ཙམ་ཡང་མ་བྱུང༌། དེ་ལྟར་རྒྱལ་སྲས་དོན་གྲུབ་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་པར་མཛད་ནས་མཉམ་པར་བཞག །མཐར་ས་ག་ཟླ་བའི་ཚེས་ ༡༥ ཉིན་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རེངས་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞིའི་གནས་ལུགས་རྣམས་ཡང་དག་པར་ཐུགས་ལ་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དངོས་སུ་ཐོབ་བོ།། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྗེས་སུ་ཡུལ་ཝཱ་རཱ་ཎ་སཱིར་ཕེབས། དེར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ད་ལྟའི་ས་ར་ན་ཐ་ཞེས་པར་སློབ་མའི་ཐོག་མ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། འཁོར་ལྔ་སྡེ་རྣམས་ནི་སངས་རྒྱས་རང་ཉིད་སྔར་ཡང་དག་པའི་ལམ་འཚོལ་བའི་སྐབས་ཀྱི་ཆོས་གྲོགས་བྲམ་ཟེ་ལྔ་ཡོད་པ་དེ་རྣམས་ཡིན། ཁོང་རྣམས་ལ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་ཡང་དག་པའི་ལམ་བཟང་བསྟན་པར་མཛད། དེ་ནས་རིམ་བཞིན་སློབ་མའི་ཚོགས་ཇེ་མང་དུ་ཕྱིན། ཡུལ་ཝཱ་རཱ་ཎ་སཱིར་བཀའ་དང་པོ་བདེན་པ་བཞི་ལས་བརྩམས་པའི་ཆོས་འཁོར་མང་དུ་བསྐོར་བར་མཛད། བདེན་པ་བཞི་ནི། ༡ སྡུག་བསྔལ་བདེན་པ། ༢ ཀུན་འབྱུང་བདེན་པ། ༣ འགོག་པའི་བདེན་པ། ༤ ལམ་གྱི་བདེན་པ་བཅས་སོ། །བདེན་པ་བཞིའི་གནས་ལུགས་ཡང་དག་རྟོགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་ནི། ༡ ཡང་དག་པའི་ལྟ་བ། ༢ ཡང་དག་པའི་རྟོག་པ། ༣ ཡང་དག་པའི་ངག ༤ ཡང་དག་པའི་ལས་ཀྱི་མཐའ། ༥ ཡང་དག་པའི་འཚོ་བ། ༦ ཡང་དག་པའི་རྩོལ་བ། ༧ ཡང་དག་པའི་དྲན་པ། ༨ ཡང་དག་པའི་ཏིང་ངེ་འཛིན་བཅས་སོ།། སངས་རྒྱས་བཅོམ་ལྡན་འདས་གང་དུ་ཕེབས་པའི་གནས་དེར་སངས་རྒྱས་ཀྱི་ཆོས་ལུགས་ཀྱང་དར་ཁྱབ་བྱུང༌། སྐབས་དེར་བྲམ་ཟེ་ཀ་ཤབ་པ་རྣམས་ཀྱིས་མེའི་མཆོད་པ་བྱེད་སར་དུག་སྦྲུལ་ཤིན་ཏུ་གནོད་འཚེ་ཆེ་བ་ཞིག་ཡོད། ཉིན་གཅིག་སངས་རྒྱས་དེར་ཕེབས་ཏེ་བཞུགས་པ་དང༌། སངས་རྒྱས་ཀྱིས་རང་གི་