User talk:བེེཌྰུརྱ།

Page contents not supported in other languages.
ཡོང་ཁུངས་Wikipedia
         -མིག་གི་འོད།

ཞིག་རལ་ཏུ་གྱུར་པའི་མཁར་རྫོང་སེམས་ལ་བསྙལ་ནས གོམ་ཆུང་གི་རི་མོར་རྣག་ཁྲག་གིས་ལྷན་པ་བརྒྱབ་ཡོད འདུ་ཤེས་ཀྱི་འོད་ངོགས་སུ་འཚང་ཡོང་པ་དེ་གད་རྒྱངས་ཡིན་ཞེས མགྲིན་པ་ཀྱོག་ཀྱོག་གིས་ཁྱོད་ཀྱི་ཕྱོགས་སུ་འཐེན་པའི་ཆིག་ལབ་ནང་བཞིན




                                        ཐོན་མིའི་སྤྱན་ཆབ།


མི་རིགས་ཤིག་གི་བླ་སྲོག་བྱེད་པོ་ཨ་ནུ་ཞེས་བྱའི་རྒྱང་གྲགས་ཅན།། ཁྱེད་ཀྱིས་ཚ་གྲང་ཁྱད་དུ་བསད་ནས་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ།། སྲིད་ན་དཀོན་པའི་རིན་ཆེན་ནོར་བུའི་ཤུལ་བཞག་དངོས་རྫས་བསྩལ་ན་ཡང་།། ལོ་རྒྱུས་དར་རྒུད་འགྱུར་བག་རྒོད་པས་ཨ་ནུའི་སྤྱན་ཆབ་ཐེངས་གཅིག་མིན།།

ཁྱེད་ཀྱི་རྣམ་དཔྱོད་ཀྱོ་བ་རྣོན་པོས་བཙན་པོའི་རྒྱལ་ཁམས་ཕྱོགས་བཞིར་བསྐྱེད།། འོན་ཏེ་ད་ལྟ་ཉེར་གཅིག་དུས་ཀྱི་འགྲན་རྩོད་རླབས་ཕྲེང་འཕྱོ་བའི་དུས།། དབྱངས་གསལ་གཉིས་ལ་བདག་པོ་དཀོན་པས་དྭ་ཕྲུག་ངུ་ཤུམ་བྱས་ཙ་ན།། ཐོན་མི་ཨ་ནུས་མི་མངོན་དབྱིངས་ནས་སྐྱོ་བའི་སྤྱན་ཆབ་ཡང་ཡང་བསིལ།།

གདོད་དུས་ཀ་ཁའི་དབྱངས་རྟ་སྙན་མོ་ཉིན་མཚན་ཀུན་ཏུ་བར་མེད་སྒྲོག། ཚིག་ཕྲད་བརྒྱད་ཅུ་བརྗོད་རུང་ཆིག་ཁྲི་ལྷག་མ་བརྒྱད་སྟོང་ཞེ་ལྔ་དག། ད་ནི་བགྲང་བའི་དོན་གཉེར་འགའ་ཡང་ཉིན་མོའི་སྐར་མ་བཞིན་གྱུར་པས།། ཨ་ནུ་རང་ཡང་འགྱོད་པས་གདུང་པས་འགྲམ་པའི་མཁུར་ཚོས་ཡང་ཡང་ཕུར།།

སྐད་ཡིག་རྒུད་པའི་འཆི་ལྟས་མཐོང་ཡང་འགའ་ཞིག་གདོང་ལ་འཛུམ་ཞིག་ལངས།། སྦྲགས་སྐད་སྨྲ་ཞིང་བོད་ལྭ་དོར་ནས་སྐྲ་ལོའི་ཁ་དོག་བཅོས་མར་བྱས།། ཕ་སྐད་སྦྱངས་ན་མདུན་ལམ་མེད་ཅེས་མང་དུ་སྨྲ་བ་ཐོས་པའི་ཚེ།། ཨ་ནུས་སེམས་ཀྱི་ན་ཟུག་མ་བཟོད་སྙིང་ནད་ཕོག་པའི་ཉེན་ཁ་ཆེ།།

བོད་ཡིག་གསར་བཅོས་དགའ་སྟོན་སྤེལ་དུས་སློབ་དཔོན་ཞེས་སུ་བཀུར་བསྟི་མཛད།། འོན་ཀྱང་བློན་དག་ཕྲག་དོག་དུག་གིས་ལྐོག་ལབ་དིར་རེ་བྱུང་ཙ་ན།། ཕྲག་དོག་འཇོམས་པའི་སྦྲང་ཆར་བསིལ་མས་ཉོན་མོངས་མེ་སོན་བཅོམ་ན་ཡང་།། ད་ལྟ་ཕྲག་དོག་དུག་མཚོ་འཕྱུར་བས་ཨ་ནུའི་དབུ་སྐྱེས་དུང་ལས་དཀར།།

དངོས་པོའི་ལོངས་སྤྱོད་གཙུག་དུ་མཆོད་ཅིང་བསམ་པའི་དཔལ་ཡོན་ཕལ་བར་འཛིན།། རིག་པའི་གནས་ཀྱི་རིན་ཐང་མ་རྟོགས་གཅིག་བཟུང་གཉིས་ཤོར་བྱས་གྱུར་ན།། རྒྱན་གྱི་མཆོག་གྱུར་སྤྱོད་ཡོན་ཉི་ཟླ་ཁྱབ་འཇུག་གཟའ་ཡིས་འཛིན་ཉེ་བས།། ཨ་ནུས་མི་ཚེའི་རྒྱན་གྱི་དྭངས་མ་ཡོན་ཏན་ཡིན་ཞེས་ནན་གྱིས་གསུངས།།

སྤྱི་སྐད་ཆགས་ནས་རྒྱལ་ཁམས་བདེ་དུས་དགའ་སྤྲོའི་དགོད་སྒྲ་རྒྱུན་མི་ཆད།། ད་ལྟ་མདོ་དབུས་ཁམས་གསུམ་སྐད་ཀྱང་མི་མཐུན་ཕྱོགས་ཞེན་སྙིང་ལ་གཟན།། ཕྱི་མོའི་གཞུང་ལ་གནོད་སྐྱོན་བཏང་ནས་རང་རང་སོ་སོར་གྱུར་བའི་དུས།། ཨ་ནུའི་གདོང་ལ་འཛུམ་གྱིས་དབེན་ཅིང་བདེ་བར་གཟིམ་པའི་སྐབས་མ་མཆིས།།

བརྡ་དང་སྐད་ཀྱི་གཞུང་གི་རྩ་བ་སུམ་རྟགས་ངོ་མཚར་གསུང་གི་བཅུད།། ཕྱོགས་བཅུའི་དཔྱོད་ལྡན་ཕྱོགས་གཅིག་བསྡུས་ཀྱང་ངོ་མཚར་འདི་འདྲ་སྒྲུན་མིན་ཀྱང་།། རང་རེའི་རིག་གཞུང་གསེར་གྱི་གཞོང་བ་མི་གཙང་སྣོད་ལ་འགྱུར་ཉེ་བས།། ཨ་ནུས་སྦྲང་ཆར་བསིལ་མ་ཕབ་ནས་ནག་ནོག་བཀྲུ་ལ་བྲེལ་བྲེལ་བྱེད།།

འུ་དུམ་བཙན་པོའི་རྭ་ཅོ་གཅིག་གིས་བརྡ་སྤྲོད་གཞུང་དྲུག་ཆུ་ལ་བསྐུར།། ལོ་ངོ་བཅུ་ཡི་གོད་ཆག་སྐབས་སུ་དབྱངས་གསལ་སོ་བཞིར་འཐབ་རྩོད་མཛད།། ལྷག་པར་ད་ལྟའི་གཞོན་ནུ་རྣམས་ཀྱང་སློབ་ལ་མི་གཞོལ་དུག་ལ་རོལ།། འདི་ལྟའི་སྣང་ཚུལ་ཨ་ནུས་མཐོང་བས་སྤྱན་ཆབ་སྦྲང་ཆར་རྟག་ཏུ་འཇོ།།





                                 སྙིང་གི་ཙག་ཤད།


ཕྲག་དོག་བདག་པོ་གདོང་དམར་ཚང་ལ་སྲོག་གིས་ངོ་ཆེན་མ་ཞུས་ན།། རང་རང་ས་ནས་ཕྱོགས་ཞེན་རླུང་གིས་ཁྱད་གསོད་བྱེད་པ་གཤིས་སུ་གྲུབ།། རིག་པའི་སེང་གེས་གཡུ་རལ་གསིག་ཀྱང་ལྐོག་ནས་ད་དུང་འཕྱ་སྨོད་བྱེད།། མི་རྟག་རྒྱུ་ནོར་མཆོག་ཏུ་འཛིན་ཅིང་དཔྱོད་ཤེས་ཅན་ལ་སྡང་མིག་ལྟ།།

ཆོལ་གསུམ་ལྗོངས་འདི་རྙིང་ཞེན་གྲིབ་མས་སྒྲིབ་ལ་ཁད་དང་གཡོགས་ལ་ཁད།། མཐུན་སྒྲིལ་ཨ་ལོང་ཕྲག་དོག་མེ་ཡིས་འཇུ་ལ་ཁད་དང་བཞུ་ལ་ཁད།། འདས་པའི་དུས་ན་རྩག་ཕུ་བ་ཡིས་རྗེ་བཙུན་མི་ལ་དུག་གིས་བགྲོངས།། ཉེ་བའི་དུས་ན་ཕྲག་དོག་འདི་ཡིས་ད་དུང་ཧབ་དགོད་བྱེད་ཅིང་འདུག།

སྙིད་མོ་ནེ་ཙོས་ཕྲག་དོག་དབང་གིས་བུ་མོ་སྣང་ས་དུར་དུ་སྦས།། ཧ་ཅང་བདུད་མོའི་ཕྲག་དོག་སྦྱོར་བས་འགྲོ་བ་བཟང་མོ་མཁའ་ལ་འཕུར།། པདྨ་ཅན་གྱི་ཕྲག་དོག་ལས་ཀྱིས་དོན་ཀུན་གྲུབ་པ་ས་མཐར་བསྐྲད།། ཕྲག་དོག་འདི་ཡིས་ཕྱི་ནང་དཀྲུག་པའི་ཉེས་དམིགས་གནམ་སར་མི་ཤོང་གི།

རྙིང་ཞེན་འདི་ཡིས་ལུང་ཤར་བ་ཡི་གཅེས་པའི་སྤྱན་ཟུང་གསོན་པོར་བྲུས།། ནོར་གླིང་གློག་གི་སྒྲོན་མེ་གཟིམས་ནས་སླར་ཡང་མར་མེའི་འོད་ལ་བརྟེན།། རྙིང་ཞེན་འདི་ཡིས་དགེ་ཆོས་ལགས་ཀྱང་སྨྱོ་ཆུ་བླུད་ནས་སྨྱོས་སུ་བཅུག། རྒྱལ་རབས་དེབ་དཀར་འབད་ཀྱིས་རྩོམ་དུས་བཀའ་ཤག་གཞུང་གིས་བཙོན་དུ་བཅུག།

རྙིང་ཞེན་འདི་ཡིས་རང་གྲོལ་ལགས་ཀྱང་གྲོལ་དུ་མ་བཅུག་ལྕགས་ཀྱིས་བསྡམས།། འདི་ལྟ་འདི་ལྟར་རྙིང་ཞེན་དུག་གིས་དྲག་བཙན་རང་གྲོལ་བཙན་གྱིས་བགྲོངས།། གསོན་ནས་བཞུགས་དུས་སྨྱོན་པར་གྲགས་ཤིང་གཤེགས་རྗེས་རིག་པའི་དཔའ་བོ་ཞེས།། གསེར་གྱི་ཉི་མ་སྤྲིན་གྱིས་བཀབ་པ་ད་ལྟ་བསམ་ན་སྙིང་རླུང་འཕར།།

བོད་པ་ད་དུང་གཉིད་དུ་ཡུར་ནས་རྙིང་ཞེན་རྟ་ཕོར་ཞོན་གྱུར་ན།། དགེ་ཆོས་བེེཌྰུར་བུམ་པ་ཐོག་མ་བཅག་ནས་བརླག་པའི་ཤུལ་ལ་ལྟོས།། གསེར་དང་དངུལ་དང་ཟངས་བུམ་སོགས་ཀྱང་གཏམ་དང་མི་ཁས་གཅོག་ལ་ཁད།། དེབ་དཀར་མཁན་པོ་འདས་ལོག་བྱུང་ཡང་རྙིང་ཞེན་དུག་གིས་བགྲོངས་ཉེན་ཆེ།།

ན་ནིང་དོ་ཚིགས་ཕྲག་དོག་འདི་ལ་བདེ་མོ་འཇོག་འདོད་སྙིང་ནས་སྐྱེས།། འདས་པའི་དུས་ཀྱི་གྱོང་གུན་བསམ་ན་མཚན་མོ་གཉིད་ཀྱང་མི་ཁུག་ལགས།། གྲིབ་མའི་ཁྲོད་ནས་འོད་ལ་རེ་བས་འོད་ཀྱི་ཁ་དོག་འཚོལ་བ་ལ།། ཕྲག་དོག་དུག་གི་སྡོང་པོ་སྐྱེས་ཀྱང་སྙིང་སྟོབས་མཚོན་གྱི་བསུ་མ་ཡོད།།

ཕྲག་དོག་ཁྲག་གི་རུ་མ་འདི་དག་ད་ནས་ཕྱི་རུ་དབྱུང་ན་དགའ།། མ་གཏོགས་མི་བུ་རླབས་ཆེན་གཅིག་ཀྱང་བོད་ནས་བྱོན་རྒྱུ་ཁག་པོ་རེད།། ཕྲག་དོག་འདི་ཡི་ཐོབ་ཤོར་བགྲངས་ན་ཐོབ་པ་ཉུང་ལ་ཤོར་བ་མང་།། རྣམ་དཔྱོད་གསེར་གྱི་ལྷུན་པོ་དག་གི་རིན་ཐང་བརླག་པ་ཨ་ཙ་མ།།

ཁྲི་ན་འགྱིང་པ་སུ་ཞིག་ཡིན་ཡང་སྣ་ཚོགས་གདུལ་བྱའི་སེམས་རྒྱུད་ལ།། ཕྲག་དོག་དུག་གི་ས་བོན་གདབ་ན་ངོ་སོ་སྦྱིན་འདོད་དགྲ་ལ་བསྒྱུར།། རྒན་དར་གཞོན་གསུམ་སུ་དང་གང་གིས་རྙིང་ཞེན་དུག་མཚོར་མཆོད་གྱུར་ན།། ཁོ་བོས་བདེན་དོན་སྲོག་ཏུ་བྱས་ནས་གནས་ལུགས་མེ་ཡིས་སྲེག་པར་བྱེད།། གསང་བའི་ཕྱིར་མིག མི་ཡི་མེས་པོ་སྤྲ་ལས་བྱུང་པ་བདེན་གྱུར་ན།། དེང་གི་སྤྲ་དག་མི་རུ་མི་འགྱུར་ཐལ་ལོ་ནོ།། སྤྲ་དང་མི་གཉིས་དབྱིབས་འདྲའི་ཆ་ནས་ཡིན་ཟེར་ན།། སྦྲུལ་དང་འབྲུག་ཀྱང་འདྲ་བའི་ཆ་ནས་རིགས་མཚུངས་ཉིད།།

གནམ་གྱི་ཁྲི་བདུན་མཁའ་ལ་གཤེགས་པ་བདེན་གྱུར་ན།། སྟོད་ཀྱི་སྟེང་གཉིས་བང་སོ་བཏབ་པ་ཐལ་ལོ་ནོ།། གནམ་ནས་བསྲིངས་པའི་རྨུ་ཐག་ཅིག་ནི་ཡོད་ཟེར་ན།། གྲི་གུམ་བཙན་པོས་རྨུ་ཐག་མི་འཛིན་ཅི་ལ་སྲིད།།

དཔང་བཀོང་ཕྱག་བརྒྱ་མཁའ་ལས་བབས་པ་བདེན་གྱུར་ན།། བློ་སེམས་འཚོ་དག་བོད་དུ་ཕེབས་པ་ཐལ་ལོ་ནོ།། ནང་བསྟན་ཆོས་ལུགས་འདི་ནས་དབུ་ནི་བརྙེས་ཟེར་ན།། བོན་ལུགས་འགའ་ན་གྲུ་གུམ་ནང་པར་དད་ཅེས་གྲགས།།

སྟག་རི་གཉན་གཟིགས་དམུས་ལོང་ཡིན་པ་བདེན་གྱུར་ན།། འ་ཞའི་ཡུལ་གྱི་གསོ་རིག་ལག་རྩལ་ཐལ་ལོ་ནོ།། སྐྱིད་ཤོད་སྟག་མོར་གཉན་ཞིག་འགྲོ་བ་མཐོང་ཟེར་ན།། སྐབས་དེའི་རྒྱལ་ས་འཕྱོང་རྒྱས་ཡིན་མིན་སུ་ཡིས་རྟོགས།།

སྲོང་བཙན་གོང་ལ་བོད་ཡིག་མེད་པ་བདེན་གྱུར་ན།། གཉའ་ཁྲིའི་སྐབས་སུ་བོན་གཞུང་དར་བ་ཐལ་ལོ་ནོ།། ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ཡིན་ཟེར་ན།། སྲོང་བཙན་གཞོན་དུས་གནས་ལྔར་སྦྱངས་པ་རྫུན་ནམ་ཅི།།

ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་པ་བདེན་གྱུར་ན།། ཀོང་ཇོ་གཤེགས་རྗེས་རྒྱལ་སྲས་འཁྲུངས་པ་ཐལ་ལོ་ནོ།། བཙས་སྟོན་དུས་སུ་རྒྱ་ཚ་ཡིན་ཞེས་གསུངས་ཟེར་ན།། ལོ་གཅིག་བྱིས་པའི་སྨྲ་བརྗོད་དེ་འདྲའི་དག་པ་ལ།།

འུ་དུམ་བཙན་པོར་ཆོས་དད་མེད་པ་བདེན་གྱུར་ན།། འུ་དུམ་བཙན་གྱི་བསྔོ་ཡིག་སྨོན་ལམ་ཐལ་ལོ་ནོ།། འབངས་དག་མི་བསམ་གླེན་ཞིང་རྟུལ་བས་ཡིན་ཟེར་ན།། བགྲོངས་པའི་ཚེ་ཡང་སྲིད་དོན་གླེང་འདི་སྨྱོས་སམ་ཅི།།

གནམ་ལྡེ་འོད་སྲུང་གདུང་སྲས་ཡིན་པ་བདེན་གྱུར་ན།། ཁྲི་ལྡེ་ཡུམ་བརྟན་རྒྱལ་བུར་དོགས་པ་ཐལ་ལོ་ནོ།། མངའ་བདག་འོད་སྲུང་སྔོན་དུ་འཁྲུངས་པས་ཡིན་ཟེར་ན།། དར་མ་བགྲོངས་རྗེས་འོད་སྲུང་འཁྲུངས་ཕྱིར་བློ་མ་བདེ།།

ཕྱོགས་ཞེན་དབང་གི་འཁྱོག་པོའི་གཞུ་མོ་ལ།། བདེན་པར་རློམ་པའི་རྒྱུད་སྐུད་སྦྲེལ་བ་ལ།། ཕྱིར་རྟོག་སྐྱེན་པོའི་ཉག་ཕྲན་ལྟོང་སྤྲད་ན།། འཁྱོག་པོའི་རང་བཞིན་མིག་གི་གསོས་སུ་རྩེན།།

བཅོས་མའི་འཇིག་རྟེན་སྟེང་གི་ཆིག་ལབ།


རླུང་ཞིག་ལྡང་པས་གསེར་སྐུའི་མདུན་གྱི་མར་མེ་ཚེ་འབར་འཕུར་མ་ལྡང་།། ཏོག་ཙམ་མིན་ན་རང་མདངས་ཉམས་པའི་གསེར་གྱི་མཆོད་རྐོང་སྟོང་བར་ལུས།། འབག་སྐུའི་ཞལ་ངོ་སྤྲིན་ལྟར་འཁྲིགས་ཀྱང་འབྱུང་བ་རླུང་ལ་རང་དབང་ཡོད།།

རྒྱུ་སྐར་ཕྲ་མོ་དངངས་འདར་ཤོར་བས་མུན་པའི་དབང་སྒྱུར་གསལ་བར་བྱེད།། ལྷ་ལམ་ཡངས་པོ་འདོམ་ལ་གཞལ་འདོད་འབྲས་མེད་ངལ་བའི་རྒྱུ་ཡིན་ན།། སྐར་ཁྱིམ་གྲངས་ཀྱིས་འཇལ་བའི་སྟ་གོན་སྣང་བ་འཁྲུལ་བའི་རྒྱུ་རུ་ཤེས།།

ལྷན་སྐྱེས་རིན་ཆེན་གསེར་ལས་འཕགས་ཀྱང་འཇིག་རྟེན་སྨྱོན་པའི་གར་སྟབས་ཀྱིས།། ལྐོགས་ཀྱིས་བྱུགས་པ་དང་པོར་བགྲངས་པ་བར་སྟོང་འདི་ན་ཤིན་ཏུ་བྲིན།། བཅོས་མའི་གདོང་འབག་བཤུ་བར་འདོད་ཀྱང་སྤྱི་ཚོགས་འདི་ཡིས་གཉའ་ནས་ཞོན།།

མར་ཁུ་སྣུམ་པོ་མཛུབ་མོས་ལྡག་དུས་སྦྲ་རྒན་ནང་གི་དྲོད་ཁོལ་དྲན།། དེ་རིང་སྒོ་ཐེམ་གྲུ་བཞིའི་སྲུབས་ལ་སྡུག་གི་མཆི་མས་ལྷན་པ་རྒྱབ།། ལྷན་འཛོམས་དགོད་སྒྲ་ད་ལྟ་བྱུང་ན་ཨེ་མ་ཇི་འདྲའི་སྐྱིད་པ་ལ།།

ལག་པའི་ཐོག་གི་སེར་ཀ་མཐོང་དུས་དྲིན་ཆེན་ཨ་མའི་རྒས་གཉེར་དྲན།། རྔུལ་ཆུའི་རྒྱ་མཚོས་འཇིག་རྟེན་བཀང་ཀྱང་ཕུགས་བསམ་གངས་རིའི་རྩེ་མོ་ན།། པོ་ཏཱ་ལ་ཡི་རྒྱ་ཕིབས་སྟེང་ལ་མར་ཁུ་བྱུགས་པར་རེ་སྨོན་བྱེད།།

སྔོན་བསགས་ལས་ཀྱི་བཀོད་པ་ཡིན་ནམ་རང་གི་ལག་ཟུང་དྲོན་མོ་ཡིན།། འཛམ་གླིང་ཤར་ནུབ་རིག་པ་གང་ཞིག་ཡང་དག་དཔྱོད་པའི་བློ་མིག་ཡིན།། རྒྱུ་འབྲས་རྒྱ་མའི་འཇལ་བྱེད་གང་གིས་བདེན་དོན་ཉི་མ་གསལ་བར་བྱེད།།

བསམ་བློའི་ལྷག་འཕྲོ་ལྡད་ཀྱིན་ལྡད་ཀྱིན་རང་ཉིད་སྨྱོས་པའི་ཚོར་སྣང་སྐྱེས།། འཇིག་རྟེན་སྐྱེ་འགྲོ་ཕལ་མོ་ཆེ་ཞིག་ཕྱི་ཚུལ་བཙན་པོས་བྲན་ལ་བསྒྱུར།། ཡག་ལ་དགའ་བའི་འཇིག་རྟེན་འདི་ལ་བསམ་གྱིན་བསམ་གྱིན་སུན་སྣང་སྐྱེས།།




མགར་གྱི་བུ་རྒྱུད་བཅད་ལ་རྣམ་སྨིན་འཁོར།

བཙན་བཞིའི་ཡ་གྱལ་ཁྲི་ཐོག་རྗེ་བཙན་གྱི་རིང་ལ།། མགར་གྱི་རྒྱུད་འདི་བཙན་པོའི་ཆབ་སྲིད་དུ་ཞུགས་ཤིང་།། བླང་དོར་འཐོམ་པའི་བཙན་པོ་འདུས་སྲོང་གི་བར་ལ།། མགར་གྱི་རྒྱུད་པས་བོད་ལ་སྲི་ཞུ་ཅིག་བསྒྲུབས་སོང་།།

ལྷག་པར་རྒྱལ་རབས་སོ་གསུམ་སྲོང་བཙན་གྱི་རིང་ལ།། བཙན་པོའི་སྲོག་ལ་རྒོལ་བའི་ཁྱུང་བོ་ནི་སྤུང་ཟད།། སྟོང་བཙན་བློ་རིག་སྐྱེན་པོའི་གློག་ཞགས་ཀྱིས་བསྒྲལ་ཏེ།། བཙན་པོའི་སྐུ་སྲོག་བསྐྱབས་པའི་མཛད་འཕྲིན་འདི་རྨད་བྱུང་།།

རྒྱ་བཟའ་བལ་བཟའ་རྣམ་གཉིས་བཙུན་མོ་རུ་བསུ་ཆེད།། རྒྱ་བལ་ལ་སོགས་ཕྱོགས་བཞིའི་རྒྱལ་ཁམས་ཀྱི་ཁྱོན་ལ།། གཡོ་སྒྱུའི་གསང་འབེན་བློ་རིག་མདའ་མོ་ཡིས་བརྟོལ་བའི།། མགར་གྱི་ངོ་མཚར་བྱས་རྗེས་གནམ་ས་རུ་མི་ཤོང་།།

མདོ་སྨད་འདུན་མ་བསྡུ་བའི་གཅིག་གྱུར་གྱི་ཐབས་མཆོག། རྒོད་གཡུང་དབྱེ་བ་ཕྱེ་བའི་དམག་དོན་གྱི་སྒྲིག་གཞི།། བཀའ་ཁྲིམས་ཡི་གེར་བཀོད་པའི་ལོ་རྒྱུས་ཀྱི་བྱུང་བ།། མགར་གྱིས་བོད་ལ་ཕུལ་བའི་རིན་བྲལ་གྱི་ལེགས་སྐྱེས།།

ཡབ་རྗེ་སྲོང་བཙན་སྒམ་པོ་བཞུད་སོང་གི་རྗེས་སུ།། དབོན་སྲས་མང་སྲོང་ན་ཚོད་མ་སྨིན་གྱི་རིང་ལ།། ངང་ཚུལ་བརྟན་པོའི་སྟོང་བཙན་ཡུལ་བཟུང་གི་བདག་པོས།། སྲིད་དོན་ཧུར་བཞེས་བཀའ་དྲིན་དགུ་ཚིགས་ཀྱིས་མི་འཆིང་།།

འདུས་སྲོང་བྱིས་པ་དམར་འབྱར་སེམས་མེད་ཀྱི་དུས་ལ།། ཁྲི་འབྲིང་སྤུན་མཆེད་དྲིན་གྱིས་སྲིད་དབང་ནི་མ་ཉམས།། ཕྱི་ནང་བདེ་ལ་ཕབ་པའི་དཔའ་མཛངས་ཀྱི་མཐུ་ཡིས།། མགོ་ནག་བོད་པ་བདེ་སྐྱིད་འཚོ་བ་ལ་རོལ་སོང་།།

དྲིན་ཅན་དྲིན་དུ་མི་གཟོ་འདུས་སྲོང་གི་མཚན་ཅན།། ནག་པོ་རྒྱ་ཡིས་བཤམས་པའི་གཡོ་སྒྱུ་ལ་ཚུད་དེ།། ཁབ་མཐའ་རྒྱ་སྐྱེད་གནང་མཁན་ཁྲི་འབྲིང་གི་སྤུན་མཆེད།། ཉེས་མེད་ཆད་པ་བཅད་པའི་དོན་རྐྱེན་འདི་སྐྱོ་བ།།

ཕ་ཤུལ་བུ་ཡིས་འཛིན་པའི་སྟོང་བཙན་གྱི་བུ་རྒྱུད།། དཀར་ནག་གོ་ལོག་བསྡེབས་ནས་ཚེ་སྲོག་ལ་རྒོལ་བའི།། འདུས་སྲོང་ལས་ལ་འགྲོ་དྲུག་ཞེན་པ་ཞིག་ལོག་པས།། ཀླུ་ཆུ་གྱེན་ལ་ལྡོག་ཅེས་ངག་རྒྱུན་ཏུ་གྲགས་སོ།།

སྟོང་བཙན་ཡབ་སྲས་ཁྲི་འབྲིང་སྤུན་མཆེད་ཀྱི་སྐུ་དྲིན།། བཙན་པོ་འདུས་སྲོང་སྟག་མོའི་ཕྲག་དོག་གིས་འཇལ་ཏེ།། མགར་གྱི་བུ་རྒྱུད་བཅད་པའི་ལོ་རྒྱུས་ཀྱི་ཉེས་པས།། གངས་རིའི་གཟི་བྱིན་ཉམས་པའི་རྒྱུ་འབྲས་འདིར་གཟིགས་དང་།།

བཙན་པོའི་རྒྱལ་ཁམས་ཐོར་ཅིང་སིལ་བུ་རུ་གྱུར་དུས།། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྒོ་ཐེམ་དུ་བྱས་ཤིང་།། བོད་པ་སྡུག་བསྔལ་རྒྱ་མཚོའི་མུན་དོང་དུ་ལྷུང་བ།། མགར་གྱི་བུ་རྒྱུད་བཅད་པའི་རྣམ་སྨིན་རང་ཨེ་ཡིན།།

ཕན་ཚུན་མི་མཐུན་སོ་སོ་ཕྲག་དོག་གིས་འཚོ་ཞིང་།། རྩྭ་ཆུའི་དོན་དུ་ཕ་སྤུན་མཐོ་སྒང་དུ་འཁྲུག་པ།། མཐུན་སྒྲིལ་དཔུང་རྡང་གོམ་སྒྲ་ཉམས་དམས་སུ་སོང་འདི།། མགར་གྱི་བུ་རྒྱུད་བཅད་པའི་རྣམ་སྨིན་ཞིག་ཨེ་ལགས།།

བདེན་དོན་གནས་ལུགས་ཁ་ནས་མ་ཎི་ལྟར་བགྲང་ཡང་།། ངལ་བ་འབྲས་མེད་སྔར་བཞིན་མུན་དོང་གི་འཚོ་བ།། ནག་ཕྱོགས་རྒྱལ་ཞིང་དཀར་ཕྱོགས་ཕམ་ཉེས་ཀྱི་དུས་འདི།། མགར་གྱི་བུ་རྒྱུད་བཅད་པའི་རྣམ་སྨིན་ཞིག་མིན་ནམ།།

ཆོས་དང་རིག་གཞུང་འཕེལ་འགྲིབ་རླུང་ནང་གི་མར་མེ།། མི་རིགས་ཉམས་པའི་སྡུག་བསྔལ་སེམས་ནང་གི་ཚེར་མ།། རྒྱུ་འབྲས་ཚད་མའི་ལྟ་བ་དངོས་ཡོད་དུ་རྟོགས་ན།། མགར་གྱི་བུ་རྒྱུད་བཅད་ལ་རྣམ་སྨིན་དུ་འཁོར་སྙམ།། ༢༠༡༢. ༤. ༡༥ཉིན་ལ།

ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།

བདག་བློའི་མུན་སེལ་ཟུར་ཕུད་ལྔ་བ་ཡིས།། མ་རིག་ལོག་ལྟའི་རྒོལ་ངན་ཚར་གཅོད་ཅིང་།། ཉམ་ཆུང་བུ་ངའི་རྨོངས་མུན་སྟུག་པོའི་དྲ།། ཤེས་རབ་རལ་གྲི་རྣོན་པོས་ད་ཆོད་ཅིག།

མུ་སྟེགས་སྟོན་པའི་རྗེས་སུ་སྐྱབས་མཆི་ཞིང་།། ཤཱཀྱའི་རྒྱལ་བོར་སྐུར་བ་འདེབས་བྱེད་ཅིང་།། ལྷ་འདྲེ་མེད་པར་སྨྲ་བའི་དམུས་ལོང་འགར།། རིག་པའི་རྩེད་འཇོ་ཅུང་ཙམ་སྤྲོ་བ་ལ།།

ཐུབ་དབང་བསྟན་པའི་བདག་པོ་ཟས་གཙང་སྲས།། མངོན་པར་སངས་རྒྱས་འཁོར་མོ་འཇིག་ཡུལ་དུ།། གཟུགས་ཅན་གཟུགས་མེད་མུ་སྟེགས་ཀུན་བཏུལ་བས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

དགའ་ལྡན་ལྷ་ནས་འཕོས་ཏེ་བལྟམས་པ་དང་།། དགུ་བའི་ཉེར་གཉིས་ལྷ་ལས་བབས་པ་ཡི།། མཛད་ཆེན་མཚོན་དུ་ལྷ་བབས་མཆོད་རྟེན་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

རྒྱན་དྲུག་ཡ་གྱལ་འཕགས་པ་ཐོགས་མེད་ཀྱིས།། དཀའ་སྤྱད་དྲག་པོས་སྒྲུབ་སྦྱངས་བྱས་པའི་མཐར།། རྗེ་བཙུན་བྱམས་པའི་ཞལ་གཟིགས་ཐོབ་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

རྗེ་བཙུན་བྱམས་པར་དངོས་སུ་མཇལ་བ་ཡིས།། ལུང་དང་གསུང་གི་དོན་གྱི་སྙིང་བོའི་གནད།། བྱམས་ཆོས་སྡེ་ལྔར་མཇལ་དུ་ཡོད་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བར།། རྣམ་ཀུན་བླ་མ་ཡི་དམ་མཁའ་འགྲོ་ཡི།། དཔག་ཏུ་མེད་པའི་ཡི་དམ་ཞལ་གཟིགས་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

དགའ་ལྡན་རི་ན་སྒྲུབ་པ་མཛད་པའི་ཚེ།། མདོ་ཁམས་སྐྱོང་བའི་བདག་མོ་ཞལ་མཇལ་དུ།། བྱོན་པའི་སྣང་བརྙན་བྲག་ལ་རང་བྱུང་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་མཆོག། ལྟོས་མེད་རི་ལ་སྒྲུབ་པ་མཛད་པའི་ཚེ།། ལྷ་མིན་མི་མིན་འདྲེ་ཡིས་མཐོ་མཚམས་པས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ་ཕྱིར་དུ།། ཆོས་བརྒྱད་རླུང་ལ་སྐུར་བའི་ལུགས་མཛད་ཅིང་།། སངས་རྒྱས་གོ་འཕང་ཐོབ་པའི་དགོངས་སྤྱོད་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

བཅུ་ཕྲག་ཤིང་རྟའི་སྲོལ་འབྱེད་ས་པཎ་གྱིས།། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་བཟང་དུ།། སྲིན་མོ་བཏུལ་བའི་རྗེས་ཤུལ་ཡོད་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

བོད་འབངས་སྐྱོབ་ཆེད་ཧོར་ཡུལ་འགྲིམས་པའི་དུས།། གོ་དན་རྒྱལ་བོའི་སྒྱུ་མ་མཁན་པོ་དག། བཏུལ་བའི་ལང་སྤྲུལ་མངོན་སུམ་མཐོང་བ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

མདོར་ན་ལྷ་ལ་མཇལ་ཞིང་འདྲེ་བཏུལ་བའི།། དངོས་གྲུབ་བདུད་རྩི་བརྙེས་པའི་བྱུང་བ་དག། འཕྲུལ་སྣང་མ་ཡིན་མངོན་སུམ་གྲགས་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

སྲིད་པ་གསུམ་དུ་དབྱེ་བའི་རྣམ་གྲངས་དང་།། ཁམས་གསུམ་ལ་སོགས་འགྲོ་བ་རིགས་དྲུག་གི། དབྱེ་བ་སོ་སོར་འབྱེད་དུ་ཡོད་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

ལྷ་འདྲེ་མེད་པར་འདོད་པའི་སྐྱེ་བོ་རྣམས།། མ་མཐོང་ཕྱིར་ན་མེད་པར་ཁས་འཆེས་ན།། རང་གིས་མཐོང་བ་ཙམ་ལས་མེད་འགྱུར་བས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

ལྷག་པར་ཆོས་ལྡན་གངས་རིའི་ཞིང་འདི་ན།། ཆོས་སྐྱོང་ཡི་དམ་སྣ་ཚོགས་བསྙེན་བྱེད་ཅིང་།། ལྷ་ཀླུ་གཉན་གྱིས་འཚེ་དང་སྐྱོབ་པ་འདིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

མ་མཐོང་ཕྱིར་ན་མེད་པར་འདོད་པས་ན།། རྡུལ་ཕྲན་ལ་སོགས་མིག་གིས་མཐོང་དཀའ་ཞིང་།། འདས་པའི་ལོ་རྒྱུས་དག་ཀྱང་རྫུན་འགྱུར་ཕྱིར།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ཞེ་བདུན་ནས།། ཨ་རིའི་གྲོང་ནས་འཕུར་སྡེར་མཐོང་བ་དང་།། གསང་བའི་རྗེས་ཤུལ་མང་དུ་བཀོད་པ་ཡིས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

དེང་རབས་ཚན་རྩལ་འཕེལ་རྒྱས་མྱུར་ན་ཡང་།། སྟོང་གསུམ་ཁམས་འདི་གཞལ་བའི་བློ་དོག་ཅིང་།། གསང་བའི་གནས་ལ་སྒྲོ་འདོགས་མ་ཆོད་པས།། ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།

ལྷ་འདྲེ་མེད་པར་སྨྲ་བའི་ནུབ་ཕྱོགས་ཀྱི།། རྗེས་སུ་འབྲངས་ནས་དཀོན་ཅོག་ཤི་སོང་སོགས།། ཟེར་སྒྲོས་ཁོ་ནའི་རྗེས་སུ་འབྲངས་པ་དག། ཞིབ་མོའི་བློ་ཡིས་ཡང་ཡང་དཔྱོད་ཅིག་ཀྱེ།།

ཁོ་བོས་ལོག་སྨྲའི་རྒོལ་བ་འཇོམས་ཕྱིར་དུ།། ལུང་རིགས་རྒྱ་མཚོའི་ངོགས་ལས་ཟེགས་མ་ཙམ།། གཏོར་བའི་རྣམ་དཀར་ཕྲ་མོ་འདི་ཡིས་ཀྱང་།། ལོག་ལྟས་གདུང་ལ་བསིལ་བ་ཐོབ་གྱུར་ཅིག།


༢༠༡༢༼༥༼༡༢ཉིན་ལ་བྲིས་པ་དགེའོ།།

གཙུབ་བརྡར་གྱི་བདེན་པ།

སྟོང་བའི་མཁའ་ལ་འཇའ་ཚོན་ཤར་ཙ་ན།། དབང་བོའི་གཞུ་རུ་འཁྲུལ་ལ་གད་མོ་འཆོར།། དོག་མོའི་ས་ལ་སྦྲང་ཆར་སིམ་སིམ་འདི།། ཀླུ་ཡི་དངོས་གྲུབ་ཡིན་འདོད་རྨོངས་པའི་རྟགས།།

མཐོན་པོའི་རི་ན་དར་ཞིག་གཡོ་བའི་ཚེ།། དེ་ལ་སྐྱབས་སུ་མཆི་འདི་བག་རེ་ཚ།། དམའ་མོའི་ཐང་ན་མཚོ་ཞིག་འཁྱིལ་བ་དེ།། བླ་མཚོར་བཀུར་བ་དྲན་ན་དགོད་རེ་བྲོ།།

བླ་མས་གང་གསུངས་ཚད་མར་འཛིན་པས་ན།། ཚད་མའི་གང་ཟག་ཡོད་ལ་དོགས་པ་སྐྱེ།། མཐུན་སྒྲིལ་མི་བྱེད་ནང་དུ་འཁྲུག་ཙ་ན།།། ལུང་བ་རེ་ན་ཆུ་དང་ཆོས་འདི་འགྱོད།།

བདེན་ལ་བདེན་དུ་མི་འཛིན་ལོག་ལྟ་ན།། རྗེས་སུ་འགྱོད་པའི་ལབ་བརྡོལ་སྟོང་བའི་གཏམ།། ཕྱོགས་རིས་ཕྲག་དོག་སྦྲུལ་གྱི་ཞེ་སྡང་གིས།། གསར་གཏོད་སྙིང་སྟོབས་གཞོམ་འདི་གོད་ཆག་ཅིག།

གཞུང་ལམ་དཀྱིལ་ན་རླངས་འཁོར་རྒྱུ་བའི་དུས།། གཡག་རྒན་འགྲོས་ལ་ངོ་མཚར་སྐྱེས་འདི་མཚར།། རྐང་ལམ་ཕྲ་མོ་དེད་ནས་འགྲོ་བའི་དུས།། བར་སྣང་འཕྲུལ་གྱི་བྱ་ལ་འཕྱ་འདི་ཅི།།

དུས་རབས་གསར་བའི་ཉི་གཞོན་འཛུམ་ཙ་ན།། ཚན་རྩལ་པད་མོའི་འཛུམ་ཞལ་ཟུམ་འདི་དགྲ། སྲོལ་རྒྱུན་རྙིང་བའི་སློག་པའི་དྲི་ཐུལ་ན།། རྒྱ་རིགས་བུ་མོས་སྨད་ཀྱང་བསྒྱུར་དུ་མེད།།

རྙིང་བ་གསར་བ་གང་ཡིན་མི་ཤེས་ན།། བླང་དོར་མོན་ཡུལ་རྡོར་གཅོད་ཡང་ཡང་དྲན།། ནུབ་ལུགས་ཅན་གྱི་ཚ་ཚ་ལྟར་སོང་ན།། སྨོན་པའི་གནས་ཤིག་ཡིན་འདོད་རྨི་ལམ་ཞིག།

ཤར་ནུབ་སོ་སོ་མ་ཡིན་ཐུན་མོང་གི། ཆོས་ཤིག་མེད་འདོད་ཨ་རིག་གླེན་པའི་བློ།། གནའ་དེང་ཟུང་གི་བདེན་པའི་ལམ་ཁ་ན།། གངས་ལ་རེ་བ་ཟད་འདི་འཆལ་གཏམ་ཞིག།

དེང་རབས་རིག་གནས་བསུ་བའི་སྟ་གོན་ལ།། སྐུ་ཞབས་ཞོགས་དུང་ཁོ་ནའི་ལུགས་ཀྱང་སྐྱོན།། སྲོལ་རྒྱུན་རིག་གནས་སྐྱོབ་པའི་གོ་ཆ་ལ།། རྙིང་ཞེན་མཁྲེགས་འཛིན་གོས་ཀྱང་རལ་ན་འདོད།།

ཤར་ཕྱོགས་ནུབ་ལུགས་ཅན་ཏུ་སྒྱུར་འདོད་དེ།། རང་གི་ཐུན་མིན་འདོར་བ་ཡིན་ནམ་སྙམ།། དངོས་པོའི་དཔལ་ཡོན་ནང་དུ་མ་དྲངས་ན།། སྲིད་པའི་ཕུན་ཚོགས་མགུལ་རྒྱན་ཇི་ལྟར་འདོགས།།

ཤར་ནུབ་རིག་གནས་ཟུང་དུ་སྦྲེལ་བ་ལ།། འགལ་ཟླའི་ཆ་ཞིག་མཆིས་ཀྱང་འགལ་ཁྱབ་མིན།། ཆོས་དང་འཇིག་རྟེན་གཉིས་ཀ་མཁོ་ཆེ་བས།། ཉེར་གཅིག་ནང་བ་རྟོགས་སད་འབྱུང་ལ་རེ།།

རྨོངས་པའི་དད་པ་བོར་ནས་དཔྱོད་ཤེས་ཀྱིས།། ནང་བའི་ཆོས་ལ་འཇུག་པའི་རྟོགས་སད་འདི།། རྨོངས་པའི་གཉིད་ལས་སློང་བའི་ཅོང་སྒྲ་སྟེ།། འཕེལ་རྒྱས་ཅང་ཤེས་རྟ་ཕོའི་བང་རྩལ་ཉིད།།

ཤ་གསེང་རུས་ལ་འཐིམས་པའི་ནང་བའི་ཆོས།། གངས་རིའི་བུ་ཡི་རྒྱུད་ན་ལྷོག་ལྷོག་འཕྱོ།། དེའི་ཕྱིར་ཉེར་གཅིག་ནང་བའི་རྟོགས་སད་དེ།། ཆོས་དང་འཇིག་རྟེན་སྐྱོབ་པའི་མིག་ཏུ་འདོད།།

༢༠༡༢༼༧༼༣ཉིན་ལ།


བདེན་ལུགས་ཤིག

ཁྱོད་ཀྱི་སེམས་པ་གྱང་ཁའི་རྩྭ་རེད་རྩྭི་ཏོག་རླུང་བུའི་ཕྱོགས་སུ་གཡོ།། ང་ཡི་གཤིས་ཀ་འབྲོང་གི་རྭ་ཡིན་རྭ་ཅོ་གྱོང་བོ་རང་གི་ཆོས།། ཁྱོད་ཀྱི་ལག་པ་གློ་ཁུག་ནང་རེད་གློ་བུར་ལྐོག་རྔན་གྲངས་ཀ་རྩི།། ང་ཡི་སེམས་པ་གླིང་དཀར་སྟོད་ཡིན་གླིང་དཔོན་ཡོང་རུང་སྐྲག་རྒྱུ་མེད།།

ཁྱོད་ཀྱི་སེམས་པ་དམར་པོའི་ཁྲག་རེད་ཁྲག་གིས་མྱོས་པའི་རྒྱ་སྟག་བཙན།། ང་ཡི་སེམས་པ་དཀར་པོའི་དུང་ཡིན་དུང་གི་རང་བཞིན་ཀུན་ལ་མཐུན།། ཁྱོད་ཀྱི་ཧམ་པ་ཨ་སྔོན་གནམ་རེད་གནམ་གྱི་རྒྱ་ཁྱོན་གཞལ་རབས་མེད།། ང་ཡི་རང་དབང་རྐང་བའི་འོག་རེད་རྐང་ལམ་ཕྲ་མོར་མདུན་ལམ་མེད།།

ཁྱོད་ཀྱི་སྟོབས་ཤུགས་གླང་ཆེན་སྨྱོན་པ་གླང་ཆེན་སྨྱོས་ན་དོ་ཡ་མེད།། ང་རང་ཉམ་ཆུང་གྲོག་མའི་ལུས་རེད་གྲོག་མ་བསད་ན་གཏུག་བཤེར་དཀོན།། ཁྱོད་ཀྱི་གཡོ་སྒྱུ་ཨ་ཅེ་ཝ་རེད་ཨ་ལོང་ཡང་ལོང་རིམ་པ་མང་།། ང་ཡི་རང་གཤིས་དྲང་མོའི་མདའ་ཡིན་དྲང་སྲོང་བཞིན་དུ་བརྟན་པོར་གནས།།

ཁྱོད་ནི་སྨྱོ་ཆུའི་སྦྱོར་བར་མཁས་པས་སྨྱོ་ཆུས་གཞན་མགོ་གཡོགས་པ་མང་།། ང་ནི་བརྗེད་ཆུ་བཏུང་བར་གོམས་པས་བརྗེད་ཆུའི་རྒྱ་མཚོའི་ཀློང་ན་འཁྱམས།། ཁྱོད་ནི་གཤིན་རྗེ་རྒྱལ་པོ་ལགས་པས་གཤིན་རྗེའི་ཁྲིམས་ར་ཡ་རེ་ང་།། ང་ནི་ཉེས་མེད་བཙོན་མ་ལགས་པས་བཙོན་རའི་མནར་གཅོད་འཇིགས་སུ་རུང་།།

ཁྱོད་ནི་བཅོས་མའི་འཕྲུལ་ལ་གོམས་པས་བཅོས་མ་འདི་ཡང་བདེན་དུ་བགྲངས།། ང་ནི་དད་པའི་ཡིད་ཀྱིས་བཀུག་པས་ཡིད་སེམས་འདི་ཡང་རྒྱ་རུ་ཚུད།། ཁྱོད་ནི་དྲག་པོའི་དཔུང་གིས་བཏེགས་པས་དྲག་པོའི་ལྷ་ཚོགས་ཀུན་ཀྱང་བཅོམ།། ང་ནི་ཞི་བའི་ལས་ལ་མོས་པས་ཞི་བདེས་ང་ལ་འཇིགས་སྐུལ་བཟོས།།

ཁྱོད་ནི་སྡིག་ཅན་ཤན་པ་ལགས་པས་ཤན་པའི་ལས་ནི་དམར་གསོད་ལགས།། ང་ནི་ཉེས་མེད་དགེ་ལ་མོས་ཀྱང་དགེ་བའི་ལས་ལ་གོ་འཛོལ་ཐེབས།། ཁྱོད་ནི་རྡོག་བརྫིས་ལས་ལ་སྤྲོ་ཡང་རྡོག་བརྫིས་འདི་དག་དྲང་བདེན་མིན།། ང་ནི་རྒྱུ་འབྲས་བརྩི་བར་གོམས་པས་རྒྱུ་འབྲས་སྨིན་པར་ཐེ་ཚོམ་མེད།།


༢༠༡༢༼༨༼༡༩ཉིན་ལ།


                            དྲན་ཤིང་གི་རྨི་ལམ།


ཉི་ཟེར་སྦྲ་ནག་གི་ཁ་ཚུབ་ལས་ངའི་མགྲིན་པར་འཁྱུད་འོང དྲོད་ཀྱི་རླངས་པ་བརྩེ་བའི་ཟུར་མིག་གིས་བཏེགས་ནས སྤྲིན་དཀར་གྱི་བང་རིམ་ལ་ལེགས་སྐྱེས་སུ་ཕུལ་བས ངའི་གཤོག་པ་ཡ་གཅིག་དེ་གང་ན་ཡོད་ཨང




ཀན་སུའུ་དགེ་འོས་ཚང་གི་བརྩེ་དུང་།


བརྩེ་བར་ཉིན་མཚན་དབྱེ་བ་འབྱེད་རྒྱུ་མེད།། ཀན་སུའུ་དགེ་འོས་ཚང་ལ་ལྷག་ཏུ་མེད།། ཉིན་མོར་ར་སྐོར་ནང་ན་མཆུ་སྦྱོར་ཞིང་།། མཚན་མོར་དམར་འཁྱུད་སྣང་བརྙན་དེ་ལས་མང་།།

གཞུང་ལུགས་འབུམ་ཕྲག་རྩིག་སའི་མཛོད་ཁང་ན།། ཕོ་མོས་བརྩེ་དུང་བདུད་རྩི་ཆང་ལ་རོལ།། ཡོན་ཏན་མཚོ་མོ་འཐུང་སའི་སློབ་ཁང་ན།། ཁ་པར་བརྡ་འཕྲིན་མང་པོའི་སྒྲ་དབྱངས་སྙན།།

ར་སྐོར་ཕྱི་རོལ་མཐུན་སྒྲིལ་སྡེ་བ་ན།། ན་གཞོན་ཕོ་མོ་བཟའ་ཚང་འཚོ་བར་རོལ།། ར་སྐོར་ནང་རོལ་ཟླ་བ་མཚོ་འགྲམ་ན།། ངུ་དང་དགོད་པའི་ཟློས་གར་སྐྱུར་བོ་མང་།།

ས་སྲོད་མུན་པ་རབ་རིབ་བྱུང་ཙམ་ལ།། དཔེ་མཛོད་ཁང་སོགས་གྲུ་ཟུར་རེ་རེ་ན།། གྲིབ་གཟུགས་ནག་རིལ་ཟུང་ཅིག་བསྡེབས་རྩེག་གི། འཇིག་རྟེན་མཐུན་འཇུག་སྣང་བའི་ང་རོ་གསལ།།

ཕོ་ནི་ཕོ་ལ་ཕྲག་དོག་ཁྲག་གིས་མྱོས།། མོ་ནི་མོ་ལ་ཞེ་སྡང་རྣག་གིས་བཀང་།། ཕོ་མོ་བརྩེ་དུང་རོལ་སའི་གཡུལ་ས་ན།། སོ་སོ་མ་མཐུན་ཁྲག་གི་མཆོད་པ་མོད།།

སློབ་ཆེན་འཚོ་བར་ཕོ་མོའི་བརྩེ་བ་གླེང་།། གཞུང་ལུགས་མི་རྩོད་བརྩེ་བའི་ཐོབ་ཤོར་རྩོད།། ཤེས་ཡོན་མི་འཚོལ་མཛེས་མའི་ཁ་པར་འཚོལ།། སྦྱངས་འབྲས་མི་རྩི་དགའ་རོགས་གྲངས་ཀ་རྩི།།

ཕོ་ཡིས་མོ་ཡི་ཆེད་དུ་འཆི་ཐུབ་ཟེར།། མི་ཐུབ་ཟེར་ན་སྐྱབས་གནས་དཀོན་ཅོག་གསུམ།། མོ་ཡིས་ཁྱོད་མིན་བློ་གཏད་མེད་དོ་ཟེར།། བློ་གཏད་གཞན་ཞིག་ཡོད་ན་ཡུམ་དུམ་པ།།

བོད་རིགས་བུ་ལོ་རྒྱ་མོར་འཁྱུད་པ་མཐོང་།། མེས་པོ་སྲོང་བཙན་སྲོལ་ཞེས་ང་རྒྱལ་བྱེད།། བོད་རིགས་བུ་མོས་མྱོས་བུམ་ངོམ་པ་མཐོང་།། དེང་རབས་རིག་གནས་ཡིན་ཞེས་མགོ་བོ་མཐོ།།

རྒྱ་མོའི་སྒོར་ཁུག་བྱེད་པའི་སྟག་ཤར་ཡང་།། སློབ་རའི་ར་སྐོར་འདི་ན་ཉུང་ཉུང་མིན།། བརྩེ་བའི་ཆེད་དུ་ཕ་མའི་རྔུལ་ཆུ་ཡང་།། ས་ལ་གཏོར་བའི་རིན་ཐང་ཆུང་ཆུང་མིན།།

ཀན་སུའུ་དགེ་འོས་ཚང་གི་བརྩེ་དུང་འདི།། ལུང་ཁུག་དོག་མོ་འདི་འདྲར་མི་ཤོང་གི། ཕོ་མོའི་བརྩེ་བར་ཡོད་ཚད་བློས་བཏང་གིས།། ཀན་སུའུ་དགེ་འོས་ཚང་གི་གཟི་རྔམ་ཤོར།།


༢༠༡༢.༤.༢༠ཉིན་དཔེ་མཛོད་ཁང་དུ།



རྔ་བའི་བུ་མོ།

བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ཡིད་འཕྲོག་མ།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ལ་རྒྱ་ཅན།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་སྙིང་སྟོབས་ཅན།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་འགན་འཁྲི་ཅན།།

བོད་རིགས་བུ་མོའི་ཁྱད་ཆོས་ཡོད་རྒུ་རྔ་བའི་བུ་མོ་ཁྱོད་ལ་འཛོམས།། བོད་པ་ཚང་གི་རིགས་ཞེན་དུང་བ་རྔ་བའི་བུ་མོ་ཁྱོད་ཀྱི་རྒྱན།། བོད་པའི་རིག་གཞུང་རྒྱ་མཚོའི་ཀློང་ན་རྔ་བའི་བུ་མོ་ཁྱོད་རང་མཛེས།། བོད་སྐད་གཙང་མའི་སྙན་འཇེབས་དབྱངས་རྟ་རྔ་བའི་བུ་མོའི་ངག་ན་འཁྲོལ།།

མི་རིགས་ཤིག་གི་འགན་འཁྲིའི་འདུ་ཤེས་རྔ་བའི་བུ་མོའི་སེམས་ན་འཕྱོ།། མི་རིགས་ཤིག་གི་ལས་དབང་འདི་ཡང་རྔ་བའི་བུ་མོ་གླེང་ལ་སྤྲོ།། མི་རིགས་ཤིག་གི་ཡ་རབས་སྤྱོད་བཟང་རྔ་བའི་བུ་མོའི་རྒྱན་དུ་ཆེ།། མི་རིགས་ཤིག་གི་མཛངས་མའི་མཚོན་བྱེད་རྔ་བའི་བུ་མོའི་རང་གཟུགས་ཡིན།།

མི་རིགས་འདི་ཡི་ངེས་དོན་མཛངས་མ་རྔ་བའི་བུ་མོ་གདུང་སེམས་ཅན།། མི་རིགས་ཤིག་གི་ཁྲག་རྒྱུད་ལྷད་མེད་རྔ་བའི་བུ་མོ་ཆོད་སེམས་ཅན།། མི་རིགས་འདི་ཡི་ཉེར་གཅིག་དུས་ལ་རྔ་བའི་བུ་མོ་གཉིད་ལས་སད།། མི་རིགས་འདི་ལ་རེ་བ་ཆེའོ་རྔ་བའི་བུ་མོའི་འབོད་པ་ཡོད།།

རྔ་བའི་བུ་མོར་བརྗེད་ཆུ་བླུད་ཀྱང་དྲན་པ་ཉམས་པའི་ལོ་རྒྱུས་མེད།། རྔ་བའི་བུ་མོ་དངུལ་གྱིས་བསླུས་ཀྱང་མགོ་སྐོར་ཐེབས་པའི་གཏམ་རྒྱུད་མེད།། རྔ་བའི་བུ་མོ་གཡོ་སྒྱུས་བཀུག་ཀྱང་ཕ་མེས་བཙོང་བའི་མི་ཁ་མེད།། རྔ་བའི་བུ་མོས་ག་དུས་ཡིན་ཡང་ཕ་སྐད་འདོར་བའི་ཨ་གསར་མེད།།

རྔ་བའི་བུ་མོ་དར་དཀར་འདྲ་འདུག་སེམས་པ་དཀར་པོ་དུང་གི་མདོག། རྔ་བའི་བུ་མོ་དར་དམར་འདྲ་འདུག་མཆུ་སྒྲོས་དམར་པོ་བྱུ་རུའི་མདངས།། རྔ་བའི་བུ་མོ་རྨ་བྱ་འདྲ་འདུག་ལུས་པོ་ལྡེམ་ལྡེམ་སྟངས་སྟབས་འཁྱུག། རྔ་བའི་བུ་མོ་རྒྱ་ལྕང་འདྲ་འདུག་མགོ་སྐྱེས་གནག་སྣུམ་རླུང་གིས་སྐྱོད།།

རྔ་བའི་བུ་མོ་འབྲུག་མོ་ལྟ་བུའི་རྩོད་གཞིར་གྱུར་བའི་འཕུང་འདྲེ་མིན།། རྔ་བའི་བུ་མོ་མེ་བཟའ་ལྟ་བུའི་ཕྲག་དོག་གཡོ་སྒྱུའི་ཁུག་མ་མིན།། རྔ་བའི་བུ་མོ་མགར་བཟའ་ལྟ་བུའི་རང་ཡུལ་དགྲ་ལ་བཙོང་མཁན་མིན།། རྔ་བའི་བུ་མོ་སི་ཏཱ་ལྟ་བུའི་ཆགས་སྲེད་ཅན་གྱི་བདག་མོ་མིན།།

རྔ་བའི་བུ་མོའི་སྐད་ངག་ཐོས་ན་སྒྲ་འཛིན་དབང་བོ་མྱོས་པར་བྱེད།། རྔ་བའི་བུ་མོའི་ཟུར་མིག་ཕོག་ན་ཕྱི་ཡི་རྫུ་བག་བརྟོལ་བར་བྱེད།། རྔ་བའི་བུ་མོ་ཉིན་མོ་མཐོང་ན་མཚན་མོ་རྨི་ལམ་ནང་དུ་འཁོར།། རྔ་བའི་བུ་མོར་ཆོལ་གསུམ་སྐྱེས་མའི་གཙུག་རྒྱན་ཆོ་ལོ་ཁོ་བོས་བསྩལ།།


