User:Sopa lhatse
བོད་ཀྱི་བུད་མེད་ཀྱི་ལས་འགན།
ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཏུ་གྱུར་ནས་མི་ལོ་ལྔ་བཅུ་འདས་པའི་དུས་རིམ་ནང་ཕྱི་མིག་ཞིག་གཟིགས་ཏེ་ཉམས་ཞིབ་དང་དཔྱད་བསྡུར་བྱས་པ་ཡིན་ན་གཞུང་གི་ལངས་ཕྱོགས་ལྟར་མི་མང་རང་རང་སོ་སོའི་སྒྲུབ་དགོས་པའི་དོན་དངོས་ཀྱི་གནས་ཚུལ་ཞིག་གླེང་ན། སྤྱིར་འཛམ་གླིང་ནང་བོད་མི་ནི་ཆེས་གྲངས་ཉུང་མི་རིགས་ཞིག་ཡིན་པ་མ་ཟད་སྟོང་ལ་ཉེ་བའི་མི་རིགས་ཤིག་ཀྱང་ཡིན་པ་ནི་འདས་པའི་མཁས་དབང་མང་པོས་གསུངས་བཤད་དང་བཀའ་སློབ་དག་ལས་ཤེས་ལ་དངོས་ཡོད་ཀྱི་གནས་ལུགས་ཞིག་ཀྱང་ཡིན། དེ་བས་ཀྱང་རང་ཡུལ་ལམ་རང་ས་རང་དུ་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་འོག་གྲངས་ཉུང་མི་རིགས་ཞིག་ཏུ་སྒྱུར་དང་གྱུར་བཞིན་པ་ནི་བློ་ཚབ་བསྐྱེད་གཞི་ཞིག་ཡིན་པ་བཤད་ཅི་ལ་དགོས། ང་ཚོའི་བཙན་བྱོལ་སྲིད་གཞུང་ནས་དུས་རྟག་ཏུ་རྒྱ་དམར་གྱིས་ངན་ཇུས་འོག་མི་རིགས་རྩ་སྟོང་དུ་གཏོང་རྒྱུ་འཆར་གཞི་རབ་དང་རིམ་པ་སྤེལ་བཞིན་པར་ངོ་རྒོལ་དང་ལས་འགུལ་སྣང་མང་སྤེལ་དང་སྤེལ་མུལ་ཡིན་ཡང། བཙན་བྱོལ་ནང་གི་བོད་མི་རྣམས་ཀྱིས་རང་གཞུང་གི་ལངས་ཕྱོགས་གང་ཡིན་མ་ཤེས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་མེད་པ། མ་རྒྱལ་ཞེན་དམན་པས་རང་མི་རིགས་དང་རང་གི་རྒྱལ་ཁབ་འཛམ་གླིངགོ་ལ་འདིའི་སྟེང་ཡུན་རིང་གནས་ཐབས་ཀྱི་དགོངས་པ་མི་བཞེས་པར་རང་འགོ་རང་ཐོན་དང་སྣང་བ་གང་སྐྱིད་སེལ་དལ་བག་ཕེབས་ཀྱི་བསམ་པས་དཔལ་འབྱོར་ཁོ་ནར་དུར་རྒྱུགས་གནང་བཞིན་པ་ནི་མི་རིགས་འདིའི་ཆགས་སྒོ་ཞིག་ཏུ་ཁུམས། མ་འོངས་སོན་རྩ་དང་རིག་གཞུང་བསྟེ་གནས།༽
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་འཁོར་དང་བཅས་པ་བོད་མི་ཆིག་ཁྲི་ལྷག་བཙན་བྱོལ་དུ་འབྱོར་ནས་རིམ་པས་བོད་ཕྲུག་དེ་དག་མ་འོངས་བོད་ཀྱི་སོན་རྩར་ཐུགས་རེ་གནང་ནས་ཟུར་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་ཡ་རབ་གོམས་གཤིས་ཀྱི་རྨང་གཞི་ཡོད་པའི་ཐོག་དེང་དུས་དང་མཐུན་པའི་སློབ་གྲྭ་གསར་དུ་འཛུགས་རྒྱུའི་ཐུགས་ཐག་བཅད་གནང་ཡོད་ལའང་བོད་ཀྱི་ཆོས་རྒྱུད་ཁག་གི་དགེ་འདུན་པ་དེ་དག་ལ་གནས་སྐབས་སྦག་ས་ཆོས་སྒར་དུ་རིགས་མེད་ནང་བསྟན་མི་ཉམས་རྒྱུད་འཛིན་བསྟེ་གནས་ཁང་གསར་བསྐྲུན་གནང་བ་ནི་བོད་མི་རིགས་ཀྱི་བདེ་སྡུག་དང་ཆགས་འཇིགས་ཀྱི་མཚམས་སུ་འགྱེས་ས་ནས་ལངས་རྒྱུའི་ཕུགས་བསམ་བླ་ན་མེད་པ་ཞིག་ཡིན།
རྒྱུད་རིམས་དེ་དག་རྒྱུད་ནས་སློབ་གྲྭ་གཅིག་ནས་གཉིས་སུ་འཕེལ་བཞིན་ད་ཆ་བཙན་བྱོལ་སྤྱི་ཚོགས་ནང་བོད་གཞུང་སློབ་གྲྭ་ལྔ་བཅུ་དྲུག་བཅུ་ཡོད་པ་དང་། སློབ་ཕྲུག་ཡང་དྲུག་བཅུ་ནས་དྲུག་བརྒྱ་རིམ་པས་འཕར་ནས་ད་ལྟའི་ཆར་སློབ་ཕྲུག་སྟོང་ཕྲག་བདུན་བརྒྱད་ཡོད་པ་ནི་གྲངས་ཀྱི་ཆ་ནས་དགའ་བ་སྐྱེས་འོས་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་གྱི་བསྟེ་གནས་ཡིན་པ་ངོས་འཛིན་བྱ་བཞིན་ཡོད་པའི་དགོན་སྡེ་གྲྭ་ཚང་དག་ལ་མཚོན་ན་ཕྱི་ལོ་༡༩༦༠་ནས་༡༩༨༣བར་གྲྭ་རྒྱུན་མེད་པས་རྒྱལ་བསྟན་རྒྱུད་འཛིན་ཐོག་སྐུ་ངལ་བླ་ན་མེད་པ་ཕྲད་པའི་རྐྱེན་གྱིས་བླ་མ་དགེ་བའི་བཤེས་རྣམས་གཞི་སྒར་ཁག་དང་ལ་དྭགས་མོན་ཡུལ་ཁུལ་དུ་གྲྭ་རྒྱུན་འཚོལ་སྒྲུབ་ཀྱི་ཐབས་ཤེས་སྣ་ཚོགས་གནང་དགོས་པ་བྱུང་ཡོད་པ་དང་དེ་ནས་ཕྱི་ལོ་༡༩༨༤ཡས་མན་ནས་ཟུང་བོད་ནས་འཕེབས་པའི་གྲྭ་རྒྱུན་མང་ཐག་བྱུང་བའི་བཀའ་དྲིན་ལས་སྐུ་ངལ་དེ་དག་གནས་སྐབས་མེད་པ་ལྟར་བུར་གྱུར་བ་ནི་འདས་པའི་ལོ་ངོ་དེ་དག་ནང་གི་གནས་ཚུལ་འབྱུང་རིམ་ཙམ་དང་། འོན་ཀྱང་མ་བཏགས་མ་བཅད་པའི་ཚེ་ཡོད་ཡོད་འདྲ་ལ་བཏགས་བཞིན་དཔྱད་པའི་ཚེ་མི་རྙེད་པ་དབུ་མའི་ལྟ་བ་ལྟར་ཧི་མ་ལའི་ཁུལ་གྱི་བཙན་བྱོལ་སློབ་གྲྭ་དེ་དག་ཏུ་བོད་ཕྲུག་སློབ་མ་བརྒྱ་ཉི་ཤུ་ཡང་མེད་པ་ནི་ཆེས་འཇིགས་སྣང་སྐྱེ་གཞི་ཞིག་མིན་ནམ་སྙམས་ལའང་། སྟོང་ལ་ཉེ་བའི་སློབ་གྲྭ་དེ་དག་གི་ནང་མ་འོངས་བོད་ཀྱི་སོན་རྩ་དང་བོད་མི་རིགས་དང་བོད་རྒྱལ་ཁབ་ཁོ་ནའི་ཆེད་ཐུགས་འགན་བཞེས་ཐུབ་མཁན། བོད་མི་རིགས་ཀྱི་ཡ་རབ་གོམས་གཤིས་དང་སྤྱོད་བཟང་མ་ཉམས་གསོན་པོར་རྒྱུན་འཛིན་ཐུབ་མཁན་ཇི་ཙམ་ཡོད་པ་ད་ལྟ་ཉམས་ཞིབ་བྱ་དགོས་ལའང་། དེ་བཞིན་བོད་ཀྱི་རིག་གཞུང་བསྟེ་གནས་ཁང་དགོན་སྡེ་དེ་དག་དང་མཐོ་སློབ་ཁག་ཏུ་སློབ་མ་གསར་བཞུགས་གནང་མཁན་ནི་ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་གྱུར་ཏེ་ལོ་ངོ་ལྔ་བཅུའི་རྗེས་སུ་དེ་དག་རྗེས་བཤུལ་ཙམ་ལས་ལྷག་མི་སྲིད་སྙམ་བློ་དོགས་སུ་གྱུར་ཡོད།
