User:Pema buttler/sandboxབརྩེ་བ་བཅང་དགོས་
བརྩེ་དུངས་མྱང་དགོས།
དེ་སྔོན་ལོ་ཤས་གོང་སྡོད་མ་ཚུགས་པ་དང་སེམས་ཁམས་འཁྲུགས་པས།
གློ་བུར་དུ་བུ་མོ་ཞིག་དང་ཁ་བརྡ་བྱུང་སོང་། ཁོ་མོ་ནི་སྔར་སྲོལ་གྱི་ཆོས་ལུགས་འཛིན་མཁན་ཞིག་དང་བཟང་ཆ་ཡོད་དགུ་འཛོམས་པའི་བུ་མོ་བཟང་སྤྱོད་མ་ཞིག་རེད་འདུག འོན་ཏང་ང་ནི་དེ་ཙམ་གྱི་ཁོ་མོར་སྤྲོ་བ་མེད་ལ་ཡོད་ཚད་ཁོ་མོའི་དོན་དུ་གཏང་དགོས།། མེད་ཚད་རང་གིས་བསྐང་དགོས་ཞེས་པ་ལྟར་ཏན་ནས་མིན་ཙང་། དེའི་སྐབས་གློ་བུར་དུ་དྲ་ཐོག་ནས་གླེང་སློང་གི་ཚིག་འགའ་ཤས་བྱུང་ཤུལ་མཚམས་ནས། གཏམ་གྱི་འགོ་མ་འཇུག་སྡུད་བྱེད་ཞོར་ཟླ་འགའ་རེ་རང་སོར་བཞག་པ་ཡིན། དེ་ནས་བར་སྐབས་ཤིག་རང་སྦྱོང་གྲོལ་བའི་ཏིང་སྒྲ་བརྡུངས་རྗེས། ཁོ་བོས་ཁ་པར་ཁ་ངོ་དེ་ཕྱེ་ནས་ལྟ་དུས། བུ་མོ་ཞིག་གིས་ཧ་ལོ་ཞེས་འཕྲིན་ཡིག་སྐུར་གནང་འདུག ང་ནི་དེ་སྐབས་བུ་མོ་ཚོར་འབྲེལ་འདྲིས་བྱེད་མཁས་པོ་དཔེར་ན་ལྷ་ཡི་སྲས་པོ་མི་ཡུལ་དུ་ཆེད་མངགས་ཞབས་སོར་བཅར་བ་ལྟར་མེད་པས། སྐུར་ཟིན་པའི་ཚིག་ཕྲེང་དང་འདྲི་ཚིག་ལ་ལན་ལྡོན་ཙམ་བྱེད་པ་ལས། རང་གིས་ཕར་འདྲི་བ་སྐུར་རྒྱུ་དང་མཚར་གཏམ་གྱི་སྟེང་ནས་གད་མོ་སློང་རྒྱུ་དེ་ཤེས་པ་ནི་ག་ལ་ལང་མ་ཟད་བསམ་ངོར་སློང་སྟངས་སྦྱང་དགོས་ཙམ་ཡང་འཁོར་མ་མྱོང་མཁན་སོང་ཙང་། ལེགས་བཤད་ལས་གསུངས་པ་བཞིན། རིགས་པ་ནང་པར་འཆི་ཡང་བསླབས་ཟེར་བ་ལྟར་ཏན་ནས་མིན་པས། ལམ་སེང་བརྗོད་ག་ལ་ཕོད་ལ་རྟོགས་ཀྱང་ག་ལ་ཕོད།
དེ་ནས་དུས་ཚོད་རྫོགས་ཀི་ལ། སྔར་རྒྱུན་བཤད་བྲོ་བའི་སེམས་ཁམས་ཀྱང་རིམ་བཞིན་ལྷོད་ཀི། དེ་ནི་ངའི་ཚོར་བ་སྟེ། སྤྱིར་བཏང་ང་ཚོས་སོམས་དང་། ལེགས་པར་ལན་ཅིག་སོམས་དང་། བརྩེ་དུངས་ཟེར་བ་དེ་སེམས་ཀྱི་འགུལ་བསྐྱོད་འདྲ་མིན་ཡོད་པའི་ཁྲོད་ནས་ཆ་ཤས་ཆུང་ངུའི་ཁོངས་སུ་ཚུད་པ་ཞིག་ཡིན་ཡང་། དེ་ལ་ཡོད་པའི་ནུས་ཤུགས་ཀྱིས་འཛམ་གླིང་འགུལ་ནུས་པ་ཁྱེད་ཚོས་ཤེས་སམ། དེ་ནི་དྲང་པོ་ཡིན་ཏེ། ཡོད་ཚད་བརྩེ་དུངས་ཀྱི་ཆེད་དུ་བཏང་ནས། རྒྱལ་ཁབ་ཤོར་བའི་བཙན་པོ་དང་རྒྱལ་པོ་དེ་ཚོས་ཀྱང་བྱས་ཉེས་བསགས་པ་དེ་མངོན་ཆེ་བ་བརྩེ་དུངས་ཀྱིས་བྱས་པ་ང་ཚོས་མཐོང་ཐུབ་ན་ཡང་། མྱོང་ཚོར་གྱི་རྡོ་ཁ་སྟོང་ནས་གཏམ་གྱི་རྙོག་མ་ལུང་པ་གང་ཚོད་ཀྱི་འཕྱ་སྨོད་བྱེད་དུས། ད་དུང་ང་ཚོས་བརྩེ་དུངས་ལ་རྨོངས་ཡོད་པ་རེད། བརྩེ་དུངས་ནི་ཡོད་ཚད་འཕྲོག་བཅོམ་བྱེད་མཁན་གྱི་ཇག་པ་ཡིན་ལ། ཡོད་ཚད་བརླགས་བཅུག་མཁན་གྱི་རྐུན་མ་ཡིན། ཡང་ན་མེད་ཚད་བསྐང་བཅུག་མཁན་གྱི་འདོད་འཇོ་དང་ས་རྣམས་འགུལ་བཅུག་མཁན་གྱི་དཔུང་དམག་ཡིན། བཙན་པོ་གོང་མས་རྒྱ་ནག་གི་ཀོང་ཇོ་མནའ་མར་བླངས་ནས་རྒྱ་ནག་རྒྱལ་པོས་གནང་འདོད་མེད་ཚུལ་ཞུ་དུས། དམག་དཔུང་དྲངས་ལ་ཉེ་བ་དེ་ཡང་སྙིང་གང་ཞིག་གི་ཆེད་དུ་རེད། མདོར་ན་ཀོང་ཇོ་ཞིག་གི་ཆེད་དུ་མེས་རྒྱལ་གྱི་སླད་དུ་སྲོག་བློ་གཏོང་མཁན་དཔུང་དམག་ཚོར་མིག་ཤེལ་གོན་ནས་ལྟ་བ་ཙམ་ཡང་མ་བྱས་པ་དེ། ཡང་སྙིང་གང་ཞིག་གི་དོན་དུ་རེད། ཡོད་ཚད་བརྩེ་དུངས་ལ་ཚུད་ནས་བསམ་བློའི་སྒོ་འབྱེད་བཀག་ཙང་བྱས་པ་རེད། ང་ཚོ་ལ་བརྩེ་དུངས་ཀྱིས་བཟུང་ཡོད་ལ་བརྩེ་དུངས་ཀྱིས་འགུལ་ཡོད། ཚེ་སྲོག་གི་ཁང་ཆུང་ནས་མགྲོན་པོ་མ་ཡལ་བའི་དབུགས་རྔུབ་རེ་རེ་ནས་བརྩེ་དུངས་འཕྱུར་པ་ཡིན་ལ། ཕྱུང་ཐེངས་རེ་རེའི་ཁྲོད་དུ་ཡང་བརྩེ་དུངས་རེ་རེ་བྲོས་པ་ཡིན་ནོ།།
ཁྱེད་ཀྱིས་བུ་མོ་དང་བརྩེ་དུངས་བྱེད་ཨེ་ཡོད། ག་ནས་བྱེད་ཕོད་ཁྱེད་ནི་སྤྱི་ཚོགས་ཀྱི་རྙོག་དགུ་ཡོད་ཚད་ལ་སེམས་ཁ་རྨོངས་ནས་བརྩེ་དུངས་ཀྱི་རོ་མྱང་བྱེད་མེད་པ་དེ། འགྲུལ་བཞུད་པའི་མི་ཚེའི་འགྲོ་ལམ་དེ་ནས་ཁྱེད་རང་འགྲུལ་བཞུད་པ་ཡིན་པའི་ཚོར་སྣང་མ་སྐྱེས་ཙང་བྱེད་པ་རེད། ང་ཚོ་ནི་འགྲུལ་པ་ཞིག་ཡིན་པའི་ཚོར་སྣང་བྱུང་དགོས་ཏེ། མཐོང་ཚུལ་རེ་རེའི་འགོ་མ་དེ་ནས་མཇུག་སྡུད་རེ་རེ་ཡི་སྐྱོ་དགར་ཡོད་པ་ང་ཚོས་ཤེས་དགོས་པ་ཡིན། བརྩེ་དུངས་ཀྱང་འགྲུལ་བཞུད་ཀྱི་ཆ་ཤས་ཕྲན་བུ་རེ་རེ་དང་། རོ་མངར་བའི་སྦྲང་རྩི་བཞིན་དུ་ཞིམ་རོ་རེ་རེ་ཡིན་མོད། འོན་ཏང་བརྩེ་དུངས་ནི་སྡུག་གུ་རེ་རེའི་སྙིང་གཏམ་དང་གྱེས་ཁ་རེ་རེའི་མིག་ཆུ་ཡང་ཡིན་སྲིད། ཁྱེད་ཀྱིས་མྱང་དགོས། ཤེས་དགོས། སྐྱོ་དགར་རེ་རེའི་ཁོང་ནས་རྒྱལ་ཕམ་རེ་རེ་བཙལ་དགོས། བཅོམ་ལྡན་འདས་ཀྱིས་ཀྱང་བརྩེ་དུངས་ཀྱི་ཆེད་དུ་སྲོག་བློ་གནང་ཡོད་ལ། བརྩེ་དུངས་ཀྱི་ཆེད་དུ་གཡུལ་འགྱེད་མྱོང་ཡོད་རེད། རང་སྲོག་འཛེམས་པ་མེད་པར་ལོ་དྲུག་དཀའ་བ་སྤྱད། རྡོ་རྗེ་གདན་གྱི་སྤོ་ལ་སངས་རྒྱས་པ་དེ་ཡང་འགྲེལ་ན་བརྩེ་དུངས་དང་འགྲེལ་འདོད་མེད་ཚེ་སྙིང་རྗེ་རེད། འོན་ཀྱང་ཇི་ཙམ་ཚིག་གིས་བཅོས་ཀྱང་དོན་ནི་འགྲེལ་ཟིན་པའི་བརྩེ་དུངས་ཆགས་ཡོད། གང་ལྟར་ཡང་། ཁྱེད་ཀྱིས་བརྩེ་དུངས་འཁྲབ་དགོས། བརྩེ་དུངས་མྱང་དགོས། ཡོད་ཚད་དགོད་འཛུམ་དང་སྡུག་གུ་མེད་པར་སྐྱིད་ལྷོད་ཀྱིས་འགྲོ་དགོས་དྲན་ན་འགྲོ་ས་བརྩེ་དུངས་ཀྱི་འགྲོ་ལམ་ཤེས་དགོས་སོ།།
སྦྲང་ཆར་ཕོ་ཉ་ནས།། ༢༧/༢/༢༤
གུ་ཡངས་ཀྱི་བསམ་བློ།
དེ་རིང་རེས་གཟའ་ཕུར་བུ་རེད།
སྔོ་ལྗང་གི་ལྗོན་པ་ཚོར།
དྲོད་འཇམ་གྱི་ཉི་འོད་ཕོག་པས།
མིག་ལམ་ཏུ་ཁྲ་ཆིལ་ལེར་འཆར་བཞིན།
གང་ནས་བལྟས་ཀྱང་ཅི་འདྲའི་མཛེས་ཆེ་བ་ལ་ཨང་།
ངའི་མག་མོག་བློ་ངོས་སུ་བསྒྲིབས་པའི་གུ་དོག་གི་ས་རྡུལ་ལ།
གུ་ཡངས་ཀྱི་ཆུས་གཙང་དོར་བྱས་ཏེ།
འཕྲལ་མར་གྱི་གནས་ཚུལ་ལ་ཕུགས་འདུན་རྒྱང་དུ་གཏད་བཞིན།
རེ་བའི་དམིགས་ཡུལ་མ་ཕུང་བའི་མཐུན་རྐྱེན་དུ་སྦྱར་ཡོད།
ངས་ལོ་ངོ་དུ་མའི་སྔོན་ནས་ཡར་ཐོན་སྔོན་བསྐྱེད་མྱུར་བའི་བསམ་བློའི་ལས་འགུལ་ལ་དམོད་ཚིག་གིས་རང་སྨད་བྱེད་ཞོར།
རྫས་ངན་གྱི་ཞིང་ཁམས་སུ་བཅོས་མའི་བདེ་བ་མྱངས་མོད།
དུས་ད་ཆ་ངོ་གནོང་དང་ཁྲོ་གཉེར་བསྡུས་པའི་འདས་པའི་བྱུང་བ་མང་པོ་ཞིག་དྲན་འོང་དུས།
རང་མེད་ངང་མིག་མཆུའི་མཚོ་མོ་མཐའ་ནས་བརྡོལ་ཞིང་།
འགྱོད་སེམས་ན་ཟུག་གི་རྨ་ཁ་དྲག་པོ་ཞིག་སྙིང་ལ་འཚེ་ཀི།
དྲན་ཕྱོགས་དང་སྣང་ཚུལ་གཅིག་གིས་བཅོས་པའི་ཡག་སྡུག་གི་ཐ་སྙད་དེ། སུ་ཞིག་གིས་མ་བྱེད་ལ། སུ་ཞིག་གིས་ཀྱང་བརྩེགས་མེད།
དེ་ནི་སོ་སོའི་ཁ་ཕྱོགས་གཅིག་གི་ལྟ་ཚུལ་དང་། མ་དགའ་ཕྱོགས་རིས་གཅིག་གི་བསམ་མནོའི་བསྒྱུར་ཕྱོགས་རེད།
དེ་དག་ད་ལྟ་སུ་ཞིག་གིས་ཨུ་ཚུགས་རྒྱབ་འདེད་བཞིན་གློ་བུར་དུ་དྲན་བཅུག་པ་ལྟར། ཁོ་བོས་བསམ་བློ་འཁོར་བྱུང་།
སྦྲང་ཆར་ཕོ་ཉ་ནས།
29/9/22
ངའི་ཚེ་སྲོག་ལ་ཁོ་བོས་གཅེས་ཡོད།
ངའི་ལང་ཚོའི་སྨྱུག་མ་ཉིན་རེ་བཞིན་རྒུད་དུ་སོང་།
ལས་དབང་གི་ཁ་ཕྱོགས་དེ་ཉིན་རེ་ནས་བསྒྱུར།
ངག་ཚིག་གི་གླེང་མགོ་དང་མཇུག་ཚིག་གི་མཐའ་སྡོམ་དེ་ང་ལ་འཕངས།
ངས་ཡོད་ཚད་ཀྱི་སྡུག་བསྔལ་ཕྲག་པ་རུ་འཁུར་བཞིན།
བརྩེ་བའི་ཧམ་སེམས་ཀྱི་ངར་སྒྲ་དེ་སུ་ཞིག་ལ་འབོད་དགོས་སྙམ།
ངའི་ཚེར་སྣང་དང་སྨུག་སྣག་གི་ཁྲོད་དུ་ལོ་ཟླ་བཞིན་ལུས་པའི།
གཞན་དབང་གིས་ཁེར་རྐྱང་ངང་རྗེས་མ་ཟིན་པའི།
དུས་རབས་ཀྱི་རྗེས་མ།
གསར་གཏོད་དང་གཡུལ་སར་གྱི་ཁེངས་པའི་སྦར་མདེལ་སྣ་ཚོགས་ཀྱི་བཀོད་པ།
ངའི་མེས་པོ་ཚོས།
བྱམས་སེམས་ཀྱིས་སྐྱོང་བའི་སྙིང་ཉེ་བའི་ཡུལ་གྲུ་དེ།