ཕྱོགས་སུ་དུག་སྦྲུལ་ཆེན་པོ་ཞིག་ཤུགས་དྲག་ཆེན་པོས་ཡོང་བ་གཟིགས། དེ་ལ་སངས་རྒྱས་ཀྱིས་སྤྱན་གཟིགས་པ་ཙམ་གྱིས་དུག་སྦྲུལ་དེ་ཞི་ཞིང་དུལ་བར་གྱུར་ཏེ། སངས་རྒྱས་ཀྱི་ལྷུང་བཟེད་ནང་དུ་དགའ་བདེར་ཉལ། ཡང་སྐབས་འགའ་ཞིག་གྲོང་ཁྱེར་ག་ཡའི་འཁྲིས་སུ་ཡོད་པའི་ག་ཡ་མགོ་རི་ཞེས་པའི་སྟེང་དུ་རྒྱུན་མི་ཆད་པའི་མེ་ཆེན་པོ་ཞིག་འབར། དེ་ལ་མི་རྣམས་ཀྱིས་འཇིགས་སྣང་ཆེན་པོ་བྱས་པ་དང༌། སངས་རྒྱས་ཀྱིས་རང་གི་སློབ་མ་རྣམས་དེར་འཁྲིད་པར་མཛད་དེ། མི་རྣམས་ཀྱི་རྒྱུད་ལ་ཉོན་མོངས་དུག་གསུམ་གྱི་མེ་ཕུང་འདི་ལས་འཇིགས་སྣང་ཆེ་བ་ཞིག་འབར་བཞིན་དུ་ཡོད། མི་སུ་ཞིག་གིས་རང་རྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་གྱི་མེ་ཆེན་དེ་འཇོམས་པའི་ཐབས་སུ་ཡང་དག་པའི་གཉེན་པོ་བསྟེན་པ་དེ་ནི་བློ་གྲོས་དང་ལྡན་པ་ཡིན་ཞེས་གསུངས་སོ།། ག་ཡ་མགོ་རི་ནས་རིམ་བཞིན་རྒྱལ་པོའི་ཁབ་ཏུ་ཕེབས། སངས་རྒྱས་བཅོམ་ལྡན་འདས་ཡུལ་དེར་ཕེབས་པའི་གནས་ཚུལ་ཐོས་པ་དང༌། ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། དེ་ཉིད་ཀྱི་བཙུན་མོ། རྒྱལ་སྲས། བློན་པོའི་འཁོར་དང་བཅས་པ་སངས་རྒྱས་མཇལ་བར་ཕེབས། རྒྱལ་པོ་འཁོར་དང་བཅས་པར་ཆོས་ཀྱི་གནས་ལུགས་མང་པོ་གསུངས། རྒྱལ་པོ་དེ་སངས་རྒྱས་ལ་དད་པ་ཆེན་པོ་སྐྱེས་ཏེ་ནང་པའི་བསྟན་པ་ལ་ཞུགས་སོ།། དེ་ནས་རྒྱལ་སྲས་དོན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས། རབ་ཏུ་བྱུང་བ་དང༌། བྲམ་ཟེ་དང༌། རྒྱལ་པོ་ལ་སོགས་པའི་འཁོར་དཔག་ཏུ་མེད་པར་ཆོས་འཁོར་སྐོར་བ་སོགས་ཡབ་རྒྱལ་པོས་གསན་པས། དགའ་བ་དང་དད་པ་ཤུགས་དྲག་པོ་སྐྱེས་ཏེ་གདན་ཞུ་ཐེངས་མང་བཏང་བའི་མཐར་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡབ་ཀྱི་རྒྱལ་ས་གྲོང་ཁྱེར་སེར་སྐྱར་ཕེབས་ནས། རང་གི་རྒྱལ་གཞིས་སུ་བསོད་སྙོམ་བཞེས་པར་ཕེབས། ཡབ་རྒྱལ་པོ་ཟས་གཙང་མས་རེ་འདུན་ཞུས་པ་ལྟར། སངས་རྒྱས་ཀྱིས་རང་གི་རྒྱལ་གཞིས་ལ་བསོད་སྙོམས་བཞེས་པར་ཕེབས། དེར་བཙུན་མོ་གྲགས་འཛིན་མའི