User talk:སྐྱོ་བྲག་དགའ་དབང་།

Page contents not supported in other languages.
ཡོང་ཁུངས་Wikipedia

ཕ་མ་གནས་བསྐོར་དུ་བསླེབས་པ། སྐྱོ་བྲག་དགའ་དབང་།

       ལུས་སྲོག་བསྐྱེད་ཅིང་འགྱུར་མེད་བྱམས་བརྩེས་བསྐྱངས། །
            ཤེས་བྱ་ཀུན་བསླབས་བུ་ཡི་བདེ་ཐབས་སུ། །
            ཐམས་ཅད་བློས་གཏོང་ཕོད་པའི་ཕ་མ་ནི། །
            དགའ་གུས་བཀུར་གཟོས་གཙུག་ཏུ་མཆོད་འོས་ཉིད། །                   
       དེ་ཡང་འཇིག་རྟེན་འདི་རུ་རྐང་རྗེས་བཞག་པའི་འགྲོ་བ་ཞིག་ཡིན་ནས་བཟུང་བདེ་བ་འཐོབ་ཐབས་སུ་གང་སར་འཁྱམས་ཀྱི་ཡོད་པ་བཞིན། བདག་ཀྱང་སྔོན་མ་ནས་བོད་ས་སྟོད་སྨད་ཀུན་ཏུ་འཁྱམས་པའི་འཁྱམས་པོ་ཞིག་ཡིན་ཐོག རབ་རྒྱན་མེ་གླང་ལོའི་ལོ་སྨད་ནས་རྒྱལ་ཁབ་གཞན་དུ་འཁྱམས་པའི་གོ་སྐབས་འཕྲད་པ་ལྟར། ལས་ཀ་ཡོད་ལ་མེད་ཀྱི་ངང༌། མི་ཚེ་ཅི་འགྲོས་འཁྱམས་བསྡད་པ་ན། ཆུ་ལུག་ཟླ་བ་དྲུག་པའི་ཟླ་དཀྱིལ་གྱི་ཉིན་ཞིག རུམ་བཏེག་ཞོལ་པའི་འདན་མ་ཟླ་བས་ཨང་གྲངས་འདིའི་ཐོག་ཁ་པར་ཞིག་རྒྱོབ་ཤོག་ཁྱོད་རང་ལ་མཁན་པོ་ཚུལ་རྣམ་གྱིས་གསུང་གི་འདུག་ཟེར་བས། གནས་ཚུལ་ག་རེ་ཡོད་པ་ཡིན་ནམ་སྙམ་སྟེ་ཞལ་པར་ཞིག་ཕུལ་བར། ཁྱོད་རང་ཕ་མས་སང་ཉིན་དགོང་མོ་ཨང་གྲངས་འདིའི་ཐོག་ངེས་པར་དུ་ཁ་པར་ཞིག་རྒྱོབ་ཤོག་ཟེར་གྱི་འདུག་གསུངས་པས། ལོ་ངོ་བདུན་གྱི་རིང་ཕན་ཚུན་གྱི་གནས་ཚུལ་རྒྱང་རིང་གི་སྐད་ཆ་ཙམ་ལས་གསལ་པོ་ཤེས་རྟོགས་མེད་པ་ལ། དེ་རིང་དེ་འདྲའི་ཛ་དྲག་ཅིག་ག་རེ་ཡིན་ནམ་སྙམ་སྟེ། གནས་ཚུལ་ག་རེ་ཡོད་ཁྱེད་ཀྱིས་དགོངས་སམ་ཞུས་པར། ངས་ཁ་པར་རྒྱོབ་ཤོག་ཟེར་བ་ཙམ་ལས་གཞན་དག་གང་ཤེས་མ་སོང་གསུངས། ཕ་མ་གཉིས་པོས་ཁ་པར་རྒྱོབ་ཤོག་ཟེར་བ་ལ་བལྟས་ན་ཕ་མ་གཉིས་པོ་ཤི་ནི་ཡོད་ས་མ་རེད། གཞན་པའི་གནས་ཚུལ་ཚབས་ཆེན་ག་རེ་ཡིན་ནམ་སྙམ་པའི་ཐེ་ཚོམ་ངང་གནས་ཏེ་བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་དགོང་མོ་སྒང་ཐོག་ནས་སྐྱེ་རྒུ་མདོར་ཁ་པར་བརྒྱབ་པས་ཨ་ཕ་བུ་ཆུང་དང་རང་གི་གཅུང་པོ་བཀྲ་ཉི་གཉིས་འདུག བཀྲ་ཉི་ལ་བདེ་གནས་ཡིན་མིན་དང༌། གནས་ཚུལ་ག་རེ་ཡོད་དམ་དྲིས་པས། བཀྲ་ཉིས། བཟའ་མི་ཚང་མ་བདེ་པོ་ཡིན་པ་དང༌། ད་ལོ་ཕ་མ་གཉིས་པོ་རྒྱ་གར་གནས་བསྐོར་དང་བུ་ལ་ཐུག་ཏུ་འགྲོ་དགོས་ཟེར་གྱི་འདུག་པས་ཕྱི་བསྐྱོད་ལག་ཁྱེར་ལེན་དུ་འདིར་ཡོང་བ་ཡིན། གལ་སྲིད་ལག་ཁྱེར་ཐོབ་སྟེ་རྒྱ་བལ་དུ་ཡོངས་ཀྱང་ཁྱོད་རང་གོ་རིག་མེད་ཚུལ་ལ་བལྟས་ན་ངེད་ཚོར་རོགས་པ་བྱེད་མིན་ཐེ་ཚོམ་འདུག་ཅེས་སྐྱོ་བའི་ཚིག་ཟུར་ཐོན་པར། ངས། ང་སྨྱོ་བ་སོགས་ནི་རེད་མེད་ཕྱིར་ངེས་པར་ཐུབ་ཚོད་ཀྱི་རོགས་རམ་བྱེད་ཀྱང་བྱེད་ལ། གང་ལེགས་ཐུབ་ཀྱིའང་རེད་པས་སེམས་འཁྲལ་མ་བྱེད་ལབ། ཨ་ཕ་ལ། ཁྱོད་རང་ག་ཚད་རྒས་ཡོད་དྲིས་པས། ལྷ་སའི་སྐད་ཡིན་མདོག་གིས། ད་ཡག་པོ་རྒས་ཡོད་གདའ་ཟེར་བས། རྒས་ན་དགའ་བ་ཡིན་ནམ་སྙམ་པའི་བློ་འཁོར་ཡང་རྩེད་མོ་མ་ལབ། གཞན་པའི་གནས་ཚུལ་འདྲ་མིན་བཤད་རྒྱུ་ཡོད་དམ་དྲིས་པས། གནས་བསྐོར་དུ་ཡོང་སྐབས་བསམ་མནོ་གཏོང་སྟངས་དང་སྨོན་ལམ་རྒྱག་སྟངས་ག་འདྲ་དགོས་པ་བཤད་རོགས་ཟེར་བར། དེ་ནི་མ་འོངས་པར་ང་རང་ཚོ་དངོས་སུ་ཐུག་སྐབས་བཤད་ཆོག་གི་རེད་པས་ད་ལྟ་མ་ལབ། དེ་ལས་གཞན་པ་ཅི་བཤད་རྒྱུ་ཡོད་དམ་དྲིས་པས། གང་བཤད་རྒྱུ་མེད། མ་གཞི་ཁྱོད་རང་གིས་དབུས་སྐད་རྒྱག་པ་དེ་ཡག་པོ་གོ་ཡི་མི་འདུག །ང་རང་ཚོའི་སྐད་རྒྱོབ་ཤོག་ཅེས་བཀའ་བཀྱོན་འདྲ་གནང་གི་འདུག །དེ་ནི་ངའི་སྐད་གདངས་ཅུང་ཟད་འགྱུར་བའི་སྐྱོན་ཡང་རེད་དེ། མི་ཚེ་ཁོ་རང་རིང་ཁ་པར་ཉོན་པ་ཐེངས་དང་པོ་ཡིན་སྟབས་ཉོན་མ་ཤེས་པའི་སྐྱོན་ཡང་ཡོད་པ་རེད། དོ་དགོང་ཨ་མ་ཨོར་ཆོས་རླངས་ཁོར་གྱིས་མགོ་ན་ནས་བསྟན་བཀྲ་ཚང་དུ་ཉལ་ཡོད་པས་སང་དགོང་ཡང་བསྐྱར་འདི་རུ་ཁ་པར་རྒྱོབ་ཤོག་ཟེར་བ་བཞིན་བརྒྱབ་ཀྱང་ཨ་མ་ལ་དམིགས་བསལ་གང་ཟེར་རྒྱུ་མི་འདུག །གཅུང་ལེགས་མཐོང་ལ་ཡང་ཕ་མར་ཁ་པར་རྒྱག་བཅུག་པས་ཕ་མ་གཉིས་པོ་བློ་བདེ་པོ་འདྲ་ཆགས་ཡོད་སོང་སྙམ་པ་བྱུང༌། བཀྲ་ཉི་ལ། ཕ་མ་ལོ་ན་མཐོན་པོ་ཡིན་སྟབས་མ་འོངས་པར་ཡོང་ཐུབ་ཀྱི་མ་རེད་པས། ད་ལོ་ཅིས་ཀྱང་ཡོང་ཐུབ་ཐབས་གྱིས་ཤོག ཡོང་བའི་དུས་ཚོད་ཀྱང་བོད་ཟླ་དགུ་པའི་མཇུག་མན་དགའ་ཡི་རེད། ངས་ཀྱང་འདི་ནས་འཇོན་ཚོད་ཀྱི་གྲ་སྒྲིག་བྱས་ནས་སྒུག་འདུག་གི་ཡིན་ཅེས་ལབ་པར། ཕྱི་བསྐྱོད་ལག་ཁྱེར་འཐོབ་ཐབས་སུ་ཐབས་ཤེས་གང་ཡོད་འདོན་ངེས་ཡིན་ལ། ལག་ཁྱེར་ལོན་ཡོད་མེད་དང༌། ག་དུས་ཡོང་ཐུབ་ཀྱི་ཡོད་པ་ཤེས་ཐབས་སུ་སྐབས་སྐབས་ཁ་པར་རྒྱོབ་ཤོག་ཟེར་བ་བཞིན་ཕུན་དར་ཚང་ལ་ལན་མང་བརྒྱབ་ཀྱང༌།  ཁ་ཅིག་གིས་ལག་ཁྱེར་ལོན་འདུག་དང༌། ཁ་ཅིག་གིས་ལོན་མི་འདུག་སོགས་འཁྲུལ་གཏམ་འདྲ་བ་ལས་གསལ་པོ་མ་ཤེས། བོད་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་ལྷ་ས་ནས་སྒྲུབ་དཔོན་བླ་མ་ཆོས་དབྱིངས་ཀུན་ཁྱབ་ཀྱི་ཁ་པར་འབྱོར་བར། ཁྱོད་རང་གི་ཕ་མའི་ལག་ཁྱེར་ལོན་ཐབས་སུ་ཡོངས་གྲགས་ཀྱིས་རོགས་པ་གནང་གི་འདུག་པས་རིང་མིན་ལོན་ས་རེད། ཡར་ཡོང་བྱེད་ཀྱི་སྒོར་མོ་དཀའ་ངལ་འདུག་པར་ངས་སྐྱི་གཡར་གྱི་རོགས་པ་བྱེད་ཀྱི་ཡིན་གསུང་པས་ངའི་མཆེད་གྲོགས་དེ་ཚོ་ངེས་པར་བྱང་ཆུབ་བར་དུ་འགྲོགས་རུང་ཁོ་ན་འདུག་སྙམ་པའི་དགའ་བློ་སྔར་ལྷག་སྐྱེས། དེ་ནས་རིམ་པས་ཁ་པར་བརྒྱབ་བསྡད་པ་ན་བོད་ཟླ་བཅུ་པའི་ཚེས་དགུ་ཉིན་བཀྲ་ཉིས་ལག་ཁྱེར་ཉི་མ་ཉི་ཤུའི་ནང་ལོན་ངེས་ཡོད་ཟེར་བས། ལོན་ན་མགྱོགས་པོར་ཤོག་དང་ང་བལ་ཡུལ་ལ་བསླེབ་ཡོང་གི་ཡིན་ལབ།  བོད་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་མགོན་རྡོར་ལ་ཁ་པར་བརྒྱབ་པར་ཁྱོད་རང་ཕ་མ་སོང་ནས་ཉི་མ་བདུན་བརྒྱད་རེད་སོང་ཟེར་བས། ད་མགྱོགས་པོ་མ་སོང་ན་ཕ་མར་བལ་ཡུལ་ནས་དཀའ་ངལ་འཕྲད་ངེས་རེད་སྙམ་སྟེ་ཕྱི་ཉིན་ཞོགས་པར་རོགས་པ་དང་སྐད་སྒྱུར་གཅིག་ལྕོགས་ཡིན་པའི་གྲུ་བཞིའི་ལྷན་རུམ་བཏེག་ནས་ཐེག །ཚེས་བཅུ་གཉིས་ཉིན་བལ་ཡུལ་རྒྱལ་ས་ཡམ་བུར་འབྱོར། བལ་ཡུལ་ཡར་མར་དང་ལྷ་ས་སྐྱེ་མདོ་གང་སར་རྩད་བཅད་ཀྱང་གོ་རིག་མེད་པ་ནི། ཕ་མ་ཚེས་བཅུའི་དགོང་མོ་ལྷ་ས་ནས་ཐེག་སྟེ་བཅུ་གཅིག་ཞོགས་པ་ལྷ་རྩེར་རླངས་འཁོར་བརྡབས་ཡོད་འདུག