ད་ཆ་སུ་ཞིག་གིས་དབང་འོག་ཏུ་ཚུད་པ་རེད།
འཁྲུལ་སྣང་ཡུལ་སོགས་ཀྱི་གཤིས་ལ།
ངའི་དམར་ཧྲེང་གི་རྐང་རྗེན་བརྐོས་ཏེ།
རི་ཀླུང་གི་ཁ་ཕྱོགས་དང་།
ཆུ་ཀླུང་དང་རྒྱ་མཚོའི་གཏིང་ནས།
ངས་ཞི་བདེ་ཡི་དབྱངས་ཤིག་འཚོལ་ཡོད།
ཁོ་བོ་ནི་ཅི་འདྲའི་མཚར་སྡུག་དང་རང་གཤིས་སུ་གྲུབ་པའི་མཛེས་པ་ལ་ཨང་།།
དྲི་ཞིམ་གྱི་བཞིན་མདངས་ལྡན་པའི་ལས་བསྐོས་ཀྱི་ཁོ་བོ་ནི།
ཅི་འདྲའི་མཚར་སྡུག་དང་མཛེས་པ་རྒྱས་སྤྲས་ཀྱི་བྱད་གཟུགས་ལྡན་པ་ཨང་།
ངའི་ཁོ་བོ་ལ་ཡིད་སེམས་གཅིག་མཐུད་ཀྱི་བརྩེ་དུངས་ཀྱི་འབོད་སྒྲའི་ཚིག་གསུམ་དེ་ཡང་ཡང་ཞུ་ཡང་།
ཁོ་བོ་ནི་ཅི་འདྲའི་ངོ་གདོང་ཡོངས་སུ་དམར་མདངས་རྒྱས་པ་ཡིན་ནམ།
རེད་ཡཱ།
ངའི་ཁྱེད་ཕྱོགས་ལ་བཅངས་པའི་དྭངས་གཙང་གི་རྒྱ་མཚོའི་གཤིས་གྱུར་གྱི་བརྩེ་བ་དེར།
སུ་ཞིག་གིས་མིག་ཟུང་ཅེར་ཀྱང་ཕྲག་མདོག་བྱེད་འོས།
རྒྱུ་མཚན་ནི།
ངས་ཁྱེད་ཕྱོགས་ལ་འཕེན་པའི་ཡིད་ཀྱི་མདའ་མོ་དེ་འཁྱོག་མེད་ངང་ཁྱེད་ལ་གཏད་ཡོད་པས་ཡིན།
དགའ་སའི་ཚེ་གང་གི་ཁོ་བོ་ལགས།
ངོ་ཚའི་ངོ་གནོང་གིས་མཛེས་སྡུག་ལ་འཆོར་ཉམས་མ་ཤོར།
ཁྱེད་ནི་ཡོངས་སུ་ང་ལ་དབང་བའི་དཀོན་མཆོག་གིས་བྱིན་པའི་དངོས་པོ་ཞིག་སྟེ།
དེ་ནི་ངའི་མི་ཚེའི་ཤོག་ལྷེ་དཀར་པོ་རུ་འབྲུ་ནག་གིས་མཆན་པའི་ཁོ་བོ་ཡིན།
ངས་ཁྱེད་ལ་དགའ་ཕྱོགས་ཀྱི་གཤོག་པ་ལྐོག་ཏུ་ངོམས་ཀྱང་།
དོན་དངོས་ཐོག་ངས་ཁྱེད་ལ་ཞུ་འདོད་པ་ནི།
འདས་པའི་ཟླ་བ་དེ་དག་ནས་བཅངས་པའི་ངས་བརྩེ་དུངས་དེ་སྔར་སོང་གི་ལོ་ཟླ་རུ་སྒུག་པའི་འབྲས་བུ་ཡིན་ཞེས་བརྗོད་ན་འདོད།།
ཁོ་བོ་ལགས།
དེ་རིང་གི་དོ་ནུབ་ནི། ང་གཉིས་ཕན་ཚུན་གཅིག་རྗེས་གཉིས་མཐུད་འཕྲིན་སྐུར་གྱིས་བརྩེ་དུངས་འདོད་པ་དེ་ཡིན།
ངས་ཤེས་ཡོད། ཁོ་བོས་ང་ལ་དགའ་སྣང་གི་ཀློང་དུ་ངའི་དོན་སྤྱི་དེ་གསལ་ལེར་འཆར་ཡང་།
ཞུ་མ་ཐུབ་པ་ནི། ཁོ་བོ་ལ་སྤོབས་པ་མེད་པས་ཡིན།
འོན་ཏང་།
ཁྱེད་ཀྱི་སེམས་ངོས་ཀྱི་དབྱངས་སྙན་རིང་མོ་དེ་ཚིག་གསུམ་གྱི་སྒོ་ནས་མཇུག་སྡུས་གནང་དང་།
སྤྱི་ཚོགས་ཀྱི་ལྟ་སྤྱོད་ནི། རང་སྒེར་གྱིས་བསྐྲུན་པའི་འཁྲུལ་བ་གསར་གཏོད་ཀྱི་ལྟ་བ་རེད་ལ།
དེ་དག་ཡིད་འཇོག་བྱེད་བཞིན།
ཟ་མའི་དུས་ཀྱི་ངའི་སོན་པོའི་སེམས་ཁམས་ལ་གནོང་བ་མ་གནང་དང་།
ཁོ་བོ་ལགས།
ཕྲན་གྱིས་ནམ་ཡང་ཁྱེད་ལ་རེ་སྒུག་གི་རླུང་རྟ་སེམས་ཁམས་ཀྱི་ཐང་དུ་འགྲེང་སྟེ།
བར་ཆད་མེད་པའི་སྨོན་འདུན་ཞུ་ཡོད་དོ།།
འཐོར་འཐོར་ཀླད་པ་སུ་ལ་འཐོར་ཡོད་ཨེ།། མ་དག་དངོས་པོ་སུ་ལ་དག་པ་
རེད།།
ལྟ་བ་དེ་ཚོ་རང་རྒྱུད་ཡིད་ལས་སྐྱེས།།
ཚོར་བ་དེ་དག་རང་རྒྱུད་ཡིད་ཀྱིས་བྱས།།
དོན་མེད་གཏམ་ངན་གཞན་གྱི་ལུས་སུ་བཏགས།།
རང་ཉིད་སྐྱོན་མེད་གྲུབ་འདི་ངོ་མཚར་ཆེ།།
རྐང་པ་མདུན་སྤོས་ལེ་ལོ་རྒྱབ་བལྟས་ངང་།།
བརྩོན་པ་ཆེ་ཆེས་མཐོ་ས་མི་དང་མཇལ།།
མ་ཐུབ་གཉིད་རྨོངས་ཕྲག་མདོག་མེ་འབར་གྱིན།།
རང་ལུས་མེ་ལ་བཏབ་མཁན་ཕལ་མོ་ཆེ།།
ཨ་ཚ་ན་ཟུག་ལུས་སུ་སྒོམ་ཐུབ་ཀྱིས།།
མི་ཚེ་གནག་ལ་སྦྱར་ནས་འཆལ་གཏམ་སྒྲོགས།།
དེ་བས་འཇོན་ནུས་ཅི་ལྕོག་ཕྲག་འཁུར་ངང་།།
སྔར་ནས་རྩོལ་ན་ཕལ་ཆེར་ང་དང་འཕྲད།།
འཇོན་ནུས་འཇེམ་ཐང་རང་ལ་ཡོད་མིན་ན།།
ཕྲག་མདོག་མིག་ཟུང་སོ་སོའི་རྐུབ་ལ་ཅེར།།
ང་རྒྱལ་གོང་བུའི་ལྟ་བ་ཕྱིན་ཅི་ལོག །།
བདེན་སྣང་བཟུང་ན་ཕ་མའི་རྣ་ལ་བླུགས།།
མཐོ་ས་མཐོ་ལ་གཏམ་གྱི་གླེང་གཞི་ཡོད།།
དམའ་ས་དམའ་ལ་མཐུན་པའི་གླུ་ཞིག་ཡོད།།
གླེང་གཞི་གླུ་དང་མཐུན་པའི་བཅོས་མ་དེ།།
སྤྲེལ་ལད་དབང་དུ་བྱིངས་པའི་མི་ངན་ཡིན།།
སྒོ་ལྕགས་ཁང་པའི་སྒོ་ལ་མ་བརྒྱབ་པར།།
རྐུ་མ་འཛུལ་ཏེ་གཞན་ནོར་ཧམ་གྱིས་འཕྲོག །
དོགས་ཟོན་མེ་སྒྱོགས་རྐུ་ལ་མ་འཕེན་པར།།
ཉེས་མེད་ང་ལ་ཉེས་འཛུགས་བྱེད་པ་མཚར།།
དངུལ་དང་གཞན་ནོར་རྐུ་མས་བརྐུས་ཕྱིན་སོང་།།
གདོད་ནས་དག་པའི་རྐུབ་འདི་ང་ལ་སྤྲོད།།
རེ་སྐུལ་ཚིག་གིས་སེམས་གཏམ་མ་གོ་ན།།
ཏིང་སྒྲ་བརྡུངས་རྗེས་ཁྱེད་རྐུབ་བརླག་ཀྱང་སྲིད།།
སྦྲང་ཆར་ཕོ་ཉ་ནས། ཁོ་བོ་ལ་ཉེས་མེད་ཉེས་འཛུགས་བྱེད་པའི་མི་ངན་དེ་ཚོར་སྤྲིངས་པའི་ན་ཟུག་གི་སེམས་གཏམ་ཡིན་ནོ།།
འཆམ་མཐུན་མེད་པའི་ཁྱིམ་ཚང་།། ངོ་མ་མིན་པའི་འཆལ་གཏམ།།
འདུམ་འགྲིམ་འཆམ་མཐུན་མེད་པའི་ཁྱིམ་ཚང་ནས།།
ལོ་ན་གསར་དུ་བཞད་པའི་ངུ་སྒྲས་སྐྱེས།།
ཆུང་དུས་ཨ་མའི་ནུ་རིན་ཞིམ་གྱིས་འཇིབས།།
ད་ཆ་ལས་དབང་གང་ལ་བསྒྱུར་སོང་མཁྱེན།།
བཅོས་འཛུམ་གདོང་དུ་འཁུར་ནས་ལོ་མང་འདས།།
ཡིད་ཀྱི་གཞི་ཆུང་སྡུག་བསྔལ་སྟོང་གིས་སྙིགས།།
ག་དུས་བར་དུ་ཁོ་བོས་དཀོན་མཆོག་ལ།།
གསོལ་བ་འདེབས་བཞིན་མི་ཚེ་སྐྱེལ་དགོས་སམ།།
མཐོང་རྒྱུ་མེད་པའི་སངས་རྒྱས་ཆོས་ནས་བཤད།།
མཇལ་རྒྱུ་མེད་པའི་དམྱལ་ཁམས་ཡོད་ཅེས་གྲགས།།
སྡུག་བསྔལ་གང་བྱུང་སྔར་སོང་ལས་དབང་ལ།།
མཐུད་པ་ཡིན་ཞེས་དེ་ཡང་འཆལ་གཏམ་རེད།།
དཀའ་སོང་སྡུག་ཀི་མི་ཚེའི་གཞུང་ལམ་ནས།།
གཞན་དོན་བསྒྲུབས་ཡིན་དེ་ཡང་གཙང་མའི་ཡིད།།
བདག་གཞན་བརྗེ་བསྒོམ་གཙོ་བོའི་བསླབ་བྱ་རུ།།
གསུངས་འདུག་སྒྲུབ་འདུག་དེ་ཡང་རྫུན་མ་རེད།།
རྫུན་ཚིག་དྲང་ཚིག་བརྫུན་པའི་རྩེ་ལ་ཆོད།།
བསླུ་བ་རྐྱང་གིས་འཇིན་རྟེན་རྨོངས་ལ་སྦྱར།།
ཐར་ལམ་ཡོད་ཞེས་བསྐལ་བ་གསུམ་གྱི་བར།།
ལམ་དུ་བརྩོན་ཞེས་དེ་ཡང་བརྫུན་མ་རེད།།
དབང་དང་མན་ངག་ཡིད་ཀྱིས་བླངས་གྱུར་ན།།
ཚེ་རིང་ནད་དང་སྡུག་བསྔལ་བསལ་འགྱུར་ཏེ།།
ནམ་ཡང་རང་གི་གྲོགས་སུ་མགོན་དཔུང་དེ།།
རྒྱལ་བ་ཡོད་ཞེས་ད་ལྟ་གང་དུ་ཡོད།།
བླ་མ་སྤྲུལ་སྐུ་ཐ་ན་ཕ་མ་ཡང་།།
དངུལ་ཤོག་མེད་ན་རྣམ་གཡེང་བཅོས་གྱིན་བརྙས།།
ཇི་ལྟར་སློབ་སྦྱོང་ཁོང་དུ་མཆིས་གྱུར་ཡང་།།
སྒོར་མོ་དོན་དུ་གང་སར་རྒྱུགས་པར་ལྟོས།།
ཆོས་ལུགས་ལྟ་བ་སྤྲོས་བྲལ་མཐར་ཐུག་ཞེས།།
དབྱངས་ངན་ངར་མ་སྒྲོགས་མཁན་མང་པོ་ཡོད།།
ཐ་ན་དེ་ཡང་ལྐོག་ཏུ་དངུལ་ཤོག་ཏུ།།
ཁ་མཆིལ་བྱུགས་ནས་དངུལ་ལོར་རྩིས་ལ་ལྟོས།།
ཆོས་ལུགས་མི་ལུགས་ཀུན་གྱི་ལྟ་བ་དེ།།
མཐར་ཐུག་རྩིས་ན་དངུལ་གྱི་སྟེང་དུ་འབབ།།
དུས་རིན་རྩ་བཞིར་མ་ལུས་ཅི་བསྡུས་པ།།
ཚང་མ་དེ་ཡི་རྗེས་འབྲངས་བདེན་པ་རེད།།
སྦྲང་ཆར་ཕོ་ཉ་ནས། 17/9/22
རང་སར་དལ་གྱིས་ལྷོད། སྐྱོན་ཚང་ལ་སྐྱག་པ་ཟ་ནས་ཅི་ཕན།།
སྲིད་ཀྱི་ཅོད་པན་ལ་ཐོད་བཅིངས་པ་ཚོས།།
དཀྱུས་མའི་བོང་གུར་མཛེས་འཆོར་སྤྲད་པ་ཡིས།།
ཨ་ཁུ་གྲོགས་ཚོགས་འགའ་ཞིག་ཕྲག་དོག་གིས།།
ཀློང་དུ་འབར་བཞིན་གཏམ་འཆལ་སྨྲ་བ་མཚར།།
སྐྱོན་གྱི་གོང་བུ་སོ་སྐྱེ་ཡོད་དོ་ཅོག །
ཡོད་པར་ཀུན་གྱིས་ཤེས་པ་གསལ་པོ་རེད།།
དེ་བས་རང་དགར་དལ་གྱིས་མ་ལྷོད་པར།།
ཁོང་ཁྲོའི་མེ་འབར་བྱེད་པས་ཅི་ཞིག་ཁེ།།
སྨྲ་བ་གཏམ་གྱི་མགོ་གླེང་སྐྱོན་ནས་རྩོམ།།
བསྡུ་བ་མཇུག་གི་གཏམ་ཡང་སྐྱོན་ནས་བསྡུས།།
རང་དགར་གོམ་ཁའི་འདེགས་འཇོག་མ་བྱེད་པར།།
རྙོག་གྲ་ཚང་ལ་འཛུལ་ནས་ཕན་ལེ་མེད།།
མི་ངན་དབང་དུ་འབྱོར་ན་ཁོ་ཡི་འཇོན།།
མི་བཟང་རྒྱབ་ཏུ་ལུས་ན་རང་གི་ཉེས།།
འཇོན་ཐང་རང་ལ་མེད་པའི་འཛམ་གླིང་ནས།།
ཉི་མ་གང་པོ་སྐྱོན་གྱིས་མ་ཟད་ཡ།།
གྲལ་སར་རིམ་གྱིས་འཁོད་དང་ཆོས་གྲོགས་ཚོ།།
རང་སར་ཞི་ནས་དུས་ལ་སྒུག་མཛོད་བཞུགས།།
འཇོན་མེད་འཇོན་ཐང་ངོམ་ནས་ལོ་རྒྱུས་ཀྱི།།
གོ་རིམ་བསྒྲིགས་ནས་ངལ་བ་མ་འཁུར་ལོ།།