མཐུན་སྒྲིལ་སྡེ་བའི་མཐོང་ཐོས།

ཀན་ལྷོ་གཙོད་ཅེས་གྲགས་པ་སུན་རྩེན་གྱི་གྲོང་ན།། གནའ་དེང་ཟུང་འབྲེལ་གཡུ་འབྲུག་སྔོན་མོ་བཞིན་འཁྱུག་པའི།།། ཀན་སུའུ་དགེ་འོས་ཚང་ཞེས་དབྱར་སྐྱེས་ཀྱི་རྔ་བོ།། ལྡིར་ལྡིར་གནམ་ས་འགུལ་བའི་ར་སྐོར་གྱི་ཕྱི་ན།། འཕྲུལ་གྱི་སྟེགས་ལྒང་རྩེད་ས་ཨ་སྔོན་གྱི་རྒྱུ་སྐར།། དེ་ཡི་སྦྱིན་བདག་རྒྱ་བོད་སྣ་ཚོགས་ཀྱི་མི་རིགས།། བརྒྱ་བྱིན་འགྲམ་ཆུ་ལྡང་སའི་ཟས་བཅུད་ཀྱི་དྲོ་ཞིམ།། གཡོས་སྦྱོར་ལས་ལ་མཁས་པའི་མགོ་དཀར་གྱི་མི་རིགས།། ནས་ཆང་རྒུན་ཆང་ལ་སོགས་བདུད་རྩི་ཡི་མཚོ་མོ།། ལྟེམས་ལྟེམས་འཁྱིལ་བར་བྱེད་མཁན་བོད་རིགས་ཀྱི་སྤུན་ཟླ།། ཞབས་ཞུའི་ལས་རིགས་སྣ་མང་མེ་ཏོག་གི་ཚལ་ན།། མཐུན་སྒྲིལ་སྡེ་བར་རྒྱུ་བའི་ཤར་ཤུར་གྱི་ལམ་ཕྲན།། བགྲོད་ལམ་དོག་རུང་འདུ་འཛི་ཟང་ཟིང་གི་ལམ་བུ།། གནས་འདིར་རྒྱུ་བའི་སློབ་མ་ཆུ་བོ་ཡི་བཞུར་རྒྱུན།། བཟའ་ཚང་འཚོ་བར་བྲེལ་བའི་གཞོན་སྐྱེས་ཀྱི་ཚོགས་ཀྱིས།། སྡེ་བ་འདི་ཉིད་ལྷ་ཁྱིམ་གུར་ཁྱིམ་དུ་འདོད་ཡོད།། མྱོས་བྱེད་ཉིང་ཁུར་གོམས་པའི་བག་མེད་ཀྱི་སློབ་བུ།། སྡེ་འདབས་འདི་ནས་སྐྱུག་པ་གྲངས་རྩིས་ཀྱིས་མི་ལོན།། སློབ་ཐུན་བོར་ཞིང་དྲ་བའི་རོལ་རྩེད་ལ་སྲེད་པའི།། སློབ་བུ་ཡིབ་སྦས་བྱེད་སའི་ངོ་མཚར་གྱི་བཙན་རྫོང་།། ཨེ་མ་སྒྱུ་འཕྲུལ་ལྟ་བུའི་མཐུན་སྒྲིལ་གྱི་སྡེ་བ།། མི་ཚེའི་རིན་ཐང་འབོར་སའི་མུན་ནག་གི་སྡེ་བ།། གནས་སྐབས་ཚོར་བ་བདེ་མོའི་འདོད་འཇོ་ཡི་འཁྲི་ཤིང་།། ཆང་དྲི་སྐྱུག་དྲི་ཐུལ་བའི་རུལ་སུངས་ཀྱི་སྡེ་བ།། ཉི་རྩེ་ས་ལ་འཛུམ་ཡང་རྨི་ལམ་ལ་རོལ་ས།། མཚམས་རེར་སྐྱོ་བའི་ངུ་སྐད་རྣ་བ་རུ་གཟན་ས།། ལན་རེར་དགའ་བའི་དགོད་སྒྲ་བྲག་ཅ་རུ་འཁོར་ས།། སྐབས་རེར་འཁོན་དང་རྡུང་རེ་རྒྱག་ས་ཡི་སྲང་ཤུར།། དཔྱིད་དུས་ལྷམ་དང་གྱོན་པ་འདམ་བག་གིས་བརྣགས་ས།། དབྱར་དུས་ཚོང་པ་མང་པོ་འདུ་འགོད་ཀྱིས་བྲེལ་ས།། སྟོན་དུས་གསེར་གྱི་སྡོང་ལོ་གར་སྟབས་ཀྱིས་རྩེན་ས།། དགུན་དུས་ཁ་བ་བུ་ཡུག་རུས་རྐང་དུ་ཟུག་ས།། ཨ་རོ་གྲོགས་པོ་ཁྱོད་རང་སློབ་གྲྭ་འདིར་ཡོང་ན།། ཟུར་གྱི་སྡེ་བ་འདི་ལ་གཟབ་གཟབ་ཅིག་བྱེད་དགོས།། ཐེངས་གཅིག་རྒྱུ་ན་དོ་སྣང་མ་བྱས་ཀྱང་ཆོག་མོད།། རྒྱུན་བཞུགས་གནང་ན་མཐུན་སྒྲིལ་སྡེ་བ་ཡི་གྲོང་འདིར།། ཉུང་དུ་སོང་ན་ཁྱོད་ལ་ཕན་ཐོགས་ཤིག་ཆེའོ།། བེ་རི་འཇིགས་མེད་ལྟ་བུའི་དགེ་སློང་ཞིག་ཕེབས་ན།། མཐུན་སྒྲིལ་སྡེ་བར་ཞབས་ཀྱིས་མ་བཀྱགས་ན་བཟང་གི། ཨ་ཅག་ཆོས་དབྱིངས་འདྲ་འདྲ་འདོད་པ་ཞིག་ཡོད་པས།། མིན་ན་ཆོས་གོས་འདོར་ལ་ཐེ་ཚོམ་རང་མི་འདུག། ཧོར་གཙང་འཇིགས་མེད་སྒེའུ་ཁུང་མགྱོགས་བྲིས་ལ་མཁས་ན།། ད་ལྟ་མཐུན་སྒྲིལ་སྡེ་བའི་རུ་ནང་འདིར་ཕེབས་དང་།། བེེཌྰུར་མིང་ཙམ་འཛིན་པས་བསུ་མ་དང་བཅས་ཏེ།། སྒེའུ་ཁུང་གསེང་གི་མགྱོགས་བྲིས་ལྷོད་ལྷོད་ཀྱིས་བྲི་ཆོག། ལྷག་པར་དགེ་འོས་ཚང་གི་དགེ་སློབ་ཀྱི་ཚོགས་ཀྱིས།། མཐུན་སྒྲིལ་སྡེ་བའི་སྲང་ལ་རྒྱང་ལྟ་རེ་བྱོས་དང་།། ན་གཞོན་རྩོམ་པར་དགའ་བའི་ཚོར་བ་ཡི་རྦབ་ཆུ།། ཐོལ་བྱུང་བརྗོད་བྱ་འགའ་རེ་སྨྱུག་རྩེ་ནས་འཕྱུར་ཡོང་།།


༢༠༡༢༼༡༡༼༢༠ཉིན།




སྒྱུ་མ་ལྷ་མོའི་རོལ་རྩེད།


མི་འགྱུར་གཟེར་མ་ལ།། མི་རྟག་གཤིས་ལུགས་ཤིག ། མེ་ལྕེའི་ཕུང་བོ་ལ།། འཆི་བའི་ཉེན་ཁ་འདུག །

ཡངས་པའི་རྒྱ་མཚོ་ལ།། སྐམ་པའི་དུས་ཤིག་ཡོད།། བརྩེ་དུང་མདུད་པ་ལ།། བཤིགས་པའི་བློ་ཞིག་གདའ།།

རྨི་ལམ་ཆོ་འཕྲུལ་ལ།། བཅོས་མའི་ངོ་གདོང་ཞིག ། བརྩེ་བའི་མེ་ཏོག་ལ།། སད་སེར་འཇིགས་པ་ཆེ།།

མངོན་སུམ་འཕྲད་པ་ལ།། བརྩེ་བའི་ཟུར་མིག་དབེན།། ཁ་པར་སྐུད་ལམ་ལ།། གཤིན་རྗེ་བྱུང་དོགས་ཆེ།།

སེམས་ཀྱི་བར་ཐག་ལ།། དཔག་ཚད་གྲངས་ལས་འདས།། འཇལ་བྱེད་ཚད་ཤིང་ལ།། ཆག་གྲུམ་ཤོར་ཉེན་འདུག།

ལས་དབང་མྱུ་གུ་ལ།། ཐན་ཞོད་འཇིགས་པ་ཆེ།། རེ་བའི་སྦྲང་ཆར་ལ།། མེ་རི་འཕྱུར་ལ་ཁད།།

མི་ཚེའི་རིན་ཐང་ལ།། བརྩོན་འགྲུས་རྟ་ཕོ་མཁོ།། འཇའ་ཚོན་ལྷ་མོ་ལ།། བདེ་མོ་འཇོག་ལ་ཁད།།

སྒྱུ་མ་ལྷ་མོ་ལ།། སྒྱུ་མའི་རོལ་རྩེད་མོད།། འཕྲུལ་སྣང་རང་བཞིན་ལ།། ཡིད་གཉིས་དྲ་ཞིག་བཟོས།།


༢༠༡༢. ༤ . ༡༧ཉིན་ལ།






                     ཆག་གྲུམ་ཤོར་བའི་བརྩེ་དུང་།

ལྷད་མེད་རྣམ་དག་གི་སེམས་པ།། དྭངས་གཙང་ས་གཞི་ཡི་ཆུ་མིག། སྟོན་གྱི་དུས་རླུང་དེ་འཚུབ་དུས།། དགུན་གྱི་འཁྱགས་རོམ་གྱིས་བསྡམས་སོང་།།

ཕ་གིའི་སློབ་གླིང་གི་བུ་མོ།། ཕྱིར་ལྟོས་མེད་པར་ནི་ཆས་ཀྱང་།། རང་སེམས་བརྩེ་བ་ཡི་ཨ་ལོང་།། བཤིགས་ཀྱང་འགྱུར་ཐབས་ཤིག་མ་བྱུང་།།

བརྩེ་འདང་མེ་ཏོག་དེ་བཞད་ལ།། རང་སེམས་འབོར་རག་བར་སྒུག་ཀྱང་།། ཕྱིར་ལ་ཟུར་མིག་ནི་མེད་པས།། རྐང་རྗེས་ཟབ་མོ་ཞིག་ཕབ་རོགས།།

སྒོ་ཁའི་སྒོ་སྲུང་གི་སྐད་ཆ།། ད་དུང་ལེགས་སྐྱེས་ཀྱི་དངོས་པོ།། སེམས་ན་གློག་བརྙན་བཞིན་གསལ་པས།། ངག་ནས་ཁེར་རྒོད་ཅིག་ཤོར་སོང་།།

ཨ་རོ་ཡིད་འཕྲོག་གི་བུ་མོ།། གཤིས་འཇམ་ལྷོད་ཡང་དུ་འདུག་ཀྱང་།། བློ་ཁ་དར་ལྕོག་ལས་ཡང་པས།། རང་སེམས་དུམ་བུར་ནི་གཏོར་སོང་།།

ཕར་ལ་སེམས་གཏམ་ནི་སྨྲས་ཀྱང་།། ཚུར་ལ་ལྐུག་པ་ཡི་བརྟུལ་ཞུགས།། སྔོན་བསགས་ལས་དབང་གི་བཀོད་པ།། ཨ་ཙི་བཙོན་ཁང་ལས་སྡུག་པ།།

གལ་ཏེ་ནམ་ཞིག་གི་དུས་ན།། བརྩེ་དུང་མེ་ཏོག་འདི་རྙིད་ཚེ།། རིག་པའི་རྒྱ་མཚོ་ཡི་ཀློང་ནས།། ཤེས་བྱའི་ལྷ་མོ་དེ་འཚོལ་འདོད།།

ཕྱིར་དྲན་མེ་ལོང་གི་ནང་ན།། ཁྱེད་ཀྱི་གྲིབ་གཟུགས་ལས་མེད་ཀྱང་།། གཞོན་སྐྱེས་མཛེས་སྡུག་གི་རི་མོ།། མི་བརྗེད་དྲན་ཤིང་དུ་བརྐོས་ཡོད།།

༢༠༡༡.༡༡.༡༡ཉིན་ཕུལ་བའོ།།


                                           བསླུ་བྲིད།

བསླུ་བྲིད་ཅེས་པ་དྲང་མོར་སྨྲས་ན་དཔྱོད་ཤེས་མེད་པའི་མཛེས་མ་ཞིག། བསླུ་བྲིད་ཅེས་པ་ཞིབ་ཏུ་བསམ་ན་མངར་ཆས་བཏུམ་པའི་འགད་རྫས་ཤིག། བསླུ་བྲིད་ཅེས་པ་ནན་གྱིས་དཔྱད་ན་རང་གིས་ཉོས་པའི་ཆག་སྒོ་ཅིག། བསླུ་བྲིད་ཅེས་པ་འཚོལ་དུ་མི་དགོས་སྣང་བར་རྒྱུ་བའི་རླུང་བུ་ཞིག།

བསླུ་བྲིད་འདི་ནི་སྐེགས་ཀྱིས་རྒྱན་པའི་འཆལ་མོ་ཞིག་གི་ཟུར་མིག་རེད།། བསླུ་བྲིད་འདི་ནི་གཡོ་ཅན་ཞིག་གིས་འཚོ་བ་རོལ་བྱེད་ཁ་ཟས་ཡིན།། བསླུ་བྲིད་འདི་ནི་ཐུན་མོང་ཞིག་ལ་མགོ་སྐོར་གཏོང་པའི་ཆབ་སྲིད་ཡིན།། བསླུ་བྲིད་འདི་ནི་རང་ཉིད་ཕུང་བའི་རང་གི་དཔྱོད་ཤེས་མ་རིག་པ།།

བསླུ་བྲིད་འདི་ནི་ཁུར་ན་མི་ཐུབ་མི་ཆེན་དཔོན་པོའི་ཚ་བོ་ཡིན།། བསླུ་བྲིད་འདི་ནི་མནན་ན་མི་ཐུབ་ཉོན་མོངས་བདུད་ཀྱི་ཕྲུ་གུ་ཡིན།། བསླུ་བྲིད་འདི་ནི་རིག་གནས་ཤིག་གིས་ང་ཚོར་བསྒོས་པའི་ནད་དུག་ཡིན།། བསླུ་བྲིད་འདི་ནི་རང་གཞན་གཉིས་ཀའི་མཐོང་ལམ་སྒྲིབ་བྱེད་ཞྭ་མོ་ཞིག།

དགྱེ་ནས་བལྟས་ན་བསླུ་བྲིད་ཟེར་བ་རྐང་བའི་འོག་ནས་ནུར་ལ་ཁད།། སྒུར་ནས་བཙལ་ན་བསླུ་བྲིད་ཟེར་བ་མགོ་བོའི་སྟེང་ནས་འཕུར་ལ་ཁད།། མདུན་ནས་མི་མཐོང་བསླུ་བྲིད་ཟེར་བ་རྒྱབ་ནས་འཇབས་ཏེ་འབྲོ་ལ་ཁད།། ནང་ནས་དོགས་དུས་བསླུ་བྲིད་ཟེར་བ་ཕྱི་ནས་གོག་སྟེ་ཤོར་ལ་ཁད།།

བརྩེ་དུང་འདི་ལ་བསླུ་བྲིད་ཐེབས་བྱེད་དངུལ་ལོར་དམར་པོའི་ཁྲག་ཐིགས་ཡིན།། ལ་རྒྱ་འདི་ལ་བསླུ་བྲིད་བྱེད་མཁན་ལོ་རྒྱུས་འཁྱོག་པོའི་ཨ་ལོང་ཡིན།། རེ་སྙེག་འདི་ལ་བསླུ་བྲིད་གཏོང་མཁན་རང་གཤིས་གྱང་ཁའི་རྩི་ཏོག་ཡིན།། བརྩོན་འགྲུས་འདི་ལ་བསླུ་བྲིད་གཏོང་མཁན་གནས་སྐབས་ཚོར་བ་བདེ་མོ་ཡིན།།

འཇིག་རྟེན་གོ་ལ་བསླུ་བྲིད་འདི་ཡིས་གཏོར་ལ་ཁད་དང་ཞིག་ལ་ཁད།། སྣོད་ཀྱི་འཇིག་རྟེན་བསླུ་བྲིད་འདི་ཡིས་སྒྲིབ་ལ་ཁད་དང་གཡོགས་ལ་ཁད།། ནང་བཅུད་སེམས་ཅན་བསླུ་བྲིད་འདི་ཡིས་སྨྱོ་ལ་ཁད་དང་བཟི་ལ་ཁད།། ཁམས་གསུམ་ཡོད་ཚད་བསླུ་བྲིད་འདི་ཡིས་འགུག་ལ་ཁད་དང་གཅོག་ལ་ཁད།།


༢༠༡༢༼༨༼༡༥ཉིན་ལ་དཔེ་མཛོད་ཁང་དུ།



ཡིད་གཉིས་རྟ་ཕོའི་གོམ་སྒྲ

མེས་པོའི་མཛད་རྗེས་གསང་བའི་གནའ་ཤུལ་དག་མཐོང་ན།། ཁ་སང་སྙིང་སྟོབས་བྱེ་བ་བྲང་ཁོག་ཏུ་འཕྱུར་ཡོང་།། དེ་རིང་ངོ་མཚར་ཆ་འཕྲིན་འཇིག་རྟེན་གྱི་འཕྲུལ་གྱིས།། རིག་པའི་བདེན་པ་འཚོལ་བའི་གཤོག་པ་དེ་ཆད་སོང་།།

ཕུགས་བསམ་རི་རྒྱལ་ལྷུན་པོ་ཇི་འདྲ་ཞིག་མཐོ་རུང་།། མ་འོངས་འཚོལ་སྙེག་དོན་ལ་ཐེ་ཚོམ་ཞིག་སྐྱེ་བྱུང་།། དུག་གསུམ་རོལ་བའི་བླུན་པོར་འཕྱ་སྨོད་ཅིག་བྱོས་མོད།། དུག་གི་བདེ་བར་ཆགས་དུས་རང་གིས་ཀྱང་མ་ཚོར།།

ཤེས་བརྩོན་ཐོས་པ་ཅན་ལ་ཁྱད་གསོད་འདྲ་བྱས་མོད།། རང་ཉིད་བརྩོན་པར་མ་འདྲིས་ཟང་ཟིང་དང་འདྲིས་འདུག། སེམས་ན་གནས་ལུགས་ཐམས་ཅད་ལག་མཐིལ་གྱི་རི་མོ།། དངོས་ཐོག་ལག་ལེན་མི་ཐུབ་ཨ་སྔོན་གྱི་འཇའ་ཚོན།།

དངོས་གཙོ་སེམས་གཙོ་རིག་པའི་དགའ་ཚལ་གྱི་ཀློང་ན།། ཕྱོགས་གླང་ཡབ་སྲས་རིག་པའི་རྩེད་འཇོ་ཡི་གར་གྱིས།། མར་ལེ་རིང་ལུགས་སྐྱེངས་པའི་ངང་ཚུལ་འདི་མཐོང་ཡང་།། དངོས་ཡོད་དངོས་མེད་བར་ནས་མགོ་ཡུ་ཞིག་འཁོར་བྱུང་།།

མཚམས་རེར་གངས་རིའི་སྐྱིད་སྡུག་བློ་ངོས་སུ་འཆར་དུས།། ཤེས་ཡོན་གནད་དུ་ཆེ་ཕྱིར་བརྩོན་པ་ཅིག་བསྟེན་འདོད།། ལན་རེར་རྩེ་དགོད་གཡེང་བའི་བག་མེད་ཀྱིས་འཁྱེར་དུས།། བདེན་དོན་གནས་ལུགས་འཚོལ་འདོད་སྨིག་རྒྱུ་ཡི་གྲོང་ཁྱེར།།

འདྲ་མཉམ་དྲང་བདེན་གླེང་དུས་ཁ་ཕོ་དེ་མཐོ་མོད།། གལ་དོན་གནད་ལ་ཐུག་དུས་སྨྲ་སྒོ་དེ་ལྐུགས་སོང་།། རྒྱ་ལམ་སྲང་ལམ་མྱུལ་དུས་རྣམ་དཔྱོད་དེ་གསལ་མོད།། ཤེས་བྱའི་གཞུང་ལ་མཇལ་འདོད་ཡིད་གཉིས་སུ་གྱེས་སོང་།།


༢༠༡༢༼༢༼༡༨ཉིན་ལ་ཤིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ།



སྒྱུ་མ་ལྟ་བུའི་མི་ཚེ།

སྟོང་གསུམ་འཇིག་རྟེན་ཆགས་ཚུལ་གསང་བའི་གནས།། ཕྱི་ནང་སྣོད་བཅུད་ངོ་མཚར་བློ་ལས་འདས།། སྒྱུ་མའི་མི་ཚེ་དེ་དག་ཀུན་ལས་མཚར།། བརྩེ་བའི་མེ་ཏོག་སྒྱུ་མའི་གདམས་ངག་ཡིན།།

གཞན་ཕན་བསམ་བློ་སྙིང་གི་མར་ལོ་རེད།། ད་ལྟའི་འཆར་སྒོ་སྒང་གི་དར་ལྕོག་འདྲ།། ཕུགས་ཀྱིའདུན་མ་བདེན་པའི་ལམ་ཆེན་རེད།། འབད་པ་གནམ་གྱི་རྒྱལ་མོ་སྤྱི་ནོར་ཡིན།།

ལས་ཀྱི་བསྐོས་ཐང་རང་གི་རྔུལ་ཆུ་རེད།། ཐོད་པའི་རི་མོ་བྲག་བརྐོས་རྡོ་རྗེ་འདྲ།། མི་ལུས་རིན་ཆེན་གསེར་གྱི་རྣམ་དཔྱོད་རེད།། ཤེས་བྱ་ཡོན་ཏན་གསེར་གྱི་ལྡེ་མིག་ཡིན།།

དུས་ཀྱི་འཁོར་ལོ་སྲོག་གཅོད་གཤེད་མ་རེད།། ལུས་པོ་བདེ་ཐང་སྲོག་སྐྱོབ་གོ་ཁྲབ་འདྲ།། ནང་གི་རྣམ་ཤེས་རང་གི་ཕ་སྐད་རེད།། སྐད་དང་ཡི་གེ་མི་རིགས་བླ་སྲོག་ཡིན།།

རིག་གནས་ཡོན་ཏན་རྒྱན་གྱི་དྭངས་མ་རེད།། གསེར་དངུལ་གཡུ་བྱུར་བླུན་པོའི་དཔང་རྟགས་འདྲ།། སྤྱོད་ཡོན་གཉིས་ལྡན་མི་ཡི་མཆོག་གྱུར་རེད།། བརྩོན་པའི་གོ་ཆ་དེ་ཡི་རིན་ཐང་ཡིན།།

ཐོབ་དང་གོ་ས་ནམ་མཁའི་འཇའ་ཚོན་རེད།། དཔོན་ས་ཐོབ་འདོད་འཇའ་ལ་སྤར་སྙོབ་འདྲ།། ལྟག་སྒོ་ངོ་མཚར་རྣམ་སྲས་བང་མཛོད་རེད།། བཞུགས་ཁྲི་མཐོན་པོ་དམངས་ཀྱི་རུས་སྒྲོམ་ཡིན།།

ལུས་དང་ལང་ཚོ་དབྱར་ཁའི་མེ་ཏོག་རེད།། ཕྱིར་དྲན་ལོ་ཟླ་མདང་གི་རྨི་ལམ་འདྲ།། རྣམ་གཡེང་ལེ་ལོ་འགྱོད་པའི་ན་ཟུག་རེད།། སྦྱངས་སྟོབས་ཤེས་བྱ་ལང་ཚོའི་བཀྲག་མདངས་ཡིན།།


སྤྱི་ལོ༢༠༡༢ལོའི་སྤྱི་ཟླ༣པའི་ཚེ༡༡ཉིན།

རྨི་ལམ་ལྷ་མོ།

ཀླུ་ཡི་རྒྱལ་པོའི་དོན་ཡོད་ཞགས་པ་དེ་གཡོར་དང་།། འདོད་ལྷ་མཁན་པོའི་མེ་ཏོག་མདའ་མོ་ཞིག་གནང་ན།། ལྷ་ཡི་དབང་བོའི་འཕྲུལ་གྱི་མེ་ལོང་གི་ནང་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

མཐོ་བ་གནམ་ལ་འཕུར་བའི་གཤོག་པ་དེ་གཡོར་དང་།། དམའ་བ་ས་ལ་འཛུལ་བའི་ནུས་རྩལ་ཞིག་ལྡན་ན།། གནམ་ས་འདྲེས་པའི་རྒྱང་རིང་མུ་མཐའ་ཡི་མཚམས་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

རྒྱ་སྟག་ངར་མ་ཁྱོད་ཀྱི་མཆེ་སྡེར་དེ་གཡོར་དང་།། འབྲོང་གཡག་དར་མ་ཁྱོད་ཀྱི་སྙིང་སྟོབས་ཤིག་ཡོད་ན།། འབྲོང་གཡག་འཐབ་པའི་རྫ་རི་མཐོན་པོ་ཡི་སྒང་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

ཧོར་རྗེ་གུར་དཀར་རྒྱལ་བོའི་ཕོ་སྒོ་དེ་གཡོར་དང་།། གཡུ་བྱ་རྟིས་སྔོན་ལྟ་བུའི་རྟ་ཕོ་ཞིག་ཡོད་ན།། རྟ་ཕོ་བང་གིས་གཅོད་པའི་སྐྱི་བསེར་གྱི་བར་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

འཇིག་རྟེན་སྲིད་པ་རྒན་པོའི་སྨྲ་སྒོ་དེ་གཡོར་དང་།། རྣམ་སྲས་མཛོད་ལ་འགྲན་པའི་འབྱོར་ཕྱུག་ཅིག་ལྡན་ན།། སྙན་མོའི་གཏམ་དང་འབྱོར་ཕྱུག་དབང་ཐང་གི་དཔུང་བས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

གླིང་དཀར་དཔའ་རྟུལ་སུམ་ཅུའི་དཔུང་བ་དེ་གཡོར་དང་།། སྤྱི་དཔོན་རྒྱལ་པོ་ལྟ་བུའི་བློ་བཀོད་ཅིག་ལྡན་ན།། སྟོབས་དང་དཔའ་རྩལ་ངོམ་པའི་ཁྲག་མཚོ་ཡི་ཀློང་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

དབྱངས་ཅན་ལྷ་མོའི་བེེཌྰུར་རྒྱུད་མངས་དེ་གཡོར་དང་།། སེང་ལྕམ་འབྲུག་མོའི་འཇོ་སྒེག་སྟངས་སྟབས་ཤིག་ལྡན་ན།། གླུ་དང་ཞབས་བྲོ་འཁྲབ་པའི་འགྱུར་ཁུགས་ཀྱི་གསེང་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

སྟོད་ཀྱི་གངས་དཀར་ལྷུན་པོའི་དབུ་རྩེ་དེ་གཡོར་དང་།། སྨད་ཀྱི་རྒྱ་མཚོ་ཆེན་པོའི་གླིང་ཕྲན་ཞིག་དབང་ན།། སྟོད་སྨད་ཡུལ་གྲུ་ཟླུམ་གཟུགས་གོ་ལ་ཡི་ཁྱོན་ནས།། དེ་རིང་མཐོང་བའི་རྨི་ལམ་ལྷ་མོ་འདི་འཛིན་དགོས།།

༢༠༡༢༼༡༢༼༥ཉིན།



               མཛེས་སྡུག་གི་དར་ལྕེ།

མེ་ལྕེ་ཕྲ་མོ་ཞིག་མཆེད་འོང མིག་མདངས་རྣོན་པོ་ཞིག་འཛུམ་འོང བྱ་སྒོང་ལྟ་བུའི་འཇིག་རྟེན་གྱི་པང་ལས ཕུག་རོན་ཞིག་རྒྱང་རིང་ལ་འཕུར་སོང



ཡར་ཀླུང་གཙང་བོ།

ངས་རི་ལུང་གི་རྒྱུན་ཐག་གོམ་པས་བཅལ་ནས་ཁྱེད་ལ་མཇལ་བར་ཐོན་ཡོད ངའི་མཐོ་སྒང་གི་ཡར་ཀླུང་གཙང་བོ ལམ་བར་དུ ངས་ཁྱེད་ཀྱི་དལ་དལ་དུ་བཞུར་བའི་སེམས་བྱུང་ལ་ཞིབ་འདང་རྒྱབ ལམ་བར་དུ ངས་ཁྱེད་ཀྱི་གསེར་མདོག་གི་ཁ་དོག་ལ་རྒྱང་ལྟ་བྱས ངས་འདི་ལྟར་མིག་བཙུམ་ནས སེམས་ཀྱི་ཀོ་གྲུ་དེ་ཁྱོད་ཀྱི་ཕ་རོལ་ནས་ཚུལ་རོལ་ལ་གཏོང་དུས ཁྱེད་ཀྱི་འཛུམ་མདངས་མེད་པའི་བཞུར་རྒྱུན་སྡུག་པོས ངའི་ཡ་ཁོག་འདི་ཡོངས་སུ་དཀྲུགས་བྱུང ཁྱེད་ཀྱི་ཕྱིར་མིག་མེད་པའི་རྒྱང་བཞུད་རིང་བོས ངའི་མ་ཁོག་འདི་ཡོངས་སུ་བརླན་བྱུང མི་ལོ་སྟོང་ཕྲག་ལ་བབས་པའི་ཟུངས་ཁྲག་གི་བཞུར་རྒྱུན་རིང་མོ དེ་རིང ང་རྒྱང་རིང་རྒྱང་རིང་ཞིག་ནས་ཁྱེད་ལ་མཇལ་བར་ཐོན་ཡོད དེ་རིང་ངས་ཁྱེད་ཀྱི་གམ་ནས་གྱེར་འདོད་པ་ནི ལོ་དང་ཟླ་བར་སྦས་པའི་སྙིང་གཏམ་ཞིག དུས་དང་སྐར་མར་བགྲང་བའི་གྲངས་ཀ་ཞིག གནམ་ནས་སར་འཐེན་པའི་ལོ་རྒྱུས་ཀྱི་རྨུ་ཐག་རིང་མོ

ངའི་མེ་ལྟར་ཚ་བའི་བྲང་གཞུང་གི་སྐོམ་གདུངས་འདི སྐད་ཅིག་སྐད་ཅིག་ལ་སེལ་བའི་མན་ངག་ཅིག་ཞུས་ན་འདོད ངའི་མཐོ་སྒང་གི་ཡར་ཀླུང་གཙང་བོ ཨ་མས་བཤད་རྒྱུར ཁ་སང་གི་གཏམ་རྒྱུད་ལ་དྲི་རྟགས་འགོད་མཁན་ཁྱེད་གཅིག་པོ་ལས་མི་འདུག་ཟེར ཨ་ཕས་བཤད་ན ཁ་སང་གི་རྒྱལ་ཕམ་ལ་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མཁན་ཁྱེད་གཅིག་པུ་ལས་མི་འདུག་ཟེར འདི་ལྟར ངས་ཁྱེད་ལ་ཞུ་འདོད་པའི་དྲི་བ་མང་པོ་མང་པོ་ཞིག་ཁུར་ནས་ཡོང་ཡོད འདི་ལྟར ངས་ཁྱེད་ལ་ཞུ་འདོད་པའི་རེ་བ་མང་པོ་མང་པོ་ཞིག་ཀྱང་སྐྱེལ་ནས་ཡོང་ཡོད རེད་ཡ ངས་ཐོག་མར་འཚོལ་འདོད་པ་ནི་ཁྱེད་ཀྱི་མགོ་ཁུངས་ཡིན་པ་རྙེད་བྱུང ཁྱེད་ཀྱི་མགོ་ཁུངས་ནི ལྷག་བསམ་གྱི་རང་མདངས་མངོན་པའི་གངས་དཀར་པོ་ཞིག་གི་ཆབ་རྒྱུན་རེད ཁྱེད་ཀྱི་མགོ་ཁུངས་ནི སྐྱེ་དགུའི་ལུས་ཟུངས་ལ་ཚེ་སྲོག་སྦྱིན་པའི་བདུད་རྩི་རིལ་བུ་ཞིག་གི་ཉིང་བཅུད་རེད དེ་བས ཁྱེད་ནི་ངའི་ཤ་དང་རུས་པ་ཡིན་འདུག ངའི་གློ་དང་མཆིན་པ་ཡིན་འདུག ངའི་མི་ལོ་གྲངས་ལས་འདས་པ་ཞིག་གི འགྲོ་འདུག་གི་གོམ་པའི་ཁ་གྲངས་ཁྱེད་ལ་གསལ་བ་ཡང་དོན་དངོས་རེད་ལ ངའི་མི་ལོ་གྲངས་ལས་འདས་པ་ཞིག་གི དབུགས་རྒྱུན་གཏོང་ལེན་ག་ཚོད་བྱས་པའང་ཁྱེད་ལ་གསལ་བ་དོན་དངོས་ཡིན་རུང དུས་རབས་ཤིག་གི་གོ་ཆག་གི་སྐབས་སུ ངའི་བླ་འབྲོང་སྒྱོགས་སྒྲས་དེད་སོང་ལ ངའི་བླ་རྟ་རྡེའུས་བགྲོངས་སོང ཉིན་མ་དེ་རིང ངའི་འབྲོང་ཁྱུ་ཚོར་སུ་ཞིག་གིས་བདག་པོ་བྱ ཡིན་ན་འང ངས་ནམ་ཡང གནམ་ས་གཉིས་ཀྱི་འདྲེས་མཚམས་ན འུ་གཉིས་ཀྱི་སེམས་པ་གཞི་གཅིག་ཏུ་བསྣོལ་བར་ཡིད་ཆེས་བྱས་ཡོད ཡིན་ན་འང ངས་ནམ་ཡང དུས་རབས་ཀྱི་ཉམས་ངས་མི་ཕམ་པ་ནི་ཁྱེད་ཀྱི་བཞུར་རྒྱུན་ཡིན་ན་འདོད་ཡོད ཡིན་ན་འང ངས་ནམ་ཡང གཡུལ་འཁྲུག་གི་རྡུལ་གྱིས་མ་བགས་པ་ནི་ཁྱེད་ཀྱི་ཞལ་རས་ཡིན་ན་འདོད་ཡོད དེ་རིང་ང་ཁྱེད་ཀྱི་སྒོ་རྩར་ཐོན་དུས ཁྱེད་ཀྱི་ཁུ་སུམ་མེར་ལུས་པའི་འགྲུལ་བཞུད་འདིས ངའི་དབང་རྩ་ཡོད་ཚད་ཡོངས་སུ་སྦྲིད་བྱུང་ལ ངའི་སྙིང་གི་ན་ཟུག་མེ་རི་བཞིན་དྲག་ཏུ་འཕྱུར་བས ངས་ཁྱེད་ཀྱི་བྲང་ཁོག་ལྟ་བུའི་གཏིང་རིམ་ལ་ལག་པས་སྤར་འཛིན་ཅིག་བྱས་ཏེ ཁྱེད་ཀྱི་སྙིང་ཁོག་ནས་ ལོ་ངོ་སྟོང་ཕྲག་ལ་སྒོམ་པའི་འཁྱག་སིབ་སིབ་གྱི་རྡེའུ་དེ་བཏོན་ནས གསར་བཞད་མེ་ཏོག་ཅིག་གི་དྲི་བསུང་སྣོམ་དུ་བཅུག་ན་འདོད ངའི་མཐོ་སྒང་གི་ཡར་ཀླུང་གཙང་བོ ཡིད་སྨྲེང་བའི་རླབས་རྩེ་མར་མར་མ་བཞུད་དང ཁྱོད་ལ་ཡར་ལྷ་ཤམ་ཆུ་ལྟ་བུའི་བུ་རྒྱུད་ཡོད་ལ མར་ཀླུང་གཙང་བོ་ལྟ་བུའི་སྐྱོ་གྲོགས་ཡང་ཡོད ད་དུང སྟོད་ཀྱི་མངའ་རིས་སྐོར་གསུམ བར་གྱི་དབུས་གཙང་རི་བཞི སྨད་ཀྱི་མདོ་ཁམས་སྒང་དྲུག གངས་རིའི་རང་མདངས་མ་ཡལ་བའི་གྲུ་ཟུར་སོ་སོ་ན ཁྱེད་ལ་དད་པའི་ཐལ་མོ་སྦྱོར་མཁན་ཡོད་ལ ཁྱེད་ལ་དད་པའི་རྐྱང་ཕྱག་འབུལ་མཁན་ཡང་ཡོད ངའི་མཐོ་སྒང་གི་ཡར་ཀླུང་གཙང་བོ ངས་ནམ་ཡང་ཁྱེད་ཀྱི་དལ་འཇགས་སེར་ལུས་པའི་བཞུར་རྒྱུན་ལ་རྣ་བ་གཏད་ཡོད ཡར་ཀླུང་གཙང་བོ་ཡ ས་ཆེན་པོའི་བྲང་གཞུང་ནས་འཛུམ་པའི་གཞན་གསོས་ཀྱི་ཡན་ལག་བརྒྱད་ལྡན ངས་རི་ལུང་གི་རྒྱུན་ཐག་གོམ་པས་བཅལ་ནས་ཁྱེད་ལ་མཇལ་བར་ཐོན་ཡོད ང་ཁྱེད་ཀྱི་སྒོ་འགྲམ་ལ་ཐོན་ཡོད