་སར་སངས་རྒྱས་སྐུ་དངོས་སུ་ཕེབས་པ་དང༌། བཙུན་མོ་གྲགས་འཛིན་མས་རང་གི་ལུས་ས་ལ་ཕབ་སྟེ་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ། སངས་རྒྱས་ཀྱིས་ཡབ་དང༌། བཙུན་མོ་གྲགས་འཛིན་མ་འཁོར་དང་བཅས་པར་ཆོས་ཀྱི་བསླབ་བྱ་མང་པོ་གསུངས་སོ།། དེ་རྗེས་བཙུན་མོ་གྲགས་འཛིན་མས་རང་གི་སྲས་སྒྲ་གཅན་འཛིན་སངས་རྒྱས་ཀྱི་དྲུང་དུ་ཕ་མེས་ཀྱི་ནོར་སྐལ་ཞུ་བར་བཏང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་སྒྲ་གཅན་གཛིན་ལ་རབ་བྱུང་གི་སྡོམ་པ་བསྩལ་ཏེ། ནོར་ཀུན་གྱི་གཙོ་བོ་འཕགས་པའི་ནོར་བདུན་གྱིས་ཚིམས་པར་མཛད་ནས་དགེ་འདུན་གྱི་སྡེར་འཇུག་པར་མཛད། འཕགས་པའི་ནོར་བདུན་ནི། ༡ དད་པ། ༢ ཚུལ་ཁྲིམས། ༣ ཐོས་པ། ༤ གཏོང་བ། ༥ ངོ་ཚ་ཤེས་པ། ༦ ཁྲེལ་ཡོད་པ། ༧ ཤེས་རབ་དང་བཅས་བདུན་ནོ།། སྐབས་གཅིག་ལ་མི་འགའ་ཞིག་གིས་སངས་རྒྱས་ལ་ཕྲག་དོག་ལངས་ཏེ། གཱཽ་ཏ་མ་ལ་རྫུ་འཕྲུལ་སྟོན་པའི་མཐུ་རྩལ་མེད་ཅེས་སྐུར་བ་མང་པོ་བཏབ་པ་དང༌། སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན། སྡིག་ཅན་རྣམས་ཡིད་ཆེས་པ་དང༌། དད་པ་སྐྱེ་བའི་ཕྱིར་སངས་རྒྱས་ཀྱིས་ཤིང་ཨ་མྲའི་འབྲས་བུ་ཞིག་བཞེས་པའི་ཚི་གུ་ས་ལ་སྦས། དེའི་སྟེང་ཕྱག་བསིལ་གྱི་ཆུ་གཏོར་བར་མཛད་པས། དེ་ལ་ལམ་སེང་འབྲས་བུ་ཡང་སྐྱེས་ཏེ། དེར་ཡོད་ཀུན་གྱིས་དངོས་སུ་ཟ་རྒྱུ་བྱུང་བ་སོགས་རྫུ་འཕྲུལ་མང་པོ་བསྟན་པས་ཚང་མ་དད་པའི་ས་ལ་བཀོད་པར་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་རྟག་ཏུ་སེམས་ཅན་ཚང་མ་ལ་དབྱེ་བ་མེད་པར་བྱམས་པ་དང༌། སྙིང་རྗེ་ཚད་མེད་མཛད། སངས་རྒྱས་བཅོམ་ལྡན་འདས་གཅིག་པུར་ནགས་སུ་བཞུགས་པའི་ཚེ། གླང་པོ་ཆེ་དང༌། སྤྲེའུ་སོགས་རི་དྭགས་དང་གཅན་གཟན་རྣམས་ཀྱིས་སངས་རྒྱས་ལ་སྐོར་བ་རྒྱག་པ་དང༌། ཆུ་དང༌། ཤིང་ཏོག །སྦྲིང་རྩི་སོགས་ཀྱི་མཆོད་པ་ཕུལ། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ། མཉན་ཡོད་དུ་བྲམ་ཟེ་སོར་མོའི་ཕྲེང་བ་ཟེར་བ་ཞིག་བྱུང༌། དེས་མི་སྟོང་ཕྲག་གཅིག་བསད་པའི་སོར་མོའི་ཕྲེང་བ་ཞིག་བཟོ་ཆེད། མི་མང་པོ་བསད་ནས་མི་རེའི་སོར་མོ་རེ་བཅད་དེ་རང་གི་སྐེ་ལ་བཏགས། མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་ཟིན་ནས་མི་གཅིག་མ་ལོངས་པར་བཙལ་བ་ན། ཉིན་གཅིག་སངས་རྒྱས་བཅོམ་ལྡན་འདས་ལམ་དེར་ཕེབས་པ་དང༌། སོར་མོའི་འཕྲེང་བས་མཐོང་སྟེ་སངས་རྒྱས་ཀྱི་རྗེས་སུ་བརྒྱུགས་ཀྱང་རྗེས་མ་ཟིན། སངས་རྒྱས་ཀྱི་དལ་བུར་ཕེབས་ནའང་རྗེས་མ་ཟིན། དེ་ནས་སངས་རྒྱས་ཀྱིས་འཇིགས་ཞུམ་མེད་པར་སོར་མོའི་ཕྲེང་བ་སྒུག་པ་གནང་སྟེ། བྱམས་བརྩེ་ཆེན་པོ་མཛད་པས། ཁོ་ཧ་ལས། དད་པ་སྐྱེས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ། སངས་རྒྱས་ཀྱིས་སོར་མོའི་ཕྲེང་བ་རབ་ཏུ་བྱུང་བར་མཛད་པ་དང༌། དེས་ཀྱང་ཆོས་ཀྱི་སློབ་སྦྱོང་དང༌། ལག་ལེན་ལ་ཧུར་བརྩོན་ཆེན་པོ་བྱས་པས་མཐར་དགྲ་བཅོམ་པའི་གོ་འཕང་ཐོབ་བོ།། སྐབས་དེར་གྲོང་ཁྱེར་མཉན་ཡོད་ཀྱི་འགྲམ་ན་གྲོང་གསེབ་ཞིག་ཡོད་པ་དེར་ཤིང་ན྄ཡ་གྲོ་ད་ཞིག་གི་འོག་ཏུ་བདུད་གཅིག་སྡོད་ཀྱི་ཡོད། ཁོའི་ཟས་སྐལ་དུ་ཉིན་རེར་མི་རེ་འགྲོ་དགོས་ཀྱི་ཡོད། ཉིན་གཅིག་སངས་རྒྱས་ཡུལ་དེར་ཕེབས་ཏེ་ཤིང་སྡོང་དེའི་འོག་ཏུ་བཞུགས་པ་དང༌། བདུད་དེས་སངས་རྒྱས་ལ་གནོད་པ་སྐྱེལ་ཐབས་བྱས་ཀྱང༌། གནོད་འཚེ་གང་ཡང་བྱེད་མ་ཐུབ་སྟབས་སངས་རྒྱས་ལ་དད་པ་སྐྱེས་ནས་སྐྱབས་སུ་བཟུང༌། དེ་ནས་བཟུང་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་པའི་དམ་བཅའ་ཕུལ་ལོ།། ཡང་ཉིན་གཅིག་མཆོད་སྦྱིན་ལ་བརྩོན་པའི་བྲམ་ཟེ་བྷྭ་ར་དྷཱ་ཛ་ལ་བཀའ་བསྩལ་པ། མིའི་ནང་ནས་མཆོག་ཏུ་གྱུར་པ་ནི་དགེ་བའི་ལས་བྱེད་མཁན་དེ་ཡིན། རང་གི་བྱ་སྤྱོད་ངན་ཞིང་མི་དགེ་བའི་ལས་བྱས་ཀྱང༌། རིགས་མཐོན་པོར་སྐྱེས་པ་ཙམ་ལ་མཆོག་ཏུ་འཛིན་པ་དེ་ནི་རྫུན་པའི་ལས་ཡིན་ཞེས་གསལ་སྟོན་མཛད་དོ།། སངས་རྒྱས་ལ་ཕྲག་དོག་བྱེད་མཁན་མང་པོ་ཡོད་ཀྱང་སྡང་དགྲར་འཛིན་ཞིང༌། ཕྲག་དོག་བྱེད་མཁན་གཙོ་བོ་རང་གི་ཕུ་བོ་ལྷས་བྱིན་ཡིན། ཉིན་གཅིག་སངས་རྒྱས་ཀྱི་སྐུ་ལ་གནོད་འཚེ་བྱེད་དགོས་བསམས་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ངན་བསླབས་བརྒྱབ་སྟེ་སངས་རྒྱས་ཕེབས་པ་དང༌། གླང་པོ་ཆེ་སྨྱོན་པ་རི་བོ་སྔོ་སངས་ཞེས་པ་གློད་དུ་བཅུག །འོན་ཀྱང་གླང་ཆེན་སྨྱོན་པ་དེས་སངས་རྒྱས་ཀྱི་ཞལ་མཐོང་བ་དང་ལམ་སེང་ས་ལ་ཉལ་ནས། ཞབས་འོག་གི་རྡུལ་རང་གི་མགོ་དང་གཟུགས་པོའི་སྟེང་ལ་གཏོར་ཏེ་ཞི་ཞིང་དུལ་བར་གྱུར། དེ་ནས་བཟུང་གླང་པོ་ཆེ་དེས་གཞན་ལ་གནོད་པ་མ་བྱས་སོ།། རྒྱལ་པོ་རྒྱལ་བྱེད་ཀྱི་མཛོད་བློན་གྱི་ཆུང་མ་ཝེཤཱཀཱ་ཟེར་བ་ཞིག་ཡོད། དེས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཧ་ཅང་དད་པ་ཆེ་བས་སངས་རྒྱས་དང༌། དགེ་འདུན་རྣམས་ལ་ན་བཟའ་དང༌། འབྲས། ཤིང་ཏོག །སྨན། གསོལ་བ་བཅས་བསོད་སྙོམ་འབུལ་རྒྱུར་ཁས་ལེན་ཞུས། ཝེ་ཤཱཀཱའི་དད་པ་ནི་རྟག་ཏུ་ཡང་དག་པའི་དད་པ་ཡིན། ཉིན་གཅིག་བྲམ་ཟེ་མོ་གཱཽ་ཏ་མི་ཞེས་པའི་བུ་ཤི་བ་དང༌། མོས་རང་གི་བུ་ཤི་བའི་རོ་འཁྱེར་ཏེ་སངས་རྒྱས་ཀྱི་དྲུང་དུ་བཅར་ཏེ་སླར་ཡང་གསོན་པོར་འགྱུར་བའི་སྐྱབས་འཇུག་ཞུས། སངས་རྒྱས་ཀྱིས་གཱཽ་ཏཱ་མི་ལ་བཀའ་བསྩལ་པ། མི་གཅིག་ཀྱང་འཆི་མ་མྱོང་བའི་ཁྱིམ་ཚང་ཞིག་ནས་ཏིལ་སྙིམ་པ་གང་བྱུང་ན་བུ་ཤི་བ་ལས་གསོ་ཐུབ་ཅེས་གསུངས། མོས་ས་ཕྱོགས་གང་ས་ག་ལ་སོང་ཡང་མི་ཤི་མ་མྱོང་བའི་ཁྱིམ་ཚང་ནི་གཅིག་ཀྱང་མ་རྙེད། དེས་ཚང་མ་འཆི་བའི་འཇིགས་པ་ལས་ཐར་ཐབས་མེད་པ་དང༌། རང་གི་བུ་ཡང་ཤི་བ་ལས་སླར་གསོ་ཡོང་ཐབས་མེད་པ་ཤེས་ཐུབ་པ་བྱུང༌། འདི་ནི་སངས་རྒྱས་ཀྱི་ཆོས་སྟོན་པའི་ཐབས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། སངས་རྒྱས་ཀྱིས་གར་མཁན་རྣམས་ཀྱང་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བར་མཛད། སྐབས་ཤིག་གར་མཁན་མ་ཨ་མར་པཱ་ལི་ཞེས་པས་སངས་རྒྱས་གདན་དྲངས་པ་ལྟར་སངས་རྒྱས་ཀྱིས་རང་གི་སློབ་མའི་ཚོགས་དང་བཅས་དེའི་ཁྱིམ་དུ་ཕེབས། མོ་ཡང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་དད་པ་སྐྱེས་ནས་དགེ་བའི་སེམས་དང་ལྡན་པར་གྱུར། སངས་རྒྱས་གང་