སྲོལ་རྒྱུན་གྱི་ལྟ་བ།༽
བོད་ནང་དུ་རྒྱ་དམར་གྱིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་སྟོང་གཏོང་བའི་ངན་ཇུས་འོག་མངའ་གནས་ཕྲུག་གཏོར་དང་སྐྱེ་སྒོ་བཙན་གྱི་འགོག་པའི་ལམ་ལུགས་གྲོང་འཁྱེར་ནས་གྲོང་གསེབ་ཏུ་སྤེལ་བའི་སྐབས་ཞིག་ལ་གྲོང་གསེབ་ཀྱི་བུད་མེད་མང་པོ་རི་བྱོལ་དུ་ཕེབས་ནས་དྭངས་ལེན་མི་བྱེད་པར་སློང་བར་འགྲོ་དགོས་ཐུག་རུང་སྐྱེ་སྒོ་ཏན་ནས་མི་འགོག་པའི་ཐ་ཚིག་བསྒྲགས། ཁོང་རྣམས་ནི་བརྒྱ་ཆ་བརྒྱད་བཅུ་ལྷག་སློབ་གྲྭར་གཏན་ནས་བསྐྱོད་མྱོང་མེད་པའི་བོད་ཀྱི་བུད་མེད་ཡིག་རྨོངས་བ་ཤ་རྟག་ཡིན་པས་ཆབ་སྲིད་པ་མིན་ལའང་རང་མི་རིགས་རྩ་སྟོང་དུ་གྱུར་རྒྱུའི་གནས་ཚུལ་མཁྱེན་མཁན་ཞིག་དེ་བས་ཀྱང་མིན། འོན་ཀྱང་ཁོང་ཚོར་དེ་ལྟ་བུའི་བློ་སྟོབས་ཤིག་གང་ནས་རྙེད་དམ་དེ་ནི་སྐབས་འདིའི་གླེང་གཞི་གཙོ་བོའི་དྲི་བ་ཞིག་ཡིན། དེ་ནི་ཕ་མེས་ནས་རྒྱུད་པའི་སྲོལ་རྒྱུན་གྱི་ལྟ་བ་ཞིག་གམ་ནང་ཆོས་ཀྱིས་དགེ་སྡིག་བླངས་དོར་གྱི་ཀུན་སྤྱོད་བཟང་པོ་ཞིག་ངམ་བཞུགས་ཀྱི་གནས་ཡོད་པའི་དབང་ཡིན་པ་བཤད་ཅི་དགོས།
རྒྱ་དམར་གྱི་སྲིད་ཇུས་ངོ་མ་ལག་ལྟར་བྱེད་པ།༽
གོང་དུ་བརྗོད་པ་བཞིན་ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་ཞིག་ཡིན་པ་ལས་རང་ཡུལ་དུ་མུ་གེ་ཐེབས་ཏེ་དཔལ་འབྱོར་འཚོ་གནས་མེད་པའི་དབང་ལས་སྐྱབས་བཅོལ་དུ་ཡོངས་བ་ཞིག་མིན་པ་རྟག་ཏུ་སེམས་ལ་ངེས་པ་བྱ་དགོས་པ་ནི་གནད་དོན་གཅིག་ཡིན། དེང་བཙན་བྱོལ་སྤྱི་ཚོགས་སྟེང་དཔལ་འབྱོལ་དང་ཚན་རིག་གི་ལྟ་བ་ཞིག་ལ་ཧེབ་ལངས་ནས་ཤེས་ཡོན་ཅན་དག་ཚན་རིག་ལ་ཨ་གསར་གྱི་རྒྱུགས་པར་གྲོས་ཤིང་། ཤེས་ཡོན་གྱི་གནས་ཚད་དེ་ཙམ་མེད་མཁན་དག་ནི་དཔལ་འབྱོར་གྱི་བྲན་གཡོག་འོག་ཚུད་དེ་རང་མི་རིགས་ཀྱི་བདེ་སྡུག་དང་རང་གི་རྒྱལ་ཁབ་ཀྱིས་གནས་སྟངས་ཏིང་བརྗེད་དུ་གྱུར་བའི་སྣང་ཚུལ་ཡིད་སྐྱོ་བ་མང་པོ་མཐོང་རྒྱུ་ཡོད། དེ་ཡང་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་མང་པོ་ཞིག་གིས་མངའ་གནས་ཕྲུག་གཏོར་དང་སྐྱེ་སྒོ་འགོག་པའི་གནས་ཚུལ་ཚབ་ཆེན་བྱུང་དང་འབྱུང་བཞིན་པའི་དབང་གི་བོད་ཀྱི་མི་འབོར་ལོ་རེ་ནས་ལོ་རེ་མར་ཆག་བཞིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་བཞིན་པ་དེ་ཡིན། དེས་དབང་གིས་རིག་གཞུང་བསྟེ་གནས་གྲྭ་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་བཞུགས་རིམས་པས་ཆག་ནས་འདི་ནས་བརྩིས་པའི་མི་ལོ་ཉི་ཤུའི་རྗེས་བསྟེ་གནས་དེ་དག་སྒོ་རྒྱག་དགོས་པའི་དུས་ལ་བཅར་ཡོད་པ་མཁྱེན་དགོས། དེ་ན་ང་ཚོས་ཁྲོམས་ལམ་དང་རྒྱལ་སྤྱིའི་གདེངས་ཆ་དག་ཏུ་རྒྱལ་དམར་ནས་ལག་ལྟར་བྱ་བཞིན་པའི་སྲིད་ཇུས་དེ་དག་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱ་བཞིན་ཡོད་ན་ཡང་ནམ་ཀུན་རང་རང་གི་འཚོ་བ་དངོས་ཀྱི་ནང་དེ་དག་ལག་ལེན་ལྟར་དང་ལྟར་མུལ་ཡིན་པས་གཟུར་གནས་སྐྱེ་བོ་དག་ཁོག་རྒོད་ཤོར་དུ་བཅུག་གིས་ཡོད།
དེ་དག་ལས་སྐྱོབས་ཐབས།༽
རྒྱལ་ཁབ་ལ་མངའ་འབངས་མི་སེར་དང་ཚོགས་པར་ཚོགས་ཞུགས་མི་སྣ་ག་ཚོད་མང་བ་དེས་ནུས་པ་དང་དབང་ཤུགས་ཆེ་བ་ཡོད་པ་ནི་མ་བསམ་ཀྱང་ཤེས་ཐུབ་པ་ཞིག་ཡིན། དེ་ན་རྒྱལ་ཁབ་མང་པོ་ཞིག་གི་ནང་ཕྲུག་གུ་རྩས་རྗེས་མ་དང་བུ་ཕྲུག་གཉིས་ཀ་ལ་གཞུང་ནས་ལྟ་ཐོག་བྱེད་པ། དཔེར་ན། སུ་སི་རྒྱལ་ཁབ་ལྟ་བུར་མཚོན་ན་ཕྲུག་གུ་རྩས་རྗེས་མ་བུ་གཉིས་ལ་ལོ་ངོ་གསུམ་རིང་གཞུང་ནས་གླ་ཆ་སྤྲོད་པ་དང་། དེ་བཞིན་རྒྱལ་ཁབ་མང་པོ་ཞིག་ལ་དེ་དང་དེ་ལྟ་བུའི་མ་བུའི་འཕྲོད་བསྟེན་གྱི་མཐུན་རྐྱེན་སོགས་ཐོབ་ཐང་མང་པོ་ཞིག་སྤྲད་དང་སྤྲོད་བཞིན་པ་སོང་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་སོགས་ནས་འཆར་གཞི་དང་ལྡན་པའི་སྒོ་ནས་མི་རིགས་སྐྱེ་འཕེལ་ཆེད་མ་བུ་ལ་དམིགས་གསལ་ཐོབ་ཐང་ལྟ་སྐྱོངས་བྱས་ཏེ་བོད་མི་རིགས་སྤེལ་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བ་ཡིན་ན་དེ་དངོས་ཀྱི་བོད་དོན་ངོ་མ་ཞིག་མ་ཡིན་ནམ།།