༢༠༡༢༼༥༼༡༥ཉིན་ལ།


ཁེར་རྐྱང་གི་སྙན་ངག་པ།


༡ དངོས་ཡོད་དང་ཕུགས་བསམ་གྱི་གནམ་ས་ཁ་ཕྱེ་དུས བདེན་དོན་དང་རྒྱུ་འབྲས་ཀྱི་ཉི་ཟླ་རེས་ཀྱིས་འཁོར ཡིན་ནའང གནམ་ས་ཡོད་ཚད་རབ་རིབ་ཀྱི་གཟུགས་རིས་ཤིག དུས་དེར ཁྱོད་ཀྱིས་སྙན་ངག་གི་རལ་གྲི་ཁྱེར་ནས་མུན་ནག་ལ་འཐབ་འཛིང་བྱེད་བཞིན་ཡོད གཡུལ་འཁྲུག་གི་ཁྲོད་ནས་ཁྱོད་ལ་རྨས་སྐྱོན་ཕོག་དུས སྙན་ངག་ཁོ་ནས་ཁྱོད་ཀྱི་རྨ་ཁ་གསོ་ཐུབ་ཅིང སྙན་ངག་ཁོ་ནས་ཁྱོད་ཀྱི་ན་ཟུག་རྨེག་མེད་དུ་གཞོམ་ཐུབ སྙན་ངག་པས་སྙན་ངག་གི་མཚོན་ཆར་བརྟེན་ནས སུ་ཞིག་ལ་ངོ་རྒོལ་བྱེད་པའམ ཡང་ན སུ་ཞིག་ལ་དཔའ་དར་འཐེན་བཞིན་ཡོད བཞུད་སོང་གི་སྐར་མ་དང་སྐར་ཆའི་འགྱུར་ཁུགས་ཁྲོད ས་སྒང་གི་ཆེས་མཐོ་ས་ནས་འོད་ལམ་ལམ་གྱི་ནོར་བུ་ཞིག་རྙེད་པ་ནི་ འཇིག་རྟེན་འདིར་གཅེར་བུར་ཡོང་ཞིང འཆི་ཁར་ཡང་གཅེས་བུར་འགྲོ་མཁན་གྱི་ས་སྒང་གི བྱིས་བློ་མ་ཡལ་བའི་སྙན་ངག་པ་དེ་དག ༢ སྙན་ངག་པས་སྙན་ངག་འབྲི་བ་ནི རང་ཉིད་ཀྱི་ངོ་གདོང་ངོ་མ་དེའི་ཆེད་དུ་ཡིན་ལ སྙན་ངག་པས་མི་ཡུལ་ལ་གྱེས་ཚིག་ཕུལ་རྗེས སྙན་ངག་པའི་སྨྱུ་གུ་ཟད་པོ སྙན་ངག་པའི་སྐྲ་ལོ་ཐར་ཐོར ད་དུང་ཤོག་དྲིལ་འགའ་ཙམ་ལས་གཞན་ཅི་ཡང་མེད ཡིན་ནའང ལོ་རྒྱུས་ཀྱི་གས་སྲུབས་ལས་བརྡོལ་བའི་བརྩམས་ཆོས་ཀྱི་གསང་བ་དེ་དག ལྡིང་བཞིན་པའི་སྐྱོ་གདུང་དང་ན་ཟུག དུས་རབས་ག་ཙམ་གྱི་རྗེས་ནས་རྟོགས་ཐུབ་བམ སྙན་ངག་པའི་བསམ་གཞིག་ནང་ན རང་ཉིད་གསོན་ཡོད་པར་ཡང་ཡིད་མི་ཆེས་ཏེ རྒྱུ་མཚན་ནི སྙན་ངག་པའི་བྲང་ཁོག་ན འཇིག་རྟེན་ནི་རྡུལ་ཕྲན་ཙམ་དང རྡུལ་ཕྲན་ནི་ས་སྒང་ཇི་བཞིན ༣ ས་སྒང་ན་འོད་དུ་འཚེར་བའི་སྙན་ངག་པ ཁྱོད་ཀྱི་མཛུབ་མོས་ས་སྒང་འདེགས་ཐུབ་ཅིང ཁྱོད་ཀྱི་ལག་པས་འཇའ་ཚོན་ལ་སྤར་འཛིན་བྱེད སྙན་ངག་པ ཁྱོད་ཁོ་ནས་གླིང་བཞིའི་རྒྱ་མཚོ་ཧུབ་བཀང་གིས་གཞིབས་ནུས་པའི ངའི་ཡིད་ཆེས་ཀྱི་མེ་ཏོག་ཁྱོད་ལ་གཏོར་ཡོད སྙན་ངག་པ ཁེར་རྐྱང་གི་སྙན་ངག་པ ཁྱོད་ནི་ས་སྒང་གི་མཛེས་རྒྱན་ཏེ ཉི་མ་དང་ཟླ་བ ད་དུང་འོད་དུ་འཚེར་བའི་སྐར་མ་ཇི་བཞིན རབ་རིབ་ཀྱི་སྨག་མུན་ཁྲོད་ནས་ སྐྲ་ལོ་ལ་རང་དབང་བཅོལ་བཞིན དཔྱོད་ཤེས་ཀྱི་ལམ་བུ་སྟོན་པའི་འོད་སྣང་ཁོ་ན སྙན་ངག་པ་ནི་ས་ལ་ལྷུང་བའི་འོད་ཆེམ་ཆེམ་གྱི་སྐར་མ་གསོན་པོ་ཞིག དེ་རིང་གི་སྙན་ངག་པས་སང་ཉིན་གྱི་འཚོ་བར་ཁ་ལོ་བསྒྱུར་བཞིན དུས་རབས་ཀྱི་ཕྲག་པར་སྤོས་ནས་དུས་ཚོད་ཀྱི་འགྲོས་ཚད་ལ་ཁྲེལ་དགོད་བྱེད


༢༠༡༢༼༡༢༼༢ཉིན་ལ།




ཁྱེད་ཀྱིས་ལང་ཚོ་ལ་རྒྱབ་འགལ་མི་བྱེད་རོགས།


འཇམ་ཐིང་ཐིང་གི་མཚན་མོར་ཟླ་འོད་སུ་ཞིག་གི་རུམ་དུ་འཛུལ ང་རང་ཙོག་པུར་བསྡད་ནས་ང་ལ་དབང་པའི་མ་འོངས་པར་སྐྱ་ཐིག་བྲིས གློ་བུར་དུ ངའི་ལང་ཚོས་ང་ལ་འཁང་ར་བྱས ཁ་ཕྱོགས་དང་འགྲན་རྩོད་ཀྱི་འགྲམ་ངོགས་དེ་ནས ཁྱེད་ཀྱིས་རང་ཉིད་ཀྱི་ལང་ཚོ་ལ་རྒྱབ་འགལ་མི་བྱེད་རོགས ལང་ཚོ་ཡི་གདམ་ཀས་ཡོད་ཚད་ལ་འགྱུར་བ་གཏོང་གིན་འདུག ཐེ་ཚོམ་དང་ཧམ་སེམས་ཀྱིས་ཁྱོད་ཀྱི་ཟུར་མིག་གི་ཁ་ལོ་བསྒྱུར་སོང་པ་ཨེ་བདེན ལང་ཚོའི་མཛེས་སྡུག་གི་བར་གླགས་དེ་ནས ཁྱེད་ཀྱིས་འཇའ་ཚོན་གྱི་ཕོ་བྲང་ལ་ཡིད་ཆེས་ཀྱིས་ཧོལ་རྒྱུགས་མ་བྱེད་དང རྔུལ་ཆུ་དང་རྣག་ཁྲག་གི་རིན་ཐང་གིས་ཁྱེད་ལ་ངོ་མཚང་འདྲི་བཞིན་འདུག ལང་ཚོ་ནི་ཁྱེད་ཀྱི་མཚར་སྡུག་གི་རྐང་རྗེས་རབ་རིབ ཁྱེད་ཀྱིས་དགོད་སྒྲ་དང་དྲོད་ཁོལ་གྱི་ལམ་ཕྲན་དེད་ནས་ལྷན་སྐྱེས་ཀྱི་ངོ་གདོང་འཚོལ་རོགས ཕྱིར་མིག་གི་བར་གསེང་ནས་གུ་ཡངས་ལ་རེ་བའི་ལྐོག་ལྟ་ཟུར་མིག་ཏུ་གྱུར་པས

བརྩེ་ཞེན་གྱི་མེ་ཏོག་དམར་པོ་མཁུར་ཚོས་ནས་ལྷུག་ལྷུག་དགོད

ཡིན་ནའང དངུལ་ལོར་ཀུན་ནུས་སུ་འདོད་པའི་འཐོར་རླུང་དྲག་པོས བཅོས་མ་དང་ཁྲེལ་མེད་ཀྱི་ལག་པ་བརྐྱངས་ནས་ལང་ཚོ་ལ་བསླུ་བྲིད་ཀྱི་གཡབ་མོ་བྱེད ཡང་ན དེ་ནི་ལང་ཚོ་ལ་རྒྱབ་འགལ་བྱེད་པའི་ཐེམ་སྐས་མཐོན་པོ ཁྱེད་ཀྱིས་མི་ཚེའི་རིན་ཐང་འཚོལ་སའི་རྒྱ་མཚོའི་སྟེང་ནས ལང་ཚོའི་བཀྲག་མདངས་དང་སྟོབས་ཤུགས་ལ་ཡང་ཡང་སོམས་དང ལང་ཚོས་རང་ཉིད་ཀྱི་མ་འོངས་པའི་འཇིག་རྟེན་ལ་དབང་སྒྱུར་བྱེད་ཐུབ འཚོ་བ་དང་རྨི་ལམ་གྱི་གདམ་ཀའི་ཁྲོད་ནས ཁྱེད་ཀྱིས་ལང་ཚོ་ལ་རྒྱབ་འགལ་མི་བྱེད་རོགས






འཆི་བདག་གི་འཇབ་རྒོལ་ཐེབས་དུས། ༡ འཆི་བདག་ལགས ངས་ད་དུང་ཅི་ཡང་སྒྲུབ་མེད་པས ཁྱོད་ཀྱིས་ང་ལ་འཇབ་རྒོལ་མི་བྱེད་རོགས ངའི་གློ་མཆིན་ལ་བསྣུན་གྱིན་པའི་ལྕགས་ཀྱུ་དེ ཡུད་ཙམ་ལ ད་དུང་ཡུད་ཙམ་ལ ཕྱིར་གློ་བུར་དུ་དབྱུང་སྟེ་བར་དོའི་འཕྲང་ལ་མི་སྐྱེལ་རོགས ༢ སྲིན་འབུ་དེ་དག་གིས ངའི་གློ་བ་ཟ་བཞིན་འདུག་ལ ངའི་མཆིན་པར་གནོད་ཀྱིན་འདུག ཡིན་ནའང འཆི་བདག་གིས་ངལ་གསོ་ཅུང་ཙམ་བྱས་དང ངས་ད་དུང་ཅི་ཡང་འཚོལ་མ་ཐུབ་ལ ཅི་ཡང་བཙལ་མ་ཐུབ་པས འཆི་བདག་གིས་ང་ལ་ཕྱིར་མིག་ཐེངས་གཅིག་གི་གོ་སྐབས་སྦྱིན་རོགས ༣ དེ་རིང་ངའི་མཐོང་ལམ་ཡོད་ཚད་རབ་རིབ་ཏུ་གྱུར་ཅིང ལུས་པོ་ཡོངས་རྫོགས་སྦྲིད་གྱི་ལེར་སོང་རྗེས དུས་ཚོད་ཀྱིས་རྒྱང་བཀྱེད་ནས་བྲོས་སོང ཨ་ཙི ཅི་ཡང་འགྲུབ་མེད་པའི་ང་རང འདི་ལྟར ཚེ་སྲོག་གི་ཆེས་མཐའ་མཇུག་དེ་རྫོགས་འགྲོ་བ་ཡིན་ནམ མིན གཏན་ནས་མིན དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ ངས་བདག་པོ་མེད་པའི་འབྲོང་ཁྱུ་དྲན་ཡོང ངས་བདག་པོ་མེད་པའི་བང་སོ་དྲན་ཡོང འོན་ཀྱང ངའི་མིག་ཆུས་ཉལ་ཁྲི་བརླན་མ་མྱོང ༤ ངས་དབྱངས་གསལ་སོ་བཞིས་ཚེ་སྲོག་བསྐྱབས་པའི་དྲིན་ལན་དེ་ལྟ་ཅི ཨ་ཕའི་གདོང་ལ་འཛུམ་མདངས་དང ཨ་མའི་ངག་ལ་དགོད་སྒྲ ཐ་ན སེམས་གཞས་ཐན་ཐུན་ཞིག་ཀྱང་གྱེར་མ་མྱོང་མོད དེ་རིང་འཆི་བདག་གིས་ང་ལ་འཇིགས་སྐུལ་བཟོས་སོང སང་ཉིན་གྱི་སང་ཉིན་མི་བུ་ཡོད་ཚད་འཆི་ངེས་པ་རེད ཡིན་ནའང དེ་རིང་གི་ད་ལྟ་བུ་ཆུང་ངའི་འབྱུང་བཞི་ཀུན་ནས་འཁྲུག་བྱུང དེར་མ་ཟད རྨི་ལམ་དུ་ང་རང་འཆི་བདག་གི་ཞགས་པར་ཚུད་འདུག ཨ་ཧོ་ཧོ ཕོ་ལོ་ཉི་ཤུར་བུད་མ་ཐག་པའི་ང་རང འཆི་བདག་གམ་ལ་སླེབས་དུས་འབྲོ་ས་ཞིག་གང་ན་ཡོད ཡིན་ནའང ངས་འཆི་བདག་གི་ཞགས་པ་དེ ངའི་ལག་ཏུ་དམ་པོར་འཆིང་བའི་སྨྱུ་གུར་གཡོལ་ཅི་ཐུབ་བྱ་ངེས་ཡིན ད་དུང ངའི་ཆེས་མཐའ་མའི་དབུགས་རྒྱུན་དེས ‘མི་རིགས’ཞེས་པའི་ཡིག་འབྲི་གསོན་པོ་དག་བྲིས་ཚར་ན སྙིང་ལ་ལྕགས་ཀྱུ་བརྡབ་ཀྱང་གནོངས་འགྱོད་ཅི ༢༠༡༢༼༤༼༦ཉིན་སྨན་ཁང་དུ།


འཇིག་རྟེན་འདི་འགད་གཏོར་བྱས་ན


ཡངས་བའི་རྒྱ་མཚོ་དཔང་དུ་བཞག་རུང རི་རབ་གླིང་གཞི་རྒྱན་དུ་མཛེས་ཀྱང འཇིག་རྟེན་འདི་མི་རྟག་པའི་ངོ་བོ མི་ཚེ་འདི་སྡུག་བསྔལ་གྱི་རང་བཞིན ས་གཞི་འདིར་བློ་གཏད་མེད་ཅིང ནམ་འཆི་ལ་ངེས་བ་མེད་པས བརྩེ་བ་ཡོད་ཚད་སྐྱུག་བྲོ་ལ མི་བུ་ཡོད་ཚད་སྨྱོས་འདུག་པས ཕ་མ སྤུན་མཆེད ཉེ་དུ རང་ཉིད་དང་ཆེས་ཉེས་པའི་མི ད་དུང རང་ཉིད་དང་ཆེས་རིང་པའི་མི ཡོད་ཚད་ཀྱི་ཡོད་ཚད བཅོས་མའི་ངོ་གདོང་ཞིག ཉི་མ་ནུབ་རིར་ཡོལ་རྗེས ཉི་གཞོན་འཆར་མིན་རྟོགས་དཀའ་ལ ཟླ་བ་གཟའ་ཡིས་བཟུང་རྗེས དུང་ཟླ་མཁའ་རུ་འཛུམ་ཞེས་སུ་ཞིག་གིས་འཆལ་གཏམ་སྨྲ ང་ཡོད་ཚད་ལ་དོགས་གཞི་སྐྱེས་བྱུང ང་ཡོད་ཚད་ལ་སུན་སྣང་སྐྱེས་བྱུང ཀྱེེ འཇིག་རྟེན་འདིའི་ཆེས་རླབས་ཆེན་པ ཁེར་རྐྱང་གི་འཚོ་བ སྒེར་ཚུགས་ཀྱི་བསམ་བློ སྒེར་ཚུགས་ཀྱི་མི་གཞི ད་དུང་རླབས་ཆེ་བའི་སྐྱོ་སྣང་མཁན ཆེས་ཐོག་མར དྭངས་གཙང་གི་དག་ཞིང་གཞན་ཞིག་ནས གྲང་ཤུར་ཤུར་གྱི་མི་ཡུལ་འདིར་སླེབས་དུས མི་ཚེ་འདི་དགོད་སྒྲར་བསམ་ཞིང འཇིག་རྟེན་འདི་ལྷ་ཡུལ་དུ་འདོད ཡིན་ནའང འཇིག་རྟེན་འདི་དམྱལ་ཁམས་ཞིག འཇིག་རྟེན་འདི་གཤིན་རྗེ་ཞིག དེ་བས ང་ལ་ཁེར་རྐྱང་གི་རང་དབང་སྩོལ་དང ང་ལ་སྒེར་ཚུགས་གྱི་མི་གཞི་སྩོལ་དང བྱིས་བློ་མ་ཡལ་བའི་ང་རང རུལ་དྲི་ཐུལ་བའི་འཇིག་རྟེན་ལ་ཞེན་པ་ལོག་བཞིན སྐད་ཅིག་སྐད་ཅིག་ལ་འཇིག་རྟེན་འདི་འགད་གཏོར་བྱས་ན་འདོད འོ་དོད་ངུ་ངག་གིས་འཚོ་བའི་འཇིག་རྟེན་འདི་ན ང་ཁུ་སུམ་མེར ཡང་བསྐྱར ཁེར་རྐྱང་གི་བསམ་གཞིག་ཁྲོད་ནས འཇིག་རྟེན་འདི་འགད་གཏོར་བྱས་ན ངའི་བསམ་བློའི་མེ་སོན་འདི་མེ་རི་བཞིན་འཕྱུར་ནས འཇིག་རྟེན་འདི་ཚལ་བ་བརྒྱ་རུ་གཏོང་ཐུབ་བམ ཡང་ན འབྱུང་བཞི་ཀུན་ནས་འཁྲུག་སྟེ འཇིག་རྟེན་འདི་ཧ་ཅང་ཆུང་བའི་རྡུལ་ཕྲན་གཅིག་ཏུ་གྱུར་རུང ངས་ད་དུང་ཡང སྨྱུ་གུ་དམ་པོར་འཆང་ནས འཇིག་རྟེན་འདི་འགད་གཏོར་བྱས་ན་འདོད ད་དུང་ཡང སྨྱུ་གུ་དམ་པོར་འཆིང་ནས འཇིག་རྟེན་འདི་འགད་གཏོར་བྱས་ན


༢༠༡༢༼༥༼༡ཉིན་ལ།




གཙང་བོ་འདིའི་བཞུར་སྒྲར་ཉན་ན


དལ་དལ་དུ་རྒྱུ་བའི་གཙང་བོ་འདིའི་འཁྱུག་རྩལ་ལ་ཅེ་རེར་ལྟ་དུས མེས་པོ་ཚོའི་བཀའ་ཆེམས་དྲན་ཡོང བཙན་པོ་ཡི་མགུར་གླུ་གསལ་ལ་མི་གསལ རྣ་བ་བླག་ནས་རེ་སྒུག་བྱེད་དུས ཁྲག་རྣག་གིས་སེམས་ཀྱི་གས་སྲུབས་ལ་ལྷན་པ་རྒྱབ གཙང་བོའི་གཏིང་རིམ་གྱི་རྡོ་འབའ་འབུར གྱང་ཆག་ཞིག་རོ་ཇི་བཞིན་འཇམ་ཐང་ཐིང རླབས་ཀྱི་དཔུང་བ་སྐམ་པོ་གཉོམ་དུང་དུང གཙང་བོ་ཡི་བཞུར་རྒྱུན་སྔར་ལས་བྲེལ་འཚབ་འཚུབ སྨྲེ་ངག་དང་འོ་དོད་ཀྱི་ངུ་འབོད་རྣ་བར་གཟན

༢༠༡༢ལོའི་ཟླ་༡༢བའི་ཚེས་༢༧ཉིན་ལ་ཀླུ་ཆབ་སྔོན་མོའི་འགྲམ་ནས། ང་ན་གིན་འདུག

ངའི་སྙིང་ན་གིན་འདུག ངའི་མིག་ན་གིན་འདུག དུས་དེ་རིང་ངའི་ལུས་པོ་ཡོད་ཚད་ཅི་ཞིག་གིས་བཅིངས་ཡོད་པ་འདྲ་ལ ངའི་ལུས་རྟེན་ཡོད་ཚད་ཚ་ལམ་ལམ་བྱེད མ་གཞི་མདང་ནུབ་ཀྱི་རྨི་ལྟས་ངན་པ་དེས ང་ཧ་ཅང་ཐང་ཆད་འདུག སྨན་པས་བཤད་ན་ང་ལ་སེམས་ནད་བྱུང་འདུག་ཟེར རྩིས་པས་དཔྱད་ན་ངེད་ཚང་གི་སྦྲ་ནག་གི་ཆོན་ཐག་གཅིག་ཆད་ཡོད་པས་མ་བཟང་ཟེར ལྷ་བས་གསུངས་ན་ངེད་ཚང་གི་སྲུང་གཡག་གི་རྭ་ཅོ་གཅིག་ཆག་པས་ཐན་ལྟས་ཡིན་ཟེར མོ་བ་བདེན་ན་འུ་ཅག་གི་ཐབ་ཀ་མེས་འཚིག་པས་ལན་ཟེར གང་ལྟར ན་རྐྱེན་འདི་སེམས་ནད་ཡིན་ན སེམས་ཆུ་འདི་མིག་ཆུ་ཡིན་ལ སེམས་ངོས་སུ་ཕ་ཡུལ་ཡོད་དེ སྦྲ་ནག སྲུང་གཡག ཐབ་ཀ ད་དུང་རྒྱང་རིང་གི་མགྲོན་པོ་དེ་དག ང་ན་གིན་འདུག ངའི་སྙིང་ན་གིན་འདུག ངའི་མིག་ན་གིན་འདུག ༢༠༡༢༼༡༡༼༡༩ཉིན་ལ།

རྒྱ་མཚོ་དང་མེ་ལོང་།

ངའི་བྲང་ཁོག་ན་རྒྱ་མཚོ་ལྟེམས་སའི་མེ་ལོང་ཞིག ས་སྒང་འདི་རྒྱ་མཚོའི་དྲག་རླུང་གིས་སྐད་ཅིག་གིས་གཏོར་ཉིན ད་གཟོད་ང་ལ་དབང་བའི་སྒོར་སྒོར་གྱི་མེ་ལོང་དེ ཁོ་བོས་ཉི་ཟླ་ལྟ་བུའི་མཐོ་ས་ཞིག་ནས འཇིག་རྟེན་ཡོད་ཚད་ལ་མེ་ལོང་ནང་ནས་གོ་རིམ་ཞིག་བརྗེས་རྗེས འཁྱགས་པས་བསྡམས་པའི་རྒྱ་མཚོར་ལྡོག་འཕྲོ་བྱེད་དུ་འཇུག་ངེས མེ་ལོང་དང་རྒྱ་མཚོ རྒྱ་མཚོ་དང་མེ་ལོང སོ་སོ་མ་ཡིན་ཞིང་སོ་སོ་རུ་སྣང་བའི་གཟུགས་རིས་རབ་རིབ་ཅིག རྒྱ་མཚོ་ནི་མིག་ཆུས་གྲུབ་པས་རོ་བསྐ་ལ་སྐྱུག་བྲོ མེ་ལོང་ནི་གཟུགས་བརྙན་ཙམ་ལས་ལྟར་སྣང་ཉིད རྒྱ་མཚོ་ལས་འཕྲོས་པའི་དཀར་སེར་དམར་ལྗང་གི་ལྡོག་འཕྲོ་དེ་དག མེ་ལོང་ན་ངུ་སྐྱེན་ལ་དགོད་ཡང་བྲོ མ་གཞི་ནས་གཟུགས་བརྙན་ནི་གཟུགས་བརྙན་ཙམ་དང ངོ་གདོང་ནི་རྒྱ་མཚོའི་གཏིང་རིམ་གྱི་མུན་ནག་གམ ཡང་ན དེའི་ཕྱི་ལོགས་སུ་སྦས་པའི་མེ་ལོང་ཉིད ༢༠༡༢༼༡༡༼༨ཉིན་ལ།

ངའི་བྲང་ཁོག་ན་མེ་ཏོག་སྐྱེས་བཞིན་འདུག

ཁ་སང་གི་གཏམ་རྒྱུད་ཁྲོད་ན ཕ་ཡུལ་ཕྲ་ལམ་མེར སྨན་རྩྭ་དང་མེ་ཏོག་གི་འཇིག་རྟེན་ཞིག དེ་རིང་ཕ་ཡུལ་ན་བྱེ་རླུང་འཚུབ་ཀྱིན་འདུག མཚོ་མོ་སྐམ་སོང སྨན་རྩྭ་བཏུས་སོང དེ་རིང་ཕ་ཡུལ་ན་དུད་ཞགས་འཁྲིགས་ཀྱིན་འདུག མེ་ཏོག་འཕྲོག་སོང ཟེའུ་འབྲུ་ཁུར་སོང ངའི་རྨི་ལམ་ན་མེ་ཏོག་རྨི་བཞིན་འདུག སྦྲང་ཆར་འབབ་ཀྱིན་འདུག ཕྱིར་སད་དུས ད་གཟོད་ང་ནི་མེ་ཏོག་རྐང་གཅིག་གི་རྭ་མདའ་བ ད་དུང་མེ་ཏོག་གཞན་དེ་དག མི་ཚོགས་ཀྱི་ཁྲོད་ནས་ངས་མེ་ཏོག་མཐོང་བྱུང སུ་ཞིག་གི་ཨམ་ཕྲག་ནང་ན་མེ་ཏོག་གི་ཕྱི་མིག་དམར་པོ སྔ་མོ་ནས་གསེར་བརྐོ་བ་ཞིག་གིས་དངུལ་ལོར་དུ་བསྒྱུར་ཚར ཡིན་ནའང མེ་ཏོག་ཕྲ་ལམ་མེར ཕ་ཡུལ་བརྗེད་མ་མྱོང སྐྱ་ཐང་ཐིང་གི་ཕ་ཡུལ མེ་ཏོག་གི་རྒྱན་ཆ་དེ་དག་གསེར་བརྐོ་བར་ཧ་ཅང་སྐྲག་པ་འདྲ འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་ནས སྨན་རྩྭ་དང་མེ་ཏོག་ཡོད་ཚད གསེར་བརྐོ་ཞིག་གི་ཨམ་ཕྲག་ནང་ན་སྨྲེ་ངག་འདོན ཕ་ཡུལ་འགྱུར་འདུག ཕ་ཡུལ་སྐྱ་ཐང་ཐིང འོན་ཀྱང་ངའི་བྲང་ཁོག་ན སྨན་རྩྭ་སྐྱེས་བཞིན་འདུག མེ་ཏོག་བཞད་ཀྱིན་འདུག འཕྲོག་སོང་བའི་སྨན་རྩྭ་དང་མེ་ཏོག་དེ་དག ངའི་བྲང་ཁོག་ན་སྔོ་ལྗང་སེ ངའི་བྲང་ཁོག་ན་མེ་ཏོག་སྐྱེ་བཞིན་འདུག