ཚེས་བཅོ་ལྔ་ཉིན་ལྷ་སར་ཚེ་ལྷུན་ཚང་ལ་ཁ་པར་བརྒྱབ་པས་ལྷ་རྩེ་ནས་རླངས་འཁོར་ལམ་ཟུར་གྱི་རྩིག་པར་བརྡབས་ཏེ་ཕ་མ་སོགས་རྨས་ཡོད་པའི་གནས་ཚུལ་ཤེས་ཀྱང་བྱ་ཐབས་མ་རྙེད། ཚེས་བཅོ་བརྒྱད་ཀྱི་ཞོགས་པ་སྔ་མོར་འཆི་མེད་རྡོ་རྗེས་ཁྱོད་རང་ཕ་མ་མདང་དགོང་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུད་ཚང་ཞིག་ལ་བསླེབས་ཡོད་ཀྱི་འདུག་ཟེར་བ་བཞིན་སོང་བ་ན། ཨ་ཕ། ཨ་མ། བཀྲ་ཉི། མཁས་བཙུན། གསལ་སྒྲོན། ཨ་ཞེ་སྟེ་དྲུག་བདོག་པ་ཚང་མའི་ངོ་མདོག་དང་ལུས་སྟོབས་ཤིན་ཏུ་ཞན་པས་ངོ་ཤེས་དཀའ་བ་དང༌། ལྷག་པར་ཨ་ཕ་མགོ་དགྱེ་བ་ཙམ་ཡང་མི་ཐུབ་པའི་ཤི་ལ་ཁད་དུ་གདའ་བས་རོ་གློག་སྲེག་བྱས་ཏེ་ཐལ་བ་གནས་ཆེན་ཁག་ཏུ་གཏོར་བ་ལས་གཞན་ཡོང་དཀའ་བ་འདུག་སྙམ་པའི་སྐྱོ་སྣང་ངང༌། ཨ་ཕ་སྔོན་མ་ལ་ལྟོས་ན་ད་ལྟ་ག་འདྲ་ཡོད་པ་རེད་ཅེས་དྲིས་པས། ཁོ་ཚོས། མི་རང་རེད་ཟེར་བས་དེ་འདྲ་ཡིན་ན་ཅུང་དྲག་པ་ཡིན་ནམ་སྙམ་པ་བྱུང༌། བཤད་སྒྲུབ་ཡོངས་འདུས་ཀྱི་ཁང་པ། ལྷ་ཁང༌། ཉལ་ཁང༌། ཐབ་ཚང༌། ཆབ་ཁང་བཅས་ཡོད་པ་ཞིག་བདག་གིས་སྔོན་མ་ནས་གཡར་ཡོད་པའི་ནང་དུ་ཁྲིད། གཙང་སྦྲ་དང་ཟས་གོས་གང་ལེགས་བྱས་པས་ཁོ་ཚོ་ཕལ་ཆེ་བའི་གཟུགས་བྱད་རང་མལ་དུ་བསླེབས། ཨ་མས། གསལ་སྒྲོན་གྱིས་ལམ་འགག་ནས་ཁྱོད་རང་གིས་རོགས་པ་བྱེད་མིན་གང་ཤེས་ལབ་ཀྱི་འདུག་ཟེར་བར། ང་རང་ནུས་ཚོད་ཀྱིས་མཁས་བཙུན་ཕ་མ་བུ་གསུམ་ལ་རོགས་པ་ངེས་པར་བྱེད་ཆོག །ཡིན་ནའང༌། འགྲོ་སོང་སྒོར་མོ་འཇམ་འཕེལ་ཁོ་རང་དཔལ་འབྱོར་འདུ་འགོད་ཁོ་ནའི་ཆེད་ཐེ་ཝན་ལ་སོང་བ་ཡིན་སྟབས་ང་ལས་དྲག་གི་རེད་པས་ཁོ་རང་ལ་གཏོང་རོགས་ལབ་ཀྱི་ཡིན། སྐད་ཆ་བདེན་པ་བཤད་ན། མཁས་བཙུན་ཁྱོད་རང་གཉིས་ཡོང་གི་ཡོད་པ་ཤེས་བཞིན་དུ་ཁ་འདྲ་མིན་ལ་གཡར་ཏེ། ཚ་བོ་གྲུང་མ་ཚུལ་རྣམ་ཕྱི་རྒྱལ་ལ་ཕེབས་པ་དང༌། བུ་གྲུང་མ་འཇམ་འཕེལ་རྒྱ་བལ་དུ་མ་ཡོང་བ་ནི་རྒྱང་རིང་ནས་ལག་པ་གཡུག་པ་ཙམ་ཡིན་པ་ཤེས་དགོས་པ་རེད་ལབ། ཚེས་ཉི་ཤུ་ནས་འགོ་བཟུང་ཨ་ཕ་བལ་ཡུལ་གྱི་སྨན་ཁང་གྲགས་ཅན་རྦིའི་ཨེན་རྦིའི་སོགས་སུ་བསྟན། སྨན་པ་དེ་ཚོས་ཁོ་རང་ཚོར་སྒོར་མོ་འཐོབ་ཐབས་ལས་ནད་པར་བསམ་མནོ་ཡེ་མི་གཏོང་འདུག་པ་དང༌། ཨ་ཕས། ཁོའི་བརྡབས་སྐྱོན་ནི་རྩ་རྒྱུས་ཡིན་སྟབས་ཁྲག་མེ་བཙའ་དང༌། དབང་ཁྲུས་བཀའ་བསྒོ་སོགས་བྱས་ན་ལེགས་པའི་བསམ་ཚུལ་སྟོན་པར་བརྟེན་ཕྱི་ལུགས་སྨན་ཁང་ལ་སྟོན་རྒྱུ་མཚམས་འཇོག་བྱས། བལ་ཡུལ་དུ་བོད་སྨན་མཁས་པ་མེད་པ་དང༌། ལུང་པ་རྙོག་སྒྲ་ཆེ་སྟབས་ཁྲག་མེ་བཙའ་བྱེད་མཁན་མ་རྙེད། རཏྣ་བསམ་འཕེལ་སོགས་རྩ་རྒྱུས་ཀྱི་སྨན་འགའ་སྤྲད། དབང་བཀའ་བསྒོ་འདི་ལ་ཞུས་ན་སྙམ་པའི་ཡིད་རྟོན་ཕེར་བའི་བླ་མཆོད་སུ་མི་འདུག་པས་འུ་ཐུག་པའི་ལས་ཀ་ང་རང་གིས་ཁྲུས་བརྒྱ་བྱས་པས་ཅུང་ཕན་པ་འདྲ་བ་བྱུང༌། ཨ་ཞེ་བལ་ཡུལ་སྣེ་ལེན་ཁང་དུ་ཟླ་བ་གཅིག་ལྷག་སྔོན་དུ་བསླེབས་པའི་ཐོ་འགོད་བྱས། ཨ་ཕའི་གཟུགས་པོ་དང་གསལ་སྒྲོན་རྐང་པ་ཐང་པོ་མེད་སྟབས་རྒྱ་གར་གྱི་གནས་བསྐོར་ཡོང་ཁག་པར་བརྟེན་བལ་ཡུལ་དུ་ངས་བསྲུངས་ནས་སྡོད་པ་དང༌། ཨ་མ་བཀྲ་ཉི་མཁས་བཙུན་གསུམ་གྲུ་བཞིས་གནས་བསྐོར་དུ་ཁྲིད་ན་ལེགས་པའི་བསམ་ཚུལ་སྟོན་པ་ན་ཨ་ཕས་འགྲིག་གི་རེད་ཟེར་ཀྱང༌། གསལ་སྒྲོན་གྱིས་སིམ་ལར་ཡོད་པའི་བུ་ཚེ་རྒྱལ་དང་མ་ཐུག་ན་སེམས་བདེ་པོ་ཡོང་ས་མ་རེད། རྐང་པ་ཙམ་ལས་གཟུགས་པོ་གཞན་དག་སྐྱོན་མེད་འདུག་པས་ཨི་བསླེབ་བལྟ་ཡི་ཡིན་ཞེས་དང༌། ཨ་མ་བཀྲ་ཉི་གཉིས་ཀྱིས་ཨ་ཕ་ས་ཐག་རིང་པོ་འདི་ཙམ་བསླེབས་རྗེས་བཞག་ན་འགྲིག་གི་མ་རེད། གནས་ག་ཚད་འཁོར་འཁོར་འཁྲིད་འགྲོ་ཡི་ཡིན་ཟེར་བ་དང༌། རང་གིས་ཀྱང་བསམ་གཞིག་བསྐྱར་དུ་བྱས་པས། ཨ་ཕ་ཉིན་རེ་བཞིན་དྲག་ཏུ་ཕྱིན་ཏེ་འགྲོ་འདུག་གང་འཚམ་བྱེད་རྒྱུ་ཡོད་པ་དང༌། འགྲོ་བྱེད་འཕྲུལ་འཁོར་ཁོ་ན་ཡིན་པ་དང༌། རོགས་པ་ཕོ་གཞོན་གསུམ་ཡོད་སྟབས་དྲག་གི་རེད། གལ་སྲིད་ཤི་ནའང་རྒྱ་བལ་ཁྱད་མི་འདུག་སྙམ་སྟེ་འགྲོ་ཐག་བཅད། ཨ་ཕས། རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་བ་དང༌། རྡོ་རྗེ་གདན་འཁོར་བ་ཙམ་བྱུང་ནའང་ཤི་སེམས་བདེ་ས་རེད་ཅེས་དགའ་བའི་རྣམ་འགྱུར་ལ་བལྟས་ན་བལ་ཡུལ་དུ་བསྡད་ཀྱང་འགྲིག་གི་རེད་ཟེར་བ་ནི་ང་ལ་འཕྲལ་དུ་ངོ་རྒོལ་མ་བྱས་ཙམ་ཡིན་པ་འདྲ། གནས་བསྐོར་སྐབས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང༌། དེའི་བར་གྱི་སྐྱེ་བ་ཐམས་ཅད་རྫུས་སྐྱེས་ཁོ་ནར་འགྱུར་བའི་སྨོན་ལམ་བཏབས་ན་བཟང་བའི་བསླབ་སྟོན་ཕུལ་ཏེ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་བསྐོར་དུ་ཁྲིད།  མཁས་བཙུན་ལ་འཇམ་འཕེལ་གྱིས་སྒོར་བསྐུར་སོང་ངམ་དྲིས་པས། རྒྱ་ནག་སྒོར་མོ་ཁྲི་གཉིས་ཙམ་བསྐུར་གདའ་ཟེར་བར། ཁྱོད་རང་གཉིས་པོའི་གནས་བསྐོར་ལ་དེའི་བཞི་ཆ་གཅིག་ཀྱང་འགྲོ་ཡི་མ་རེད་པས་དཔེ་ཡག་པོ་རེད་འདུག་ལབ། མཇལ་ཁའི་ལག་ཁྱེར་སྣེ་ལེན་འདྲི་ཞིབ་ཁང་ནས་བླངས། བོད་ཟླ་བཅུ་གཉིས་པའི་ཚེས་གཉིས་ཀྱི་ཕྱི་དྲོ་བྷོ་དྷ་ནས་ཐེག །ཚེས་བཞིའི་དགོང་མོ་སྟེ་ཆུ་ཚོད་ང་གཅིག་ལྷག་གིས་རྒྱ་གར་གྱི་རྒྱལ་ས་དྷི་ལིའི་སྣེ་ལེན་ཁང་དུ་འབྱོར། ཕ་མས། ག་འདྲའི་ལམ་ཐག་རིང་བ་དང་ཟ་མ་ངན་པ་ཟེར་ནས་ཐང་ཆད་པ་དང་སྐྱིད་པོ་མེད་པའི་རྣམ་འགྱུར་སྟོན་གྱི་གདའ། ཕྱི་ཉིན་ཉིན་གང་སོང་བས་དགོང་མོ་དྷ་རམ་ས་ལའི་སྣེ་ལེན་ཁང་ལ་བསླེབས། ཨ་ཕ་དང་གསལ་སྒྲོན་གཉིས་བོད་གཞུང་སྨན་རྩིས་ཁང་གི་སྨན་པར་བསྟན། རྩ་རྒྱུས་སྐྱོན་ལས་གཞན་མི་འདུག་པས་བོད་སྨན་ཟོས་ན་ག་ལེ་དྲག་ཡོང་གི་རེད་ཟེར། སྣེ་ལེན་ཁང་གིས་ཕ་མ་སོགས་གསར་འབྱོར་རྣམས་དྷ་རམ་ས་ལའི་སྟེང་ཤོད་དུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་དང༌། གསོག་སྒར་སློབ་གྲྭ། ནོར་བུ་གླིང་ཁ་བཅས་སུ་བལྟ་བསྐོར་དང༌། སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པའི་མཇལ་ཁར་ཁྲིད། ཁོང་རྣམ་གཉིས་ཀྱིས་དུས་རྒྱུན་ངན་པའི་རིགས་རྣམས་ཅི་ནུས་སུ་སྤངས་ཏེ། གཤིས་སྤྱོད་བཟང་པོར་འབད་འབུངས་དགོས་པའི་བཀའ་སློབ་ཟབ་རྒྱས་བསྩལ། ཀརྨ་པར་བཀའ་བསྒོ་དང་ཐུགས་བརྟགས་དད་རྟེན་སོགས་ཞུ་དགོས་རིགས་རྣམས་རང་གིས་ཟུར་དུ་ཞུས། ཡོན་དགའ་དང་ཚེ་རྒྱལ་སིམ་ལ་ནས་དྷ་སར་ཡོང་དགོས་པའི་ཁ་པར་བརྒྱབ་པས་འབྱོར། མཁས་བཙུན་ཕ་མ་བུ་ལ་ཐུག་པའི་དགའ་སྣང་ཧ་ལས་པ་འདུག །ཁོ་རང་གཉིས་ཞག་འགའ་བསྡད་དེ་སིམ་ལར་ལོག །རང་ངོས་ནས་མན་ཌིལ་གྱི་མཚོ་དེ་མཚོ་པདྨ་ཡིན་པའི་ཡིད་ཆེས་མེད་ནའང༌། དེང་སང་ཡོངས་སུ་གྲགས་པ་དང༌། ཕ་མ་འགྲོ་འདོད་ཆེ་སྟབས་ཚེས་བཅུ་ཉིན་མཚོ་པདྨར་སོང༌། མཚོ་བསྐོར་བ་དང༌། སྒྲུབ་ཕུག་མཇལ་བ། དོམ་དང་ཁ་ཤ་རྒང་སོགས་ཡོད་པའི་སྲོག་ཆགས་ར་བར་བལྟ་བ་བཅས་བྱས་ཏེ་དྷི་ལིར་སོང༌། ཚེས་བཅུ་གསུམ་ཉིན་དྷི་ལིའི་རྒྱལ་ཡོངས་འགྲིམ་སྟོན་ཁང་དུ་ཡོད་པའི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་རུས་འཁྲུལ་མེད