དཔའ་སྟོབས་འཛིན་པའི་སེམས་ཀྱི་ཉེ་བ་ཚོས།།
འགོ་ས་དབང་དུ་ང་ཡང་གླེང་གཞིར་སློང་།།
སྐྱོན་མེད་སྐྱེ་བོ་སུ་ཞིག་འདི་ན་ཡོད།།
སྐྱོན་ཅན་གླེང་བས་འགོ་ས་དབང་བ་མིན།།
དེ་བས་དལ་གྱིས་ལྷོད་ནས་ཞི་གནས་བསྒོམ།།
ལྷག་མཐོང་རྒྱུད་ལ་སྐྱེས་ནས་དཔྱད་སྒོམ་བྱོས།།
སྔ་ཕྱི་ཚིག་གི་འབྲེལ་མཐུད་ཞིབ་བཤེར་གྱིས།།
རྒྱུ་མཚན་ལྡན་པའི་གཏམ་གྱིས་སྔོན་གླེང་བསུ།།
ཁ་སང་དེ་རིང་སྐྱོན་འཚོལ་འབུམ་རམས་པས།།
འདར་ཙམ་མ་གཏོགས་ང་ཡང་འབུད་འགྲོ་བྱེད།།
དངོས་ཡོད་གཏམ་གྱིས་ཁོ་བོར་མ་ཐུབ་ན།།
ཉེས་མེད་ནག་གཡོགས་གཏམ་གྱིས་ག་ལ་ཕོད།།
དེ་དུས་འདར་ཙམ་ཁོ་བོ་སྡང་སོང་ཡ།
འོན་ཀྱང་བརྟག་དུས་ཁྲོ་གནས་མེད་པའི་གཏམ།།
དྲང་པོར་བཟུང་བའི་ཨ་ཁུ་ངན་པ་ཡིས།།
ཅུང་ཟད་མ་གཏོགས་ང་ལ་ཉེས་གྲབས་བྱས།།
སྦྲང་ཆར་ཕོ་ཉ་ནས། དངོས་ཡོད་གཏམ་གྱི་མགོ་རྩོམ་ནས་བསྡུ་བ་དྲང་པོའི་ངག་གིས་མཇུག་བསྡུ་བ་ཡིན་ནོ།། ༣༠/༨/༢༢/
རྩ་ཡིས་སྨྱོ་བའི་རྗེ་བོ།། སྲིད་ཀྱིས་བཅིངས་པའི་མི་ངན།།
ལུས་ཀྱི་གོན་པ་ངུར་སྨིག་བརྟུལ་བཞུགས་བརྫུས།།
སེམས་ཀྱི་སྣང་བ་རང་དགར་སྲིད་ཀྱིས་བཅིངས།།
གནམ་བསྐོས་གོང་མའི་མིང་གིས་འབོད་ན་ཡང་།།
མཆུ་ཟུང་མཉེན་པ་རྫོབ་པའི་དོགས་པ་ལྕི།།
དགའ་བའི་མེ་ཏོག་གཤིས་ཀྱི་དྲི་ངན་ཡང་།།
བྲལ་བའི་ལོ་རྒྱུས་མ་བྱུང་བློ་རུ་མྱོང་།།
དུས་ཀྱི་ལྡེ་གུས་འཆི་ཁར་འཁུར་ན་ཡང་།།
འཆི་གསོ་བདུད་རྩི་སྲིད་ཀྱིས་པང་དུ་བཟུང་།།
ལྷ་ཡི་སྤྱོད་པ་བདུད་སོགས་མི་དགྱེས་པས།།
མི་ངན་བདུད་དཔུང་བགྲོས་ངན་ཆོད་པ་ཡིས།།
དངོས་གཞི་ས་རུ་གླེང་སློང་འགའ་ཞིག་གིས།།
བདེན་པའི་དཔོན་ཡང་དེ་ཡི་ཁོངས་སུ་བསྡུས།།
དྲི་ཞིམ་མི་ལྡང་ཡེ་ནས་རྟུག་དྲིའི་གཤིས།།
འདབ་བརྒྱ་མི་གྲོལ་ཀ་ནས་ལོ་རྒྱུས་ངན།།
ཚང་གཅིག་གནས་སུ་བཞད་པས་གཞན་དག་ཀྱང་།།
དྲི་ངན་སྤྱོད་དུ་འདྲེན་ཏེ་རུལ་དུ་ཆུག །
གཡོ་བ་ལུས་ཀྱི་གསོན་འཚོའི་ཟ་མའི་དུས།།
སྣ་ཚོགས་ཚུལ་གྱིས་སྤྲེད་ལད་ལྟ་བར་འཛིན།།
གནམ་བསྐོས་གོང་མ་མིག་ཟུང་རབ་ལྡོངས་ཏེ།།
མ་གཉིད་མཐོང་ཙམ་རྨི་ལམ་གྲོང་དུ་འབོར།།
ལྷ་སྤྱོད་མི་དང་མཐུན་པའི་པདྨ་དེར།།
ཉམས་འགྱུར་ངན་པས་སྡིགས་མོ་སྣ་ཚོགས་ཆེ།།
འདབ་བརྒྱ་ལྷག་པར་དགྲོལ་བའི་མཛེས་སྡུག་ཏུ།།
མ་མགུ་བཞིན་མདངས་གཉེར་མས་བསྡུས་པ་མང་།།
དགོང་མོར་བྲིས་སོ།། 23/8/22
བློ་ཁོག་ཡོད་ན་ཤོག ། ཅི་སྐྲག་རྒྱུ་ཡོད།།
གཏིང་ན་ཟུག་རྨ་ཁ་བཟུང་གིན་སྨེ་ངག་འདོན།།
རུལ་བེད་མེད་གནས་སུ་ལྷུང་བར་ངོ་རེ་ཚ།།
འཇིགས་དཀའ་སྡུག་ཁད་ཀྱིས་བཅོམས་པའི་ཟ་མའི་དུས།།
རང་སུ་ཡིན་བརྗེད་ནས་ཞེ་སྡང་དྲག་པོ་བསྐྱེད།།
ཤེས་མ་བསྐོས་སྲིད་ཀྱི་ལག་བསྟར་ཇེ་འཕགས་སུ།།
རྨོངས་ཚོགས་པའི་གླང་རྒན་ཉམས་ཀྱིས་གྲལ་ལ་འཁོད།།
དུས་དེང་སང་གཞི་ཆུང་རྭ་བའི་རང་དབང་དེ།།
འགོ་དཔོན་པོས་བཙན་དབང་ཤེད་ཀྱིས་འཕྲོག་ཐི་ཡ།།
ལེ་བར་མེད་ལ་ཀླུང་རི་སུལ་སྟོང་དག་བརྒལ།།
མཐར་འབྲས་བུ་བསླུ་བའི་ཆོས་སུ་འཛུམ་གྱིས་བཞད།།
ལོ་སྙེ་མ་རླུང་གིས་བཀའ་བཞིན་གུས་འདུད་ལས།།
འདི་མང་གཙོ་ཟེར་ན་རྩ་བ་གཏན་ནས་གཅོད།།
འཁོན་ལྷ་ཡི་གཡུལ་སར་མ་གཏུབ་མི་ལ་སྐུལ།།
རྗེ་དཔོན་པོར་ཕྱི་བཅོས་སྤྲེལ་ལད་དགོད་ཀྱིས་འཁྲབ།།
འབངས་དམངས་ལ་འཇེམ་མེད་འཇོན་མདོག་ཚུགས་ཀའི་ངང་།།
རང་ལུས་ལ་དམག་སྒར་བཀླུབས་པར་སྙིང་ཞིག་རྗེ།།
རྭ་ལྕགས་དྲ་གྲུ་བཞིའི་བསྐོར་བའི་གླིང་ཆུང་དུ།།
ཚེ་གསོན་པོར་སྡོད་དབང་མེད་ལྟར་རྫིག་རྔམ་ཆེ།།
ཕྱི་དཔའ་པོ་སྟག་གིས་འཛིང་རའི་རྩལ་ཐང་དུ།།
མ་འོ་ཞོ་འཇིབས་ན་འཛིང་མོ་བྱ་བར་ཤོག །
དགོང་མོར་བྲིས་སོ།། ༢༢/༨/༢༢
འཁོར་བ་རེས་མོའི་འཁོར་བ་ལ།། ཁྱེད་ཡང་གྲལ་ལ་བཞུགས་འདུག་ད།།
དེང་གི་དུས་འདིར་འགའ་ཤས་ལྡིང་ཆེ་ལ།།
ལས་དབང་ཤི་ལ་སྦྱར་ན་སེམས་པ་སྐྱོ།།
ས་མཚམས་ཁྱོན་ཆུང་གྲུ་བཞིའི་དབྱིབས་ཅན་ལ།།
རྨོངས་ནས་འཁོན་འཛིན་དོན་གྱིས་མ་བརྙས་ལོ།།
བསམ་བློ་རྒྱང་ལ་གཏད་ནས་ཆོས་སེམས་བཟུང་།།
འགྲོ་བ་བཞི་ལས་མི་འདའི་དད་པར་གཅེས།།
ས་ཁོངས་གང་གིས་འགའ་རས་མདུན་མཆོངས་སུ།།
ཞེ་སྡང་དྲག་པོས་རང་ཉིད་མ་ཕུང་བྱོས།།
མི་ཚེའི་བཞུད་ལམ་ས་ཕྱོགས་གང་སར་ཡོད།།
དམིགས་ཡུལ་འགྲུབ་པར་གར་བསྐྱོད་བྱེད་དགོས་ཡོད།།
རང་སེམས་དག་པ་འཁོན་འཛིན་ལ་བཅོལ་ནས།།
དུས་ཀྱི་ཚག་སྒྲ་ཆུད་ཟོས་མ་བྱོས་ལོ།།
ཐོས་རྒྱུའི་དབང་ཤེས་རྩིག་པར་མེད་ན་ཡང་།།
ས་ཡི་རྡུལ་ཆུང་རླུང་གིས་འཚུབ་པར་སླ།།
གཏི་མུག་རྨོངས་པས་གར་བསྐྱོད་མི་ཤེས་ཚོར།།
རྔུལ་ཆུས་ལུས་པོ་བརླན་ཡང་འབྲས་བུ་མེད།།
དེང་གི་སྐྱེ་བོ་སྙིགས་མའི་དུས་ཀྱི་ཡིན།།
ཀུན་པོ་དངུལ་ལོའི་རྗེས་འབྲངས་འཚང་ཤིག་ཡིན།།
ཆོས་བཞིན་གནས་པའི་བསམ་བློ་ཉུང་ངུའི་ཁྲོད།།
ལྡིང་འཕགས་སྦལ་པའི་བྲང་བཞིན་འགྱུར་ལེ་ཆེ།།
འགྲོ་རྒྱུའི་གཞུང་ལམ་སྨུག་པས་བསྒྲིབས་ཚར་འདུག །
བྱེད་རྒྱུའི་བྱ་བ་འདི་ལས་གཞན་མི་ཤེས།།
སློང་མོའི་ཚུལ་བཞིན་དོན་གྱིས་གྱུར་བ་འདི།།
ཁོ་བོས་ཤེས་ཡོད་ངོ་མ་སྐྱོ་བ་ལ།།
སྦྲང་ཆར་ཕོ་ཉ་ནས།།
གཡའ་དག་པའི་དེ་རིང་།
ཉི་མའི་དྲོད་མཉེན་ལང་ཚོའི་ལུས་སུ་བཀྱེ།།
གཞོན་པའི་ངར་ནུས་གཉིད་ཀྱི་གྲོང་ལ་རྒྱུ།།
རྒས་པའི་ཚོགས་གཅིག་ཕྲེང་རྡོག་བགྲངས་བཞིན་དུ།།
ངག་འཁྱལ་གཏམ་གྱིས་སྔོན་གླེང་འ་འུར་ཆེ།།
ཤར་རི་རྩེ་བོ་ཉི་མའི་སྡོང་ཁང་རེད།།
ལེ་ལོའི་མལ་ཁྲི་རང་གནས་འཚོ་བ་ཡིན།།
འོད་ཟེར་ཉམས་ཀྱིས་འཇིག་རྟེན་སད་པར་བྱེད།།
སྒྱིད་ལུག་ངག་གིས་མི་ཀུན་ཉོབ་སྣང་བརྟས།།
ཡི་མུག་མཆུ་ཟུང་ཤོར་དཀར་ངོས་ལ་གཏད།།
རང་དབང་གྲོང་གི་བཀོད་པ་སྒྱུ་མར་བརྫུས།།
རེ་ཞིག་བདེན་གཤིས་ཡིན་སྙམ་སོམ་ཉི་ཡི།།
ལྷག་རླུང་ངར་མས་རེ་ཞིག་གཡོ་བར་བྱས།།
སྦྲང་ཆར་ཕོ་ཉ་ནས།། ༡༨/༨/༢༠༢༢
མ་བཅོས་དད་པའི་མིག་ཆུ།།
རྗེ་བླ་མ་འཇིག་རྟེན་ནས་གྱེས་ཁ་ཞུས་ཟིན།
ཕྱིར་འདང་གི་དྲན་སྣང་ཁྲོད་ནས་ངས་རྗེ་བླ་མ་བསུ་ཡོད།
མིག་ཆུའི་དལ་འགྲོ་བར་ནས་ངས་རྗེ་བླ་མ་བརྙེས་པའི་རེ་བ་བཅངས།
འདུ་འཛོམས་ཀྱི་ལས་དབང་མི་ཚོགས་ཀྱི་གསེབ་ནས།
ངས་རྗེ་བླ་མའི་མཚན་སྙན་དེ་དབྱངས་ལ་གྱེར།
རྗེ་བླ་མ།
ངའི་བླ་མ།
ལས་དབང་དང་སྐལ་བསོད་དམན་པའི་བར་ནས།
ཁྱེད་རང་དང་མཇལ་བའི་དཀའ་ཚེགས་བགྲོད།
རྗེ་བླ་མ། སྐྱབས་རྗེ་དམ་པ།
དུས་དེང་སང་ཁྱེད་རང་གི་བཞུགས་ཡུལ་ལ།
ངས་མིག་ཟུང་ཅེར་ཡོད།
དད་ཕྱག་གིས་སྒོ་གསུམ་གུས་ནས།
སྨོན་ཚིག་གི་གསང་བ་གདལ་ཡོད།
རྗེ་བླ་མ། ཆོས་དབྱིངས་སུ་རང་སེམས་འཐིམས་ནས།
སྡུག་བསྔལ་གྱི་རྒྱ་མཚོ་རུ་སློབ་འབངས་ང་ཚོ་ཁེར་རྐྱང་དུ་འདོར་དགོས་དོན་ཅི།
རྗེ་བླ་མ། སློབ་འབངས་ང་ཚོས་མྱུར་འབྱོན་གྱི་གསོལ་འདེབས་གཅིག་མཐུད་ཀྱིས་ལེན་ཀྱང་།
རྗེ་བླ་མ་སླར་ཡང་འཇིག་རྟེན་དུ་མ་ཕེབས་པ་ཅི།
རྗེ་བླ་མ།
ངའི་བླ་མ་དེ་རིང་གདུང་བ་སྤྱན་དུ་ཐོགས་ཏེ།
སྤྱན་ཆབ་ཀྱི་ཁྲོད་ནས་སླར་ཡང་ཁྱེད་ལ་འཕྱིར་འདང་གནང་སོང་།
རྗེ་བླ་མ།
སློབ་འབངས་ང་ཚོའི་རེ་སྐུལ་གྱི་སྨོན་ཚིག་ཁོ་བོའི་ངག་ཏུ་ཐོགས་ཏེ།
གདངས་གསལ་དབྱངས་སུ་ལེན་ནས་ཁྱེད་རང་ཕེབས་པའི་རེ་སྒུག་བྱས་ཡོད།
སྦྲང་ཆར་ཕོ་ཉ་ནས།།
འཁྱལ་གཏམ།
ཞོགས་པའི་གནམ་སྔོན་པོ་འདི་སྨུག་པས་གཡོགས་འདུག་
གྲང་རླུང་ཞན་པོ་ཞིག་གིས་ས་ཕྱོགས་འདི་འཁྱགས་ཀི།
གང་སར་གྱི་མགྲོན་པོ་རྔུལ་ཆུ་དང་དཀའ་སྡུག་གི་གསེབ་ནས །
ལོངས་སྤྱོད་ཀྱི་དངུལ་ལོར་ཆགས་ཏེ། ངལ་རྩོལ་གྱི་རྔུལ་ཆུ་ས་སྟེང་དུ་ལྷུང་བཞིན།
གདོང་དུ་དགའ་བའི་འཛུམ་མདངས་འཁུར་གྱིན། དགེ་བའི་སེམས་ཀྱིས་སློང་མོ་བྱེད་ཀི།
ཆོས་སྒྲོགས་པའི་དབྱངས་ཀྱང་དངུལ་ལོར་ཐིམས་པས། འཁྲུལ་སྣང་བཅོས་མའི་མིག་གི་ཁོང་དུ་དངུལ་ཤོག་གི་ཤོག་བུ་འཕུར་བཞིན་པ་སྣང་ཀི།
དུས་དེང་སང་ས་ཕྱོགས་འདི་དབུལ་སོང་བ་རེད་ལ ། དགེ་བའི་སློང་བོ་པ་ལ་དད་པས་སྦྱིན་མི་འདོད་པ་ཡང་རེད །
རྒྱུ་མཚན་དང་གཏན་ཚིགས་ཀྱི་ཁོང་ནས་ངས་ཁྱེད་ཅག་ལ་སྨྲེ་ངག་བཏོན་ན།
ཕལ་ཆེར་ཁོང་ཚོའི་མིག་ལམ་གྱི་ཆུ་མོ་དང་མ་དེ་ཡེ་ནས་བཀག་ཐབས་མེད་ནི་རེད།
ཕྱི་ཤོག་རྒྱན་དང་རི་མོས་བརྒྱན་པའི་མཚོན་རིས་སྣ་ཚོགས་ཀྱི་ཁམས་ནི་བརྒྱ་ལས་བརྒལ་ཟིན།
དགོས་འདོད་ཀུན་འབྱུང་གི་ནོར་བུ་ནི། བགྲངས་ཀ་གཉིས་ལས་མཐོ་རུ་རྒྱས་ཡ་མིན་འདུག
སྐྱོ་བ་ལ། ངོ་མ་སྐྱོ་བ་ལ། ས་ཐག་རིང་མོ་ནས་ཆེད་དུ་དཀའ་སྡུག་ལ་ཁྱད་དུ་སད་དེ།
ས་འདིའི་རླུང་རྟ་རྒྱས་པའི་ཕྱིར་དུ་སླེབས་ཀྱང་། རླུང་རྟ་རྒྱས་པའི་ལམ་མགྲོན་ཉུང་དག་ལས་མེད་སོང་ན།
ཨོ་ཧོ། དཀའ་མོ་རེད་ཡ། ཁྱེད་ཅག་གི་རླུང་རྟ་ནི་ད་དུང་ཡང་གཉིས་ལོ་རུ་ལུས་འདུག་པས
རྒྱས་རྒྱུ་དཀའ་མོ་རེད་ཐི་ཡཱ།
( སྨྱུག་མིང་) <སྦྲང་ཆར་ཕོ་ཉ་ནས།> ༢༧/༡/༢༣
ཡིག་འབྲུའི་ཁྲོད་ནས་བཞད་པའི་དོན་གྱི་སྙིང་པོ།།
ཕྱིར་བསྐྱོད་འགྲུལ་བཞུད་ལས་ཀྱིས་བསྐོས་པ་ཡི།།
ཁེར་རྒོད་གོམ་ཁ་སུ་ཡི་སྔོན་དུ་ཕྱོགས།།
གར་བགྲོད་རང་ཉིད་སང་ཉིན་ཅི་འབྱུང་ཁྲོད།།
ལོ་རྒྱུས་སྔོན་ཐོ་གང་ཞིག་འགོད་དགོས་སྙམ།།
མི་ཚེ་ཆོས་དང་འཕྲད་ཀྱང་འདུ་འཛི་རུ།།
སེམས་པ་གཞོལ་ནས་འཇིག་རྟེན་ལས་ལ་འབད།།
མཐའ་མའི་བདེ་བ་གཞན་དུ་བཅོས་པ་ཡིས།།
དངུལ་གྱི་གོ་འཕང་ཀླད་པའི་རྩ་རུ་འཐིམས།།
ལོངས་སྤྱོད་དངོས་པོའི་མིང་ཙམ་རྨོངས་པ་ཡིས།།
ཁ་ཕྱོགས་བསྒྱུར་ཏེ་དེ་ཡི་ཕྱོགས་སུ་ཤོར།།
རིན་ཆེན་དུས་དག་དེ་ཡི་དོན་དུ་ཟད།།
དགོས་པའི་ཆོས་ཙམ་ཐོས་པ་རྒྱ་ཆེར་བསྐྱེད།།
མཚོན་རིས་དུ་མས་རྒྱན་སྤྲས་བྱེད་པ་ཡིས།།
མི་གཙང་སྒེག་མོར་མིག་གིས་བསྟོད་བསྔགས་བསུ།།
ལང་ཚོའི་མྱོས་བུམ་འབུར་དུ་དོད་པ་ལ།།
སྒོ་གསུམ་ལུས་ཀྱི་ཚོར་བ་ཁོང་ནས་ལྡིང་།།
སྦྲང་ཆར་ཕོ་ཉ་ནས།། ༡༢/༣/༢༠༢༣
དབྱར་གཞུང་མཚན་མོའི་རི་མགོའི་སྐྱ་མདོག་ནས།།
མཁའ་དབྱིངས་ཕྱོགས་སུ་མིག་ཟུང་ཅེར་བར་བྲེལ།།
ཕྲན་ཆུང་ང་རང་བྱིས་དུས་ཡལ་ཟིན་པའི།།
གཏམ་རྒྱུས་དྲན་ནས་རེ་ཞིག་མཆི་མ་ཤོར།།
ལང་ཚོའི་ལུས་པོ་དུས་དང་ཟས་ཀྱིས་བརྗེས།།
བསམ་བློའི་ནུས་ཤུགས་ད་དུང་སྔར་བཞིན་ལུས།།
བྱིས་དུས་སློབ་གསོ་མེད་པས་ཆེ་དུས་སུ།།
འགྱོད་པའི་ཡིག་འབྲུ་དོག་པོས་སེམས་པ་སྐྱོ།།
གྲྭ་བའི་སྤྱི་ཚོགས་འགྲིམས་ནས་ལོ་ངོ་བརྩེགས།།
སྤྱོད་པའི་ཚུལ་དེ་འཇིག་རྟེན་པ་ལས་སྡུག །
སྤྱི་ཚོགས་ཆུང་ངུའི་མཐོང་རྒྱ་དོག་པོ་དེས།།
མི་ཚེའི་ཐང་དུ་སྐྱོ་བའི་ལོ་རྒྱུས་སྤུངས།།
ལེ་ལོས་ཟིན་པའི་ཨ་མས་ཕྱི་ལ་དོར།།
ཆང་གིས་བཟི་བའི་ཨ་ཕས་མི་ལ་བཙོང་།།
གཞན་ཡུལ་འགྲིམས་མོས་དབེན་ཀྱང་འགྲོ་དགོས་བྱུང་།།
ད་ཆ་ཆེ་དུས་དོན་ལྡན་མི་ཚེ་མེད།།
ཆོས་གོས་ལུས་ལ་སྤྲད་པའི་ཁེར་རྐྱང་ང་།།
ད་ཆ་འགྱོད་ཀི་རིན་ཆེན་དལ་འབྱོར་འདི།།
རྙེད་ཙམ་མིང་གིས་བརྗིད་ལས་དོན་མ་ཐོབ།།
རེ་ཞིག་དྲན་དུས་ངོ་མ་གཏིང་ནས་ཁྲོ།།
རྩ་བའི་བླ་མས་རང་གི་བུ་གཅིག་ལྟར།།
བརྩེ་བས་བསྐྱོངས་ཏེ་ནམ་ཡང་གཅེས་སྤྲས་གནང་།།
མི་སྤྱོད་ངན་པས་ཕྲག་མདོག་དོན་མེད་ཀྱིས།།
རྒྱལ་པོ་ཁྲིམས་ལུགས་བཟུང་ཏེ་དོན་མེད་སྨོད།།
སྡུག་བསྔལ་རླུང་ཤུགས་ལྡང་བའི་འཁོར་བ་རུ།།
བསྡད་སྡོད་མེད་ཀྱང་ཚེ་ཡི་རྒྱུ་བ་རིང་།།
ཤི་འདོད་གཏིང་ནས་བརྟས་ཀྱང་སྤོབས་པ་ཞུམ།།
ད་ཆ་འགྲོ་ལམ་མེད་པའི་སྤྲང་པོར་འགྱུར།།
སྦྲང་ཆར་ཕོ་ཉ་ནས།།
དེ་རིང་།
དོ་ནུབ་ལུས་པོའི་རྒྱུ་བ་མི་བདེ་བས།།
རེ་ཞིག་ན་ཟུག་ལྡང་བའི་ཚོར་བ་བརྟས།།
བྱ་ཁུ་ཐང་འཁོལ་རབ་ཀྱིས་འཐུང་བའི་རྗེས།།
ཅུང་ཟད་ཉོབ་སྣང་ཡལ་བའི་དགའ་བ་འཕེལ།།
དེ་སྔོན།
གྲོགས་ཀུན་སྐྱིད་པོས་ཡུལ་ལ་ལོག་པའི་རྗེས།།
རང་ཉིད་གཅིག་པོ་ལས་ཀྱིས་ས་འདིར་ལུས།།
གར་བྱས་གང་ཟས་སྐྱིད་པོ་མེད་པ་ནི།།
གྲོགས་པོ་དྲན་ཐག་ཆོད་པས་ཡིན་ནམ་ཅི།།
ཁ་རྩང་།
ཁ་སང་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག །
གཞན་ཡུལ་འགྲིམས་བས་སླར་ཡང་ས་འདིར་འཕོས།།
ཁ་ཁུ་སིམ་ཞིང་སུ་ཞིག་མེད་པ་ནི།།
དབེན་པའི་རི་བོར་སླེབས་སམ་དོགས་པ་སྐྱེས།།
དེ་རིང་།
བྱིས་པ་འགའ་ཞིག་གཞས་ཀྱི་རྗེས་འབྲངས་ནས།།
འུར་སྒྲོགས་བྱེད་པའི་སྒྲ་གཟན་རྣ་བས་འཛིན།།
སྒོ་ཆུང་དལ་གྱིས་ཕྱེ་ནས་བལྟས་པ་ན།།
གྲང་རླུང་ཞིག་གིས་ལུས་པོ་འཁྱགས་སུ་བཅུག །
རྣམ་རྟོག་སྟུག་པོས་དེ་མ་ཉིད་དུ་ལ།།
དོ་ནུབ་འཕྲད་པའི་དགའ་མ་དྲན་དུ་གཞོལ།།
ངོ་མ་མོ་ནི་ཅི་འདྲའི་མཛེས་སྡུག་གི།།
འཛུམ་དམུལ་འཕྱུང་བཞིན་སླེབས་དུས་རྣམ་རྟོག་སད།།
དེ་རིང་མོ་དང་དངོས་འཕྲད་མེད་ན་ཡང་།།
ཟབ་སའི་གཏིང་ནས་མོ་ལ་ཤིན་ཏུ་བརྩེ།།
ལས་དབང་གང་ལ་བསྐོས་ཡོད་མི་ཤེས་ཀྱང་།།
མོ་དང་འཕྲད་དེ་ལོག་ཀྱང་འགྱོད་པ་མེད།།
སྦྲང་ཆར་ཕོ་ཉ་ནས།།
༡༤/༥/༢༣
མཚན་ལྗོངས་དགུང་གི་ཟླ་བའི་འོད་མདངས་དེ།།
བླ་མའི་ཞལ་རས་བཅོས་པའི་དབང་ཤེས་འཁྲུལ།།
རྗེས་འབྲངས་ཁོ་བོས་བླ་མ་གློ་བུར་དུ།།
དྲན་པའི་མིག་ཆུ་དབང་མེད་དད་པས་བཞུར།།
དེང་སང་སྤྱི་ཚོགས་གདོན་འདྲེ་གྱུར་བ་ཅི།།
སྐད་གྲགས་ཕྱིར་དུ་བླ་མར་མཚན་སྨོད་ཞུ།།
རང་དབང་བྲལ་ཡང་རིགས་གཞུང་གནས་པ་དེ།།
སྐྱབས་རྟེན་བླ་མའི་བཀའ་དྲིན་མ་ཡིན་ནམ།།
ལ་རྒྱ་རྫུན་པའི་བོད་པའི་གྲྭ་ཟུར་འགས།།
འཇོན་མེད་ཤེས་མདོག་ཧ་ལམ་མཁས་པར་སྙམ།།
དོན་དུ་རྨོངས་ཀྱང་རང་ཉིད་ང་རྒྱལ་གྱིས།།
ལངས་ཕྱོགས་ནོར་བ་མི་རིགས་ཕྱིར་དུ་འབོད།།
རྩོད་ན་རྩོད་པའི་རྩོད་ཕྱོགས་ཡོད་པ་དེ།།
གདོད་མ་ཉིད་ནས་དེ་ལ་ལེགས་པར་སློབ།།
མ་ཤེས་གོང་བུ་སྙིང་ལ་བཟུང་ཙམ་གྱིས།།
རྒྱལ་ཁ་རང་ལ་དབང་བའི་བློ་མ་བཟུང་།།
སྦྲང་ཆར་ཕོ་ཉ་ནས།། ༡༥/༥/༢༣
གར་སོང་ཆ་མེད་ཀྱི་ང་རང་།
རི་ཀླུང་དང་སྤང་ཐང་གི་མེ་ཏོག
མཁའ་དབྱིངས་དང་ཟླ་བའི་འོད་མདངས་།
མཚན་དགུང་དང་སྐར་མའི་འོད་ཚོམ།
འདི་དག་ཉིན་རེ་ནས་བརྗེས་ཡོང་དུས།
གཏིང་གི་ཟབ་ས་དང་ཀླད་ཁམས་ཀྱི་དབུས་ནས།
གར་སོང་ཆ་མེད་ཀྱི་ང་རང་།
མི་ཚེ་རྨོངས་འཐོམས་ཀྱིས་ཟད་པ་དེ་དྲན་ཀི།
དུས་དེ་སང་། མི་ཁ་མང་བའི་སྤྱི་ཚོགས་དཀྱིལ་ནས།
རང་དབང་ཤོར་བའི་ང་རང་། སླད་མར་སུ་ཞིག་གི་དབང་དང་།
སུ་ཞིག་གི་ཨུ་ཚུགས། སུ་ཞིག་གི་སྙིང་གཏམ།
སུ་ཞིག་གི་བརྩེ་དུངས་ཀྱི་ཁྲོད་དུ། གར་སོང་ཆ་མེད་དུ་ང་རང་།
སྨྱོན་པ་ཧམ་བཤད་ངང་བསྐྱོད་ཀྱིན་པ་མི་ཤེས།
འགྲུལ་འཁོར་ནས་ཤར་མར་འགྲོ་བཞིན་པའི་འགྲུལ་པ་ང་རང་།
དྲན་རིས་སུ་ཕབ་པའི་ཤ་ཚ་བའི་ངོ་གདོང་དང་།
སེམས་ཁམས་སུ་བྲིས་པའི་སྙན་འཇེབས་ཀྱི་མིང་ཚིག
མིག་ཟུང་དངས་མའི་མེ་ལོང་དུ་ཡང་སེར་འཆར་བའི་འཛུམ་དམུལ་དེ་དག
ཡང་སྙིང་སུ་ཞིག་དང་། སུ་ཡི་ཡིན་ནམ།
ལུས་པོ་དང་སེམས་པ་ཟུང་དུ་འབྲེལ་བའི་གར་སོང་ཆ་མེད་ཀྱི་ང་རང་།