༢༠༡༢༼༡༠༼༡༨ཉིན་ལ།







ཐ་སྙད་དང་དངུལ་ལོར།


དངུལ་ལོར་རླུང་རྟ་བཞིན་དགུང་ལ་གཏོར་དུས སེར་གས་གཡོགས་པའི་ལག་པ་ཞིག་མཁའ་ལ་སྲིང ཐ་སྙད་ཀྱིས་དངུལ་ལོར་གྱི་ཐེམ་སྐས་བཙུགས་ནས་ངའི་སྒོ་གླེགས་རྡུང་བྱུང ད་ལྟའི་བར་ངས་དངུལ་ལོར་ཅི་ཙམ་ཞིག་རླུང་ལ་སྐུར་ཡོད ད་ལྟའི་བར་ངས་ཐ་སྙད་ཅི་ཙམ་ཞིག་བློ་ལ་བཅུག་ཡོད མིག་ཟུང་སྣ་རྩེ་ལ་གཏད་ནས་རང་ཉིད་ལ་བསམ་གཞིག་གཏོང་དུས ངས་རྔུལ་ཆུས་སྦངས་པའི་དངུལ་ལོར་གྱི་རྒས་གཉེར་ཨ་མའི་གདོང་ལ་ཕབས་ཟིན ཤི་མ་གསོན་གྱི་ཐ་སྙད་འགའ་ཞིག ངས་སུ་ཞིག་གི་རྔུལ་ཆུ་ལ་ཁྲེལ་མེད་བྱས་སོང དངུལ་ལོར་རི་ལྟར་བརྩིགས་པའི་རྩེ་མོ་ན ཐ་སྙད་བྲང་ཁོག་ནས་ཙི་ཙམ་བཙལ་ཡང་རྙེད་མ་བྱུང དངུལ་ལོར་དང་ཐ་སྙད་ཀྱི་ལྕི་ཡང་གཞལ་དུས དངུལ་ལོར་ངའི་ཨམ་ཕྲག་ནས་ས་ལ་འཐོར་སོང ཐ་སྙད་ངའི་བྲང་ཁོག་ནས་རི་ལ་བྲོས་སོང ང་རང་མགོ་བོ་སྨད་བྱུང



ན་ཟུག་གི་འབོད་པ།

གོམ་འགྲོས་འཁྱར་འཁྱོར་གྱི་རི་མོ སྟག་མོའི་དེའི་ཐིག་ལེ་བཞིན་ཧ་ཅང་གསལ་ཞིང སྦྲ་རྒན་གྱི་དུ་བ་སྔོ་ལྷོག་གེར ནམ་མཁར་གཤེགས་རྗེས་བདག་གི་བྲང་ཁར་ཟུག་སོང



ཐོལ་བྱུང་གི་རེ་སྨོན།

ཆོས་ལྡན་གངས་རིའི་ཞིང་གི་དཔལ་གྱུར་བའི།། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།། གདུལ་བྱའི་ཁམས་ལ་འདོད་རྒུ་འབྱུང་བའི་གཏེར།། ཐུགས་རྗེའི་དངོས་གྲུབ་ཟབ་མོའི་ཤིས་པ་སྩོལ།།

འཛམ་གླིང་ནང་ཆོས་རིག་པའི་ལྟེ་གནས་སུ།། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།། དགོངས་པའི་སྙིང་བོ་ཟབ་མོ་དབུ་མའི་གནད།། འཁྲུངས་པའི་མགོན་གྱིས་འཇིག་རྟེན་རྒྱན་གྱུར་ཅིག།

བླ་བྲང་བཀྲ་ཤིས་འཁྱིལ་བའི་ཞིང་ཁམས་འདི།། རྒྱ་གར་བྱང་ཤར་དཔལ་ལྡན་ནཱ་ལེན་དྲའི།། འགྲན་པའི་ཟླ་རུ་འོས་པའི་སློབ་གཉེར་གྱི།། འཆད་ཉན་རྒྱ་མཚོ་སྔར་ལས་རྒྱས་གྱུར་ཅིག།

མདུན་རི་བཀྲ་ཤིས་རྟགས་བརྒྱད་རང་བྱུང་ལ།། འབྱུང་བོའི་གདོན་གྱི་བར་ཆད་ཞི་བ་དང་།། རྒྱབ་རི་ཐལ་དཀར་མཆེ་བ་དྲུག་ལྡན་ལ།། ལྕགས་ཀྱུ་རྣོན་པོའི་འཇིགས་པ་སེལ་དུ་གསོལ།།

ཐོས་བསམ་གླིང་བའི་རྣམ་དཔྱོད་དོ་ར་རུ།། འཇིག་རྟེན་རྒུད་པའི་ངོ་བོ་མེ་ལོང་གི། གཟུགས་སུ་གསལ་བའི་ཐལ་འགྱུར་ངོ་མཚར་ཅན།། ཆོས་དུང་སྒྲ་ལ་བར་ཆད་མེད་པར་ཤོག།

སྙིགས་མའི་འགྲོ་བའི་འབྱུང་བཞི་འཁྲུག་པ་ལ།། ལུས་ཅན་ཉེར་འཚོ་བདེ་བར་འགོད་སླད་དུ།། གསོ་རིག་གཞན་ཕན་གླིང་ཞེས་གྲགས་པ་འདི།། བདེ་གཤེགས་སྨན་བླ་བརྒྱད་ཀྱིས་རྗེས་གཟུང་ཤོག།

ཨེ་ཝཾ་ཆོས་འཁོར་གླིང་དང་རྒྱུད་སྟོད་སྨད།། བཅུ་ཕྲག་རིག་པའི་དཔག་བསམ་འཁྲི་ཤིང་ལ།། དེང་རབས་ཚན་རྩལ་སྦྲང་ཆར་འཇོ་སླད་དུ།། གནའ་དེང་རིག་གནས་ཉི་ཟླ་ཟུང་འབྲེལ་ཤོག།

བླ་བྲང་གསེར་གདུང་ཆེན་མོ་སྲིད་པའི་རྒྱན།། འབྱུང་བཞིའི་རྐྱེན་གྱི་དབང་དུ་མི་འགྱུར་བར།། ས་སྒང་ཡིད་འོང་བརྗིད་པའི་མཛེས་རྒྱན་དུ།། འཇིག་པའི་དངོས་པོའི་གཤིས་ལས་ལྡོག་པར་ཤོག།

སྐུ་གདུང་རིང་བསྲེལ་གསུང་འབྱོན་ངོ་མཚར་ཅན།། རྟེན་དང་གཙུག་ལག་རིན་ཆེན་མཐའ་ཡས་པ།། འགྲོ་བའི་གདུང་བ་སེལ་བའི་གཉེན་པོ་རུ།། བསྐལ་བའི་མཐར་ཡང་འཇིག་པ་མེད་པར་ཤོག།

མདོ་སྔགས་རིག་པའི་གནས་ཀུན་བྱང་ཆུབ་ཅིང་།། གངས་ལྗོངས་རིག་བཅུའི་གནས་ལ་མངའ་འབྱོར་བའི།། དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་དག། སྐུ་ཚེ་ཇི་སྲིད་བར་དུ་བརྟན་པར་སྨོན།།

གངས་ལྗོངས་བསྟན་པའི་ཉིན་བྱེད་མདོ་སྨད་ཀྱི།། འཛུམ་ཟེར་ཕྲག་བརྒྱ་རྒོད་པའི་འོད་སྣང་གིས།། ཀུན་མཁྱེན་བླ་མའི་གདན་ས་པདྨོའི་ཚལ།། ཡོངས་སུ་རྗོགས་པའི་འདབ་སྟོང་གྲོལ་གྱུར་ཅིག།


༢༠༡༢༼༡༼༡༥ཉིན་བླ་བྲང་དུ།


ཁེར་རྐྱང་གི་ང་རོ།

ཨ་སྔོན་མཐོངས་སུ་འགྱུ་བའི་གླག་རྒོད་ཡ།། སྟོང་བའི་ཁམས་ན་ཁེར་རྐྱང་ལྡིང་བ་འདི།། གངས་ཀྱི་རྒྱལ་མོའི་རྩེ་ཡི་རྒྱན་ཆ་ལགས།།

དགྲ་སྡེ་འབུམ་ཚོའི་ཟིལ་ཤུགས་ངོམ་ས་ན།། གོམ་གང་ཕྱིར་འབྲོ་མེད་པའི་སྟག་མོའི་སྤུན།། དགྲ་ལ་ཁེར་རྒྱུགས་རྟུལ་ཕོད་གླིང་རུའི་བུ།།

རྒྱལ་སྲས་སྲིད་ལ་མ་ཆགས་ཁེར་རྐྱང་དུ།། ལོ་དྲུག་དཀའ་ཐུབ་སྤྱོད་པའི་དོན་ཀུན་གྲུབ།། དུག་གསུམ་འདུལ་བའི་སྐྱེས་བུ་ཨེ་མ་རྨད།།

ལྕགས་ཀྱི་ལུས་ལ་ཟངས་ཀྱི་སྙིང་ཁམས་ཅན།། མཛངས་མ་མཛེས་སེ་དོར་ནས་ཁེར་རྐྱང་དུ།། མི་ལའི་རྣམ་མགུར་བཞེངས་པ་སྲིད་དུ་མཛེས།།

འཕགས་པའི་ཡུལ་ལ་ཁེར་རྐྱང་ཞབས་ཐང་གིས།། ཚ་གྲང་ཁྱད་གསོད་ཀྱིས་བསྐྱོད་གྲུབ་འབྲས་ལ།། བཀའ་བསྟན་ལེགས་སྒྱུར་གནང་འདི་ལོ་ཙཱའི་དྲིན།།

འཛམ་བུ་གླིང་འདིའི་རྟོགས་སད་སྒྲོན་མེ་དག། སྦར་ལ་མཁས་པས་ད་ལྟའི་འོད་སྣང་འདི།། ཁེར་རྐྱང་བསམ་གཞིག་བཏང་བའི་སྐུ་ཡི་དྲིན།།

གཅིག་པུར་རྒྱལ་ཁམས་ཉུལ་བའི་དབྱིན་ཇི་བ།། མི་ལོ་ཉི་ཤུར་འབད་པའི་ཁྲག་ཐིགས་ཀྱི།། འཕེལ་འགྱུར་སྨྲ་བའི་བྱེད་པོ་དར་ཝུན་རྒྱལ།།

འཇིག་རྟེན་འདི་རུ་ཁྲི་གདུགས་གཉིས་པ་ཞིག། འོད་ཀྱི་སྣང་བས་ཁྱབ་བྱེད་གློག་སྒྲོན་འདི།། ཨེའེ་ཏེ་ཧྲིན་གྱི་ཁེར་རྐྱང་ཚོད་ལྟའི་མཐུ།།

ལྟོས་བཅས་སྨྲ་བ་སྐྱེས་སུ་འབུལ་བྱེད་ཅིང་།། རྡུལ་ཕྲན་འཇིག་རྟེན་བསུ་བའི་དྭ་ཕྲུག་སྟེ།། ཁེར་རྐྱང་རྒྱལ་སྲས་ཨེ་དབྱིན་སུ་ཐན་མཆོག།

འཇིག་རྟེན་‘ནག་ཁུང་’ལ་སོགས་དཔྱོད་ཤེས་ཀྱིས།། སྐར་མའི་གོ་ལ་འབུམ་ཕྲག་རྟོགས་བྱེད་ཅིང་།། དབང་བོ་སྐྱོན་ཅན་ཧོའོ་ཅིན་ཕྱག་གི་ཡུལ།།

ཕུགས་བསམ་རྒྱལ་ཁབ་སྨྲ་བ་པོ་ལ་ཐུ།། དངོས་ཡོད་འཇིག་རྟེན་རྟོག་བཅས་སྣང་བརྙན་དང་།། རྟོགས་རུང་འཇིག་རྟེན་དཔྱོད་པའི་བློ་རིག་རྒོད།།

མི་ཚུལ་རིག་པའི་ཡབ་མེས་ཁེར་འགྲོ་སྟེ།། པོ་ཐུ་ལ་ཁུ་རིག་པའི་གད་རྒྱངས་ཀྱིས།། མི་མིན་ལྷ་ཡི་སྒེར་གཅོད་ཐལ་བར་བརླགས།

མདོར་ན་འཇིག་རྟེན་རྒྱན་པའི་ནོར་བུ་སྟེ།། བློ་དང་རིག་པའི་ངོ་མཚར་གྲུབ་འབྲས་དག། ཞིབ་ཏུ་དཔྱད་ན་ཁེར་རྐྱང་པ་ཡི་དྲིན།།

ཁེར་རྐྱང་བུ་འདི་དཔའ་བོའི་དྭངས་མ་ཡིན།། ཁེར་རྐྱང་བློ་འདི་དཔྱོད་ཤེས་འཕྲུལ་གྱི་སྒོ།། ཁེར་རྐྱང་བ་དག་ཉིན་མོའི་སྐར་མ་ཡིན།།

༢༠༡༢༼༩༼༣ཉིན་ལ་དཔེ་མཛོད་ཁང་དུ །


རྒྱ་སྟག་གི་ངར་སྐད།

རྐང་བའི་འོག་ན་ས་གཞི་ལག་མཐིལ་ཙམ།། མགོ་བོའི་སྟེང་ན་སྤྲིན་ནག་ཞྭ་མོ་གཡོ།། རང་ལུས་འདོམ་པ་གང་པོས་གནམ་ས་བཀར།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

ལྕགས་ཀྱི་སྙིང་ལ་རྣོ་ཡི་འགྲམ་སོ་ཅན།། སྙིང་གི་རིལ་བུ་སོ་ཡིས་ཆག་ཆག་ཏུ།། ཐལ་བར་བཞུས་ཀྱང་ཨ་ཙ་ཙམ་ཡང་མེད།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

དུས་ཀྱི་འགྲོས་དང་བསྟུན་པའི་བློ་རྒྱ་ཡངས།། མདུན་གྱི་ལམ་ལ་དཔྱོད་ཤེས་རིག་རིག་ཏུ།། མ་འོངས་འདུན་མ་སྲོག་གི་སྙིང་བོར་འདོད།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

རང་རང་ལས་དོན་ལྷུར་ལེན་ངོ་ལྐོག་མེད།། སོ་སོའི་ས་ན་གྲུབ་འབྲས་ཆལ་ཆིལ་ཏུ།། གཞན་ཕན་རྦབ་ཆུ་རི་གཟར་བྲག་རིའི་རླབས།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

འོད་དང་གྲིབ་མའི་འཇིག་རྟེན་ཟུར་གསུམ་ཅན།། གྲིབ་མའི་ངོགས་ན་སྐད་འབོད་ལྷང་ལྷང་དུ།། འོད་ཀྱི་ཕྱོགས་སུ་ནུར་བའི་ཉམ་ཆུང་འགྲོས།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

སྙིང་གི་ན་ཟུག་རུས་པའི་རྐང་ལ་འཐིམས།། ཁྲག་གི་རྒྱུན་ཡང་ལུས་ན་ལྷོག་ལྷོག་ཏུ།། རུས་པའི་རྐང་འདི་ཁྲག་གི་རྒྱུན་དང་འདྲེས།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

རྒྱ་སྟག་མིན་ཡང་སྟག་གི་རི་མོ་ཅན།། བདེ་སྐྱིད་མེད་ཀྱང་བློ་སེམས་རྡོག་རྡོག་ཏུ།། ཕུགས་ཀྱི་ལོ་རྒྱུས་འཚོལ་བའི་གསང་བ་འདི།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།

ལྟ་སྤྱོད་ཁེར་རྐྱང་འཚོ་བ་ངན་ངོན་ཅན།། སྨྱུ་གུ་དམ་པོར་འཇུས་ནས་ཤར་ཤར་ཏུ།། ཚེ་གཅིག་འབད་པ་གནམ་གྱི་ཀ་བ་བརྟན།། རྒྱ་སྟག་ངར་སྐད་སྒྲོག་པའི་ངང་ཚུལ་ཡིན།།


ཡོད་ཚད་ཀུན་ཀྱང་དཔེ་མཛོད་ཁང་ལ་འབུལ།

—སེམས་ཀྱི་དམ་བཅའ།


ང་ཡི་ལུས་རྟེན་འདི་ན་གཅེས་བའི་སྲོག། རིན་ཆེན་མིག་ལས་ལྷག་པའི་ནོར་མེད་ཀྱང་།། མ་རིག་རྨོངས་བའི་མུན་པ་སེལ་ཕྱིར་དུ།། ཕྲ་ཟུང་མིག་འདི་དཔེ་མཛོད་ཁང་ལ་འབུལ།།

ང་ཡི་རྣམ་ཤེས་གནས་སའི་གུར་ཁྱིམ་སྟེ།། དལ་བའི་ལུས་རྟེན་འདི་འདྲ་ཐོབ་དཀའ་ཡང་།། དབང་རྟེན་བདེ་བའི་རྗེས་སུ་མི་འབྲངས་བར།། ལང་ཚོའི་མཛེས་སྡུག་དཔེ་མཛོད་ཁང་ལ་འབུལ།།

ང་ཡི་ཡིད་སེམས་འཕྲུལ་གྱི་མེ་ལོང་ལས།། བརྩེ་བགོད་གཡེང་བའི་ལྟད་མོ་སྟོན་ཆོག་མོད།། མ་འོངས་ཕུགས་ཀྱི་འདུན་མ་མི་བརླག་ཕྱིར།། བརྩེ་བའི་སེམས་ཀྱང་དཔེ་མཛོད་ཁང་ལ་འབུལ།།

ང་ཡི་སྙིང་ན་ལྡང་བའི་དྲོན་མོའི་རྒྱུན།། ལ་ལུང་གང་དུ་རྒྱུ་ན་ཆོག་མོད་ཀྱང་།། འཁྲུལ་མེད་བཙན་པོའི་ཁྲག་རྒྱུན་ཡིན་པའི་ཕྱིར།། དམར་པོའི་བཅུད་ཀྱང་དཔེ་མཛོད་ཁང་ལ་འབུལ།།

ང་ཡི་ཡོད་ཚད་ང་ཡི་ལང་ཚོ་སྟེ།། ང་ཡི་ཡོད་ཚད་ང་ཡི་ལུས་པོ་དང་།།། ང་ཡི་ཡོད་ཚད་ནང་གི་རྣམ་དཔྱོད་སོགས། ། ཡོད་ཚད་ཀུན་ཀྱང་དཔེ་མཛོད་ཁང་ལ་འབུལ།།


༢༠༡༡༼༩༼༢༢ཉིན་ལ།






ཟ་ཁང་ནང་གི་མགྱོགས་བྲིས། —བོད་ལྭ་གྱོན་པའི་བུ་མོ་རྒྱུས་མེད་ཞིག་མཐོང་རྗེས།


བོད་ལྭ་གྱོན་པའི་བུ་མོ་ཡིད་དུ་འོང་།། གཟུགས་མེད་བརྩེ་ཞེན་བོད་ལྭའི་སྟེང་དུ་སིམ།། བརྩེ་བའི་སྐ་རགས་བོད་ལྭར་བཅིངས་ན་འདོད།། བུ་མོས་བོད་ལྭ་གྱོན་ན་ལྷག་ཏུ་མཛེས།།

ཁ་སང་དཔེ་མཛོད་ཁང་གི་གཡོན་ཟུར་ན།། སློབ་མའི་དོ་དམ་ཁང་གི་གཡས་ཟུར་ན།། བོད་ལྭ་རྒྱན་དུ་རློམ་པའི་བུ་མོ་ཞིག། གསེར་དངུལ་རྒྱན་ཆ་མེད་ཀྱང་སྙིང་དུ་སྡུག།

དེ་རིང་ཨ་སྔོན་ཟ་ཁང་སྒོ་འགྲམ་ནས།། ཁྱོད་ཀྱི་བོད་ལྭའི་མཛེས་པ་སླར་ཡང་མཐོང་།། མིག་གི་རྒྱལ་མོ་ལྷན་སྐྱེས་འོད་ཀྱིས་ཕྱུག། བཞིན་གྱི་མེ་ཏོག་དཀར་དམར་མདངས་ཀྱིས་མཛེས།།

ཁྱོད་ཀྱིས་བོད་ལྭ་གྱོན་པའི་སྒེག་ཉམས་ཀྱིས།། ཐོབ་དང་གོ་སའི་རྒྱབ་རྩ་མེད་ཀྱང་ཆོག། རྒྱུ་དང་ནོམ་པའི་དཔུང་བ་ཟད་ཀྱང་རུང་།། དྲན་འཛིན་རྟ་ཕོ་ཁྱོད་ཀྱི་ཕྱོགས་སུ་ཤོར།།

ཕ་སྐད་དྭངས་གཙང་རྫ་ཆུ་བསིལ་མའི་རྒྱུན།། ཁྱོད་ཀྱིས་སྙན་འཇེབས་དབྱངས་ཀྱི་རྟ་ལ་སྐྱོན།། མེས་པོའི་ལོ་རྒྱུས་གླེང་བའི་གཏམ་གྱི་ཕྲེང་།། བོད་རིགས་བུ་མོ་ཁྱོད་ཀྱི་སེམས་ན་འཕྱོ།།

རིགས་ཞེན་བརྩེ་བ་ཟབ་མོ་མཚོན་བྱེད་དུ།། བུ་མོས་བོད་ལྭ་གྱོན་ན་ཡིད་དུ་འོང་།། གཞན་གྱི་མིག་ལ་མཛའ་བ་བོད་ལྭ་རེད།། ང་ཡི་སེམས་ཀྱི་དུང་ས་བོད་ལྭ་རེད།།

ཁྱོད་རང་ས་ཕྱོགས་གང་གི་ཡིན་ཀྱང་རུང་།། ཡ་ལན་སྟེར་དང་མི་སྟེར་འདོད་པ་བྱོས།། བོད་ལྭ་ཅན་གྱི་བུ་མོའི་མིག་གི་མདའ།། སུ་ལ་ཕོག་ན་རང་གི་བསོད་ནམས་རེད།།

དེ་རིང་མཐོང་བའི་མདུན་གྱི་བུ་མོ་ལ།། བོད་རིགས་བུ་མོ་ཡོངས་ཀྱིས་མིག་ལྟོས་བྱོས།། བོད་མོ་རང་གི་རྒྱན་ཆ་བོད་ལྭ་རེད།། བོད་ལྭ་གྱོན་ན་ལུས་སེམས་དྲོན་མོ་ཡིན།།

དེ་རིང་སྐམས་ཤའི་ཐུག་པ་འཐུང་ཞོར་དུ།། ཨ་སྔོན་ཟ་ཁང་ནང་གི་ལོགས་ཤིག་ནས།། ཐོལ་གྱིས་བྱུང་བའི་སེམས་ཀྱི་མགྱོགས་བྲིས་འདི།། ངོ་མཚར་སྨྱུ་གུའི་རྩེ་ནས་དལ་གྱིས་སྐྱུག།


ཨ་སྔོན་ཟ་ཁང་དུ།




ཕ་མ་གཉིས་ལ་སྤྲིངས་པའི་ཀུ་རེ།


ཨ་ཕ་རྒྱ་མཚོའི་ངོ་མཚར་ལྟད་མོ་ལ་དགའ་ན།། ཨ་མ་པོ་ཏཱ་ལ་ཡི་གཟི་བརྗིད་ལ་དུངས་ན།། འཚབ་འཚུབ་མ་གནང་བུ་ངའི་འཚར་ལོངས་ལ་སྒུག་དང་།། རྨི་ལམ་མངོན་དུ་འགྱུར་བའི་ཉིན་མོ་ཞིག་ལོས་ཡོད།།

ཨ་ཕ་ང་ལ་ཡང་ཡང་སྐོར་བ་ཞིག་མི་དགོས།། སྡེ་འདབས་ཟ་ཁང་ཟ་མ་ཞིམ་མངར་གྱིས་ཕྱུག་ཀྱང་།། སྲོག་གི་སྐར་ཆ་རེ་རེ་ཐག་ཐག་ཏུ་བཞུད་ན།། ཟ་མ་བཟོས་ཀྱང་ཞིམ་མངར་བྲོ་བ་ཞིག་མེད་ཀི།

དྲིན་ཆེན་ཨ་མ་ཤ་མོག་གོ་རེ་དེ་མི་དགོས།། བུ་ལོའི་ཕོ་བ་སྦྲང་དཀར་རྩམ་པ་ཡིས་འགྲངས་ཡོད།། ཉི་མ་གང་པོ་དོན་མེད་ཁ་བརྡ་ཡིས་བརླག་ན།། མི་ཚེའི་རིན་ཐང་བར་གསེང་གང་ཞིག་ནས་འཚོལ་དགོས།།

དྲིན་ཆེན་གཉིས་པོས་སེམས་ཁུར་དེ་འདྲ་ཞིག་མ་གནང་།། བུ་ངས་རིག་པའི་གནས་ཀྱི་ཡོན་ཏན་ལ་འབད་ན།། གོང་ལ་ངོ་དགའ་གཞན་གྱིས་འཕྱ་སྨོད་ཅིག་མི་ཡོང་།། མ་འོངས་རང་གི་ནུས་པས་བདེ་སྐྱིད་ལ་རོལ་ཆོག།

ཨ་མ་ཁྱོད་ཀྱི་རྔུལ་ཆུའི་རིན་ཐང་ལ་བསམ་ན།། བུ་ངའི་སྙིང་གི་ལྡིང་ཚད་ཇེ་དྲག་ནས་ཇེ་དྲག། ཨ་ཕ་ཁྱོད་ཀྱི་ཁ་བརྡའི་སྙིང་བོ་ལ་བསམ་ན།། བུ་ངའི་ཕུགས་བསམ་རི་མོ་ཇེ་གསལ་ནས་ཇེ་གསལ།།

ཕ་མ་གཉིས་པོ་ཚེ་རིང་ལོ་བརྒྱ་ཞིག་ཡོང་ན།། ནམ་ཞིག་བུ་ང་གནམ་གྲུའི་གཤོག་པ་ལ་བརྟེན་ནས།། ས་སྒང་གོ་ལའི་ཁྱོན་ལ་ལྟད་མོ་རུ་ཆས་དུས།། འཚམས་འདྲིའི་ལེགས་སྐྱེས་གཞན་གྱིས་སྨོན་པ་ཞིག་ཉོས་ཆོག།

ཨ་ལ་ཧ་ཧ་ཧོ་ཧོ་ཀུ་རེ་ཡི་འཕྲིན་འདི།། ལན་རེར་ཀུ་རེ་འདི་ཡང་བདེན་པ་རུ་སྲིད་ན།། བུ་ངས་དབྱངས་ཅན་ལྷ་མོའི་པི་ཝང་ལ་དྲངས་ནས།། རྨི་ལམ་མངོན་དུ་འགྱུར་བའི་གླུ་དབྱངས་ཞིག་ལེན་ནོ།།

འོན་ཀྱང་རྒྱན་གྱི་དྭངས་མ་ཡོན་ཏན་ལ་བསླབ་ན།། དབང་ཆེན་དཔོན་པོ་ལྟ་བུའི་དབང་ཐང་ཞིག་མི་ཡོང་།། རྒྱུ་ཆེན་ཕྱུག་པོ་ལྟ་བུའི་ལོངས་སྤྱོད་ཀྱང་དཀའ་ཡང་།། མི་ཚེ་རིན་ཐང་རྒྱ་མའི་ལྕི་ཡང་དེ་མི་གཅིག།

བདག་གིས་སྙན་ངག་ལྷ་མོ་བག་མ་རུ་བསུས་པས།། ཛམ་ལྷ་ནོར་གྱི་རྒྱལ་བོའི་བཀའ་ཆད་ཅིག་ཕོག་ན།། ཚེ་འདིར་དབུལ་ཀྱང་རྩོམ་ལ་དུངས་ཞེན་ནི་ཆེ་བས།། ཤི་ཡང་སྙན་ངག་ལྷ་མོའི་བརྩེ་སེམས་དེ་གསོན་ཡོད།།






བེམ་པོ།

ཡི་གེའི་སྲོག་ནི་དབྱངས་དང་ཚེག་ཏུ་གསུངས།། མི་ཡི་སྲོག་ཀྱང་ནང་གི་ཤེས་པར་སྨྲ།། རྣམ་ཤེས་གནས་ཀྱང་ཕ་སྐད་མ་ཤེས་ན།། བླ་སྲོག་ངོ་མ་དོར་བའི་བེམ་པོ་ཉིད།།

རང་ནུས་ཡོད་ཀྱང་རང་རིགས་དམན་པར་ལྟ།། རང་བློ་ཡོད་ཀྱང་གཞན་བློར་འགྱུར་བྱེད་པ།། རང་ཚུགས་མི་ཐུབ་གྱང་ཁའི་རྩྭ་ལྟ་བུ།། ཁྱོད་འདྲ་དག་ཀྱང་གཟུགས་ཅན་བེམ་པོ་ཉིད།།

རང་རིགས་གང་ཡིན་བོར་བའི་བླ་འཁྱམས་པོ།། རང་རིགས་མཐུན་སྒྲིལ་མེ་ལ་ཆུ་གཏོར་མཁན།། རང་རིགས་ལ་རྒྱ་གདོད་ནས་བརྗེད་ཡོད་པ།། བེམ་པོའི་རྡུལ་དུ་གྱུར་ཅིང་རུལ་དྲི་མནམས།།

༢༠༠༨༼༨༼༨ཉིན་ལ་བྲིས་པའོ།།


སྡོང་ལོ་སེར་པོ།

སྟོད་ཀྱི་མངའ་རིས་སྐོར་གསུམ་སྒང་ན་གངས་རླུང་འདྲེས་མ་གཡུག་བཞིན་འདུག། འོན་ཏེ་གུ་གེ་གནའ་ཤུལ་དག་ལ་སྟོན་གྱི་བ་མོས་རྒོལ་རབས་མེད།། བར་གྱི་དབུས་གཙང་རི་བཞི་ཀུན་ལ་གོས་དཀར་འདབ་མ་གྱོན་ལ་ཁད།། འོན་ཏེ་མཚོ་སྟེང་པོ་ཏ་ལ་རུ་ཁྲི་གདུགས་གཟི་འོད་ལམ་ལམ་འཕྲོ།།

སྨད་ཀྱི་མདོ་ཁམས་སྒང་དྲུག་ལྗོངས་སུ་འདབ་ཆགས་སྐད་སྙན་ཀྱ་མ་ཀྱུར།། འོན་ཏེ་སྟོན་གྱི་བགྲེས་སོང་རྒན་པོས་གསེར་མདོག་ལྭ་བ་གྱོན་ལ་བྲེལ།། སྟོད་ཀྱི་ཕྱོགས་ན་གངས་དཀར་འདབ་མ་མེ་ཏོག་གཏོར་བའི་ཚུལ་བཞིན་མཛེས།། འོན་ཏེ་ཉིང་ཁྲི་ལྷོ་ཁ་དག་ལ་སྟོན་གྱི་ལྷགས་པའི་དབང་ཤུགས་ཟད།།

དབུས་གཙང་ལ་སོགས་སོག་ལ་སྐྱ་བོར་སྟོན་གྱི་བུ་མོས་ཟུར་མིག་བལྟ།། འོན་ཏེ་གནམ་འདེགས་ཀ་བ་དཀར་པོར་དུས་བཞིར་འགྱུར་མེད་ངང་ཚུལ་བརྟན།། མདོ་སྟོད་ལ་སོགས་རྨ་ཆུའི་ཁུགས་པའི་སོ་ནམ་པ་དག་འཛུམ་མདངས་རྒྱས།། འོན་ཏེ་སྟོན་གྱི་སྡོང་ལོ་སེར་པོ་ལ་ལུང་ཀུན་ན་འཕུར་ཞིང་ལྡིང་།།