་དེ་དག་མཇལ། ཁོ་ཚོར་ད་ལྟར་འཛམ་བུའི་གླིང་གི་ཐོག་ཏུ་འདི་ལས་ལྷག་པ་མཇལ་རྒྱུ་མེད་ཕྱིར་དད་འདུན་སྨོན་ལམ་ཡག་པོ་དགོས་པའི་བསླབ་སྟོན་ཕུལ། རང་གིས་འདི་ནས་བྱང་ཆུབ་ཆེན་པོའི་བར་གྱི་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ་རུས་པ་དང་སྐྲ་ལ་སོགས་པ་ལུས་ཀྱི་ཆ་ཤས་རེ་རེས་ཀྱང་སེམས་ཅན་གྱི་ཕན་བདེ་རྒྱ་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་ཤུགས་དྲག་བྱེད་བཞིན་པ་ན། ཨ་ཕས། ཨ་ཉོག་ཨ་ཉོག་ཅེས་གཡོན་པའི་དཔུང་ཟུར་ནས་འཐེན་ཞོར་མི་རབས་མི་བརྒྱུད་ཡག་པོ་ཡོང་བའི་སྨོན་ལམ་རྒྱོབ་ཟེར་བར། དགོས་པ་བསྟན་པ་སེམས་ཅན་གྱི་དོན་ཆེན་འགྲུབ་པའི་སྨོན་ལམ་རྒྱག་རྒྱུ་མེད་པར། མི་རབས་མི་བརྒྱུད་ག་རེ་ཡིན་ཟེར་གྱི་ཡོད་རེད། ང་ལ་ནི་འདན་རུ་མར་དམིགས་བསལ་གྱི་ཞེན་པ་མེད་ཅེས་ལབ། ཨ་ཕར་དེ་འདྲའི་རྟོག་པ་སྐྱེ་དོན་ནི། ཀར་ཐེག་སོགས་ཀྱིས་ཁྱོད་ནི་འདན་རུ་མའི་རྒན་རབས་གཙོ་ཤོས་དེ་ཡིན་ཕྱིར། ཤི་ནའང་རོ་ས་ཡག་ས་ཞིག་ཏུ་འཇོག་དགོས་པ་ནི་འདན་རུ་མའི་བདེ་དོན་ལ་ཐུག་ཡོད་པ་ནར་མར་བཤད་པ་དང༌། གང་ཟག་ཁྱད་འཕགས་སྐྱེས་པའི་རིགས་རྒྱུད་ལ་ཡག་པོ་བྱུང་ཡོད་པ་མཐོང་བའི་རྐྱེན་གྱིས་ཡིན་པར་འདུག་གོ །དངོས་ཆས་གཞན་དག་ལ་ཡང་ཟུར་ཙམ་ཟུར་ཙམ་བལྟས། སི་ཏུ་རིན་པོ་ཆེ་དྷི་ལིར་བཞུགས་འདུག་པ་མཇལ། ཐུགས་བརྩེའི་མདུན་ཇ་དང་བཀའ་བསྒོ་བགེགས་བསྐྲད། དམ་རྫས་དང་བཀའ་མོལ་སེམས་འཚེངས་པ་ཐོབ། དྷི་ལི་ནས་ཕ་མའི་མི་ཚེ་འདིའི་ཐེངས་དང་པོར་མེ་འཁོར་ནང་ཞུགས་ཏེ་ག་ཡཱར་སོང༌། ཚེས་བཅོ་ལྔ་ཉིན་གནས་མཆོག་རྡོ་རྗེ་གདན་མཇལ། ཁོ་ཚོར་འཛམ་བུའི་གླིང་གི་གནས་ཡོད་ཚད་ཀྱི་གཙོ་བོ་འདི་ཉིད་ཡིན་པས་བསྐོར་བ་མང་ཙམ་དང༌། འཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་སོགས་སོ་སོའི་ཡིད་ལ་གང་ཡོད་ཀྱི་སྨོན་ལམ་བརྒྱབ་ན་ཡག་པོ་ཡོད་པ་རེད་ཅེས་ལབ། རང་གིས་སེམས་ཅན་གྱི་དོན་དུ་རིང་མིན་འཆིང་བ་མཐའ་དག་བཅོམ་སྟེ་རྫོགས་སངས་རྒྱ་བའི་སྨོན་ལམ་ཡང་ཡང་བཏབས། མཆོད་རྟེན་ནང་དུ་ཡོད་པའི་སྟོན་པའི་རྡོ་སྐུར་ན་བཟའ་ཕུལ་ཏེ་སྐྱེ་བ་ཐམས་ཅད་དུ་གཟུགས་བྱད་ལྟ་ན་སྡུག་པ་དང༌། མཐར་ཐུག་མཚན་དཔེའི་མེ་ཏོག་རྒྱས་པའི་འདུན་སྨོན་ཤུགས་ཆེར་བྱས། རྒྱལ་ཚབ་ཕྱག་མཛོད་ཤེས་རབ་མཐར་ཕྱིན་ལ་རྡོ་རྗེ་གདན་དུ་བསླེབས་ཡོད་པའི་ཁ་པར་ཕུལ། ཕྱག་མཛོད་ལགས་ཀྱིས་སྒོར་མོ་ག་ཚད་དགོས་ནའང་ཐོངས་ཞེས་རྒྱལ་ཚབ་རིན་པོ་ཆེས་བཀའ་གནང་གི་འདུག་པས་སེར་སྣ་མ་བྱེད། གནས་བསྐོར་གྲུབ་རྗེས་ཕ་མ་འབྲས་ལྗོངས་སུ་ཡོང་ནས་ལོ་ཟླ་གང་འགབ་ཅིག་ཏུ་བསྡད་ན་ལེགས་ཚུལ་ནན་པོ་གསུང་གི་འདུག་པར། ག་འདྲ་བྱས་ན་དགའ་ཡི་འདུག་བལྟ་གི་ཡིན་ཞུས། ཆུ་བོ་ནེརཉྫན་མཇལ་ཙམ་བྱས་ཏེ་ལུས་སྲོག་ཡལ་བར་བོར་བའི་ཆོས་ཕྱིར་དཀའ་སྤྱད་ནུས་པའི་སྨོན་ལམ་བརྒྱབ། ཁོ་ཚོ་བྱ་རྒོད་ཕུང་པོའི་རི་བོ་དང༌། འོད་སྲུང་ཕུག །རྒྱལ་པོའི་ཁབ། ནཱལེནྡྲ་རྣམས་མཇལ་དུ་བཏངས། ཚེས་བཅོ་བརྒྱད་ཉིན་ཝཱརཱཎསཱིར་སོང༌། སེངྒལ་པའི་གཙུག་ལག་ཁང་དང༌། པཱ་ལའི་རྒྱལ་བརྒྱུད་ཀྱི་མཆོད་རྟེན། སྔོན་གྱི་དགོན་པ་ཞིག་ཤུལ། ལྔ་སྡེས་ཐོག་མར་སྟོན་པ་མཇལ་སའི་མཆོད་རྟེན་ཞིག་རུལ་སོགས་མཇལ་ཏེ་སྐྱེ་བ་ཐམས་ཅད་དུ་སེམས་ཅན་གྱི་ཁམས་དབང་མོས་པ་དང་མཐུན་པའི་ཆོས་འཁོར་ཐོགས་མེད་དུ་བསྐོར་ནུས་པའི་སྨོན་ལམ་རྒྱ་ཆེར་བཏབས།  