དུ་གདན་དྲངས་པའི་ཤིང་ཨ་མྲའི་སྡོང་པོའི་སྐྱེད་ཚལ་དེ་ཡང་དགེ་འདུན་གྱི་ཀུན་དགའ་ར་བའི་ཆེད་དུ་ཕུལ། ཉིན་གཅིག་སངས་རྒྱས་ཀྱིས་བྲམ་ཟེ་བེ་ཤ྄ཡ་སེ་གལ་གྱིས་ཕྱོགས་བཞི་ལ་ཕྱག་འཚལ་བ་གཟིགས་པ་དང༌། སངས་རྒྱས་ཀྱིས་གཞན་ལ་གནོད་པ་སྤོང་བ་དང༌། གཞན་གྱི་ནོར་མི་རྐུ་བ། རྫུན་མི་ཤོད་པ་དང༌། ལོག་གཡེམ་སྤོང་བ་བཅས་ན་ཆོས་ཀྱི་སྲུང་སྡོམ་ཡིན་པས་ཕྱོགས་བཞི་ལ་ཕྱག་འཚལ་བའི་སྐབས་སྡིག་པའི་ལས་དེ་དག་སྤོང་བའི་དམ་བཅའ་བྱེད་དགོས་པ་ཡིན། ཞེས་གསུངས། གཞན་ཡང་དེ་དང་འདྲ་བའི་ཆོས་ཀྱི་གནས་ལུགས་དང་སྦྱར་བའི་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོས་ལམ་མང་པོ་བསྟན་པར་མཛད་དོ།། ཉིན་གཅིག་རྒྱལ་པོ་རྒྱལ་བྱེད་སངས་རྒྱས་ཀྱི་སྐུ་གམ་དུ་བཅར་ནས། དགེ་སློང་རྣམས་ཀྱིས་རིགས་དམན་གྱི་ལག་ནས་ཆུ་འཐུང་བ་འདི་ནི་ཡང་དག་པ་མ་ཡིན་ཞེས་ཞུས་པར། སངས་རྒྱས་ཀྱིས། དགེ་སློང་རྣམས་ནི་རིགས་རུས་བཟང་ངན་གང་ལའང་གཏོགས་མེད། དགེ་སློང་རྣམས་ཀྱིས་ཟས་དང༌། ཆུ་ཕྱོགས་གང་ས་ནས་ལེན་པ་མི་ལེགས་ཀྱང༌། ཡང་དག་པའི་སྤྱོད་པ་དང༌། དད་བརྩོན། ལྟ་བ་བཅས་ལ་བརྩི་བཀུར་དགོས་པ་ཡིན་ཞེས་གསུངས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དང༌། རྒྱལ་པོ་དང༌། བྲམ་ཟེ་དང༌། ཆོམ་རྐུན་དང༌། གར་མཁན་མ་ལ་སོགས་པའི་སྐྱེ་བོའི་ཚོགས་མང་པོར་ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཡང་དག་པའི་ཆོས་ཀྱི་བསླབ་བྱ་མང་པོ་བསྟན་པར་མཛད་པ་དང༌། སངས་རྒྱས་མྱ་ངན་ལས་འདས་གོང་གི་ཆོས་མཐའ་མ་དེ་ཡུལ་རྩྭ་མཆོག་གྲོང་དུ་ཀུན་དགའ་བོ་དང༌། དགེ་སློང་གི་སློབ་མའི་ཚོགས་ལ་གསུངས་སོ།། དེ་ནས་ཀུན་དགའ་བོ་སོགས་སློབ་མའི་ཚོགས་རྣམས་ཕྱོགས་གཞན་དུ་ཕེབས་པའི་ཚེ། བདུད་ཀྱི་ཕོ་ཉ་དགའ་རབ་དབང་ཕྱུག་སངས་རྒྱས་ཀྱི་དྲུང་དུ་བཅར་ནས། ད་ནི་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཀྱིས་འཛམ་བུའི་གླིང་འདིར་གདུལ་བྱ་སྐྱོང་བའི་དུས་ཚོད་རྫོགས་པ་ཡིན་པས། ད་ནི་མྱ་ངན་ལས་འདའ་བའི་དུས་ལ་བབས་སོ། །ཞེས་གསོལ་བ་བཏབ་པ་ལྟར་མི་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་བའི་མཛད་པར་མཁྱེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟར་ཞལ་གྱིས་བཞེས་སོ།། དེ་ནས་ཀུན་དགའ་བོ་སངས་རྒྱས་ཀྱི་དྲུང་དུ་ཕེབས་ནས། བདུད་ཀྱི་ཕོ་ཉ་དགའ་རབ་དབང་ཕྱུག་གིས་གསོལ་བ་བཏབ་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བར་ཞལ་གྱིས་བཞེས་སོ་ཟེར་བ་ཤེས་པ་དང༌། སྡུག་བསྔལ་གྱིས་ཡོངས་སུ་ནོར་པར་གྱུར། སངས་རྒྱས་ཀྱིས་ཀུན་དགའ་བོ་མྱ་ངན་གྱིས་ནོན་པ་མཁྱེན་ནས་བྱམས་བརྩེའི་ཐུགས་ཀྱིས་ཀུན་དགའ་བོ་ལ་ཆོས་ཀྱི་གནས་ལུགས་དང་སྦྱར་ནས་སེམས་གསོ་དང༌། སྡུག་བསྔལ་ཞི་ཐབས་མཛད། ཡུལ་རྩྭ་མཆོག་གྲོང་དུ་ཕེབས་པའི་ལམ་དུ། སངས་རྒྱས་ཞལ་སྐྱེམས་ནས་ཀུན་དགའ་བོ་ལ་སྐྱེམས་གསོ་བའི་ཆེད་ཆུ་འཁྱེར་ཡོང་དགོས་པའི་བཀའ་བསྩལ་བ་དང༌། ཀུན་དགའ་བོས་མ་ཤེས་པར་ཤིང་རྟ་ལྔ་བརྒྱ་ཐམ་པ་ཕྱིན་མ་ཐག་པའི་ཆུ་ཀླུང་གི་ཆུ་ལྷུང་བཟེད་ནང་ཕུལ་བ་སངས་རྒྱས་ཀྱིས་བཞེས་པས། དེས་རྐྱེན་བྱས་ཏེ་སྐུ་ལ་བསྙུན་གཞི་ཕོག་པའི་ཚུལ་བསྟན་པར་མཛད་དོ།། དེ་ནས་རྩྭ་མཆོག་གྲོང་དུ་ཤིང་ས་ལའི་ནགས་ཚལ་གྱི་ནང༌། ས་ལའི་སྡོང་པོ་གཉིས་ཀྱི་དབར་ན་ཀུན་དགའ་བོས་བཤམས་པའི་གཟིམ་ཁྲིའི་སྟེང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་མཛད་དོ།། སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། གནས་དང་ཕྱོགས་ཀུན་ཏུ་དགེ་འདུན་གྱི་ཚོགས་དང༌། ཡུལ་གྱི་མི་རྣམས་ཚང་མ་ཚད་མེད་པའི་མྱ་ངན་གྱིས་ཡོངས་སུ་ནོན་པར་གྱུར། དེ་ནས་ས་ཕྱོགས་ཚང་མར་སངས་རྒྱས་ཀྱིས་འདས་མཆོད་དང༌། ཞུགས་འབུལ་གྱི་ཆོ་ག་ཡང་རྒྱ་ཆེན་པོ་བྱས་སོ། །མ་འོངས་པ་ན་མི་རྣམས་ཀྱི་དད་པའི་རྟེན་དུ་གནས་མི་འདྲ་བ་བརྒྱད་དུ་མཆོད་རྟེན་ཆེན་པོ་བརྒྱད་བཞེངས་ཏེ། དེ་དག་གི་ནང་དུ་སངས་རྒྱས་ཀྱི་ཚེམས་དང༌། རིང་བསྲེལ། སྐུ་རུས་སོགས་བཞུགས་སུ་གསོལ་བའི་གནས་རྣམས་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་བཅས་སོ།། །།