སྟོན་གྱི་སད་སེར་འཇིགས་པ་ཆེ་བས་རྩྭ་ལྗང་གཡུ་ལོའི་བཀྲག་མདངས་ཉམས།། འོན་ཏེ་ཤུགས་སྡོང་གསོམ་སྡོང་དག་གིས་རྟུལ་ཕོད་གོ་ཆ་ལུས་ལ་བསྒོས།། སྒོ་ཕྱུགས་དག་ཀྱང་ཤ་ཤེད་རྒྱས་པས་མཆོང་ལྡིང་གར་གྱི་ཉམས་ལ་རོལ།། འོན་ཏེ་ཕྱུགས་རྫི་རྒན་པོ་དག་གིས་སློག་པར་ཕུར་མཉེད་ཡང་ཡང་བྱེད།།

ཞི་པོ་ལི་ཡའི་གྲང་རྒྱུན་དེ་ཡང་འཇབ་ནས་ཐོན་ཏེ་ཚུར་རྒོལ་བྱེད།། འོན་ཏེ་ཧིན་རྡུ་རྒྱ་མཚོའི་དྲོད་རྒྱུན་ལྷོ་ཁའི་ཕྱོགས་ནས་འཇོམས་པ་འཁྲུལ།། ཞི་བདེ་རྒྱ་མཚོའི་དྲོད་རྒྱུན་དེ་ཡང་ཆིན་ལིན་རི་བོའི་འདབས་ན་གཡོ།། འོན་ཏེ་མདོ་སྟོད་མདོ་སྨད་ཕྱོགས་ན་གཙང་ཆབ་སྦུབས་ལས་གྲོལ་བ་དཀོན།།

མདོ་སྨད་ལ་སོགས་ཙོང་ཁའི་ཡུལ་ན་སྟོན་གྱི་བུ་མོ་སི་ཏཱའི་བརྙན།། འོན་ཏེ་ཡུལ་སྐོར་སྐུ་མགྲོན་མཐའ་དག་སྟོན་རླུང་མཚོན་ལ་གྲང་འདར་རྒྱག། ཨ་སྔོན་དབྱིངས་འདི་རབ་ཏུ་དྭངས་པས་གཡུ་མཚོ་སྔོན་མོའི་མདངས་སུ་འཁུ།། འོན་ཏེ་གངས་ཀྱི་རྒྱལ་མོའི་རྩེ་རུ་རྒོད་པོས་ལྡིང་སྐོར་རྒྱག་པ་མཐོང་།།


༢༠༡༢༼༦༼༡༥ཉིན་ལ་ཟླ་བ་མཚོ་འགྲམ་དུ།



རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི

ཆེ་བ་འཇིག་རྟེན་ཆགས་ཚུལ་རི་མོ་དེ་བྲིས་ཡོད།། ཆུང་བ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དེ་བྲིས་ཡོད།། ཆེ་ཆུང་བར་མའི་དེའུ་འབུར་ནག་རིལ་དེ་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

མཐོ་བ་ཉི་ཟླ་སྐར་གསུམ་འཁོར་ཚུལ་དེ་བྲིས་ཡོད།། དམའ་བ་དོག་མོ་ས་ཡི་ཆུ་ཕྲན་དག་བྲིས་ཡོད།། མཐོ་དམའ་བར་ན་གནས་བའི་སྤྲིན་དཀར་དག་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

སྟོད་ཀྱི་གངས་རི་དཀར་པོའི་རང་མདངས་དེ་བྲིས་ཡོད།། སྨད་ཀྱི་རྫ་རི་ནག་པོའི་ཚང་ཚིང་དག་བྲིས་ཡོད།། སྟོད་སྨད་བར་ན་གནས་པའི་སྤང་རི་དག་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

ཡང་བའི་བལ་སྤུ་གཅིག་གི་ལྕི་ཚད་དེ་བྲིས་ཡོད།། ལྕི་བའི་གླང་ཆེན་བརྒྱ་ཡི་གོམ་འགྲོས་དེ་བྲིས་ཡོད།། ལྕི་ཡང་བར་མའི་འབའ་འབའ་ལུ་གུ་དེ་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

བྱ་རྒྱལ་རྒོད་པོ་འཕུར་བའི་གནམ་འཕང་དེ་བྲིས་ཡོད།། ས་འབུ་ནག་རིང་ནུར་བའི་ངང་ཚུལ་དེ་བྲིས་ཡོད།། གསེར་མིག་ཉ་མོ་རྐྱལ་བའི་འཁྱུག་རྩལ་དེ་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

དཔའ་བོས་དཔའ་རྩལ་ངོམས་པའི་དཔའ་སྐད་དེ་བྲིས་ཡོད།། སྡར་མ་ཕྱིར་བྲོས་རྒྱབ་པའི་རྗེས་ཤུལ་དེ་བྲིས་ཡོད།། གཡུང་བོར་གནས་པའི་སྐྱེ་བོའི་རང་བཞིན་འདི་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

སྲིད་ཀྱིས་དཔུང་གིས་བཏེགས་པའི་སྲིད་ཁྲིམས་དེ་བྲིས་ཡོད།། ཆོས་ཀྱིས་ཡིད་སེམས་བཀུག་པའི་ལྕགས་ཀྱུ་དེ་བྲིས་ཡོད།། ཆོས་སྲིད་ཟུང་འབྲེལ་ལུགས་ཀྱི་རྒྱལ་ཁམས་དེ་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

བཙན་པོས་གཉའ་ནས་མནན་པའི་ཁུ་ཚུར་དེ་བྲིས་ཡོད།། གཉོམ་པོས་ཞུ་བ་བྱས་པའི་མཐེ་བོང་དེ་བྲིས་ཡོད།། ཞི་དྲག་གཉིས་འཛོམས་ལས་ཀྱི་སྦྱོར་བ་དེ་མཐོང་ན། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

རྒྱང་རིང་ས་མཐའི་ཡུལ་གྱི་རེ་བ་དེ་བྲིས་ཡོད།། ཉེ་གནས་ཁྱིམ་མཚེས་ཚང་གི་ར་སྐོར་དེ་བྲིས་ཡོད།། ཉེ་རིང་བར་མའི་ཕ་གིའི་གྲོང་ཁྱེར་འདི་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

འོད་ཀྱིས་འཇིག་རྟེན་སྣང་བའི་ཆོས་ཉིད་དེ་བྲིས་ཡོད།། གྲིབ་མས་རྨོངས་མུན་བཟོས་པའི་ལོ་རྒྱུས་དེ་བྲིས་ཡོད།། འོད་དང་གྲིབ་མའི་མཚམས་ཀྱི་སོ་ཁ་དེ་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

དམ་པའི་ལྷ་ཆོས་སྒྲུབ་པའི་ངོ་མཚར་དེ་བྲིས་ཡོད།། སྲིད་པའི་ཕུན་ཚོགས་བརྩེ་བའི་མེ་ཏོག་དེ་བྲིས་ཡོད།། འཇིག་རྟེན་སོ་སོ་སྐྱེ་བོའི་བྱ་སྤྱོད་འདི་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

འདས་པའི་མཚར་སྡུག་ལྡན་པའི་ལོ་རྒྱུས་དེ་བྲིས་ཡོད།། མ་འོངས་མདུན་ལམ་ཡངས་པའི་གནས་བབས་དེ་བྲིས་ཡོད།། ད་ལྟའི་སྐྱ་ཆད་སྔོ་སྡུག་འཚོ་བ་འདི་མཐོང་ན།། རྩོམ་གྱི་བརྗོད་བྱ་འདི་ལ་འཛད་མཐའ་ཞིག་མེད་ཀི།

༢༠༡༢༼༦༼༢ཉིན་གྱི་དགོང་ཚོགས་ཀྱི་སྐབས་སུ།




    ༼སང་ཉིན་གྱི་ནམ་མཁའ།༽


སང་གི་ཉི་འོད་སྤྲིན་གསེབ་ནས་མངོན་ཆུང་གིས་འཛུམ་སྟེ ཟེར་མའི་ཕྲེང་བས་ང་ཚོའི་ཐུན་མོང་གི་ལྷམ་ཐེད་པོ་དེ མཱ་ལ་སུང་འགྲན་སྡུར་ཁྲོད་ངོམ་ཐུབ་པ་བྱུང་ན བདག་སེམས་ཀྱི་འཆར་ཡན་སྐར་ཚོམ་གྱི་འཛུམ་མདངས་ལ་བསྒོས་ཡོད




འོད་ཀྱི་ལམ་ཁ་ན།

ཉི་ཟེར་ཁ་ཚུབ་ལས་སྲིང་ནས་ང་ལ་འཐམས འོད་ཐིག་གི་མདའ་མོ་མར་སྒྱེད་ལ་ཟུག ཆོན་ཐག་དང་ཀ་བ་ལ་གྲིབ་གཟུགས་མེད་པས སྦྲ་ནག་ལས་འོད་ཟེར་དང་དྲོད་ཁོལ་སྤུན་དུ་གྱུར ཧྲལ་ཧྲུལ་དུ་གྱུར་བའི་ཁ་ཚུབ་ཀྱི་སྲུབས་ཁ་ན གསང་བའི་ཚུལ་གྱིས་ཡིབས་པའི་རྨི་ལམ་གྱི་མར་ལོ་སེར་པོ འོད་ཟེར་དུ་སྦྲུམས་པའི་ལམ་ཁ་ན ལྗང་སྨྱུག མེ་སོན སྐྱ་རེངས ད་དུང་བྱམས་དང་སྙིང་རྗེ ཁ་བའི་ཞབས་རྗེས་དང་གངས་རིའི་དར་ལྕོག་མཐོན་པོ་ འོད་ཀྱི་ལམ་ཁ་ན སྐེད་ལ་འུར་རྡོ་ཐོགས་པའི་ཐེ་ཀེར་ཡོད་ལ ཅང་ཤེས་རྟ་ཕོར་བཅིབས་པའི་ཏུའུ་ཝེ བྱུ་རུའི་སྐེ་རྒྱན་བཏགས་པའི་པེའེ་ཨེར་ཀེ་ཚི ད་དུང་ བོད་རིགས་མཛངས་མ་ཞི་ལ་ལེ འོད་ཀྱི་ལམ་ཁ་ན སློག་པ་གྱོན་པའི་ཚན་རིག་པ ཕྱིང་ལྭ་གྱོན་པའི་གསར་གཏོད་པ ད་དུང་བསམ་བློ་བ་དང་སྒྱུ་རྩལ་བ འོན་ཀྱང་ འོད་ཀྱི་ལམ་ཁ་ན བོད་ལྭ་གྱོན་པའི་ཤེ་ཐུ་ལུ་མེད་ལ སྦྲ་ནག་ནང་གི་པུན་ལ་ཏུན་ཡང་མེད འོད་ཀྱི་ལམ་ཁ་ན སྙིང་སྟོབས་དང་ཕུགས་བསམ་ཡོད་ལ རེ་སྒུག་དང་ཡིད་ཆེས་ཀྱང་ཡོད འོད་ཀྱི་ལམ་ཁ་ན སང་ཉིན་གྱི་མཚམས་སྤྲིན སང་ཉིན་གྱི་ཉི་གཞོན ད་དུང་སང་ཉིན་གྱི་ཁ་དོག་དམར་སེར

༢༠༡༢༼༡༢༼༣ཉིན་ལ་སློབ་ཁང་དུ།



བར་ཐག

བར་ཐག་ནི་མ་གཞི་བར་སྟོང་ཁོ་ན་མ་ཡིན་ཏེ སེམས་དང་སེམས་ཀྱི་བར་དུ་ཆོད་པའི་གསལ་ལ་མི་གསལ་བའི་སྒྲིབ་ཡོལ་དང ད་དུང་སྒྲིབ་ཡོལ་དེ་གྲུབ་བྱེད་ཀྱི་ལྕགས་ཀྱུ་དེ་དག བར་སྟོང་དེའི་དབང་གིས་ངས་བསམ་གཞིགས་གང་མང་བཏང་མྱོང་ལ མིག་ཆུ་ག་ཚོད་ཙམ་ལྷུང་བ་ཉི་མ་དང་ཆེས་ཉེ་བའི་གྲོང་ཁྱེར་དེར་དྲིས་དང་ བར་སྟོང་དེར་སྦས་པའི་རླབས་ཆེ་བའི་མེ་ལྕེ་དེ ལྷ་ས་ལྟ་བུའི་འཇིག་རྟེན་གྱི་མཐོ་ས་ཞིག་ནས དབྱང་དབུགས་དཀོན་མོད་འབར་མ་ཐག་གསོད་ཐབས་མ་བྱུང གོ་ལ་ཇེ་ཆུང་ནས་རྡུལ་ཕྲན་དུ་འགྱུར་བའི་འཕེལ་འགྱུར་ཁྲོད ངས་ད་དུང་ཡང་འདུ་ཤེས་ཀྱི་ངོགས་ལ་འཚང་བའི་བར་སྟོང་འདི འཇིག་རྟེན་འདིའི་ཆེས་ཐག་རིང་དུ་སྣང་བའི་འཁྲུལ་ཤེས་ལས་སད་མ་བྱུང དུས་དེར་ངས་འཇམ་ཅག་གེར་ ངའི་ན་ཟུག་ལས་བཞུར་བའི་མིག་ཆུའི་རྒྱུན་དེ་དག གློ་བུར་དུ་ཁོ་བོའི་ཟུངས་ཁྲག་ཏུ་གྱུར་ནས་འཁོར་རྒྱུག་བྱེད་བཞིན་པ་ཚོར་བྱུང ཡིན་ནའང འདི་ནི་བར་སྟོང་ནས་བརྡོལ་བའི་མིག་ཆུའི་ཕྲེང་ཐག་ཙམ་མ་ཡིན་པར ཁྲག་རྒྱུན་དུ་གྱུར་ཞིང་ལྷོག་ལྷོག་འཕྱུར་བའི་མེ་ལྕེ་དྲོན་མོ་ཞིག གལ་ཏེ བར་ཐག་འདི་རྒྱལ་མཚམས་ལྟ་བུའི་འཁྱོག་ཐིག་ཞིག་ཡིན་ན ཁོ་བོས་ཧི་མ་ལའི་འདབས་རོལ་གྱི་རྨིག་རྗེས་དེར ཡང་བསྐྱར་ལྕགས་ཕུར་ཞིག་བརྡབས་རྗེས ཅིས་ཀྱང་ཉི་ཟླ་རི་བོར་ཕྱིར་མིག་ཐེངས་གཅིག་བྱེད་ངེས་ཡིན དེར་མ་ཟད དཀྱོག་དཀྱོག་གི་རྒྱལ་མཚམས་ལྟ་བུའི་ཐིག་རིས་འདི་འདོམ་ལ་འཇལ་བཞིན ཁྲག་རྒྱུན་ལྟ་བུའི་མིག་ཆུ་འདིའི་བཞུར་སྒྲར་ཡང་ཡང་ཉན་ན མི་རིང་བར་བར་ཐག་འདི་བགྲོད་ལམ་ཞིག་ཏུ་བསྒྱུར་ཐུབ་པར་ཡིད་ཆེས་ཡོད


༢༠༡༢༼༡༠༼༡༠ཉིན་ལ།





ཉི་ཟེར་ཀློང་གི་རྡུལ་ཕྲན།

རླུང་ནམ་མཁར་འཐིམ་རྗེས ངས་བར་དོའི་ཁམས་ལ་གསང་མྱུལ་བྱས རྡུལ་འཚུབ་ཀྱི་འཁོར་ལོས་ཆུ་ཚོད་ལ་འཇིགས་སྣང་སྐུལ སེམས་ཀྱི་དྲི་མ་གང་གཱས་བཀྲུས་པས རྡུལ་ཕྲན་གྱི་སྟེང་ན་འཇིག་རྟེན་གྲངས་ལས་འདས རྡུལ་ཕྲན་ཆེ་དྲགས་ལ་ལྕི་ཚད་གཞལ་དཀའ་བས འཇིག་རྟེན་གྱི་ངོ་བོ་རྡུལ་ཕྲན་དུ་གྱུར་ནས་ཕྱོགས་མེད་དུ་འཁྱམས ཐ་ན ངས་རང་ཉིད་ཀྱི་གྲིབ་གཟུགས་ཀྱང་བོར་སོང་པས ང་ལ་ལྷག་པ་ནི་ཉི་འོད་ཀློང་གི་རྡུལ་ཕྲན་མག་མོག ངས་རྡུལ་ཕྲན་འཚོལ་བཞིན་འཇིག་རྟེན་བྱེ་བ་ཨམ་ཕྲག་ཏུ་སྦས ལོ་ངོ་སྟོང་ལ་གླེགས་བམ་གྱིས་སྦྲུམ་པའི་རྡུལ་ཕྲན་གཅིག ངའི་ཀླད་པར་འཛུལ་ནས་འཕག་འཚག་ཡང་ཡང་རྒྱབ གསང་བ་མང་པོས་བྲང་ཁོག་ལ་མཚར་སྣང་གིས་ཀུ་རེ་བསླངས


རྒྱ་སེ་མེ་ཏོག་རྐང་གཅིག

རྒྱ་སེ་མེ་ཏོག་རྐང་གཅིག་རུམ་ནས་ཕྱིར་ལེན་དུས འགྱོག་རྡོ་འགྱོག་པ་ཇི་བཞིན ལག་པས་ཕུར་ཕུར་བྱས་མ་ཐག་མེ་ཏོག་སིལ་བུར་འཐོར ཐོར་ཟིན་པའི་འདབ་མ་རེ་རེ་མཁའ་ལ་འཕུར་རྗེས་མི་སྣང་པར་གྱུར དུས་དེར ཁོ་མོས་རང་ཉིད་ཀྱི་གཟུགས་བརྙན་ལ་ཕྲག་དོག་གི་ཟུར་མིག་ཐེངས་གཅིག་གིས ངའི་རུམ་གྱི་རྒྱ་སེ་མེ་ཏོག་རི་བོ་ལྟར་ཅི་འདྲའི་ལྕི་ཨང ངས་ལག་ཟུང་འདར་འདར་སྒོས་སྤར་སྙོབ་བྱེད་དུས འཇའ་ཚོན་གྱི་ཕོ་བྲང་ཇི་བཞིན་མི་སྣང་བར་གྱུར རྨི་ལམ་གྱི་གཟུགས་བརྙན་དེས་ཅི་ཞིག་བྱ ལྷན་སྐྱེས་ཀྱི་ཁ་དོག་གསོན་པོ་ཞིག་རྙེད་ན རྔུལ་ཆུའི་རྒྱ་མཚོ་ལྟེམས་དགོས་ཀྱང འོད་དུ་འཚེར་བའི་སྐར་མ་ཇི་བཞིན བྲེ་སེར་འབྲོང་གི་རྭ་རྩེར་འགོས་ནས་རྒྱ་སེ་མེ་ཏོག་རྐང་གཅིག ཨ་སྔོན་གྱི་བྲང་ཁར་གདགས་ངེས

ཕྱི་རོལ་ན་རེ་བ་ཡོད་དམ།

ཕྱི་རོལ་ན ཚ་གདུག་ཆེ་རབས་བཤད ཕྱི་རོལ་ན ཆར་ཆུ་མོད་རབས་གླེང རང་དབང མཚར་སྡུག བདེ་སྐྱིད་ཡོད་ཚད་ཕྱི་རོལ་ན་ཡོད་ཟེར དོན་ངོ་མར་ཕྱི་རོལ་ན ཡབ་ཆེན་ལགས་བུ་ཕྲུག་ཚོའི་ཆེད་དུ རྒས་འཁོགས་ཀྱི་སྐྲ་ལོ་དུང་ལྟར་དཀར་མོད ད་དུང་དྲག་ཆར་ཁྲོད་ན ལྷམ་ཐེད་པོ་ཞིག་འབད་ཀྱིས་འཚེམ་བཞིན་འདུག ཁོ་བོས་ཕྱི་རོལ་ལ་བལྟ་ཐེངས་རེར མིག་ནས་མཆི་མ་རྒྱུན་ཆད་མ་མྱོང་ལ རང་ཁྱིམ་གྲུ་བཞི་ན དྲོད་ཁོལ་མེད་པ་མེད་པ་རྟོགས་རྗེས ཁོ་བོ་ཕྱི་རོལ་ལ་ཡིད་སྨོན་གྱིས་བྲང་ཁོག་འཁྱག་ལོག་གེར ཕྱི་རོལ་ན་རེ་བ་ཡོད་དམ རང་ཁྱིམ་ན་རེ་བ་ཡོད གང་ལྟར ཁོ་བོ་སྦྲ་རྒན་གྱི་དུ་བའི་ཆེད་དུ དྲག་ཆར་དང་བུ་ཡུག་ཁྲོད་ནས་ཀི་རིང་འདེབས་བཞིན སྒྱེད་པུར་འཁེན་ནས་ཕྱིར་མི་འབྲོ་མི་སྲིད་མོད དུས་ཚོད་ཀྱིས་ཕྱི་རོལ་ལ་རེ་ལྟོས་བྱེད སྒྱེད་པུ་ལས་མཆེད་པའི་མེ་ལྕེ་དེས ཕྱི་རོལ་གྱི་མིག་མདངས་འོད་ལམ་ལམ


                          དུར་ཁྲོད་ཀྱི་གོ་ལ། 


ཁྱོད་ཀྱིས་འཇིག་རྟེན་ནས་དོན་ངོ་མར་ཅི་ཞིག་མཐོང་མྱོང རླུང་བུ་འཁྱག་སིབ་སིབ བདག་གི་མཐོང་ལམ་དུ་དུར་ཁྲོད་མ་གཏོགས་ཅི་ཡང་མི་འདུག ཁྱོད་ཀྱིས་འཇིག་རྟེན་འདི་དུར་ཁྲོད་ཅིག་ཡིན་པ་རྟོགས་པར་གྱིས ང་རང་རོ་ལངས་བྱེད་བཞིན་ཡོད ངས་རི་བོ་པང་ནས་རྒྱ་མཚོ་རུམ་ན་འདོད གོ་ལ་ནི་རོ་དང་རོ་ལངས་ཀྱི་སྒྲོམ་ཆེན་པོ་ཞིག


༢༠༡༣ལོའི་ཟླ་༡པར་བྲིས།


རྡེའུ་དྲོན་པོ།

ཕ་གིའི་གངས་རི་ཟུར་གསུམ་མའི་ངོ་གདོང་ན རྔུལ་ཆུ་དང་མིག་ཆུ་ལྷན་དུ་འདྲེས་པས མཐོང་ལམ་ཡོད་ཚད་འདམ་བག་དང་བརླན་གྱིས་སྦགས་འདུག ཡིན་ནའང རྡེའུ་དྲོན་པོར་མ་གྱུར་ལ རྡེའུ་འཁྱགས་པར་ཡང་མ་གྱུར དྲོ་གྲང་འདྲེས་མའི་བར་མཚམས་ན རྡེའུ་ཆུང་ཆུང་མང་པོ་ཞིག་དྲོན་པོར་འགྱུར་བཞིན་འདུག དྲོད་ཁོལ་རྫུས་མའི་ཉིན་རྩ་ན ཕ་བོང་གཡག་རྒན་འདྲ་བ་གང་མང་ཞིག གྲང་འདར་རྒྱག་གྱིན་འདུག ངའི་སེམས་ཀྱི་རྡེའུ་དྲོན་པོ ཕ་བོང་འཐོར་སོང གྲངས་མེད་པའི་རྡེའུ་ཆུང་ཆུང ཉིན་སྲིབ་གཉིས་ཀྱི་འདྲེས་མཚམས་ན ཁེར་རྐྱང་གི་རྡེའུ་དྲོན་པོ་ཞིག ད་དུང་ངའི་ཡིད་ཀྱི་ཟབ་ས་ན་རྡེའུ་དྲོན་པོ་ཞིག ༢༠༡༢༼༣༼༡༤ཉིན་ལ་བྲིས་པའོ།།

ནུབ་ཁ།

༡ ཉལ་ཁྲི་དེའི་འགྲམ་ན་རྒན་མོ་འོན་པ་ཞིག རྣ་བ་སྨན་པར་གཏད་ནས་སྐད་ཆ་ལ་སྒུག་དུས ཇི་འདྲའི་ཉམ་ཐག་ཞིག ཁོ་མོའི་གམ་ན་ད་དུང་རྒན་པོ་ནད་པ་ཞིག འཆི་བདག་གིས་ཁོ་ལ་ལག་བརྡ་བྱེད་བཞིན་འདུག ༢ རྒན་པོ་དེ་ཨུ་ཚུགས་ཀྱིས་བུད་སོང གཉེན་ཉེ་དང་གྲོགས་པོ་ཚང་མས ཁོ་བོར་ཆེས་མཐའ་མཇུག་གི་ལག་བརྡ་བསྟན དབུགས་སྟོད་ལ་འཚང་བཞིན་པའི་བགྲེས་སོང་ཁོ ཁ་སང་གི་འཇའ་ཚོན་དང་ན་ནིང་གི་མེ་ཏོག་ཇི་བཞིན དུས་གཏན་དུ་མི་ཡུལ་དང་གྱེས་འགྲོ་བ་ཆོས་ཉིད་དེ འདི་ནི་དུས་ཀྱིས་དེད་པའི་སྡོང་ལོ་སེར་པོ་ཞིག


༣ ཉི་མ་ནུབ་རིར་ཡོལ་རྗེས རྒན་པོ་དེའི་རྣམ་ཤེས་ཀྱང་སང་ཉིན་གྱི་སྐྱ་རེངས་དང་འགྲོགས་ནས ཡང་བསྐྱར་མི་ཡུལ་འདིར་གསོན་དུས ཁྱེད་ཉིད་གོང་མས་ན་བཟའ་གྱོན་མི་འདུག་ཅེས་དྲང་མོར་སྨྲ་མཁན་གྱི བྱིས་པ་དེ་ཡིན་པར་ཐེ་ཚོམ་མེད ཡིན་ནའང ཉི་མ་ད་དུང་ནུབ་རིར་འཛུལ་མ་ཐག་རེད


༢༠༡༢༼༡༠༼༣ཉིན་ལ།







ལྷིང་འཇགས་ཀྱིས་མཚན་མོ་ཁུར་ཡོང་།

ངས་ལྷམ་ཐེད་པོ་ཞིག་གྱོན་ནས་ཁྲོམ་སྲང་འཁྱམ་བཞིན ཁྱེད་ཀྱི་རྐང་རྗེས་ལ་བལྟས་ནས ཁྱེད་རང་རྐང་རྗེན་ཡིན་པ་རྟོགས་སོང ཡོད་ཚད་འཇམ་ཐང་ཐིང འདུ་འཛི་དང་འུར་ཟིང་ཡོད་ཚད་བརྐུས་སོང་པ་འདྲ ལྷིང་འཇགས་ཀྱིས་ཁོར་ཡུག་ལ་མཚན་མོ་ཁུར་ཡོང ངས་ཆང་ཕོར་མཐོན་པོར་བཀྱགས་ནས་བཟི་སོང་ན་འདོད་ཡོད ངས་རང་ཉིད་སྨྱོས་སོང་ན་འདོད་ཡོད ལྷིང་འཇགས་ཀྱིས་མཚན་མོ་ཁུར་ཡོང


༢༠༢༣ལོའི་ཟླ༢པར་བྲིས།


ཆུ་ཐིགས་འོད་ལམ་ལམ།

བསམ་བློ་བ་འཇིག་རྟེན་དུ་བྱོན་པ་ནས བྲག་ངོས་ཀྱི་ཆུ་ཐིགས་རྒྱུན་ཆད་མ་མྱོང་ལ དྭངས་གཙང་གི་ཆུ་རྡུལ་དེ་དག གཞན་ཕན་གྱི་བདུད་རྩི་འབའ་ཞིག་ཏུ་གྱུར་སྐད སྲིད་པའི་གངས་རྒན་བཞུས་མ་ཚར་ན ཆུ་ཐིགས་ལ་འཛད་མཐའ་མེད་པས ཕུག་རོན་དཀར་པོ་འཕུར་སའི་རྒྱ་མཚོ་སྟེ ཞི་བདེ་རྒྱ་མཚོ་རླབས་ཀྱིས་འཕྱོ་མྱོང་ལ ཧི་མ་ལས་ཡང་བསྐྱར་ཆུ་ཐིགས་ཀྱི་ཉིང་བཅུད་དེ་དག ལྷག་བསམ་དང་གནས་ལུགས་ཀྱི་དཔང་བོ་བྱེད་ལ བྲེལ་བྲེལ་དུ་འདུག་སྐད ཁོ་བོའི་སེམས་སུ་བརྐོས་པའི་གངས་རི་ཡ ཁྱེད་ཀྱི་ཉིང་བཅུད་དེ་ཆུ་ཐིགས་ཀྱི་ཕུང་བོ་འདི་དག་ནི རང་གཞན་གཉིས་ཕན་གྱི་རྒྱུ འཚེ་མེད་ཞི་བདེ་ཡི་ལམ བདེན་དོན་གནས་ལུགས་ཀྱི་སྲོག་ལགས་ན ང་ཚོའི་ཐུན་མོང་གི་བསམ་བློའི་ཆུ་ཐིགས་འདི་དག མི་རིང་བར་དྭངས་གཙང་ཆུ་མིག་ཏུ་གྱུར་ཏེ འཇིག་རྟེན་འདིའི་མི་གཙང་ནག་ནོག་གི་ཆ མི་དགེ་གཞན་གནོད་ཀྱི་ལས བཙན་འཛུལ་ཧམ་སེམས་ཀྱི་ཁྲག ཡོད་ཚད་ཀྱི་ཡོད་ཚད འཇིག་རྟེན་འདིའི་མི་གཙང་བ་ཡོད་ཚད སྐད་ཅིག་ཏུ་གཞོམ་སྟེ བདེན་དོན་དང་གནས་ལུགས་ཀྱི་ཆུ་ཐིགས་དེ་དག ཉི་འོད་ཀྱི་ངོགས་ན རྒྱ་མཚོ་དང་གཞི་གཅིག་ཏུ་འདྲེས


༢༠༡༢༼༣༼༡༨ཉིན་ལ།




མྱུར་མོར་པར་ཆས་ཁྱེར་ཤོག

མིག་ཟུང་སྒེའུ་ཁུང་ཕྱི་རོལ་ལ་ཤོར་བའི་ལམ་ཁ་དེ་ནས ང་རང་གློ་བུར་དུ་བྲེལ་འཚུབ་སྐྱེས་བྱུང ནམ་ཞིག་འཇིག་རྟེན་གྱི་མཛེས་པ་ཡོད་ཚད དུས་ཚོད་ཀྱིས་བརླག་འགྲོ་ངེས་རེད ཐ་ན མེ་ཏོག་རྐང་གཅིག་ཀྱང་རྟག་བརྟན་དུ་འཇོག་མི་སྲིད་ཅིང ཨ་མའི་འཛུམ་མདངས་ལ་རྒས་གཉེར་གྱི་རི་མོ་ཕབ་ཡོང ཁོ་བོའི་སྐྲ་ལོ་ལ་དངུལ་དཀར་གྱི་ཁུ་བ་བྱུགས་ཡོང དུས་རབས་ག་ཙམ་གྱི་རྗེས་ནས ལྗང་མདོག་གི་འཇིག་རྟེན་བྱེ་རླུང་གིས་བཅོམས་ངེས་རེད དྭངས་གཙང་གི་རྫ་ཆུ་མི་ཡུལ་ནས་འབོར་ངེས་རེད དེ་བས ངས་འཇིག་རྟེན་གྱི་བཀྲག་མདངས་ཡོད་ཚད་གཟུགས་རིས་སུ་ཕབ་འདོད མྱུར་མོར་པར་ཆས་ཁྱེར་ཤོག