གྲགས་པ་ཆེ་ཡང་མདོག་དབྱིབས་ངན་པའི་ཆུ་སྲིན་དང༌། གཟུགས་མདོག་སྣ་ཚོགས་པའི་བྱ་རིགས་སོགས་ལ་ལྟད་མོ་བལྟས། བཀྲ་ཉིས། བ་སོའི་ཕྲེང་བ་ཁ་ཤས་ཉོ་དགོས་ཟེར་ཀྱང༌། བ་སོ་ནི་ནག་ཚོང་ཡིན་སྟབས་མཐོང་དཀོན་ལ། མཐོང་བ་དེ་ཡང་ངོ་མ་དང་རྫུན་མ་གང་ཡིན་མ་ཤེས་པས་བསྐྱ྄ུར། མཁས་བཙུན་གྱིས། ཁྱོད་ཀྱིས་རོགས་རམ་མ་བྱས་སྟབས་ང་འགྲོ་སོང་ཆེན་པོ་རེད་འདུག །ད་གནས་མང་པོ་འཁོར་ས་མ་རེད་ཟེར་བར། ང་རང་གི་གཟུགས་པོས་ཕ་མ་དང་འདྲ་མཚུངས་རོགས་པ་བྱེད་ཀྱི་ཡོད་པ་ནི་ཁྱོད་རང་གིས་མྱོང་བཞིན་པ་འདི་རེད་ལ། ངའི་འགྲོ་སོང་འདི་དག་རང་ལ་ཡོད་པ་ཞིག་མིན་པར་རྒྱལ་ཚབ་རིན་པོ་ཆེས་གནང་གི་ཡོད། རྒྱལ་ཚབ་རིན་པོ་ཆེ་ནི་ངའི་འདི་ཕྱི་གཉིས་ཀར་སྐྱབས་བཅོལ་ས་ཡིན་ཞིང༌། སྐྱབས་གནས་ལ་ཅི་ཐུབ་ནམ་ཡང་བྱེད་རུང་གི་མ་རེད། ད་བར་ཁྱོད་རང་གཉིས་ཀའི་འགྲོ་སོང་ལ་རྒྱ་གར་སྒོར་མོ་ལྔ་སྟོང་ཡང་སོང་མེད་ལ། རྒྱ་ནག་སྒོར་མོ་ལྟར་ན་ཆིག་སྟོང་རང་རེད། འཇམ་འཕེལ་ཡིན་ནའང་ཁོ་རང་ལ་ཡོད་ཚོད་དཔེ་ཤག་བསྐུར་ཡོད་པ་རེད་པས་བློ་རྒྱ་ཡངས་ཙམ་བྱེད་རོགས་གྱིས། མ་གཞི་འདི་དག་གི་སྐོར་སྔོན་མ་བལ་ཡུལ་ནས་བཤད་ཚར་བ་ཡིན་ལབ། མཁས་བཙུན་ཚིག་དེས། ཁོང་ནི་གནས་བླ་མ་མཇལ་དུ་ཕེབས་ཡོད་དང༌། དཔལ་འབྱོར་འདུ་འགོད་ཕྱིར་དུ་བསླེབས་ཡོད་ཐེ་ཚོམ་འདུག་ཅིང༌། མ་འོངས་པར་གཞན་ལ་དཔལ་འབྱོར་ཕྲན་བུས་རོགས་རམ་བྱས་ཏེ་རྒྱང་རིང་ནས་ལག་པ་གཡུག་པ་ལས་གཟུགས་པོས་དཀའ་ལས་དངོས་སུ་བརྒྱབ་ན་ནོར་འདུག་སྙམ་པ་བྱུང༌། མེ་འཁོར་ནང་དུ་འགྲོ་བྱེད་འཛིན་ཡིག་ཉོས་ཀྱང༌། འབབས་ཚུགས་དེར་མེ་འཁོར་སྡོད་ཡུན་ཐུང་བ་དང༌། ཕ་མ་རྒས་འཁོགས་མགྱོགས་པོ་འགྲོ་རྒྱུ་མེད་རྐྱེན་སྡོད་མ་ཐུབ་པར་མེ་འཁོར་ཤོར་བ་ནི་ཆུད་ཟོས་སོང་བ་གཅིག་པུ་དེ་ཡིན་ཕྱིར་ང་ཚོ་ཚང་མ་སེམས་སྐྱོ་བོ་བྱུང༌། ཚེས་ཉེར་གསུམ་ཉིན་རྩྭ་མཆོག་གྲོང་དུ་འབྱོར། སྐུ་གཤེགས་ས་དང་ཞུགས་ལ་ཕུལ་སའི་མཆོད་རྟེན་ཞིག་རོ། སྔོན་གྱི་དགོན་པ་ཞིག་ཤུལ། སྟོན་པ་སྐུ་གཤེགས་ཚུལ་གྱི་རྡོ་སྐུ་རྙིང་པ་ཆེ་ལེགས་སོགས་མཇལ་ཏེ་སེམས་ཅན་མཐའ་དག་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་བདག་ཉིད་གཅིག་པུས་འགོད་ཐུབ་པའི་སྨོན་འདུན་རྩེ་གཅིག་ཏུ་བྱས། འདི་ནས་ཆོ་འཕྲུལ་བསྟན་པའི་གནས་མཉན་ཡོད་ལ་ཐག་རིང་པོ་ཡོད་པ་མ་རེད། མཇལ་རྒྱུ་དགོན་ཤུལ་ཙམ་ལས་གཞན་ཡོད་སྐད་མི་གདའ། དེར་ཁྱོད་རང་ཚོ་འགྲོ་ཡི་ཡིན་ནམ་དྲིས་པས། མཁས་བཙུན་གྱིས། ཚ་བ་མི་འཕྲོད་པ་དང༌། འགྲོ་སོང་ཆེ་སྟབས་ངེད་གཉིས་འགྲོ་ཡི་མིན་ཞེས་དང༌། ཨ་ཕས། ད་གནས་བླ་མ་མཇལ་ཚོད་ཙམ་མཇལ་བ་རེད། ས་སྟེང་དུ་ཡོད་ཚད་བསྐོར་ཐུབ་པ་མ་རེད། ང་རང་གི་གཟུགས་པོ་འདིས་རང་མ་ཚད་རོགས་ལའང་དཀའ་ངལ་སྤྲད་ཀྱི་འདུག་པས་མ་སོང་ན་དགའ་འདུག་བསམ་ཞེས་དང༌། ཨ་མས། ཐེངས་འདི་མ་གཏོགས་ཕྱོགས་འདིར་སླེབ་ཐབས་བྲལ་བས་གཅིག་འཁོར་ན་སྙམ་པའི་རེ་བ་འདུག་ཀྱང་གཞན་དག་འགྲོ་མོས་མེད་ན་མ་སོངས་ཀྱང་ཆོག་ཟེར་བས། ང་ནི་ཐེངས་འདིར་ཁྱོད་རང་ཚོའི་ཞབས་ཕྱི་ཡིན་སྟབས་ཁྱོད་རང་ཚོའི་འདོད་བློ་དང་བསྟུན་རྒྱུ་རེད་ལབ་སྟེ་བལ་རྒྱའི་ས་མཚམས་བརྒལ། ཡར་མར་གཉིས་ཀ་ས་མཚམས་ནས་ཁོ་ཚོར་ཡིག་ཆ་མེད་རྐྱེན་རྙོག་སྒྲ་ཕྲན་བུ་འདུག་ཀྱང་ཉེན་རྟོག་པ་རྣམས་ལ་སྒོར་མོ་ཁ་ཤས་བྱིན་པས་མ་སྐྱོན། ཚེས་ཉེར་ལྔ་ཉིན་ལུམྦིནིར་འབྱོར། སྔོན་གྱི་དགོན་ཤུལ་དང་རྡོ་སྐུ་ཆག་གྲུམ་མཇལ་ཏེ་སེམས་ཅན་འདུལ་ཐབས་སུ་བཟོ་སྐྱེ་མཆོག་གི་སྤྲུལ་པ་ཐོགས་མེད་དུ་སྟོན་ནུས་པའི་སྨོན་འདུན་དྲག་ཏུ་བྱས། ཉེ་ལོགས་སུ་ཡོད་པའི་སེར་སྐྱའི་གྲོང་དུ་སོང༌། ཁོ་ཚོར་གནས་འདི་སངས་རྒྱས་ལོ་བཞི་བཅུ་ཙམ་བཞུགས་ས་ཡིན་པ་དང༌། ཐེངས་འདིའི་སངས་རྒྱས་ཀྱི་གནས་མཇལ་བ་ཐ་མ་དེ་ཡིན་སྟབས་སོ་སོའི་འདོད་དོན་ལ་སྨོན་འདུན་རྩེ་གཅིག་པ་བྱས་ན་བཟང་ཚུལ་བཤད་ཀྱང༌། གནས་དུ་མ་མཇལ་ཟིན་པ་དང༌། རྩིག་རྨང་མ་གཏོགས་ལྷག་མེད་པ་དང༌། ལུས་སེམས་ཐང་ཆད་པ་དང༌། ཚ་བས་ཚིག་པ་བཅས་ཀྱིས་ཉན་ཙམ་ཡང་བྱེད་ཀྱི་མི་འདུག ངས་ནི། སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་ལྷ་ཡི་འབྱོར་པ་ལྟ་བུའི་རྒྱལ་སྲིད་དང༌། ལྷ་ཡི་བུ་མོ་ལྟ་བུའི་བཙུན་མོའི་འཁོར་དག་སྤངས་ཏེ་རབ་ཏུ་བྱུང་བ་བཞིན་དུ་བདག་ཀྱང་སོ་སོ་སྐྱེ་བོའི་སྐབས་ནས་ཀྱང་འདོད་ཡོན་གྱི་འཆིང་བ་མཐའ་དག་ལས་གྲོལ་ཏེ་ཚེ་རབས་ཀུན་ཏུ་རབ་ཏུ་བྱུང་བ་འཐོབ་པའི་སྨོན་ལམ་རྒྱ་ཆེར་བྱས། ཚེས་ཉེར་དྲུག་དགོང་མོ་སླར་ཡང་བྷོ་དྷའི་རང་ཁྱིམ་དུ་འབྱོར། འགྲོ་སོང་རྣམས་རེ་རེ་བཞིན་ཞིབ་ཕྲའི་རྩིས་རྒྱག་བྱས་པས་ཨ་ཕ་དང་མཁས་བཙུན་སོགས་དགའ་ཞིང་ཡི་རང་བར་གྱུར། ལེགས་མཐོང་འབྲས་ལྗོངས་ནས་ཞག་ཤས་སྔོན་བསླེབས་འདུག་པ་དང༌། ཨ་ཞེ་དྷ་རམ་ས་ལར་འགྲོ་མ་ཐུབ་པ་དག་སོ་སོའི་ཕ་མར་འཕྲད་པས་ཧ་ལས་པའི་དགའ་སྣང་གདའ། ཚེས་སུམ་ཅུའི་ཉིན་བལ་པོ་ཕམ་ཐིང་དུ་སོང༌། གསར་དུ་དོད་པའི་སྒྲོལ་མ་རང་བྱུང་མཇལ། འདི་ནས་བྱང་ཆུབ་བར་དུ་བུ་གཅིག་པུའི་མ་བཞིན་ཐུགས་རྗེའི་སྤྱན་གྱིས་ཉིན་མཚན་འབྲལ་མེད་གཟིགས་པའི་འདོད་གསོལ་དང༌། ཕམ་ཐིང་རྡོ་རྗེ་ཕག་མོ་མཇལ་ཏེ་ཚེ་རབས་ཀུན་ཏུ་ཡི་དམ་གྱི་ལྷར་མཛད་ནས་དངོས་གྲུབ་ཐམས་ཅད་འདོད་པ་བཞིན་འཇོ་བའི་གསོལ་བ་བཏབས། གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཨ་སུ་རའི་བྲག་ཕུག་དང་ཡངས་ལེ་ཤོད་ཀྱང་མཇལ། ཡམ་བུར་ཡོད་པའི་བོད་ཐང་མགོན་པོ་མཇལ་ཏེ། ཁོ་ཚོར་འཛམ་བུའི་གླིང་ན་འདི་ལས་ལྷག་པའི་མགོན་སྐུ་ཞིག་མེད་ཕྱིར་བར་ཆད་ཞི་ནས་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་བརྒྱབ་ན་ལེགས་ཚུལ་བཤད། བདག་གིས། བྱང་ཆུབ་བར་གྱི་ཚེ་རབས་རྣམས་སུ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྡོང་གྲོགས་དང༌། འགལ་རྐྱེན་མཐའ་དག་སེལ་བའི་ཕྲིན་བཅོལ་དྲག་ཏུ་བྱས། སྲོག་ཆགས་ར་བར་ཡོད་པའི་གླང་ཆེན། སྟག། བསེ་རུ། ཆུ་ཕག ཨཧྥི་རི་ཀའི་བྱ་ཆེན་སོགས་སེམས་ཅན་འདྲ་མིན་དུ་མ་ཞིག་ལ་བལྟས། ཤིང་སྤྲེལ་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན་མོ་དེ་ནི་ལོ་དྲུག་གི་མཇུག་ཏུ་ཕ་མའི་མཉམ་ལོ་གསར་བཏང་བ་ཞིག་ཡིན་སྟབས་རྒྱས་པ་དགོས་མོད། འདི་བྱས་ན་ལེགས་སྙམ་པ་གང་ཡང་མ་རྙེད་པས་རྟེན་འབྲེལ་ཙམ་ལས་མ་བྱུང༌། ལར་ཐེངས་འདིར་ཕ་མ་ལ་སྐྱིད་པོ་ཞིག་བྱེད་རྒྱུའི་འདོད་པ་ཤིན་ཏུ་ཆེ་ཡང་ཕ་མ་རོགས་པ་མང་བ་དང་ང་རང་དཔལ་འབྱོར་ཞན་པའི་དབང་གིས་བསམ་པ་བཞིན་མ་གྲུབ་པ་དང༌། ལྷག་པར་ཕ་མ་རྒས་པ་དང༌། ཡར་མར་གྱི་གནས་ཚུལ་མཐོང་ཐོས་ཉུང་རྐྱེན་ཆོ་མེད་ཀྱི་སྐད་ཆ་དུ་མ་ཞིག་བཤད་ཀྱི་འདུག་པ་དང༌། རང་ཡང་དགེ་རྒན་བྱེད་ཡུན་རིང་བ་དང། རླུང་ཁ་མཐོ་བའི་སྐྱོན་ལྟ་བུས་ཚིག་ངན་མང་ཙམ་ལབ་དགོས་ཐུག་པ་དག་ལ་སེམས་ཕམ་མི་གནང་རོགས་ཞེས་ནན་ཆེར་ཞུས། ལེགས་མཐོང་གིས། བོད་ཀྱི་གཞུང་རིག་དང༌། དབྱིན་ཇིའི་སྐད་ཡིག །རྒྱ་ནག་གི་སྐད་ཡིག །རྒྱ་གར་གྱི་སྐད་ཡིག །ནེ་པ་ལའི་སྐད་ཡིག་སོགས་ཤེས་པའི་ཤེས་ཡོན་དང་ཕ་མར་བརྩེ་ཞེན་གྱི་ཞབས་ཞུས། གྲུ་བཞིའི་ཡ་རབ་བཟང་སྤྱོད་དང་ཤེས་ཡོན། བཀྲ་ཉིའི་བྱམས་སྐྱོང་དང་གཤིས་འཇམ་བཅས་ལ་ཕ་མ་དགའ་ཐག་ཆོད་ཅིང༌། བླ་མ་མཇལ་བ་དང་གནས་འཁོར་བ་དེས་སེམས་འཚེངས་ནས། ད་ནི་ཤི་དགེ་གསོན་རིམ་ཚང་མ་གྲུབ་པ་ཡིན། ཕ་མ་ལས་བུ་རྒྱུད་བཀའ་དྲིན་ཆེ་བ་བྱུང་ཞེས་ཡང་སེ་བརྗོད་ཀྱི་གདའ། ཕ་མ་ལ་འདི་ཕྱོགས་སུ་གཏན་དུ་སྡོད་པ་དང༌། ལོ་ཟླ་ཅི་རིགས་ལ་སྡོད་པ་དང༌། མར་མགྱོགས་པོར་འགྲོ་བ་གང་བྱས་ཀྱང་ཁྱོད་རང་གཉིས་འདོད་པ་ལྟར་ཆོག་གི་རེད་ལབ་པར། ས་ཆ་ཟས་གོས་རང་ཡུལ་བཟང་བ་དང༌། བུ་རྒྱུད་ཚ་བོ་རྣམས་དྲན་གྱི་འདུག་པས་མགྱོགས་པོར་འགྲོ་ཡི་ཡིན་ཟེར། ད་དུང་སྟག་མོ་ལུས་སྦྱིན་བསྐོར་དུ་འགྲོ་དགོས་བསམ་བཞིན་པ་ན་ནེ་པ་ལའི་ནང་རྙོག་གིས་ཞག་ཤས་ལུས་པར་མཁས་བཙུན་གྱིས་ད་ནི་ང་ཚོ་ཕ་ཡུལ་དུ་མགྱོགས་པོར་འགྲོ་འདོད་པ་མ་ཚད་རླངས་འཁོར་ཡང་གླས་ཚར་བ་ཡིན་ཟེར་བས་འགྲོ་ཆས་ལ་ཟིང་ལངས་པ་ལས་གནས་བསྐོར་བའི་དུས་སྐབས་མ་བྱུང། ནེ་པ་ལའི་མཐོང་མཆན་རྫོགས་མེད་ནའང་ཚེས་དགུའི་ཞོགས་པ་ཐེག །ལམ་བར་ནས་བཀྲ་ཤིས་བདེ་ལེགས་ཡོང་བའི་ཁ་བཏགས་ཕུལ། ཕ་མ་སོང་རྗེས་སུ། ཕ་མ་རྒས་ཤིང་འཁོགས་པས་ལུས་རྟེན་འདི་རུ་ཡང་བསྐྱར་ཐུག་མིན་མི་ཤེས་པ་དང༌། འདོད་བློ་ཆ་ཚང་ཁེངས་པའི་དཔལ་འབྱོར་སྤྲད་རྒྱུ་མེད་པ་དང༌། ལན་ཅིག་འཕྲད་སྐབས་ཚིག་ངན་འདྲ་མིན་བྱུང་རྒྱལ་དུ་ཤོར་བ་སོགས་ཀྱིས་སེམས་ཤིན་ཏུ་སྐྱོ་ནས་མཆི་མ་ཤོར་གྲབས་ཐེངས་མང་བྱུང༌། གྲུ་བཞི་ནིཏརྠཱར་ཞུ་དག་བྱེད་དུ་སོང་བའང་བསླེབས་ནས། ཕ་མ་འགྲོ་ཁར་གཞན་པའི་དངོས་རྫས་སྤྲད་རྒྱུ་མེད་མོད། ཁ་བཏགས་ཤིག་ཕུལ་དགོས་སྙམ་པའང་མ་བྱུང་བ་དེ་འདྲའི་སྐྱོ་བ་ཟེར་ནས་སེམས་ཤིན་ཏུ་ཕམ་པའི་རྣམ་འགྱུར་སྟོན། ཕ་མ་ལམ་བར་ནས་དཀའ་རྙོག་མེད་པར་བཀྲ་ཤིས་ལྷུན་པོ་དང་ལྷ་ས་སོགས་མཇལ་བསྐོར་བྱས་ཏེ་ཤིང་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་དགུའི་དགོང་མོ་སྐྱེ་དགུ་མདོར་བདེ་འབྱོར་ཐུབ་པ་ཁ་པར་བརྒྱུད་ནས་ཤེས་པ་དེས་བློ་བདེ་བག་ཕེབས་ཀྱི་དགའ་སྤྲོ་འཕེལ་བར་གྱུར་ཏོ།  །      སྨྲས་པ།    མ་འོངས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །དྲིན་ཅན་ཕ་མ་དགྱེས་པའི་བྱ་བ་ལ། །སྒོ་གསུམ་འབད་པ་གཅིག་ཏུ་སྒྲིལ་བ་ལས། །གནོད་པའི་རིགས་གྱུར་གང་ཡང་མི་བགྱི་ཤོག །ཕ་མ་གནས་བསྐོར་དུ་བསླེབས་པར་ཅི་ནུས་ཀྱི་རོགས་རམ་བྱས་པ་ནི་ལུས་རྟེན་འདིར་ཕ་མར་ཞབས་ཕྱི་ཨི་འགྲུབ་བལྟས་པ་ཐེངས་དང་པོ་ཡིན་སྟབས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་དྲན་གསོའི་ས་བོན་ཉུང་བསྡུས་འདི་ཉིད་སྐྱོ་བྲག་དགའ་དབང་གིས་སྤེལ་ལོ།།  །།