ཡང་སྙིང་སྨན་བཅུད་ཅི་ཞིག་གིས་སྨྱོས་པ་ཡིན་ནམ།
སྣྲང་ཆར་ཕོ་ཉ་ནས། ༢༧/༦/༢༣
རེ་བའི་ཐང་དུ་ལུས་པའི་འཚོ་བ་དེ་དངོས་འབྲེལ་བྱེད་དགོས།།
ཉིན་འགའི་སྔོན་ནས་འཁྱར་གཏམ་ཡིན་ནམ་དྲང་གཏམ་ཅི་ཡིན་ཤེས་ཚོད་མ་ཐིག་པའི་སྐད་ཆ་དེ་རྣ་བས་ཐོས་ཙམ། ལྷོད་དུ་ཕབ་པའི་་སེམས་པ་ཡང་ལམ་སེང་ངར་ལངས་སུ་བཅུག་པའི་སྐད་ཆ་དེ་གྲོགས་པོ་ཞིག་གི་ངག་ནས་ཐོས་བྱུང་།
སྐད་ཆ་དེ་ཐོས་ཟིན་པའི་སྐར་མ་ལྔའི་ཕྱིས་སུ། སེམས་ཁམས་ལ་དབང་མེད་ངང་ན་ཟུག་ལྡང་འགོ་རྩོམ་སྟེ། མི་ངན་དེར་སྔར་ལས་ཀྱང་འཁུན་སེམས་ཇེ་ཤུགས་སུ་བརྟས།
ང་ཚོས་མི་ཚེ་ནང་འཇོན་ནུས་ཅི་ཐུབ་ཀྱིས་མི་ཚེ་དེ་དོན་ལྡན་བྱ་བ་ལ་བྲེལ་ཚེ། ཁོང་ཚོ་ཕྲག་དོག་གིས་བཟིར་བའི་ངོ་གདོང་དང་འཁྱལ་གཏམ་གྱིས་གང་བའི་མཆུ་ཟུང་དང་། ངན་པ་དང་འདྲེས་ཟིན་པའི་བྱ་བྱེད་སྐྱེ་གནས་བརྒྱད་དག་ལས་སྒྲ་དབྱངས་ཀྱི་བརྗོད་པ་འདྲ་མིན་རྒྱུ་མཚན་མེད་པར་འདོན་སོང་བ་དེ། གཅིག་ནས་བཤད་ན་ཁོང་ཚོར་འཇོན་ནུས་མེད་པ་དང་།
གཉིས་ནས་བཤད་ན་ཁོང་ཚོར་དཀའ་སྡུག་གི་ཁྲོད་དུ་གོམ་ཞེང་ཆེན་པོས་མདུན་བསྐྱོད་བྱ་བའི་སྙིང་རུས་འབོར་སོང་བས་ཡིན།
དེ་སྔོན་ནས་ད་བར་སྐྱེས་པ་དང་སྐྱེས་མ་སུ་ཡིན་ཡང་། ཚང་མས་མིག་གི་མེ་ལོང་དུ་དབང་དང་འགོ་གནས་དངུལ་དང་བུ་དང་བུ་མོར་འཚང་བས། ཁོང་ཚོར་དྲང་པོ་དང་ཧམ་བཤད་མེད་པར་དཀའ་རུས་དང་སྡུག་འཁུར་ངང་ནས་རང་ལམ་བསྐྱོད་པའི་སྐྱེས་བུ་ཚོར་ལྟ་མ་བཟོད། སེམས་ཁམས་སུ་ཡི་རང་ཞུ་མ་ཕོད། ངག་ཐོག་ནས་སེམས་ཤུགས་ཀྱི་ཚིག་སྙན་བརྗོད་མ་ཕོད་པའི་སྐྱེས་བུ་དེ་དག་ལ་རབ་ཀྱིས་གཞིགས་ན་སྐབས་རེར་སྙིང་རེ་རྗེ། ཤ་རེ་ཚ།
དཀའ་སྡུག་གི་མུན་ཁུང་ཁྲོད་ནས་མི་ཚེའི་སྒྲོན་མེ་འཚོལ་བཞིན་པའི་སྐྱེས་བུ་ཚོ། འཇིག་རྟེན་འདི་སྔ་ནས་མགོ་རྟིང་ཤོར་ཟིན་པ་ཡིན་ལ། ཕྱི་ནས་ད་དུང་སྔ་མོའི་སྤྱོད་པའི་ཕྱོགས་རེས་དང་རྒྱལ་པོས་རང་སྲས་ཁྲི་རུ་བསྐོས་བཞག་བྱེད་པའི་སྤྱོད་ངན་ཐ་ཤལ་བ་དེ་དག་ཡང་རིམ་པ་བཞིན་ང་ཚོའི་མདུན་དུ་མངོན་གསལ་འགྱུར་ངེས། ང་ཚོ་ནི་ནམ་ཡང་འཇིག་རྟེན་དུ་འཚོ་དགོས་པའི་རྒྱུ་མཚན་འབྲི་དགོས་ལ། རེ་བའི་ཐང་དུ་ལུས་པའི་འཚོ་བ་དེ་རྨི་ལམ་གྱི་བརྒྱུད་ནས་མྱོང་བ་མིན་པར། དངོས་འབྲེལ་དངོས་མཐོང་གི་སྒོ་ནས་སེམས་ཁམས་སུ་བཀུག་ཐབས་བྱ་དགོས། ང་ཚོ་ནི་ཕྱིས་རབས་པའི་སྐྱེས་བུ་ཚོའི་ལམ་སྟོན་སྒྲོན་མེ་དང་། མི་རབས་ཀྱི་བརྒྱུད་པ་ཚོའི་འཇིག་རྟེན་དུ་ལུས་པའི་མིག་དཔེ་མེ་ལོང་དངས་མ་ཞིག་ཏུ་འགྱུར་ཐབས་རྩོལ་དགོས།
སྦྲང་ཆར་ཕོ་ཉ་ནས།།
ཁྱེད་ཁྱེད་དང་། ང་ང་རང་རེད།
གླེན་བླུན་གྱིས་ཁེངས་པའི་རྟོག་བཟོ་བའི་གང་ཟག་ཚོས།
ཡང་སྙིང་དགོས་འདོད་པ་ཅི་ཡིན་ནམ།
རི་གྲོང་གི་མཛེས་ལྗོངས་དང་། ཡུལ་སྐོར་གྱི་ཞི་འཇམ་དེ་དག།
འགྲུལ་བཞུད་རེ་རེ་བྱས་པའི་དུས་དག་ཏུ། དྲན་ཐེངས་རེ་རེ་ནས་སྔམ་པ་རིང་མོ་ཞིག་འཐེན་ཏེ། ས་འདིར་འབྱོར་སོང་།
ངའི་འཚོ་བའི་ལོ་ན་འགའ་ཞིག་འདས་པའི་གཞོན་པའི་དུས་ནས།
ང་རང་སུ་ཞིག་ལ་གུས་བཀུར་བྱེད་རྩིས་མེད།
སུ་ཞིག་ལ་གུས་བཀུར་བྱེད་པ་ནི།
མཆོག་ཏུ་འཐོན་པའི་དམ་པས་ཚུལ་བཟང་ཡིན་ཡང་།
དེ་ནི་སྔ་མོའི་སྲོལ་དང་དེང་དུས་ཀྱི་བྲན་གཡོག་ཚོའི་བྱེད་ལུགས་རེད།
ངས་བཤད་འདོད་པ་དེ། ཁྱོད་ཀྱིས་ཚོར་ཀི་ཡོད་དམ།
ཁྱེད་རང་གིས་ལྟོས་དང་། སུ་ཞིག་གིས་གང་ལ་མཆོག་ཏུ་འཛིན་པས།
དེས་མི་དེར་བྲན་གཡོག་གི་འགོ་སར་འཇོག རང་ཉིད་མཐའ་དག་ལས་རྣམ་པར་རྒྱལ་བའི་ཚུལ་བཅོས། ཆེ་མཐོ་སའི་མདུན་དུ། གུས་བཀུར་བྱེད་པའི་མི་དེར་རྫིག་རྫིག་བསྙད། ཡང་སྙིང་ཁྱེད་ལ་དགོས་འདོད་པ་ཅི་ཡིན།
ངོ་མ་ཡིན་ལུགས་དང་འགྲོ་ལུགས་དེ་དག་ཧྲིལ་པོར་ང་ཚོས་བྱ་མི་འོས།
ཡིན་ལུགས་སུ་ཚུལ་མཐུན་ཡིན་ཡང་། བྱེད་ལུགས་སུ་སྐབས་རེར་སྣང་མེད་ངང་
ངན་པ་དང་ལངས་འབྲེལ་བྱེད་དགོས། འགྲོ་ལུགས་སུ་ངན་པ་དང་འབྲེལ་ཡིན་ཡང་
དོན་དུ་སེམས་ནས་དཀོན་མཆོག་དང་འབྲེལ་དགོས།
ཁྱེད་ཁྱེད་དང་། ང་ང་རང་རེད།
ལས་དབང་གིས་ཕྲད་ནས་ལྷན་ཅིག་ཏུ་གནས་སྐབས་ཀྱང་། ཁྱེད་ཁྱེད་དང་།
ང་ང་རང་རེད། ས་འོག་གི་དུར་སའི་ཁྲོད་དུ། གཏན་དུ་ཞི་བའི་གཉིད་ཞིག་ཁུག་ན་ཡང་། ཁྱེད་ཁྱེད་དང་། ང་ང་རང་ཡིན་པས།
ཁྱེད་ཀྱིས་ང་ལ་སྐྱོན་འཛུགས་ཀྱི་འཆལ་གཏམ་གླེང་ཏེ།
ང་ལ་མི་དགའ་བྱེད་དགོས་དོན་མེད།
རྒྱུ་མཚན་ནི་ཁྱེད་ཁྱེད་དང་། ང་ང་རང་ཡིན་པས་སོོ།།
སྦྲང་ཆར་ཕོ་ཉ་ནས།།
མེ་འཁོར་གྱི་ཁྲོད་ནས་བྱུང་བའི་ཚོར་བ།།
མེ་འཁོར་ནི་ཟིང་ངར་མེད་པར་མྱུར་མོར་བསྐྱོད་གྱིན་གདའ།
རེ་བ་ནི་དཀའ་ངལ་མེད་པར་དུས་ཚོད་ཀྱིས་གམ་དུ་བཅར་རན་ཆེ།
འོན་ཏང་། གོ་མ་ཚོད་པའི་མི་ཚོགས་དེས། ཞིབ་ཀྱིས་མེ་འཁོར་དུ་ཡོད་པའི།
སྦྱར་པང་གི་མིང་ངོས་ལ་མིག་གིས་ཅེར་ཞོར། སླར་ཡང་མགོ་བོ་སྨད་དེ་སུ་ཞིག་ལ་དྲན་བཞིན་པ་དང་འདྲ་བར། ཁོང་མོ་ཚོས། མིག་ཟུང་བཙུམ་བཞིན་རྣ་བའི་ལམ་དུ་མཉན་པའི་སྒྲ་དབྱངས་ཀྱི་གོ་དོན་ལ་བསམ་བློ་ཕྱོགས་ཏེ། མིག་ཟུང་གི་མཐའ་ནས་མཆི་མ་བཞུར་དགོས་དོན་ཅི་ཡིན་ནམ།
ཕལ་ཆེར་ལོ་ཟླ་དང་རེ་བ་དེ་དག ། བེད་མེད་ཀྱིས་རྫོགས་བཞིན་པ་ཚོར་ཏེ། རང་ཉིད་རྒྱལ་ཕམ་གཉིས་ཀྱི་གྲལ་ནས་བུད་པ་ད་གཟོད་རྟོགས་པ་ཡིན་སྲིད།
ཡང་ན་། ཁོང་ཚོས་རེ་བ་དང་ཕུགས་བསམ་མ་རྙེད་པའི་དུས་ཡུན་རེ་རེ་རུ།
རྒྱལ་དར་གྱི་མགོ་བོ་ལྡེམ་ལྡེམ་གཡོ་བཞིན། གཤོག་ཟུང་གི་ལྷན་སྐྱེས་ཀྱི་རྩལ་དག། དགུང་ཨ་སྔོན་གྱི་དབྱིངས་སུ་རྐྱོང་འདོད་པ་ཡིན་སྲིད།
མེ་འཁོར་དགག་སོང་། ཁོང་ཚོས་མིག་ཟུང་ནས་རང་ཉིད་གང་ལ་ལུས་པའི་ཚོར་བ་ཞིག་གིས། སླར་ཡང་མིག་ཟུང་མིང་བྱང་དུ་ཅེར་གྱིན་འདུག
ཕལ་ཆེར་ངའི་བསམ་བློའི་ཁ་ཕྱོགས་དེ་འཁྲུལ་བ་འདྲ། སྡེ་མི་འགའ་ཞིག་གི་མི་ཚོས་དགོད་འཛུམ་ངང་ཁ་པར་ཅེར་ཉམས་སུ་བལྟས་ན། ཕལ་ཆེར་དོན་ལྡན་གྱི་དཔལ་ཡོན་སོན་ཞིང་། རྒྱང་རིང་གི་དགའ་མོའི་དུངས་བ་རུ་སེམས་པ་གཡེངས་ནས། མེ་འཁོར་དགག་ཟིན་པའི་ཚོར་བ་དེ་མ་རྙེད་པ་འདྲ།
གློ་བུར་དུ། སྐྲ་ལོ་འཇམ་པའི་བཞིན་གྱི་འཁུར་ཚོས་དམར་བའི་སྒེག་མོ་དེས།
ངའི་ཁ་ཕྱོགས་སྤྲུགས་སོང་། ཁོ་མོས་ངའི་གམ་གྱི་འདུག་གནས་དེ་བདམས་གསེས་བྱས་ཏེ། དལ་བུའི་ངང་འཛུམ་དམུལ་དམུལ་གྱིས་ང་ལ་ལྟ་བཞིན། འདུག་གནས་སུ་འཁོད། ཡང་སྙིང་ཁོ་མོས་ངའི་བརྗིད་ཉམས་ལ་སེམས་པ་འཆོར་ནས། ང་དང་ལབ་གླེང་བྱེད་འདོད་པ་ཡིན་སྲིད། ཡང་ན་ཁོ་མོས། དགའ་རོགས་ཀྱི་དུངས་བ་ཇི་ལྟར་གྱི་ཚོར་བ་དེ་དངོས་སུ་མྱོང་མོས་ཡོད་པ་འདྲ། དེ་ནས་ལྷོད་པོའི་ངང་། ཁོ་མོར་ཟུར་མིག་གིས་ཅེར་རེར་བྱེད་དུས། ཁོ་མོ་ནི་སུ་ཞིག་གི་དབང་དུ་ཚུད་ནས། གྲོད་པ་ཆེན་པོ་ཆགས་འདུག ངོ་མ་དགོད་རེ་བྲོ། ན་གཞོན་གྱི་ལོ་ངོ་ཡོད་པའི་ཁོ་མོ་ནི། སུ་ཞིག་གི་དུངས་བ་རུ་སྨྱོས་ནས། སུ་ཞིག་དང་མཚན་གཅིག་གཉིད་པ་ཡིན་ནམ། ལྟས་ངན་གྱི་མི་ངན། བཟོ་ལྟ་དང་བརྗིད་ཉམས་ང་བཞིན་མེད་ཀྱང་། ཏན་ཏན་བསོད་ནམས་ཡོད་པ་ངས་ཤེས་ཡོད།