༢༠༡༣ལོའི་ཟླ་༢པའི་ཚེས་༡༣ཉིན་ལ།

ང་ཡི་ཁ་ཆེམས།

ངས་རང་ཉིད་ལ་གུ་ཡངས་བྱེད་བཞིན མི་ཚོགས་ཀྱིས་ཁུར་བའི་རྒྱན་ཆར་བལྟ་དུས ངའི་བྲང་ཁོག་སྐམ་སོང རི་བོ་ཉུལ་ལ་ཉེ་ཞིང་གཙང་བོ་གདུ་བཞིན་འདུག ཁྱོད་ཀྱིས་རང་ཉིད་ཀྱི་གཟུགས་བརྙན་ལ་བལྟས་ནས ང་ལ་ཁྲེལ་དགོད་མི་བྱེད་རོགས ང་རང་འཇིག་རྟེན་གཞན་ཞིག་ནས་འདབ་ཆགས་ཤིག་ཏུ་སྐྱེ་བར་སྨོན ཕྱི་གླིང་པས་ང་ལ་ཞིབ་འཇུག་བྱེད་ངེས་རེད ང་རང་འཚོ་སའི་ཁོར་ཡུག་འདི་ཆུང་དྲགས་སོང ངའི་བེམ་རོ་འདི རྒོད་པོའི་གཤོག་འགྱུར་ཁྲོད་ནས་མཁའ་ལ་གཏོར་རོགས ངས་ཁྱོད་ལ་དཀའ་ལས་བཟོས་སོང ངས་མི་ཡུལ་ལ་དཀའ་ལས་བཟོས་སོང


ཨ་མར་ཕུལ་བ།

ཨ་མ་ལགས ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན ངས་ཁྱེད་ལ་ཆེས་ཐོག་མའི་ངུ་སྐད་དང་འགྲོགས་ནས་སྙན་ངག་གྱེར་ཡོད དེ་རིང་ནི ཕྱི་ལོ་གཉིས་སྟོང་བཅུ་གསུམ་ལོའི་ཟླ་གཉིས་པའི་ཟླ་འོད་ས་ལ་ཟགས་འདུག འོན་ཀྱང ངས་སྔར་བཞིན་སྙན་ངག་གྱེར་བཞིན་ཡོད ངས་སྔར་བཞིན་སྐར་མདའ་དེ་རང་ཉིད་ཀྱི་རྩེད་ཆས་སུ་འདོད་ཡོད ཁྱེད་ཀྱིས་ང་ལ་གསུངས་པའི་འཕྲུལ་གྱི་ལྡེ་མིག་ཟུང ངས་ད་དུང་གང་དུ་སྦས་པ་རྟོགས་མ་བྱུང ད་ལྟ་ཁྱེད་ཀྱིས་སྦྲ་རྒན་གྱི་སྒོ་ཁ་ན སྤྲིན་པས་སྒྲིབ་པའི་ཟླ་བར་ཅེར་ནས གནམ་སའི་མཚམས་ཀྱི་ནག་ཐིག་ཅིག་ལ་སྒུག་ཡོད་པར་ཐེ་ཚོམ་མེད ངའི་གཉུག་གཤིས་ན་སྙན་ངག་གི་ས་བོན་ཡོད་པས ངས་སྙན་ངག་གི་ཞིང་ཁམས་ན་རང་དབང་གི་སྐྲ་ལོ་རླུང་ལ་སྤུར་ཡོད ང་ལ་མི་ཡུལ་ན་གྲོགས་པོ་གཅིག་ཡོད་པ་ནི རང་ཉིད་ཀྱི་གྲིབ་གཟུགས་ཁོ་ན་ཡིན

ཨ་མ་ལགས དོ་ནུབ ངས་རྨི་ལམ་དམར་པོ་ཞིག་རྨིས་བཞིན དགུ་ཚིགས་ལྟ་བུའི་ཞགས་པ་རིང་བོ་ཞིག་འཆང་ནས རྨི་ལམ་གྱི་ཞིང་ཁམས་བརྒལ་དུས ངའི་མཁའ་དབྱིངས་ན་ཨ་མའི་མིག་ཟུང་གི་སྐར་འོད་ཆེམ་ཆེམ བརྡ་འཕྲིན་གྱི་བསླུ་བྲིད་རྒྱ་རུ་བཅུག་པའི་རི་སྒང་དེ་ནས ཁྱེད་རང་སྤྱང་ཀི་དང་འདྲིས་སོང་པ་ནི་ཁྱེད་ཀྱི་གཟི་བརྗིད་རེད ཨ་མའི་མིག་ཆུ་དང་ཕོར་བ ཨ་མའི་རྡེའུ་འབུམ་དང་སླེ་བོ མི་ཡུལ་གྱིས་ཁྱེད་རང་མཛངས་མ་ཞིག་ཡིན་པ་རྟོགས་ངེས་རེད ཁྱེད་ཀྱིས་ང་ལ་སྒུག་ཡོད་ཨང ང་རང་གོག་མ་ནུར་གྱིས་ཁྱེད་ཀྱི་རྨི་ལམ་འཚོལ་བཞིན་ཡོད ངས་ནམ་ཡང་མཚམས་འཇོག་མི་སྲིད

ཕྱི་ལོ་༢༠༡༣ལོའི་ཟླ༢པའི་ཚེས་༡༦ཉིན་གྱི་མཚན་མོར།



ཕྱིར་ལོག་པ།

ཆོས་ཉིད་གནམ་ནས་ལྷུང་པས ཡོད་ཚད་ཕྱིར་ལོག་རྒྱུ་ཡིན་པར་གདོན་མི་ཟ་མོད འོན་ཀྱང རྒན་པོ་ཚོས་རྟོགས་ཀྱང་བཤད་མ་ཐུབ་ལ གཞོན་པ་ཚོས་བཤད་ཀྱང་སྒྲུབ་མ་ཐུབ བྱིས་པ་ཚོས་ཅི་ཡང་ཚོར་མ་ཐུབ་ལ ཚོར་ཀྱང་མི་ཐུབ ཐ་ན ངའི་གྲོགས་པོ་ཚོས་ང་ཕྱིར་ལོག་པ་ཚོར་མི་འདུག་ལ ང་ཕྱིར་ལོག་པའི་གོམ་སྒྲ་ཙམ་ཡང་ཐོས་མི་འདུག ཁོ་ཚོས ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་དུས་ཞིག་ལ མེ་ཏོག་གསོ་མི་ཐུབ་ཅིང གཡུ་ལོ་ཐགས་སུ་བཀྲ་བའི་དབྱར་དུས་ཤིག་ལ ཆབ་རོམ་ཆགས་མི་ཐུབ་པར་འདོད་ཀྱིན་འདུག དེ་ལྟ་ནའང དྲོད་འཇམ་གཉིས་ལྡན་གྱི་སྟོན་དུས་ཤིག་ལ མེ་ཏོག་མི་བཞད་པའི་ངེས་པ་མེད་ཅིང ཆབ་རོམ་མི་ཆགས་པའི་ཁག་ཐེག་སུ་ལ་ཡོད དེ་བས དཔྱིད་ཀྱི་དྲོད་ཁོལ་རྒྱས་པའི་ཉིན་མོ་ཞིག་ལ ཚོར་མི་ཐུབ་པ་ཐམས་ཅད་ཚོར་ངེས་ལ རྟོགས་མི་ཐུབ་པ་ཐམས་ཅད་རྟོགས་ཐུབ་ཅིང ཐ་ན ང་ཕྱིར་ལོག་པའི་གོམ་སྒྲ་ཙམ་ཡང ཁྱོད་ཚོས གསལ་བོར་ཐོས་ངེས་ཡིན


༢༠༡༢༼༣༼༡༥ཉིན་ལ།








དུང་ཞེན་དེའི་དབང་གིས


བསླུ་བྲིད་ནི་བར་ཐག་གིས་བཟོས་པའི་སྐྱོ་གར་ཡིན་ནམ སྐྱོ་གར་ནི་ལྟད་མོ་བའི་ཆེད་དུ་འཁྲབ་པའི་རྔུལ་ཆུ་ཡིན ཡང་ན ཡོད་ཚད་ནི་དུང་ཞེན་ཀྱིས་སླད་པའི་བག་ཆགས་འབའ་ཞིག ལོ་རྒྱུས་ཀྱིས་ལོ་རྒྱུས་ལ་དཔང་བོ་བྱེད་པ་ནི དུང་ཞེན་ཀྱིས་བདེན་ལུགས་ལ་བཟོས་པའི་རྨས་སྐྱོན་ཅི་ལ་མིན

ཁ་སང་ནི་དུང་ཞེན་ཀྱིས་རྨས་པའི་གཏམ་རྒྱུད་ཙམ་དང དེ་རིང་ནི་བྱ་གླག་གིས་ལུ་གུ་ཁུར་བ་ཇི་བཞིན དུང་བ་དང་བརྩེ་བ་ཡོད་ཚད་ཟུར་དུ་གཡུགས་ནས གླེགས་བམ་མཐུག་པོ་དེ་དལ་གྱིས་ཀློག་ན དུང་ཞེན་ནི་ངའི་ཆེས་ཐོག་མའི་བསླུ་བྲིད་ཀྱི་ལམ་བུ་དང ངའི་ཆེས་མཐའ་མའི་ནོར་འཁྲུལ་གྱི་གདམ་ང་ཡིན་འདུག

ལུང་ཀྱོག་འདི་ནས་དུང་ཞེན་གྱི་ཁ་ཟས་དོར་ན མི་མིན་སྤྲ་མིན་གྱི་ཁྱུ་ཚོགས་ཐར་ཐོར་འདིས སུ་ཞིག རྒྱང་ཕུད་དུ་མི་གཏོང་བ་ཅི་ལ་སྲིད འདི་དག་ནི་དུང་ཞེན་མ་རྟོགས་པའི་དུང་ཞེན་ཡིན་ཏེ ང་རང་དུང་ཞེན་དང་ཇི་ལྟར་རྒྱང་བཀྱེད་ན དུང་ཞེན་དེ་ལྟར་ངའི་མགུལ་བར་འཁྱུད་ཡོང

དུང་ཞེན་ནི་རང་བཞིན་གྱིས་བརྡོལ་བ་འདྲ་ཡང ཡིན་པ་ནི་ཁོར་ཡུག་གིས་སྤྲད་པའི་སེམས་ངལ་ལྕི་མོ ངལ་དུབ་ཀྱིས་ཅི་ཙམ་མནན་ཀྱང ཁོ་བོའི་ཉལ་ཁྲི་ཕ་བོང་གི་གཤིས་སུ་གྲུབ་ཅིང ཁོ་བོའི་བྲང་ཁོག་མེ་ཐབ་ཀྱི་སྦུགས་སུ་འཁེན་ཡོད དུང་ཞེན་དེའི་དབང་གིས ཁ་སང་གི་རྨིག་རྗེས་སྒྲིབ་སོང དུང་ཞེན་དེའི་དབང་གིས དེ་རིང་གི་ནམ་མཁའ་རུབ་སོང དུང་ཞེན་དེའི་དབང་གིས སང་ཉིན་གྱི་བདེན་པ་འབོར་ངེས


༢༠༡༣༼༣༼༡༤ཉིན་ལ།




སྐྱ་རེངས་ནི་ སང་ཉིན་གྱི་ལྷིང་འཇགས་དཀྲོག་བྱེད་ཨེ་ཡིན།


ནམ་མཁའ་ནི་ཐུན་མོང་ལ་དབང་བའི་གཞིས་ཁྱིམ་དྲོན་མོ འདས་སོང་བའི་བེམ་པོར་བདག་པོ་བརྒྱབ་ཀྱང་སྙིང་པོ་ཅི རིན་ཐང་ནི་ད་ལྟ་བ་ཁོ་ནར་དབང་བའི་ལེགས་སྐྱེས་འབའ་ཞིག བསུབ་སོང་བའི་ཉིན་ཐོ་དེ་དག་ནི་ཁ་སང་གི་ཐེམ་སྐས་ཡིན་པ་ལས འཆར་ཡན་གྱི་སྒེའུ་ཁུང་ག་ལ་ཡིན འགྱུར་རྡོར་གྱུར་པའི་རྡོ་རིང་སྔོག་པ་ནི་སྐྱུག་མེར་བའི་རྨ་ཁར་གཙེས་པའམ ལོ་རྒྱུས་ཀྱི་གླེགས་བམ་ནི་མིག་ཆུས་བརླན་པའི་ཤོག་ཧྲིལ་ཙམ་ཡིན་གྱི དེ་རིང་གི་ངོ་གདོང་དང་སང་ཉིན་གྱི་ནམ་མཁའ་ལ་ཅི་ཕན ཟླ་འོད་ཡིབས་པའི་མཚན་ལྗོངས་འདིར གསེར་མདོག་གི་སྐར་ཚོམ་ས་ལ་གཏོར་བའི་མེ་ཏོག་ཇི་བཞིན ངས་སྒེའུ་ཁུང་ཕྱི་རོལ་གྱི་བར་སྣང་ལ་ཅེར་ནས


མུན་ནག་གི་ཁྲོད་ནས་སྐར་ཆེན་གྱི་འཛུམ་མདངས་རུམ་ཡོད སྐར་ཆེན་གྱི་མིག་མདའ་ནི་སྐྱ་རེངས་བསུ་བའི་སྟ་གོན་ཡིན་པས ངས་སང་ཉིན་ལ་རེ་སྒུག་བྱེད་ཀྱིན་མེད དུས་ཚོད་ཀྱིས་སྐྱེལ་ཡོང་བ་ནི་སང་ཉིན་གྱི་ནམ་མཁའ་ཡིན་པར་ཐེ་ཚོམ་མེད ངས་མཐོང་འདོད་པ་ནི་སང་ཉིན་གྱི་ཉི་གཞོན་ཁོ་ན་མ་ཡིན་པར བདེན་པར་བརྒྱུས་པའི་དགུ་ཚིགས་ཀློང་གི་གད་རྒྱངས་མཐོན་པོ འཆར་ཡན་གྱི་ཀློང་ནས་དངོས་ཡོད་འཇིག་རྟེན་ལ་ལག་འཇུ་བྱོས་དང སྐྱ་རེངས་ཀྱིས་ལག་པས་བཀབ་པའི་ཉི་མ་སང་ཉིན་གྱི་མཁའ་ལ་འདོགས་བཞིན མུན་ནག་གི་གས་སྲུབས་བརྟོལ་ནས་ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོག་ཡོང


༢༠༡༣༼༣༼༡༣ཉིན་ལ་ཉལ་ཁང་དུ།




    ཚོར་བའི་ལྷ་མོ་དབྱིངས་སུ་འཕུར་བ།
                                                        བཻཌཱུརྱ།     

ཚོར་བའི་རྒྱ་མཚོ་དྲག་ཏུ་འཕྱུར་ཏེ་འཇིག་རྟེན་གོ་ལ་གཏོར་སྙམ་བྱེད།། འཆར་ཡན་བུ་ག་ཕྲ་མོ་དེ་འང་ཕྱོགས་མེད་ཨ་སྔོན་དབྱིངས་སུ་འཕུར།། ཕྱི་ཡི་གཟུགས་མེད་རླུང་བུ་དེས་ཀྱང་ཁོ་བོའི་བྲང་ཁོག་འབུམ་དུ་སྤྲུལ།། ནང་གི་ཤེས་པ་ཤེལ་ཀྱི་ཀ་བས་འོད་ཀྱི་གོང་བུ་མགྲོན་དུ་བོས།།

གླང་བོ་སྟོང་གིས་ཁུར་བའི་སྨྱུ་གུ་སྐད་ཅིག་འཆིང་འདོད་སོར་མོའི་ཚོགས།། ཆེ་ཆུང་ཕྲ་རགས་ཚོར་བ་སྐྱེན་པོས་སྐད་ཅིག་འཐམས་ཏེ་ཟད་པར་གྱུར།། ཡོད་མེད་ཡིན་མིན་སྣང་བའི་རླབས་གཉེར་བར་མེད་སྤྲིན་གྱི་འདུ་འགོད་འཚུབ།། འཇའ་ཚོན་མེ་ཏོག་སིལ་བུར་འཐོར་ཏེ་ཁོ་བོའི་མཐོང་ལམ་ཁད་ཀྱིས་སྒྲིབ།།

མཚམས་རེར་ཡོད་ཚད་ངོ་མཚར་ཆེ་ཞིང་ལན་རེར་ཡོད་ཚད་གསོན་མདོག་ཤོར།། སྣང་བའི་ཡུལ་ཀྱི་རི་རབ་ཉི་ཟླ་བྱེ་མའི་རླུང་གིས་གཡོ་ཞིང་འཁྱོམས།། རྨི་ལམ་ཡིན་ནམ་སྨྱོས་པ་གང་ཡིན་མཐོང་ལམ་སྒྱུ་མའི་འཕྲུལ་གྱིས་ཡིན།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་ཐ་སྙད་བེམ་རོ་རུལ་ཅིང་མྱགས།།

ཉལ་ན་མ་ཡིན་ལངས་ན་མ་ཡིན་ཚོར་བ་འདི་ཡིས་ཡང་ཡང་འཐམ།། ཕྱི་ཡི་གཟུགས་སམ་ནང་གི་ཤེས་པ་གང་ཡིན་ཀུན་ལ་གཤོག་པ་ཐོགས།། མཁའ་རུ་འཕུར་ཀྱང་ས་རུ་འཛུལ་ཡང་ད་དུང་གང་དུ་འབྲོ་བར་རྩོམ།། ཟླུམ་གཟུགས་གོ་ལ་སྤོ་ལོ་བྱས་ཏེ་དཔག་ཚད་བྱེ་བར་འཕངས་ན་འདོད།།

སྤར་མོ་བགྲད་དམ་ཨམ་ཙིག་བསྡམ་མམ་ཅི་ལྟར་བརྗོད་འདོད་རྦ་རླབས་འཕྱོ།། ལུས་ཀྱི་བ་སྤུའི་བུ་ག་དག་ལས་འོད་ཟེར་ཉག་མའི་རྔུལ་ཆུ་འབྱིན།། ཁྲི་གདུགས་ཀྱིས་ནི་གདུང་བ་མིན་ཀྱང་སེམས་ལ་ཚ་ཟེར་འབུམ་ཕྲག་སྤྲོས།། བུ་ཡུག་གིས་ནི་བྲབས་པ་མིན་ཀྱང་ཡ་ཆུང་གྲང་འདར་ཡང་ཡང་རྒྱག།

འཇམ་རྩུབ་ལྕི་ཡང་ཅི་ལྟར་སྡེབ་ཀྱང་གནམ་སའི་བར་ནི་དཔག་པར་དཀའ།། དེ་བཞིན་དབྱངས་ཅན་ངག་ལས་དབྱུང་ཀྱང་སྐད་ཅིག་འཁྱུག་པའི་རི་མོ་ཙམ།། ཇི་ལྟར་མཚོན་བྱེད་གཟུགས་སུ་བྲིས་ཀྱང་དེ་བཞིན་བརྡ་ཡིས་སྟོང་བར་འགྱུར།། ཡོངས་སུ་མཚུངས་པའི་སྡོང་ལོ་དག་ནི་ནགས་ཀློང་དག་ན་བཙལ་དུ་མེད།།

སྣང་བ་འདི་དག་སྟོང་བ་ཡིན་ནམ་སྟོང་བར་རློམ་ཀྱང་སྣང་བར་གྲུབ།། སྣང་སྟོང་འགལ་མེད་གཟེར་ལ་བཏབ་པའི་ངོ་མཚར་སྒྲོམ་དེ་གང་དུ་ཡོད།། རྟག་པ་ཡིན་ནམ་ཆད་པ་ཡིན་ལགས་སོ་སོའི་མཐའ་དང་བྲལ་བ་ཉིད།། ཕྱོགས་ལྷུང་མཐའ་རུ་ལངས་དགོས་མི་འདུག་རིག་ལམ་སྒོ་མོ་ཧར་ཀྱིས་འབྱེད།།

ད་ནི་ཚོར་བའི་ལྷ་མོ་འདིས་ཀྱང་གནམ་ཀྱི་ཀ་བ་ཡང་ཡང་བཙལ།། བརྒྱ་བྱིན་ཕོ་བྲང་འཇའ་ལས་གྲུབ་ཀྱང་ངོ་མཚར་བློ་དེ་ཤི་བར་གྱུར།། ཨུ་མ་ཁྲོས་པའི་ཚིག་དག་དོར་ནས་འཆི་མེད་བདུད་རྩིའི་མཛོད་ལ་འཇབ།། སེམས་ཀྱི་གསང་བའི་འཕྲུལ་གྱི་ལྡེ་མིག་གང་དུ་སྦས་པའི་གསང་བ་བརྟོལ།།

འཆར་ཀ་དེ་ནི་འཛུམ་དང་ལྷན་ཅིག་ཚོར་བའི་ལྷ་མོ་ལམ་ལ་བརྟེན།། རི་རབ་དག་གི་རྩེ་ལ་མ་ཡིན་རྒྱ་མཚོ་ཆེན་པོའི་འཇིངས་སུ་མིན།། གྲོང་ཁྱེར་ཆེན་པོ་དག་ཀྱང་མ་ཡིན་རི་གྲོང་བྲག་སྐྱིབས་དག་ཀྱང་མིན།། ཤེས་པ་ཕྲ་མོའི་གཤོག་པ་བཙུགས་ནས་སྟོང་བའི་དབྱིངས་སུ་དལ་གྱིས་འཕུར།།

      ༢༠༡༤༼༣༼༢༥ཉིན་ཏེ་རང་ལོ་ཉེར་གཅིག་པར་མདོ་ལྷོ་ཚང་དུ་བྲིས།

 གནོན་ཤུགས་ཀྱི་བཙན་འཛུལ།
     བཻཌཱུརྱ།༼ཀན་ལྷོ༽

གོ་ལའི་རླུང་རིམས་དགུ་བརྩེགས་འདི་ཡིས་དགུང་དུ་འཕུར་བའི་གཤོག་པ་བཅད།། འཁྱག་རོམ་བཙན་པོའི་གཡུག་པ་འདི་ཡིས་འོག་ཏུ་འཛུལ་བའི་སྡེར་མོ་བཀོག། བར་སྣང་འཕུར་བའི་རྒོད་པོ་འདི་ཡིས་ང་ཡི་དཔུང་བར་བྱ་རྟུག་གཏོར།། རྩྭ་ལ་བརྟེན་པའི་དུད་འགྲོ་འདི་དག་ང་ལ་བལྟས་ནས་ངོ་མཚང་འདྲི།།

ཕ་རོལ་གནས་པའི་རུ་སྡེ་འདི་རུ་ང་རང་བགྲོད་སའི་ལམ་བུ་དོག། ཚུར་རོལ་བཞུར་བའི་གཙང་པོ་འདི་རུ་ང་རང་རྐྱལ་བའི་འཁྱུག་རྩལ་མེད།། གོང་གི་དཔོན་པོའི་ངོ་སོ་བཀུར་བྱེད་ཤོག་སྒོར་བམ་ཁ་རུམ་ན་སྲབ།། འོག་གི་གཡོག་པོར་ཡར་ཞུ་སྐུལ་བའི་གཡོ་འཕྲུལ་ལས་ལ་ཞེན་པ་ལོག།

སྤྱི་ཚོགས་རྒྱ་རྫོང་ནགས་ཀྱི་གསེབ་ན་ཁེར་འགྲོས་བུ་ཆུང་ཉམ་ཆུང་ཉིད།། ཁྲག་ལ་རྔམ་པའི་མཆེ་བ་རྣོན་པོས་ང་ལ་འཇིགས་སྐུལ་ཡང་ཡང་བྱེད།། སྦྱངས་བརྩོན་ཆུ་བོ་དལ་བབས་རིང་མོ་ཞག་མ་གཅིག་ལ་མེ་ཡིས་སྲེག། རྟེན་འབྱུང་འབྲེལ་བའི་ཡུལ་གྲུ་འདི་ན་ལྐོག་དངུལ་གོམས་པ་ཟ་མ་བཞིན།།

ས་སྒང་རིལ་མོའི་འགུག་ཤུགས་འདི་ཡིས་འཕུར་དུ་མ་བཅུག་ཉྭ་ནས་འཐེན།། དབུགས་ཀྱི་རྒྱུ་བ་ཕྲ་མོ་འདི་ཡིས་རུལ་དུ་མ་བཅུག་དྲོད་ཀྱིས་བཟུང་།། ཕྱི་རོལ་གནས་པའི་ལྕགས་རི་འདི་ཡིས་རྐང་རྗེས་ཟབ་མོ་ར་བར་བཅུག། གླེགས་བམ་མཐུག་པོའི་བྲག་རིའི་རྔམ་གྱིས་རྒས་གཉེར་རི་མོ་ཐོད་ལ་བརྐོས།།

རི་བོ་གནམ་གྱི་ཀ་བ་ཟུང་གིས་ང་རང་བཙིར་ནས་གློད་མྱོང་མེད།། ཡ་ཐོག་བསྐལ་བའི་འགྱུར་རྡོ་དག་གིས་ང་རང་རྨོངས་པའི་བརྡ་ཞིག་བསྟན།། ངོ་མཚར་བྱིས་བློའི་དྲི་གཞི་མང་པོས་བདག་གི་ཀླད་རྒྱ་གཏོར་ལ་ཁད།། ལངས་ཕྱོགས་བརྟན་པོའི་མཁར་རྫོང་མདུན་ན་བདག་ནི་ཧ་ཅང་དཔུང་པ་གཉོམ།།

ཉམ་ཆུང་ཚེ་སྲོག་ཁྲག་ཁྲིག་དུ་མ་སྐད་ཅིག་འཆི་བ་བདག་གིས་མཐོང་།། སྟོབས་ལྡན་དཔུང་གི་སྦྱོར་བ་དྲག་པོ་སྤྲིན་ནག་འཁྲུག་པའི་རྔམ་ལ་འགྲན།། ཨ་ཙི་ད་ནི་ཤིན་ཏུ་ཉམ་ཐག་ང་ཡི་ཀཱ་ལིའི་སྐྲ་ལོ་འཐོར།། སྤྱི་ཚོགས་འདི་ཡི་གནོན་ཤུགས་བཙན་པོས་ང་རང་མཐའ་ནས་མཐའ་རུ་དེད།།

སྒྲིབ་པའི་རིག་པ་སངས་བར་འདོད་ཀྱང་བྱིས་བློའི་སྣང་བ་ཉིད་དུ་འཁུམ།། གསང་བའི་སྒྲོམ་དག་གཏོར་བར་འདོད་ཀྱང་རྣོན་པོའི་མཚོན་ཆ་ང་ལ་མེད།། ཕ་གིའི་རི་མོ་སུབ་པར་འདོད་ཀྱང་དཔུང་བའི་ལྷུ་ཚིགས་འཐོར་ལ་ཁད།། མ་གིའི་སྨྱུ་གུ་འཆིང་བར་བརྩམས་ཀྱང་སེམས་ཀྱི་མེ་ཏོག་རྙིད་ལ་ཁད།།

ལྷན་སྐྱེས་སྨིན་མ་པུར་གྱིས་བྲིས་ཀྱང་བཅོས་མའི་ལས་ལ་སྤྲོ་སྣང་མྱོས།། བཟང་བོའི་ཚད་ཤིང་འཇའ་ལྟར་འཁྱོག་ཀྱང་མཛེས་དང་མི་མཛེས་སུ་ལ་དྲི།། ཡ་མ་ཟུང་གི་སྤྱི་ཚོགས་འདི་ཡིས་སྟེང་ནས་བྲབས་ཤིང་འོག་ནས་འཐམ།། ད་ནི་ཤི་གསོན་བྱེ་མའི་ལ་ནས་རང་ལུས་རྒོད་པོར་མཆོད་ན་སྙམ།།

                                  ༢༠༡༡༼༡༢༼༩ཉིན་ལ་སློབ་ཁང་དུ།

ཚོར་བའི་ལྷ་མོ་དབྱིངས་སུ་འཕུར་བ།

                          བཻཌཱུརྱ།༼ཀན་ལྷོ༽    

ཚོར་བའི་རྒྱ་མཚོ་དྲག་ཏུ་འཕྱུར་ཏེ་འཇིག་རྟེན་གོ་ལ་གཏོར་སྙམ་བྱེད།། འཆར་ཡན་བུ་ག་ཕྲ་མོ་དེ་འང་ཕྱོགས་མེད་ཨ་སྔོན་དབྱིངས་སུ་འཕུར།། ཕྱི་ཡི་གཟུགས་མེད་རླུང་བུ་དེས་ཀྱང་ཁོ་བོའི་བྲང་ཁོག་འབུམ་དུ་སྤྲུལ།། ནང་གི་ཤེས་པ་ཤེལ་ཀྱི་ཀ་བས་འོད་ཀྱི་གོང་བུ་མགྲོན་དུ་བོས།།

གླང་བོ་སྟོང་གིས་ཁུར་བའི་སྨྱུ་གུ་སྐད་ཅིག་འཆིང་འདོད་སོར་མོའི་ཚོགས།། ཆེ་ཆུང་ཕྲ་རགས་ཚོར་བ་སྐྱེན་པོས་སྐད་ཅིག་འཐམས་ཏེ་ཟད་པར་གྱུར།། ཡོད་མེད་ཡིན་མིན་སྣང་བའི་རླབས་གཉེར་བར་མེད་སྤྲིན་གྱི་འདུ་འགོད་འཚུབ།། འཇའ་ཚོན་མེ་ཏོག་སིལ་བུར་འཐོར་ཏེ་ཁོ་བོའི་མཐོང་ལམ་ཁད་ཀྱིས་སྒྲིབ།།

མཚམས་རེར་ཡོད་ཚད་ངོ་མཚར་ཆེ་ཞིང་ལན་རེར་ཡོད་ཚད་གསོན་མདོག་ཤོར།། སྣང་བའི་ཡུལ་ཀྱི་རི་རབ་ཉི་ཟླ་བྱེ་མའི་རླུང་གིས་གཡོ་ཞིང་འཁྱོམས།། རྨི་ལམ་ཡིན་ནམ་སྨྱོས་པ་གང་ཡིན་མཐོང་ལམ་སྒྱུ་མའི་འཕྲུལ་གྱིས་ཡིན།། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་ཐ་སྙད་བེམ་རོ་རུལ་ཅིང་མྱགས།།

ཉལ་ན་མ་ཡིན་ལངས་ན་མ་ཡིན་ཚོར་བ་འདི་ཡིས་ཡང་ཡང་འཐམ།། ཕྱི་ཡི་གཟུགས་སམ་ནང་གི་ཤེས་པ་གང་ཡིན་ཀུན་ལ་གཤོག་པ་ཐོགས།། མཁའ་རུ་འཕུར་ཀྱང་ས་རུ་འཛུལ་ཡང་ད་དུང་གང་དུ་འབྲོ་བར་རྩོམ།། ཟླུམ་གཟུགས་གོ་ལ་སྤོ་ལོ་བྱས་ཏེ་དཔག་ཚད་བྱེ་བར་འཕངས་ན་འདོད།།

སྤར་མོ་བགྲད་དམ་ཨམ་ཙིག་བསྡམ་མམ་ཅི་ལྟར་བརྗོད་འདོད་རྦ་རླབས་འཕྱོ།། ལུས་ཀྱི་བ་སྤུའི་བུ་ག་དག་ལས་འོད་ཟེར་ཉག་མའི་རྔུལ་ཆུ་འབྱིན།། ཁྲི་གདུགས་ཀྱིས་ནི་གདུང་བ་མིན་ཀྱང་སེམས་ལ་ཚ་ཟེར་འབུམ་ཕྲག་སྤྲོས།། བུ་ཡུག་གིས་ནི་བྲབས་པ་མིན་ཀྱང་ཡ་ཆུང་གྲང་འདར་ཡང་ཡང་རྒྱག།

འཇམ་རྩུབ་ལྕི་ཡང་ཅི་ལྟར་སྡེབ་ཀྱང་གནམ་སའི་བར་ནི་དཔག་པར་དཀའ།། དེ་བཞིན་དབྱངས་ཅན་ངག་ལས་དབྱུང་ཀྱང་སྐད་ཅིག་འཁྱུག་པའི་རི་མོ་ཙམ།། ཇི་ལྟར་མཚོན་བྱེད་གཟུགས་སུ་བྲིས་ཀྱང་དེ་བཞིན་བརྡ་ཡིས་སྟོང་བར་འགྱུར།། ཡོངས་སུ་མཚུངས་པའི་སྡོང་ལོ་དག་ནི་ནགས་ཀློང་དག་ན་བཙལ་དུ་མེད།།

སྣང་བ་འདི་དག་སྟོང་བ་ཡིན་ནམ་སྟོང་བར་རློམ་ཀྱང་སྣང་བར་གྲུབ།། སྣང་སྟོང་འགལ་མེད་གཟེར་ལ་བཏབ་པའི་ངོ་མཚར་སྒྲོམ་དེ་གང་དུ་ཡོད།། རྟག་པ་ཡིན་ནམ་ཆད་པ་ཡིན་ལགས་སོ་སོའི་མཐའ་དང་བྲལ་བ་ཉིད།། ཕྱོགས་ལྷུང་མཐའ་རུ་ལངས་དགོས་མི་འདུག་རིགས་ལམ་སྒོ་མོ་ཧར་ཀྱིས་འབྱེད།།

ད་ནི་ཚོར་བའི་ལྷ་མོ་འདིས་ཀྱང་གནམ་ཀྱི་ཀ་བ་ཡང་ཡང་བཙལ།། བརྒྱ་བྱིན་ཕོ་བྲང་འཇའ་ལས་གྲུབ་ཀྱང་ངོ་མཚར་བློ་དེ་ཤི་བར་གྱུར།། ཨུ་མ་ཁྲོས་པའི་ཚིག་དག་དོར་ནས་འཆི་མེད་བདུད་རྩིའི་མཛོད་ལ་འཇབ།། སེམས་ཀྱི་གསང་བའི་འཕྲུལ་གྱི་ལྡེ་མིག་གང་དུ་སྦས་པའི་གསང་བ་བརྟོལ།།

འཆར་ཀ་དེ་ནི་འཛུམ་དང་ལྷན་ཅིག་ཚོར་བའི་ལྷ་མོ་ལམ་ལ་བརྟེན།། རི་རབ་དག་གི་རྩེ་ལ་མ་ཡིན་རྒྱ་མཚོ་ཆེན་པོའི་འཇིངས་སུ་མིན།། གྲོང་ཁྱེར་ཆེན་པོ་དག་ཀྱང་མ་ཡིན་རི་གྲོང་བྲག་སྐྱིབས་དག་ཀྱང་མིན།། ཤེས་པ་ཕྲ་མོའི་གཤོག་པ་བཙུགས་ནས་སྟོང་བའི་དབྱིངས་སུ་དལ་གྱིས་འཕུར།།

      ༢༠༡༤༼༣༼༢༥ཉིན་ཏེ་རང་ལོ་ཉེར་གཅིག་པར་མདོ་ལྷོ་ཚང་དུ་བྲིས།



སློབ་ཆེན་པའི་སྤྱི་འགྲོས། བེེཌྰུརྱ།༼ཀན་ལྷོ༽ ཐོག་མར་སློབ་ཆེན་སྒོ་ཐེམ་བར་ནས་མཚར་སྣང་ངང་གིས་ཉིན་ཞག་བདས།། དེ་རྗེས་རང་དབང་བཟི་ཁ་ཞིག་གིས་རྙི་ལས་ཤོར་བའི་རི་དྭགས་བཞིན།། མཐའ་མར་བྱ་བའི་གནོན་ཤུགས་ཤིག་གིས་སྟེང་ནས་མནན་ཏེ་འོག་ཏུ་བཅུག། འདི་ནི་སློབ་ཆེན་ཕལ་མོ་ཞིག་སྤྱོད་པར་གོམས་པའི་སྤྱི་འགྲོས་ཡིན།།

སློབ་ཆེན་པ་ཡི་མིང་བྱང་ཁུར་བའི་འགན་འཁྲི་ལྕི་མོ་བསམ་བཞིན་དུ།། སྤྱི་ཚོགས་འཚོ་བའི་གྲུ་ཟུར་སོ་སོར་དཔྱོད་ཤེས་མིག་གིས་རྟག་ཏུ་འཚོ།། ཤར་ནུབ་རིག་གཞུང་ཁོག་ཏུ་སྦྲུམ་ཞིང་རྔུལ་ཆུའི་འབྲས་བུ་འོད་དུ་འཚེར།། སློབ་གླིང་རིག་པའི་སྐྱེད་ཚལ་དབུས་ན་འདི་འདྲའི་སློབ་བུ་ཉིན་སྐར་ཙམ།།

བྱིས་པའི་ཕུགས་བསམ་ད་དུང་མ་བོར་བརྩོན་པའི་ཆུ་རྒྱུན་སྔར་ལས་རིང་།། ཚིག་སྦྱོར་སྣ་མང་འཇིམ་པར་བརྫུས་ནས་ངོ་མཚར་སྣང་བརྙན་འབུམ་དུ་སྤྲུལ།། ཐ་སྙད་པ་ཡི་ཧོལ་རྒྱུགས་ལས་དེ་རང་གི་མགུལ་བའི་རྒྱན་དུ་རློམ།། རིག་ལམ་སྒོ་མོ་འབྱེད་པར་གོམས་པ་སློབ་ཆེན་གྲལ་ན་མང་པོ་མེད།།

དྲ་ཁང་ནང་དུ་གནས་མལ་བཅོལ་ཞིང་སྒོར་ཁུག་ནམ་རྒྱུན་སྟོང་བར་ལུས།། དབུགས་ཀྱི་འབྱིན་རྔུབ་དུ་བར་འགྲོགས་ཤིང་ཝུ་ཆང་ཕོར་བ་དགུང་དུ་འཇོག། མཐར་ཕྱིན་དཔང་ཡིག་ལེན་པར་དཀའ་བ་རྒྱ་མཚོའི་ནང་གི་ནོར་བུ་བཞིན།། འདི་འདྲའི་རྣམ་ཐར་ཉུང་བར་འདོད་ན་ཁྱོད་རང་ཧ་ཅང་མགོ་བོ་འཐོམ།།

ཁ་ནས་འཇའ་ཚོན་སྤར་འཛིན་བྱེད་ཅིང་མེ་ལོང་ནང་དུ་གྲོང་ཁྱེར་འཛུགས།། ནམ་རྒྱུན་བཅོས་མའི་ཕྱི་ཚུལ་ཙམ་གྱིས་ཝ་སྐྱེས་རྒྱལ་པོའི་ཆས་སུ་བྱེད།། ཡོན་ཏན་དག་ནི་རྒྱ་མར་བཅལ་ཡང་སྲང་གང་ལོངས་པ་གླིང་ན་མེད།། འདི་འདྲ་དངོས་སུ་མཐོང་བར་མ་ཟད་ཧ་ཅང་འདྲིས་པའི་གྲོགས་ཡང་ཡོད།།

སྤྱི་ཚོགས་འགྲན་རྩོད་སྤྲིན་བཞིན་འཁྲུག་དུས་ཁ་ཅིག་ལྕགས་ཕོར་དོན་དུ་འདུར།། བགྲང་བྱ་བཞི་ཡི་མཚར་སྡུག་དག་ཀྱང་མཱ་ཁི་སི་ཡི་གདོང་ལ་འཐིམ།། སློབ་དེབ་གཅིག་གི་བར་གླགས་དེ་ནས་དུས་ཀྱི་རི་མོ་གདོང་ལ་ཕབས།། འདི་ལྟར་འཚོ་བའི་གྲོགས་མོ་འགའ་ཡང་བདག་གི་ཡིད་ལ་ཝ་ལེར་དྲན།།

ཕྲག་དོག་དབང་གིས་གཞན་ལ་འཕྱ་ཞིང་བྲང་ཁོག་རྒྱ་ཁབ་རྩེ་མོ་ཙམ།། ཁེ་ཕན་ཞིག་གིས་བྲན་དུ་བཅུག་ནས་མཛའ་བརྩེ་ཟེར་བ་བློ་ན་མེད།། སྤྱོད་ངན་དག་ནི་མ་བསླབས་ནའང་ངང་གིས་འབྱར་བའི་འདམ་བག་བཞིན།། འདི་འདྲ་དངོས་སུ་མཐོང་བ་མེད་ཀྱང་འགའ་ཞིག་མཆིས་པ་རྣ་བར་ཐོས།།

ཡོད་ཚད་ཀུན་ལ་འགྲམ་ཆུ་ལྡང་པས་ལྟོ་འདོད་ཆེ་བའི་ཕག་པ་བཞིན།། སྐབས་རེར་མཛེས་མའི་འཛུམ་ལ་ཆགས་ན་ཁྱོད་ནི་རྡོ་བརྐོས་རི་མོ་བཞིན།། གང་ནས་རང་ཉིད་བོར་བ་མི་ཤེས་རང་བཞིན་ཡང་མོ་བ་སྤུ་བཞིན།། སོ་སོའི་བྱ་སྤྱོད་ཐ་དད་ཡིན་ཕྱིར་འདི་འདྲ་དག་ཀྱང་མངོན་སུམ་མཐོང་།།

དོན་མེད་ལས་ཀྱིས་ཉིན་མཚན་བདའ་ཞིང་སློབ་བྱོལ་གྲངས་ཀ་ཀུན་ལས་མང་།། ལོ་ངོ་བཞི་ཡི་མཇུག་སྡོམ་སྐབས་སུ་ཐོབ་པའི་འབྲས་བུ་གཞན་ལས་ཉུང་།། རབ་རིབ་རྐང་རྗེས་ཁྲོམ་ལ་བཀོད་ཅིང་འཆོར་གོས་དག་ལ་སེམས་པ་མཁྲེང་།། འབད་ཀྱིས་སྦྱངས་པའི་ཤེས་བྱ་དག་ཀྱང་བོར་ནས་སྟོང་བ་གཤིས་སུ་གྲུབ།།

རིག་པའི་གནས་ཀྱི་ནོར་ཀྱང་མ་རྙེད་མིག་རྡེབ་གཅིག་གི་ཡུན་ཚད་དུ།། ཐག་ཐག་ཆུ་ཚོད་འཁོར་བ་མ་ཚོར་བཟི་སྨན་རྒྱབ་པའི་ནད་པ་བཞིན།། ལང་ཚོའི་མཚར་སྡུག་སློབ་ཆེན་ནང་ནས་མེ་ཏོག་རྙིད་པོའི་མདངས་སུ་བསྒྱུར།། ད་དུང་མཐར་ཕྱིན་སྤྲོ་ཚོགས་སྟེང་ན་དགོད་སྒྲ་འཆའ་བའི་སློབ་བུ་མང་།།

ད་ནི་སློབ་ཆེན་སློབ་བུ་དག་གིས་བསམ་བློའི་གཏེར་ཁ་འབད་ཀྱིས་སྔོགས། ད་ནི་རིན་ཐང་འོད་དུ་འཚེར་བའི་མི་ཚེའི་རི་མོ་བཀོད་ཅིག་གུ། ད་ནི་སྙིང་ལ་རུས་པ་བསྐྱེད་ནས་ཕུགས་བསམ་གངས་རིའི་རྩེ་རུ་སྙེག། ད་ནི་འདི་ནས་འབྲི་མཚམས་བཞག་ནས་འཆར་ཡན་རྒྱ་མཚོའི་ཀློང་དུ་འགྲོ།



གནོན་ཤུགས་ཀྱི་བཙན་འཛུལ།

གོ་ལའི་རླུང་རིམས་དགུ་བརྩེགས་འདི་ཡིས་དགུང་དུ་འཕུར་བའི་གཤོག་པ་བཅད།། འཁྱག་རོམ་བཙན་པོའི་གཡུག་པ་འདི་ཡིས་འོག་ཏུ་འཛུལ་བའི་སྡེར་མོ་བཀོག། བར་སྣང་འཕུར་བའི་རྒོད་པོ་འདི་ཡིས་ང་ཡི་དཔུང་བར་བྱ་རྟུག་གཏོར།། རྩྭ་ལ་བརྟེན་པའི་དུད་འགྲོ་འདི་དག་ང་ལ་བལྟས་ནས་ངོ་མཚང་འདྲི།།

ཕ་རོལ་གནས་པའི་རུ་སྡེ་འདི་རུ་ང་རང་བགྲོད་སའི་ལམ་བུ་དོག། ཚུར་རོལ་བཞུར་བའི་གཙང་པོ་འདི་རུ་ང་རང་རྐྱལ་བའི་འཁྱུག་རྩལ་མེད།། གོང་གི་དཔོན་པོའི་ངོ་སོ་བཀུར་བྱེད་ཤོག་སྒོར་བམ་ཁ་རུམ་ན་སྲབ།། འོག་གི་གཡོག་པོར་ཡར་ཞུ་སྐུལ་བའི་གཡོ་འཕྲུལ་ལས་ལ་ཞེན་པ་ལོག།

སྤྱི་ཚོགས་རྒྱ་རྫོང་ནགས་ཀྱི་གསེབ་ན་ཁེར་འགྲོས་བུ་ཆུང་ཉམ་ཆུང་ཉིད།། ཁྲག་ལ་རྔམ་པའི་མཆེ་བ་རྣོན་པོས་ང་ལ་འཇིགས་སྐུལ་ཡང་ཡང་བྱེད།། སྦྱངས་བརྩོན་ཆུ་བོ་དལ་བབས་རིང་མོ་ཞག་མ་གཅིག་ལ་མེ་ཡིས་སྲེག། རྟེན་འབྱུང་འབྲེལ་བའི་ཡུལ་གྲུ་འདི་ན་ལྐོག་དངུལ་གོམས་པ་ཟ་མ་བཞིན།།

ས་སྒང་རིལ་མོའི་འགུག་ཤུགས་འདི་ཡིས་འཕུར་དུ་མ་བཅུག་ཉྭ་ནས་འཐེན།། དབུགས་ཀྱི་རྒྱུ་བ་ཕྲ་མོ་འདི་ཡིས་རུལ་དུ་མ་བཅུག་དྲོད་ཀྱིས་བཟུང་།། ཕྱི་རོལ་གནས་པའི་ལྕགས་རི་འདི་ཡིས་རྐང་རྗེས་ཟབ་མོ་ར་བར་བཅུག། གླེགས་བམ་མཐུག་པོའི་བྲག་རིའི་རྔམ་གྱིས་རྒས་གཉེར་རི་མོ་ཐོད་ལ་བརྐོས།།

རི་བོ་གནམ་གྱི་ཀ་བ་ཟུང་གིས་ང་རང་བཙིར་ནས་གློད་མྱོང་མེད།། ཡ་ཐོག་བསྐལ་བའི་འགྱུར་རྡོ་དག་གིས་ང་རང་རྨོངས་པའི་བརྡ་ཞིག་བསྟན།། ངོ་མཚར་བྱིས་བློའི་དྲི་གཞི་མང་པོས་བདག་གི་ཀླད་རྒྱ་གཏོར་ལ་ཁད།། ལངས་ཕྱོགས་བརྟན་པོའི་མཁར་རྫོང་མདུན་ན་བདག་ནི་ཧ་ཅང་དཔུང་པ་གཉོམ།།

ཉམ་ཆུང་ཚེ་སྲོག་ཁྲག་ཁྲིག་དུ་མ་སྐད་ཅིག་འཆི་བ་བདག་གིས་མཐོང་།། སྟོབས་ལྡན་དཔུང་གི་སྦྱོར་བ་དྲག་པོ་སྤྲིན་ནག་འཁྲུག་པའི་རྔམ་ལ་འགྲན།། ཨ་ཙི་ད་ནི་ཤིན་ཏུ་ཉམ་ཐག་ང་ཡི་ཀཱ་ལིའི་སྐྲ་ལོ་འཐོར།། སྤྱི་ཚོགས་འདི་ཡི་གནོན་ཤུགས་བཙན་པོས་ང་རང་མཐའ་ནས་མཐའ་རུ་དེད།།

སྒྲིབ་པའི་རིག་པ་སངས་བར་འདོད་ཀྱང་བྱིས་བློའི་སྣང་བ་ཉིད་དུ་འཁུམ།། གསང་བའི་སྒྲོམ་དག་གཏོར་བར་འདོད་ཀྱང་རྣོན་པོའི་མཚོན་ཆ་ང་ལ་མེད།། ཕ་གིའི་རི་མོ་སུབ་པར་འདོད་ཀྱང་དཔུང་བའི་ལྷུ་ཚིགས་འཐོར་ལ་ཁད།། མ་གིའི་སྨྱུ་གུ་འཆིང་བར་བརྩམས་ཀྱང་སེམས་ཀྱི་མེ་ཏོག་རྙིད་ལ་ཁད།།

ལྷན་སྐྱེས་སྨིན་མ་པུར་གྱིས་བྲིས་ཀྱང་བཅོས་མའི་ལས་ལ་སྤྲོ་སྣང་མྱོས།། བཟང་བོའི་ཚད་ཤིང་འཇའ་ལྟར་འཁྱོག་ཀྱང་མཛེས་དང་མི་མཛེས་སུ་ལ་དྲི།། ཡ་མ་ཟུང་གི་སྤྱི་ཚོགས་འདི་ཡིས་སྟེང་ནས་བྲབས་ཤིང་འོག་ནས་འཐམ།། ད་ནི་ཤི་གསོན་བྱེ་མའི་ལ་ནས་རང་ལུས་རྒོད་པོར་མཆོད་ན་སྙམ།།

                                  ༢༠༡༡༼༡༢༼༩ཉིན་ལ་སློབ་ཁང་དུ།


ལྷ་སའི་བདེ་སྐྱིད་ག་རེ་ཕེབས་ཀི་ཡིན།

དབྱངས་རྟ་སྙན་མོའི་འགྱུར་ཁུག་དེ་ཡིས་གཏིང་གི་རྣམ་ཤེས་མྱོས་པར་བྱེད།། མི་ལོ་སྟོང་གི་འགྱུར་རྡོ་དེ་ཡིས་སྣང་བའི་རི་མོ་མཁའ་ལ་གཏད།། དོ་དགོང་རྒྱུ་བའི་སྒྲོལ་མ་ཁྱེད་ཉིད་ལེགས་བྲིས་པུར་གྱི་རི་མོ་བཞིན།། སྙིང་ལ་ཟུག་པའི་ཚེར་མ་འདི་ཀོ་མི་འཇིག་གཏན་གྱི་བྲག་ལ་བརྐོས།།

ཁྱེད་དང་ཐོག་མར་ཕྲད་པའི་དུས་སུ་བདེ་སྐྱིད་ཅེས་སུ་འབོད་པ་ཙམ།། འོན་ཏེ་འདྲིས་ཤིང་མཛའ་བའི་སྟོབས་ཀྱིས་བརྩེ་བའི་མེ་ཏོག་རྫུས་ཏེ་བཞད།། མཚམས་རེར་ཕ་ཡུལ་དྲན་ཞེས་སྨྲས་པ་ད་དུང་ཡིད་ལ་ཝ་ལེར་དྲན།། ཨ་ཙི་ཅི་ཁག་ཕ་ཡུལ་ཕྱོགས་ཀྱི་ངོ་མཚར་ཕོ་བྲང་དྲན་པར་ངེས།།

སྒྲོལ་མའི་འཛུམ་ཆུང་ཨ་མདོར་འཕྲོས་ཀྱང་སེམས་པ་ལྷ་སའི་ཡུལ་དུ་འཕུར།། གངས་ཀྱི་རི་བོའི་གཟི་དཔལ་ཡིན་ནམ་ནོར་གླིང་ཕོ་བྲང་མཇལ་འདོད་ཡིན།། ཡང་ན་མཐུན་པའི་ལག་རྡང་སྦྲེལ་ཏེ་སྒོར་སྒོར་སྐོར་བྲོ་འཁྲབ་འདོད་ཡིན།། དོན་དམ་རྒྱུ་མཚན་ག་རེ་ཡིན་པ་ཁོ་བོའི་རྣ་བར་ཤུབ་ཤུབ་ཀྱིས།།

ལྷ་སའི་ཕྱོགས་ནས་འདི་རུ་ཕེབས་ཤིང་ལས་ཀྱིས་ལྷན་ཅིག་བགོད་སྒྲ་སྙན།། ཁྱེད་ཀྱི་སྙིང་རུས་ཆེན་པོའི་ཁུག་ན་རེ་བའི་ནམ་མཁའ་དྭངས་ཤིང་གསལ།། ཕ་སྐད་གཙང་མ་རྒྱན་དུ་མཛེས་ཤིང་ཟུར་ལ་གཡུག་པའི་གྲིབ་སོ་མེད།། རྒྱ་ནག་སྤྱི་སྐད་སྨྲ་བར་མཁས་ཤིང་དབྱིན་ཇིའི་སྐད་ལ་བྱང་བ་ཙམ།།

ཁ་སང་ཁྱེད་ཀྱིས་ཕྱི་ཡུལ་འགྲིམས་ཏེ་སློབ་གཉེར་བྱ་འདོད་ཡོད་ཅེས་གསུངས།། འབད་པ་གནམ་གྱི་སྤྱི་ནོར་འདི་ལ་བཙན་པོའི་སྙིང་གི་གོ་ཆ་བསྒོས།། ད་ནི་འདི་ནས་བསམ་གྱིན་བསམ་གྱིན་འདུ་བྲལ་ཆོས་ཉིད་ངང་གིས་དྲན།། ཀྱེ་ཧུད་འཇིག་རྟེན་དཀར་ངོགས་འདི་ནས་སོ་སོར་ཕྲལ་འདི་མིག་ཆུའི་རྒྱུན།།

ངས་ནི་བདེ་སྐྱིད་བདེ་སྐྱིད་ཟེར་བཞིན་མཚན་ལམ་ག་ཙམ་གཉིད་བཤད་རྒྱབ།། ལན་རེར་ལྷ་ས་ལྷ་ས་ཟེར་བཞིན་སྨྱུ་གུ་འཆིང་བ་སུ་ཡིས་བགྲངས།། དྲ་མའི་འགྲམ་གྱི་གྲུ་ཟུར་དེ་ནས་ཡ་གི་མ་གི་ལབ་པ་དྲན།། དེ་རིང་དམིགས་པ་གང་ལ་གཏད་ཀྱང་ཁྱེད་ཀྱི་ཞལ་རས་ཡིད་ལ་འཁོར།།

ཕྱི་ཡི་གཟུགས་བརྙན་གང་དུ་བལྟས་ཀྱང་ཁྱེད་ཀྱི་སྐུ་གཟུགས་ཁོ་ན་ཉིད།། ཨ་ལ་ང་རང་སྨྱོས་པ་ཡིན་ནམ་མིག་གི་རྒྱལ་མོར་སྐྱོན་ཅིག་གདའ།། ལན་རེར་ཁྱེད་ཀྱིས་སྐྲ་ཚུགས་བརྗེས་ཏེ་ཕྱིར་མིག་ཡང་ཡང་བལྟས་པ་དྲན།། ངས་ཀྱང་ཁྱེད་ཉིད་མཐོང་འདོད་དབང་གིས་པྲ་ཆལ་བྱིས་པའི་རྣམ་འགྱུར་སྟོན།

ལ་སེ་ལ་སེ་ཨན་ནེ་ཟེར་བཞིན་གསུངས་སྐད་ཅོ་ཀ་འཇམ་ལ་ནེམ།། ཕ་ཡུལ་ཕྱོགས་ཀྱི་འཕོ་འགྱུར་གླེང་དུས་སྐད་ངག་ཅུང་ཟད་གཉོམ་ལ་ཆུང་།། གཞན་ཕན་འཚེ་མེད་ལྟ་སྤྱོད་ལབ་ན་འཛུམ་ཆུང་ལྷད་མེད་རྒྱན་དུ་མཛེས།། ཡུལ་སྲོལ་གོམས་གཤིས་མ་ཉམས་ཡོད་ཅེས་ཡང་དང་ཡང་དུ་སྨྲ་བར་བྱེད།།

འོ་ཇ་མངར་ཇ་དཀྲུག་ཇ་སོགས་ཀྱང་ཁོ་མོ་སྐོལ་ལ་མཁས་ཞེས་ཟེར།། ཁྱད་པར་གླང་དར་ཆུར་བར་གྲགས་པའི་ཁ་ཟས་ཤིག་ཀྱང་བྱིན་མྱོང་ཡོད།། ལྷ་སའི་དམངས་ཁྲོད་ཡུལ་སྲོལ་དག་ཀྱང་ཁྱེད་ཀྱི་ངག་ལས་རྒྱུས་མེད་མིན།། མཚམས་རེར་དབུས་དང་ཨ་མདོའི་བར་ནས་ཁ་རྩོད་ཏོག་ཙམ་ཤོར་མྱོང་ཡོད།།

རིགས་ཀྱི་ཞེན་པ་གཏིང་ན་འཕྱུར་ཅིང་སྲིད་དོན་སྒྲུབ་ལ་རབ་དུ་མཁས།། ཁྲོམ་ལ་ཆས་དུས་ཀུན་མཐུན་ཡིན་ཏེ་ནང་ལ་འཁོར་དུས་རང་ཕྱོགས་འཛིན།། ལྷ་ས་སྐྱིད་དེ་ཉིང་ཁྲི་དྲོ་ལ་ནགས་ཆུ་ཅུང་ཟད་གྲང་སོགས་སྨྲ།། འདི་དག་ཀུན་ཀྱང་རྒྱུན་ཤེས་ཡིན་ཏེ་ཁྱེད་ཀྱིས་ཁོ་བོར་ངང་གིས་བསླབས།།

འུ་གཉིས་ལས་ཀྱིས་འདི་རུ་འཛོམས་ཤིང་སླར་ཡང་བྲལ་ལ་གདུང་བ་ལྕི།། དེ་མིན་ཕོ་མོའི་བརྩེ་དུང་དམར་པོས་ཟུར་མིག་གློད་པ་ཡེ་ནས་མེད།། ཁྱེད་ཀྱིས་ང་ལ་བག་ཆགས་ཤིག་གིས་གཞན་དག་ངག་སྒྲོས་ཧྲལ་ཧྲུལ་བཟོས།། ཉི་མའི་གྲོགས་ཀྱི་ཡུལ་གྲུ་དེའང་ནམ་ཞིག་སྤྲིན་ལས་གྲོལ་བར་ངེས།།

ཐག་རིང་གྲོང་གི་མེ་ཏོག་ཁྱེད་ཉིད་འཛུམ་དཀར་འདབ་རྒྱ་ལྷུག་ལྷུག་དགོད།། དགུང་ན་འཕུར་བའི་སྤྲིན་པ་ལེབ་མོ་ཕྱོགས་མེད་རླུང་བུས་དབྱིངས་སུ་དེད།། བྱ་དང་བྱེའུ་འདབ་ཆགས་ཀུན་ཀྱང་ལ་ཁའི་ཉི་མས་ཚང་དུ་ཁྱེར།། སྐད་ཅིག་མི་སྡོད་དུས་ཀྱི་ཆུ་བོས་ཁྱེད་ཀྱང་ཉི་འོད་གྲོང་དུ་ཁུར།།

ཀྱེ་ཧུད་ད་ནི་བྲལ་ལ་ཉེ་ཞིང་དུང་བའི་དར་དཀར་རླུང་གིས་བསྐྱོད།། ལྷག་བསམ་ངང་གིས་སློབ་གསོ་བསྐྱོང་ལ་དམ་བཅའི་རི་མོ་སྙིང་ལ་བརྐོས།། མ་འོངས་རེ་བའི་བྱིས་པ་དག་ལ་རིགས་པའི་ལམ་སྟོན་ཧུར་གྱིས་བྱེད།། ལྷ་སའི་བདེ་སྐྱིད་ག་རེ་ཕེབས་ལ་ཁོ་བོའི་བསམ་གཞིག་རི་ལ་བྲོས།།

འདི་ལྟར་ད་ནི་བཙུན་མོ་སི་ཏཱ་མགྲིན་བཅུས་བརྐུས་པའི་ར་མདའ་མིན།། འབྲུག་མོ་དཔའ་རྟུལ་སྲོག་གི་གཤེད་མ་ཧོར་གྱིས་འཕྲོག་པའི་སྐྲ་བདག་མིན།། ཧེ་ལུང་འཛམ་གླིང་མཛེས་མའི་རྒྱན་གཅིག་གྲོ་མོར་སོང་བའི་ཞེ་སྡང་མིན།། འོན་ཏེ་ལས་ཀྱིས་ཨེན་ཙམ་འདྲིས་པའི་མཛའ་བརྩེ་གཡུང་དྲུང་རི་མོ་ཡིན།།

ཇ་ཕོར་འཆིང་ནས་ཧུབ་གང་འཐུང་ཞོར་ཁྱེད་ལ་ཁ་བརྡ་ཕྲན་ཙམ་གློད།། དབུས་ན་མཁས་པ་ཅི་ཙམ་ཡོད་ཅེས་ཀུ་རེ་བྱས་པ་ཨེ་དྲན་གི། སྨྱུ་གུ་ང་ལ་གཡོར་ཞེས་སྨྲས་པ་རྫུན་དུ་སོང་པར་འགྱོད་ལགས་ན།། ཐད་ཀའི་མཐོངས་ཀི་རྒོད་པོ་འདི་ལ་སྨྱུ་གུ་ཆ་ཞིག་སྐུར་དང་ཀྱེ།།

མལ་གྲོ་རྫོང་གི་ཨ་ཅག་བདེ་སྐྱིད་ཁ་པར་སྐུད་ལམ་འཚུབ་ཆ་ཆེ།། བྲེལ་བ་ཚ་བོ་ཞེ་དྲགས་མེད་ན་རྒྱང་རིང་ཡུལ་ན་ཅེར་ནས་ཡོད།། ཁྱེད་ཀྱི་སྒོ་མོ་འཇའ་ལས་གྲུབ་པས་ཇི་ཙམ་ཅར་ན་དེ་ཙམ་འབྲོ།། ནམ་ཞིག་འཇའ་ཡི་སྒོ་མོ་འདིའང་སུ་ཡིས་འབྱེད་ཅེས་ཆིག་ལབ་ཤོར།།

ད་ནི་ཕྱིར་དྲན་མེ་ལོང་ངོས་ན་ཁྱེད་སྐུ་རང་བྱུང་སྔར་ལས་མཛེས།། ཁ་པར་སྐུད་པའི་འཕྲིན་ལམ་དེ་ནས་མེ་འཁོར་ནང་ན་ཡོད་ཅེས་གསུངས།། ཁྲ་ཚོམ་མེ་ཏོག་མགོ་ལྕོག་ལྡེམ་ཞོར་ཁྱེད་ཀྱི་ཞབས་རྗེས་སྙེག་ལ་བྲེལ།། ཨ་མདོའི་བུ་ཆུང་ཅི་བྱ་གཏོལ་མེད་དྲན་གདུང་སྨྱུ་གུའི་རྩེ་ལ་བཏགས།།