མེ་འཁོར་དགག་པ་ནི་ངས་ཤེས་ཀྱང་། འབབ་ཚུགས་ཀྱི་མིང་གང་ཡིན་ཐད། བསམ་བློ་ཡང་གཏོང་ཡ་བརྗེད་འདུག ། སྦྱར་པང་གི་མིང་ངོས་ལྟ་དུས། རང་ཉིད་གང་ལ་བསྐྱོད་པའི་འབབ་ཚུགས་དེ་སླེབས་ལ་ཉེ་བས། ངས་ཁོ་མོའི་མདུན་ནས་ལངས་འགོ་རྩོམ་པ་ཡིན། རྒྱུ་མཚན་ནི་ང་སེམས་པ་སྐྱོ་བྱུང་ལ། མ་ཟད་རེ་བ་ཡང་ཡལ་སོང་། ན་གཞོན་གྱི་ཁོ་མོ་ནི། དཀོན་མཆོག་གིས་མཛེས་ཉམས་དང་ཁ་མདོག་བཟང་བའི་ལུས་པོ་ཞིག་གནང་ཡང་། ཁོ་མོས་ལུས་པོ་དེར་བདག་སྐྱོང་དང་རྩ་ཆེའི་ངང་མ་གཉོར་བ་ཅི་ཡིན་ནམ། བཟོ་ལྟ་དང་བརྗིད་ཉམས་ལྡན་པའི་ང་དང་མཉམ་གཤིབས་མ་བྱས་པ་ཅི་ཡིན་ནམ། དྲི་ཚོམ་དེ་དག་གིས་ངའི་བློ་སྒོ་གནོང་བས། སེམས་པ་ཡང་ཁྲོ་བྱུང་། དགའ་བ་ཡང་སྡུག་བྱུང་། རེ་བ་ཡང་ཡལ་སོང་། ལྟས་ངན་གྱི་མི་ངན་དེ། ང་ལས་བསོད་ནམས་ཆེ་བ་ཡོད་པ་ཡིན་མི་སྲིད། ང་ལས་དུངས་པ་ཟབ་པ་ཡིན་མི་སྲིད། ཡང་སྙིང་གོ་ལ་འདི། ཅི་བྱས་པ་ཡིན་ནམ། ཡང་ན་ཁོ་མོ་སྨྱོས་པ་མིན་འགྲོ་སེམས་སུ་ཟེར་ཞོར། ཁོ་མོ་ལས་རིང་སར་འདུག་པ་ཡིན།
སྦྲང་ཆར་ཕོ་ཉ་ནས། ༡༧/༡༠/༢༣
དོ་ནུབ།
དོ་ནུབ་རླུང་བུ་འཕྲོ་མ་ཞིག་གློ་བུར་དུ་སྒེའུ་ཁུང་ནས་འཚང་བྱུང་།
ལུས་པོ་དང་སེམས་ཁམས་སུ་ཚ་དྲོད་ཡལ་བའི་སྣང་བ་རྙེད་ཅིང་། རྐང་ཟུང་གི་པུས་མོ་དེ་ཡང་ན་བའི་ཚོར་བ་རྒྱས།
སྐད་ཅིག་ལ་ཤ་རྒྱས་ཀྱི་ལུས་པོ་འདི་དྲོ་དང་གྲང་དུ་སོང་བའི་སྐབས། དེར་མཐུད་ཁོ་བོ་མལ་ཁྲི་ནས་ལངས་ཏེ། དཀར་ཁུང་གི་ཕྱོགས་སུ་མིག་ཟུང་ཅེར་བས། དཀར་ཁུང་གཡོན་མ་ཡོལ་བས་གཡོགས་ཀྱང་། ཅུང་ཟད་ཁ་སྒོ་ཕྱེ་འདུག་ཙང་། རླུང་བུ་འཕྲོ་མ་དེ་ནང་དུ་འཛུལ་བ་འདྲ། ངས་སླར་ཡང་གོམས་ཞེང་ཆེན་པོས་ཉལ་ཁྲི་ཐོག་ཏུ་མཆོངས་པ་དང་དུས་མཚུངས་སུ། ཁོ་མོའི་ཁ་པར་སླེབས་བྱུང་། འོན་ཀྱང་དུས་དེར་ང་ལ་ཆམ་ནད་ཀྱིས་ཟིན་ཏེ། གློ་ཡང་བོང་བུའི་སྐད་སྒྲ་བཞིན་འདོན་པས། ངས་རེ་ཞིག་ཁོ་མོའི་ཁ་པར་མ་བླངས་པར་སྔར་བཞིན་སྔས་མགོའི་མཁྲིས་སུ་འཇོག་པ་ཡིན། སྐར་ཆ་གཅིག་ཆས་གཅིག་མཐུད་ཀྱི་མཚམས་སུ་ཁོ་མོའི་ཁ་པར་སླེབས་ཉམས་ལ་བལྟས་ན། ཕལ་ཆེར་ཁོ་མོས་ང་ལ་བརྩེ་འདང་སྔར་བས་ཀྱང་ཇེ་བཟང་དུ་ཕྱིན་པ་འདྲ། གང་ལྟར་ཡང་དོ་ནུབ་ཀྱི་མཚམས་འདི་ནས། ངས་ཁོ་མོའི་ཞལ་པར་སྔས་མགོའི་འགྲམ་དུ་འཇོག་པ་ལས། ཞལ་པར་བླངས་ཏེ་སྐད་ཆ་བཤད་ཁོམ་མིན་འདུག
ཆུ་ཚོད་ཀྱི་ཁབ་རྩེ་ཆུང་ངུ་དེ་བཅུ་གཉིས་སུ་སྙེག་གྲབས་བྱེད་ཀྱང་། སྔར་རྒྱུན་དང་མི་འདྲ་བར་ངའི་ལུས་པོ་འདི་ལྕི་ནས་ལྕི་རུ་ཕྱིན་པ་དང་། མ་ཟད་གཉིད་ཐུན་ཡང་དུས་འགྱུར་དང་ལྷན་དུ་མི་སོང་བར། ཤུལ་དུ་ལྷག་པས་ལུས་པོ་འདི་སྔར་ལས་ཀྱང་ན་ཟུག་ཆེ་རུ་བརྟས། གློ་བུར་དུ་སྔས་མགོའི་མཁྲིས་ནས་ཁ་པར་གྱི་སྒྲ་སྒྲོག་བྱུང་། ཁོ་བོའི་བསམ་པར་ཡང་སྙིང་མཚན་དུས་ཕྱིས་པོ་དེ་འདྲའི་མཚམས་སུ། མི་སུ་ཞིག་གནད་དོན་གང་ཞིག་དང་ཁ་གཏུགས་ཤོར་བ་ཡིན་ནམ་དྲན་གྱིན། ཉལ་ལ་ཟིན་མ་ཟིན་གྱི་མིག་ཡོལ་ཅུང་ཟད་ཕྱེ་ནས་བལྟས་པ་ན། ཞལ་པར་དེ་ནི་ཁོ་མོའི་གཏོང་བ་རེད་འདུག ངོ་མ་ཡ་རེ་མཚན་བྱུང་། དུས་རྒྱུན་ཁོ་མོའི་ཞལ་པར་ལན་བགྲངས་གསུམ་ཕུལ་བའི་རྗེས་སུ། གལ་ཏེ་ཁོ་བོས་བཀྱགས་ཁོམ་མ་བྱུང་ན། ཁོ་མོས་སླར་ཡང་མི་གཏང་བ་ཡིན་མོད། འོན་ཏང་དེ་རིང་ནི་དམིགས་བསལ་ཞིག་སྟེ། ཀླད་ཁམས་ཀྱི་མདུན་ངོས་དང་རྒྱབ་ངོས་གཉིས་ཀའི་ཕྱོགས་ལས་འདས་པའི་དོན་རྐྱེན་ཞིག་ནི། ལན་གསུམ་ཁ་པར་མ་བླངས་ཀྱང་ད་དུང་གཏོང་ཡོང་བ་ནི། ཏན་ཏན་ཁོ་མོའི་སེམས་སུ་ང་ལ་སྔར་ལས་ཀྱང་བརྩེ་ཞེན་ཆེ་རུ་སོང་བ་ཡིན་ནམ་སྙམ་སྟེ། ཁ་པར་དེ་ཅི་བྱ་གཏོལ་བྲལ་དང་རེ་བ་གསར་པའི་ཨ་སར་ངང་བཀྱགས་པ་ཡིན། བཀྱགས་ཟིན་པའི་སྐར་ཆ་གཅིག་ཙམ་ཡང་མ་སོང་བའི་མཚམས་ནས། སྐད་གདངས་ཞན་པོའི་ངང་ཁོ་མོས་ང་ལ་“ཁྱེད་རང་བདེ་མོ་ཡིན་ནམ„ཞེས་འདྲི་བཀོད་བྱས་བྱུང་། ངས་ཁ་ཡ་མི་བྱེད་པའི་ཚུལ་ཉམས་ཀྱིས། རེ་ཞིག་ཁ་རོག་གེར་འདུག་པས། སླར་ཡང་ཁོ་མོས་འདྲི་རྒྱུར“ཁྱེད་རང་གིས་ད་གིན་ངས་ཁ་པར་མ་བཀྱགས་པ་ཅི་ཡིན་ནམ„ཞེས་འདྲི་བརྩད་བྱེད་དུས། ཅི་ཡང་མི་སྨྲ་ངག་བསྡམས་ནས་སྡོད་པས། འདྲི་བཀོད་གསུམ་པ་མ་བྱས་པའི་གོང་དུ་ཁོ་མོས་ང་ལ་བཀའ་སྐྱོན་བཏང་གནང་བྱུང་ལ། མ་ཟད་ལྐུགས་པ་ཞེས་བཏགས་མིང་ཡང་གནང་བྱུང་། སྐར་ཆ་འགའ་ཞིག་སོང་བའི་མཚམས་འདིར་འདྲི་བཀོད་བྱས་པའི་དྲི་བ་དང་། འདྲི་བརྩད་བྱས་པའི་དྲི་བ་དང་བཀའ་སྐྱོན་གསུམ་གང་ལ་ཡང་ངས་ཁ་ཡ་མི་བྱེད་པར་མཉན་འདུག་པ་ཡིན། གང་ཡིན་ཟེར་ན་ན་ཟུག་གིས་བཅིངས་པའི་སྐབས་དེར་ན་ཟུག་ལས་ཇི་ལྟར་དགྲོལ་ན་སྙམ་པ་ལས། དྲི་བ་གཉིས་དང་བཀའ་སྐྱོན་ལ་ངག་གི་ལན་ཇི་ལྟར་གློད་དགོས་མིན་གཏན་ནས་དྲན་མ་བྱུང་། ཁོ་མོས་ཞི་འཇམ་པོའི་ངག་གིས་སླར་ཡང་ང་ལ“ཁྱེད་རང་དཔེ་ཀློག་བྱེད་ཀི་ཡོད་དམ„ཞེས་འདྲི་བྱུང་། ངས་སྐད་གདངས་དམའ་བོའི་ངང་“ང་ན་ཀི་འདུག་„ཟེར་ནས་དྲི་གཞི་དང་མ་མཐུན་པའི་ལན་ཅིག་སྤྲད་པས། ཁོ་མོས་ང་ལ་བཀའ་སྐྱོན་གནང་བ་དང་ལྐུགས་པ་ཞེས་བོས་པ་ལ་འགྱོད་སེམས་སྐྱེས་པའི་ཉམས་ཀྱིས། དགོངས་དག་ཞེས་ཟེར་འཕྲོར་ད་གིན་ང་ནི་ཁྱེད་རང་སུ་ཞིག་དང་གླེང་སློང་གློད་པའི་དོགས་པས་སེམས་པ་ཁྲོ་བྱུང་ལ། མ་ཟད་ཁྱེད་རང་གི་ཚུར་ལན་ཅི་ཡང་མི་ལྡོན་པའི་ཚུལ་དེས་སྔར་བས་ཀྱང་ཁོང་ཁྲོ་ཇེ་ཆེར་དུ་སོང་བས། ངག་ནས་བཀའ་སྐྱོན་དང་ལྐུགས་པ་ཞེས་བོས་ཐལ་ཤོར་སོང་བས་ང་ལ་གུ་ཡངས་གནང་རོགས་ཞུ་ཞེས་སྐུལ་མ་བྱས། འོན་ཏང་ངས་ཅི་ཡང་ལན་མི་ལྡོན་པར་ངས་ཁོ་མོར་ན་ཟུག་འདི་ཇི་ལྟར་ལུས་ནས་འབོར་དགོས་པའི་བསམ་འཆར་བཏོན་ཙང་། ཁོ་མོས་"ཁྱེད་རང་ག་རེ་ན་ཀི་འདུག་གམ། གསོ་སྨན་མཆོད་ཟིན་ནམ། „ཞེས་འདྲི་དུས། ངས་དྲི་བ་ཕྱི་མའི་ལན་དེ་སྔུན་ལ་བསུ་ནས་ངོ་གནོང་གི་ཚུལ་གྱིས“མེད་„ཅེས་བརྗོད་ཟིན་པའི་རྗེས་སུ། ལམ་སེང་ཁོ་མོས་ང་ལ་“ག་རེ་བྱས་ནས་མ་མཆོད་པ་ཡིན་ནམ་„ཅེས་འདྲི་ཚར་བའི་རྗེས་སུ། དྲི་བ་སྔ་མའི་འཕྲོ་ལན་དང་། དྲི་བ་ཕྱི་མའི་ལན་དེ་ལྷན་དུ་ན་ཟུག་དེ་ནད་གང་གིས་ལངས་མིན་ཤེས་མ་བྱུང་ཞེས་གནང་བ་ཡིན། ངས་དེ་རིང་འདང་ཞིག་རྒྱག་སྐབས། ང་དང་ཁོ་མོ་བར་ངག་གློད་པ་ནི་དུས་ཡུན་ཟླ་བ་གཅིག་ལས་ཕྱིན་མེད་ཀྱང་ཕན་ཚུན་གྱི་བརྩེ་དུངས་ནི་ཇི་ལྟར་དཔག་ཚོད་དཀའ་བའི་རྒྱ་མཚོ་ཡི་གཏིང་ལས་ཀྱང་ཟབ་པ་དང་ཆུ་དང་ཉ་མོ་བཞིན་བྲལ་དཀའ་བར་གྱུར་བ་ཡིན་ནམ། ངོ་མ་བརྩེ་དུངས་ཀྱི་རྣམ་ཤེས་དེ་གལ་ཏེ་མིག་གིས་རིག་པའི་གཟུགས་སུ་ཡོད་རྒྱུ་ན། ཏན་ཏན་ང་ཚོས་ངེས་ཅན་གྱི་རྒྱུ་མཚན་གཅིག་གི་ཐོག་ནས་འཆད་དཀའ་མོ་རེད། སྐབས་རེར་གཟུགས་ཀྱི་ལང་ཚོ་ལ་ཆགས་ནས་བརྩེ་དུངས་ཀྱི་ས་བོན་འཕེལ་བར་རྒྱས། སྐབས་འགར་མིག་གི་གྲུབ་ཉམས་དང་།རེ་འགར་ཡང་དེ་ལས་གཞན་ཕ་རོལ་པོའི་བསམ་ཕྱོགས་ཀྱི་རིམ་པ་ལ་ཆགས་ནས་ཕན་ཚུན་གྱེས་མི་ཐུབ་པའི་བརྩེ་དུངས་གྲུབ་པ་དེ་དག་གི་ལས་ཕྱོགས་ལ་མནོ་བསམ་ཞིག་བཞེས་སོང་ན། ངོ་མ་དགོད་བྲོ་བ་ཞིག་དང་། ཡ་མཚར་བ་ཞིག་རེད་མི་འདུག་གམ། བསམ་ཕྱོགས་ཀྱི་བློ་སྒོ་ཁྱོན་ཡངས་པའི་མཁྱེན་ལྡན་གྱི་ཀློག་པ་པོ་ཁྱེད་རྣམས་པས་དེའི་ཐོག་ཏུ་བཞེད་ཕྱོགས་ཅི་ཡིན་མིན་མི་ཤེས་མོད། གློ་བུར་དུ་འདང་དེ་དག་སྤྲེའུ་ཡི་ལྡིང་མཆོང་ཞིག་གིས་དཀྲོགས་སོང་། སླར་ཡང་གོམས་ཞེང་གཉིས་ཀྱི་རྗེས་སུ་ཡོལ་བ་དེ་ཕྱེ་སྟེ། སྒེའུ་ཁུང་ནས་ཕྱི་རུ་བལྟས་པ་ན། མཚན་ལྗོངས་ནི་སྔར་ནས་ལྷོད་ཟིན་ལ། བྲེལ་འཚུབ་ཀྱི་ལས་ལ་བཞུགས་པའི་སྐྱེས་བུ་ཚོ་ཡང་རྨི་ལམ་དུ་སྔ་ས་ནས་བཞུད་ཚར་འདུག འོན་ཏང་ལས་མེད་ཀྱི་སྤྲེའུ་འགའ་ཞིག་ངའི་སྒེའུ་ཁུང་གི་ལྗོན་འདབས་སུ་ལྡིང་མཆོངས་ལ་རོལ་གྱིན། ད་དུང་ཕན་ཚུན་ལན་རེར་བར་འཛིང་མོ་བྱས་པ་ནི། ཀློག་པ་པོ་ཁྱེད་རྣམས་པས་ཞུ་ན། དེ་ནི་ཁོ་བོར་བརྙས་བཅོས་དང་མ་རབས་བྱེད་པ་མ་ཡིན་ནམ། ངོ་མ་མཚན་ལྗོངས་ཀྱི་ལྷོད་འཇགས་དང་རྒྱུ་བཞིན་པའི་སིལ་རླུང་དེ་དག་གིས་ངའི་སེམས་ཁམས་སུ་ནད་ལས་ཅུང་ཟད་ལྡང་འོང་བའི་ཚོར་བ་བྱུང་། དོ་ནུབ་ཀྱི་མཚན་ལྗོངས་ནི་འདི་ལྟར་དུ་སྣང་བ་སྟེ།
ཨ་སྔོན་དགུང་གི་ཟླ་འོད་ས་གཞིར་འཕོས།།
མཚན་མོའི་ལྷོད་འཇགས་མཐོང་ན་དགའ་བ་སྐྱེས།།
ལས་མེད་སྤྲེལ་རྒན་ལྡིང་མཆོང་རོལ་བ་ཚོས།།
བརྩེ་འདང་ཡོངས་སུ་དཀྲོགས་སོང་སྐྱོ་བ་ལ།།
ཉིན་མོར་བྲེལ་བའི་སྐྱེས་བུ་གཉིད་དུ་ཡུར།།
མཚན་གཞུང་འགྲུལ་པ་དལ་གྱིས་གོམས་ཁ་ལྷོད།།
བྱ་ཆུང་འགའ་ཞིག་སྐད་སྙན་སྒྲོགས་པ་ཡིས།།
རྣ་བའི་ལམ་དུ་སྙན་པའི་དབྱངས་ཀྱིས་ཕྱུག །
དྲན་པའི་ངོགས་སུ་ཁོ་མོའི་རྣམ་པ་འཆར།།
མིག་ཟུང་དཀྱིལ་དུ་མཆི་མའི་ཆུ་ཕྲན་རྒྱས།།
ལས་དབང་འདི་ནས་གར་སོང་མི་ཤེས་པའི།།
ཁེར་རྐྱང་རང་ཉིད་ད་དུང་འདི་ན་ལུས།།
ཆུང་དུས་ཨ་མའི་བྱམས་སྐྱོང་མ་བརྙེས་ཞིང་།།
ཆེ་དུས་གར་འགྲོའི་སྡོད་གནས་མེད་ན་ཡང་།།
མ་ཤི་གཏན་དུ་ལུས་པའི་རྣམ་ཤེས་སུ།།
མདུན་བསྐྱོད་བྱ་བའི་སྤོབས་པ་ཞུམ་མ་མྱོང་།།
སྦྲང་ཆར་ཕོ་ཉ་ནས།
༡
འཁྱམས་ཉུལ་དུ་བྱས་པའི་དུས་ཡུན་དེ་དག་གི་ཁྲོད་དུ། མི་ཚེ་ཡི་རིན་ཐང་ལ་འགྱོད་སེམས་ཤིག་གཏིང་ནས་སྐྱེས་བྱུང་། རིན་ཐང་འདི་སྤྱི་ནས་གཞལ་དུ་མེད་པའི་ནོར་བུ་ཞིག་ལས་ལྷག་ཏུ་གྱུར་ཡང་། འཚོ་བའི་འཁོར་ཡུག་དང་གནས་འབབ་ཀྱི་འོག་ནས་འཚོལ་སྙེགས་བྱེད་འཆར་འཆོར་བས། ད་གཟོང་ངོ་གནོངས་ཀྱི་བཞིན་ཁྱིམ་བསྡུས་ཏེ། རིན་ཐང་ལ་བརླག་ནོར་ཤོར་བ་དེར་ཞེ་ནས་འགྱོད་གདུང་བར་མེད་ཞིག་སྐྱེས། ངས་དེ་དག་ཟེར་དོན་ལ། ཏན་ཏན་རྒྱུ་མཚན་ཞིག་ཡོད་དེ། ཕ་མ་ཟེར་བའི་ཡིག་འབྲུ་གཉིས་པོ་དེར་ངེས་ཏན་གྱི་ཐོག་ནས་བཤད་ཐུབ་པ་ནི། ཕྱོགས་གཉིས་སུ་ཡོད་པའི་ཕ་མས་བུ་དང་བུ་མོ་ལྟ་སྐྱོང་བྱེད་ཚུལ་ལ་གཉིས་སུ་འབྱེད་ཆོག་པར་འདུག། ཕྱོགས་ཕ་རོལ་ཏུ་གནས་ཡོད་བྱེད་པའི་ཕ་མས་འཚོ་བར་བྱིས་པ་སྔ་ནས་གྲལ་བསྟར་མེད་པའི་ཆགས་པས་སྐྱེ་བཞིན། ལོ་འགའ་ཁོ་མོ་ཚོས་དཀའ་སྡུག་ཡོད་ཚད་ཀྱིས་པང་དུ་བཟུང་། མཐར་སྐྱོང་མ་ནུས་པའི་འཚོ་བའི་ཁྲོད་ནས། ཁོང་ཚོར་མཐུན་སྦྱོར་བྱས་པའི་སློབ་གྲྭ་སོགས་སུ་ཉར་སྐྱོང་གི་རེ་སྐུལ་ཞུ་བ་དེ་མཐུན་གྲུབ་པའི་དགའ་སྟོན་དུ་ཕྲུ་གུར་འོ་ཞིག་སྦྱར་ཏེ། ལོ་ནས་ལོ་ཕྲུ་གུ་དང་རྒྱང་དུ་གྱེས་ཀི་ཡོད། འོན་ཏང་ཁོང་མོ་ཚོས་ནམ་ཡང་རང་ཉིད་ཞི་ལྷོད་ཀྱི་ངང་ནས་དཀའ་སྡུག་དེ་ཙམ་མི་མྱོང་བར་འདུག་དགོས་བསམ་པའི་རྟོག་པས་བྱིས་པ་ཅི་ཞིག་འབྱུང་མིན་དང་། བྱིས་པའི་མ་འོངས་པའི་འདུན་ལམ་སོགས་ཀྱི་ཁ་ལོ་དེ་གང་ཞིག་ལ་བསྒྱུར་མིན་ཏན་ནས་མནོ་བསམ་བཞེས་ཀི་མེད་པ་རེད། ལྟ་སྐྱོང་གི་ཚུགས་ཀ་དེ་ནི་ཁོ་བོས་སྙམ་ན་ཁྱི་ཨ་མས་རང་གི་ཕྲུ་གུར་ལྟ་སྐྱོང་བྱེད་པ་གཅིག་ཏུ་མཚུངས་པ་ཡིན།
༢
ཕྱོགས་ཚུར་རོལ་གྱི་ཕ་མས་རང་གི་ཕྲུ་གུ་དང་རྒྱང་དུ་མ་བཞུགས་པར། ཕྲུ་གུའི་ཁ་ལོ་དང་འདུན་ལམ་ལ་དམིགས་བསལ་དོ་ཁུར་གནང་སྟེ། བྱིས་པའི་སེམས་ཁམས་དང་།འཚོ་བར་དངོས་མཐོང་གི་འདུན་ལམ་ཞིག་སྟོན་པར་བྱེད། གཤིས་སྤྱོད་དེ་ལྡན་གྱི་ཕ་མས་བྱིས་པ་མ་སྐྱེ་གོང་ནས་འཚོ་བའི་གྲལ་རིམ་གཏན་འབེབས་གཞིར་བཟུང་གི་འོག་ནས། ད་གཟོད་བྱིས་པ་བཙས་པ་ཡིན། བྱིས་པར་ཆུང་དུས་ནས་གཅེས་པའི་མིག་དང་། དུངས་པའི་སེམས། ད་དུང་ཡང་ཡག་སྡུག་ལམ་སྟོན་འབྱེད་པའི་ངག་དང་བཅས། གང་ལྟར་ཡང་། བཅོས་མིན་གྱི་བརྩེ་བ་དང་བྱམས་སྐྱོང་གི་འོག་ནས་ཉར་སྐྱོང་གནང་གི་ཡོད། ཁོ་བོས་བཤད་ན་ཚུགས་ཀ་དེ་ལྟ་བུ་ནི་དོན་ལྡན་གྱི་ཕ་མས་ལྟ་སྐྱོང་བྱེད་པ་དེ་ཡིན།
༣
དེང་སང་བྱིས་དུས་ཀྱི་ལོ་ངོ་དེ་རྨོངས་འཐོམས་ཀྱི་ལམ་ནས་ཟད་ཅིང་། དར་མའི་སྐབས་སུ་ཡང་སྔ་མའི་ཤེས་འཇོན་མེད་པའི་རྒྱུ་རྐྱེན་གྱིས། རང་ཉིད་ཀྱི་མི་ཚེའི་རིན་ཐང་དཀའ་སྡུག་ཁོ་ནའི་ཁྲོད་དུ་ལུས་པ་ལས། གཏན་འཐོབ་བྱ་བའི་ཁེ་སྤོབས་ཞིག་གི་ལམ་ནས་མཇུག་བསྡུ་ཐུབ་ཀྱི་མེད་པ་ནི། ཕྱོགས་གཅིག་ནས་ཕ་མའི་ནོར་འཁྲུལ་དང་། ཕྱོགས་གཉིས་ནས་ཕ་མའི་ལུས་སེམས་གཅིག་ཏུ་རེ་སའི་སློབ་གྲྭ་དང་དགོན་པ་སོགས་སུ་ཤེས་ཡོན་དང་སློབ་གསོས་རབ་གྱིས་མ་བཅོས་པ་ལས་བྱིས་པའི་འདུན་ལམ་དེ་དོན་ལྡན་གྱི་ཚད་གཞི་གཅིག་ཏུ་སྙེགས་ཐུབ་ཀྱི་མེད་པ་རེད། དེང་དུས་དགོན་ཕྱོགས་ཀྱི་ལས་གནས་འགོ་འཛིན་པ་ཚོས། ཐོག་དང་པོར་བཅོས་ཚིག་སྣ་ཚོགས་ཀྱི་ཐབས་ལ་བརྟེན་ནས། བྱིས་པ་རག་ཐབས་རྩོལ་བ་དང། བར་དུ་བྱིས་པའི་སེམས་ཁམས་ལ་ཆོས་ཕྱོགས་སུ་དོ་ཁུར་ནན་པོ་གནང་དགོས་པའི་ལམ་སྟོན་གནང་གི་ཡོད། འོན་ཏང་སྦྱོར་བ་དེ་གཉིས་སུ་ཟོལ་བཅོས་ཀྱི་ངག་དང་ལུས་ཀྱི་རྣམ་འགྱུར་གྱི་རྒྱབ་ཕྱོགས་སུ་ཡོད་པའི་བསམ་བློའི་འཆར་གཞི་ནི། དགོན་པ་སོགས་ཀྱི་ཁང་མིག་དང་འཁོར་ཡུག་མ་སྟོང་ཙམ་བྱེད་པ་ལས། དངོས་ཡོད་འཆར་གཞིའི་ཁྲོད་དུ་ཁོང་ཚོར་དེ་ལྟ་བུའི་བསམ་པ་གཏན་ནས་མེད་པ་ནི་ཁོ་བོས་ཁས་འཆེས་ཆོག ཆོས་ཕྱོགས་སུ་དོ་ཁུར་གནང་དགོས་པའི་ལམ་སྟོན་ནི་ཐོག་མའི་གནས་སྐབས་ཀྱི་རྫུན་གཏམ་ཞིག་ལས་རིང་པོར་རྒྱུན་ཡོད་ཀྱི་སློབ་གསོ་ནི་མ་ཡིན་ནོ།།
༤
ཅི་སྟེ་དགོན་པའི་ལས་གནས་པ་ཚོས། སེམས་སུ་རྩེ་གཅིག་གི་དམིགས་པ་གཏད་ནས་བྱིས་པ་ཚོའི་སློབ་སྦྱོང་ལ་བསམས་གཞིགས་དོན་ལྡན་ཞིག་བྱེད་ཀི་ཡོད་ན། བྱིས་པ་ཕལ་མོ་ཆེ་རྗེས་ལུས་དང་ཕྱིར་བཤོལ་ཅིའི་ཕྱིར་བྱེད་པ་ཡིན་ནམ། དགོན་པར་སྡོད་སྙིང་མ་འདོད་པ་དང་། ཕྱིར་གཞན་ཡུལ་དུ་འགྲིམས་ནས་སླར་ཡང་མི་ཚེའི་ཁ་ཕྱོགས་གསར་དུ་འབྱེད་དགོས་པ་ཅིའི་ཕྱིར་ཡིན། དེར་དགོན་ཕྱོགས་ཀྱི་ལྟ་སྐྱོང་པ་ཚོས་ཟེར་སྒྲོས་གཅིག་མཐུན་ངང་ནས། ཁོང་ཚོ་སྡོད་སྙིང་མ་འདོད་པ་དང་། མུ་མཐུད་འཁོར་ཡུག་འདི་ནས་རང་གི་བསམ་པ་ཆེར་བསྐྱེད་བྱེད་མི་འདོད་པས་ཡིན་ཞེས་བརྗོད། འོན་ཏང་དེ་ནི་རྫུན་སློང་གིས་ཐོག་ནས་བཤད་རྐྱང་བྱེད་པ་ལས། ཕལ་མོ་ཆེར་དེ་ལྟ་བུའི་རྒྱུ་མཚན་གཅིག་ཏུ་བཀོད་པ་ནི། རྟགས་སུ་བཀོད་པ་གང་དེ་ཆོས་ཅན་ལ་མ་ཁྱབ་ཏུ་གྱུར་བ་ལས་ངེས་ཤེས་བསྐྱེད་པའི་རྒྱུ་མཚན་ཞིག་ཏུ་ཁོ་བོས་ཏན་ནས་མཐོང་ཀི་མི་འདུག དཔེར་ན་མི་ཞིག་གིས་ཟེར་སྒྲོས་སུ་མི་བརྒྱ་ཡིས་ཡིད་ཆེས་བྱས་པ་ལས། དངོས་སུ་བྱ་བ་དེ་འགོ་རྩོམ་ནས་དུས་ཡུན་དང་ལོ་ངོ་འགའ་ཙམ་སོང་བའི་རྗེས་སུ། རེ་འགའ་ཕྱིར་བསྐྱོད་བྱེད་པ་ནི། བསམ་བློ་སྣེ་མང་ཡོད་ལ། རྒྱུ་མཚན་ཡང་མི་འདྲ་བ་དུ་མ་ཡོད། རང་གི་བསམ་ཕྱོགས་ཀྱི་རྒྱུ་མཚན་ཉིད་དྲང་བདེན་དང་ཡང་དག་ཏུ་འཛིན་པའི་དགོན་ཕྱོགས་ཀྱི་འགོ་འཛིན་པ་ཚོས། ནམ་ཡང་བྱིས་པའི་སེམས་ཁམས་ཀྱི་འཚོ་བ་དང་མ་འབྲེལ་བར་རང་ཉིད་ཡིན་མདོག་གི་ཚུགས་ཀ་བཟུང་ནས་མགོ་བོ་ཡར་བཏེགས་ཙམ་བྱེད་པ་ལས། བྱིས་པ་རེ་རེའི་འདུན་ལམ་ལ་དམིགས་ཏེ། ལམ་སྟོན་གྱི་སློབ་གསོ་སྨྲ་བ་ནི། ཉུང་ན་གཅིག་དང་། མང་ན་གཉིས་རེད། དེ་ལས་མང་བ་ནི་ནམ་ཡང་ཡོད་མི་སྲིད། གང་ཡིན་ཞུ་ན། ཁོང་ཚོས་ཅི་སྟེ་རང་ཉིད་བྱིས་པ་དང་འདུག་པ་གཞན་གྱི་མཐོང་ན་བརྙས་ཨེ་ཡོང་བསམ་པ་དང་གཅིག གཞན་ཕྱོགས་ལ་རང་ཉིད་འགོ་འཛིན་ཡིན་པའི་ཉམས་སྟོན་དགོས་བསམ་པ་དང་གཉིས། བྱིས་པ་ནི་རྙོག་འཛིང་ཆེ་བ་དང་དེ་དང་འབྲེལ་ན་དུས་ཚོད་འཕྲོ་བརླག་རེད་བསམ་པ་དུ་མས། ལྟ་བཟོ་དང་གཤིས་སྤྱོད་མེད་པའི་ངོམ་དེ་ནི་ཁོང་ཚོས་ནོར་འཁྲུལ་ཆེ་ཤོས་དེ་ཡིན། ནོར་འཁྲུལ་དེ་དག་གིས་བྱིས་པའི་སེམས་ཁམས་སུ་རྨ་ཁ་ཅི་བྱུང་དང་། བྱིས་པ་ཚོའི་ཁ་མཐུན་གྱི་བསམ་འཆར་དེ་ཅི་ཡིན་མིན་ལ་མནོ་བསམ་ཏིལ་འབྲུ་ཙམ་ཡང་བཞེས་ཀི་མེད། བསམ་འཆར་ཉན་པའི་དབང་དུ་བཏང་ན་ཡང་མཐར་རང་གི་སྐད་ཆ་རང་གིས་ཉན་ཏེ་ཐག་གཅོད་པ་དེ་གསལ་བསྒྲགས་རེད་ཞེས་འགོ་བརྗོད་ཆེ་ཙམ་ཞིག་དཀར་པང་དུ་སྦྱར་བ་དེ་ནི། རབ་ཀྱིས་གཞིགས་ན་དེ་ནི་གསལ་བསྒྲགས་ག་ལ་ཡིན་ཏེ། ཡིག་གཟུགས་ཀྱི་བརྒྱུད་ནས་རང་གི་སྐད་ཆ་རང་གིས་ཉན་ཏེ་ཐག་གཅོད་པ་བྱེད་པ་དེ་བརྒྱུད་བསྒྲགས་བྱེད་པ་ཙམ་ཡིན། གཞན་ཡང་ཁོང་ཚོས་ནམ་ཡང་འགོ་ས་ཞིག་གི་ཆེད་དུ་རིགས་ཀྱི་རྩོད་རྙོག་བྱེད་པ་དང་། རང་དང་མི་མཐུན་པའི་རིགས་དེ་དག་ཁོང་ཚོའི་བྲན་གཡོག་ཏུ་ལྟ་གིན་ཡོད་པ་ནི་སྤྱི་ཚོགས་ལ་ཡོངས་སུ་བསྒྲགས་སྡད་པ་རེད། གལ་ཏེ་རང་དང་མི་མཐུན་པའི་རིགས་ཤིག་ལ་འགོ་ས་སྤྲོད་སྙིང་འདོད་ཚེ། ཁོང་ཚོས་ནམ་ཡང་མི་དེ་ཡག་སྡུག་ཡོད་མིན་དང་། བྱིས་པའི་འདུན་ལམ་དུ་སྔ་ན་མེད་པའི་འབྲས་བུ་འཁུར་ཡོང་ཐུབ་པའི་མི་ཞིག་འཚོལ་བ་མིན་ལ། རང་ཉིད་ལ་སྤྲེལ་ལད་དང་ཕྱིས་སུ་རང་ཉིད་གཞན་དང་རང་གི་འགོ་སར་རྩོད་གླེང་བྱེད་ཚེ། རམ་འདེགས་བྱ་ཨེ་ཡོང་སྙམ་པའི་མི་དེར་ཁོང་ཚོས་འགོ་སར་སྟེར་གྱིན་ཡོད་པ་དེ་ཡང་དངོས་མཐོང་གི་དྲང་གཏམ་རེད།
༥
ང་ནི་བྱིས་པའི་འདས་དུས་དེ་ནས་རིམ་བཞིན་དར་ལ་འབབ་ཀྱང་། ལང་ཚོའི་གཡོ་འགུལ་དེ་ད་དུང་དར་ལ་མ་འབབ་པ་ཅི་ཡིན་བརྟག་དུས། དེ་ནི་རང་ཉིད་ཀྱིས་དེ་སྔོན་འབད་པས་སློབ་སྦྱོང་གི་རོ་མྱོང་མི་ཤེས་པ་དང་། ཐོས་བསམ་སྒོམ་གསུམ་ལ་འཆལ་དྲི་དང་ངན་གོམས་ཀྱི་ལམ་དང་འགྲོགས་པའི་གྲོགས་དེ་དག་གིས་ལམ་བུ་ལ་བརྟེན་ནས་ཡིན་མོད། འོན་ཏང་སྤྱི་ཚོགས་ཀྱི་མཐུན་རྐྱེན་དང་དུས་ཀྱི་ཡར་རྒྱས་ལ་བརྟེན་ནས་ཅུང་ཟད་ལོན་པ་དེ་ཡང་ཕལ་ཆེར་ད་ལྟ་དྲན་དུས། བླ་མའི་བཀའ་དྲིན་ཉག་གཅིག་དང་ཅུང་ཟད་རྩོལ་བ་ལས་བྱུང་བ་ཡིན། ངའི་དང་ཐོག་ཏུ་བཀའ་དྲིན་ནམ་ཡང་གསབ་ཐབས་བྲལ་བའི་འཁོན་རིགས་ཀྱི་སྲས་པོའི་བཀའ་དྲིན་ལ་བསམ་དུས། ངོ་མ་མིག་ཆུ་དབང་མེད་ཤོར་ཀི། ཁོང་ནི་བདག་གི་ནམ་ཡང་དུས་ཐོག་ཀྱི་སྦྲང་ཆར་ཟིལ་མ་དང་། ལམ་སྟོན་ཉག་གཅིག་སློབ་གསོ་གནང་བའི་དྲིན་ཆེན་ཕ་མ་དང་གཉིས་སུ་མེད། སྐབས་འགར་ཁོང་གིས་མཛད་འཕྲིན་དང་ཉིན་རེའི་སྒོ་གསུམ་གྱི་བྱ་སྤྱོད་དེ་དག་མིག་གིས་མཐོང་དུས། སེམས་སུ་རང་མེད་ཀྱིས་དྲི་ཚིག་ཞིག་ཡོད་པ་ནི། སངས་རྒྱས་ཟེར་བ་དེ་ང་ཚོའི་མིག་གི་མེ་ལོང་དུ་འཆར་མི་ནུས་ཀྱང་། ཡོད་མཆིས་ན་དེ་ལྟར་བྱམས་བརྩེ་ཆེ་བ་དང་། དུས་དྲུག་ཏུ་གཞན་དོན་རྐྱང་པ་བཟུང་བའི་འཁོན་རིགས་ལྷ་ཡི་སྲས་པོ་ཁོང་བཞིན་ཡོད་པ་ནི་ཏན་ཏན་རེད།
༦
སྤྱིར་བལ་ཡུལ་གྱི་རིགས་རྒྱུད་ལས་མཆེད་པའི་སྐྱེས་པ་དང་སྐྱེས་མོ་མང་པོ་ཞིག་གིས། གཉེན་བསྒྲིགས་མ་བྱས་གོང་དུ་འབྱུང་འགྱུར་གྱི་དཀའ་ཚེགས་དང་བྱིས་པའི་འདུན་ལམ་ལ་བསམ་བློ་ཡེ་ནས་མ་གཏོང་ཞིང་། ཆགས་པས་རང་ཉིད་བཟི་དུས་བྱ་སྤྱོད་ཚད་ལས་འདས་པའི་གནོངས་པ་བྱས་ཤིང་། བཟི་སད་དུས་རང་ཉིད་པང་དུ་བྱིས་པ་ཞིག་ཡོད་པ་དེ་ཡང་མ་རྟོགས་པ་ནི། འཚོ་བའི་བགྲུལ་བཞུད་ལ་གྲལ་རིམ་མེད་པ་དང་། ཆགས་པའི་བཟི་ལྡང་དུས་སྐྱེས་ཟིན་པའི་བྱིས་པའི་ཁ་ཕྱོགས་དེར་ད་གཟོད་གྲལ་རིམ་ཞིག་བཟོ་བ་ཡིན། ཁོ་བོ་ཡང་དེ་ལྟ་བུས་ཕ་མས་ཉར་སྐྱོང་བྱེད་མི་ནུས་པའི་ངལ་གདུང་གི་ཁྲོད་ནས། གཞན་ཡུལ་དེ་སྐྱ་ཆས་མིན་པར་གྲྭ་ཆས་གྱོན་པའི་བཙུན་པ་མགོ་རིལ་གྱི་འོག་ནས་འགྲིམས་དགོས་བྱུང་བ་རེད། ཁོ་བོས་གོང་དུ་དམིགས་བསལ་གྱི་དགོན་པའི་ཁ་ཕྱོགས་གསེས་ཏེ་དམིགས་བསལ་གྱི་སྐྱོན་བརྗོད་གླེང་བ་ནི། གང་ལ་ཡོད་པའི་འཁོར་ཡུག་དང་། སྐྱེས་བུ་དམ་པ་གང་གིས་སེམས་ཅན་ལ་ཕན་པའི་ཕྱིར་དུ་ཕྱག་བཏབ་གནང་བའི་དགོན་པ་དེར་གཏད་ནས་བརྗོད་པ་མིན་ལ། དེར་ལྟ་སྐྱོང་གནང་མཁན་ཕྱོགས་རེ་དང་མཚན་ལ་དགའ་བའི་འགོ་འཛིན་པ་ཚོར་བསམ་འཆར་རྩོམ་གྱི་བགྲོས་དང་བསྟུན་ནས་སྐུལ་མ་ཞུ་བ་ཡིན། དེ་ནས་རང་ཉིད་དགོན་པར་འབོར་དུས། ནམ་ཡང་མཐོང་མྱོང་གཏན་ནས་མེད་པའི་ཡོངས་རྫོགས་ངུར་སྨྲིག་གོས་ཀྱིས་བཀླུབས་པའི་གང་ཟག་དེ་དག་མཐོང་དུས། ཕ་མས་ང་ལ་ཕལ་ཆེར་སེམས་ཁམས་ཀྱི་ཁྲོད་ནས་ནམ་ཡང་འདོར་ཟིན་པའི་ཚོར་བ་སྐྱེས་བྱུང་། མི་ཚེའི་སྟེང་དུ་ཕ་མ་ཟེར་བ་དེ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་དྲིན་ཆེ་ཚུལ་བརྗོད་ཡོད་མོད། འོན་ཏང་ཁོ་བོ་ལྟ་བུའི་གང་ཟག་སྒེར་པ་ཞིག་ལ་བསམ་ན། ཚེ་སྔ་མའི་ཕ་མ་སུ་ཡིན་མིན་མི་ཤེས་ཀྱང་། ཚེ་འདི་ཡི་ཕ་མ་དང་དངོས་མཐོང་དངོས་འཕྲད་ཡོད་ན་ཡང་། དྲིན་ཆེན་པོ་ཡིན་པའི་སྣང་བ་མི་འཆར་བ་ནི། ཁོང་ཚོས་རང་ཉིད་བྱིས་པར་ལམ་སྟོན་སྒྲོན་མེའི་འོག་ནས་མུན་པ་སེལ་བར་ནམ་ཡང་འགྲོགས་མི་བྱེད་པ་དང་། རང་ཉིད་དང་བྱིས་པའི་དཀའ་སྡུག་ལ་གདོང་ལེན་བྱེད་མི་ནུས་པར་རྒྱང་རིང་དུ་བྲོས་བྱོལ་བྱེད་པས་ཡིན། སྐྱེས་དུས་སྐབས་ཀྱི་ལོ་ངོ་གཉིས་གསུམ་དུ་ནུ་མ་སྣུན་བཅུག་པ་ཙམ་ལ་བཀའ་དྲིན་རེད་ཟེར་མོད། འོན་ཏང་བཀའ་དྲིན་དེ་ནི་བྱིས་པའི་སེམས་ཁམས་ལ་ངེས་ཤེས་གཏན་དུ་སྐྱེ་བཅུག་པ་ནི། བྱིས་པ་ལོ་ངོ་བརྒྱད་དང་བཅོ་ལྔ་ལ་སོན་དུས་ཕ་མས་ཉིན་རེའི་བྱ་སྤྱོད་དེ་བྱིས་པའི་འདུན་ལམ་ལ་གཏད་ནས་དཀའ་ངལ་ཡོད་ཚད་ལ་གདོང་གཏུགས་བྱེད་པའི་གཡོ་འགུལ་དེ་བྱིས་པས་རྟོགས་ཚེ། ད་གཟོད་ཕ་མ་ཟེར་བ་དེ་དྲིན་ཆེ་ཚུལ་བརྗོད་པའི་གོ་དོན་དེ་རྟོགས་པ་ཡིན། དེ་ལྟར་ན་ཁོ་བོར་མཚོན་ན་ཕ་མ་ཟེར་བ་ནི་དགོན་པའི་བླ་མ་ཡིན་ལ། དྲིན་ལན་འཇལ་བའི་ནུས་པ་ལྡན་ན། མཚན་མཆོག་གསུམ་ལྡན་གྱི་མཚན་སྙན་དོན་གྱིས་བརྗིད་པའི་འཁོན་རིགས་ལྷ་ཡི་སྲས་ཕོ་འཇིག་རྟེན་དུ་བྱམས་བརྩེས་བྱོན་པ་ཁོང་ལ་བཀའ་དྲིན་འཇལ་དགོས་པ་ལས། གཞན་རང་ཉིད་ལ་ལུས་པོ་གནང་མཁན་གྱི་ཕ་མ་ལ་མིན་པར་སྙམ་སྟེ། དཔེར་ན། ཉེས་ཅན་ཞིག་གིས་རྒྱུ་ངན་བཤམས་པའི་ཐབས་ཇུས་ཀྱིས་མི་ཞིག་བསད་ནས། འབྲས་བུ་ཡུལ་གྱི་ཁྲིམས་དང་བསྟུན་པའི་ཆད་པ་གཅོད་པ་བཞིན། ཕ་མ་ཡང་རྒྱུ་ངན་བཤམས་པའི་ཆགས་པའི་འོག་ནས་འཁྲིག་སྤྱོད་བྱེད་པ་ལས། འབྲས་བུ་བྱིས་པ་ང་ལྟ་བུ་ཞིག་སྐྱེས་པ་ཡིན། ཉེས་ཅན་བཙོན་པས་རང་ཉིད་ཀྱིས་བྱས་པའི་རྒྱུ་དང་མཐུན་པའི་འབྲས་བུ་མནར་གཅོད་ཚད་མེད་ཞིག་མྱངས་དགོས་དུས། ཇི་ལྟར་བཙོན་ལས་བྲོས་བྱོལ་བྱ་དགོས་སྙམ་པ་བཞིན། ཕ་རོལ་གནས་ཡོད་བྱེད་པའི་ཕ་མ་ཡང་དེ་མཚུངས་ཀྱི་མནོ་བསམ་བཞེས་ཀི་ཡོད་པ་ཏན་ཏན་ཡིན་པ་ཁོ་བོས་ཐག་གཅོད་ཐུབ། ཅི་སྟེ་ཁོ་བོས་གང་བརྗོད་ཀྱི་གཏམ་ལ་ཡིད་ཆེས་མེད་ན་ཁྱེད་རང་འཚོལ་ཞིབ་ཀྱི་མིག་གིས་འཇིག་རྟེན་ལ་ཕར་ལྟ་ཞིག་བྱོས་དང་། རིང་པོར་མི་ལོན་པར་ཁྱེད་རང་གིས་མཐོང་ངེས་པ་ཡིན་ནོ།།
སྦྲང་ཆར་ཕོ་ཉ་ནས།།
ངོ་མཚར་བའི་འཇིག་རྟེན། མགོ་རྟིང་ཤོར་བའི་འཇིག་རྟེན།
ངོ་མ་ངོ་མཚར་བ་ལ།
འཁོར་བའི་ཆོས་ཉིད་ཤེས་ཕྱིར་རྩོལ་ཡིན་སྐད།།
དམ་ཆོས་རྒྱུད་ལ་བསྐྱེད་ཕྱིར་སྒོམ་ཡིན་སྐད།།
གཞན་གནོད་འཚེ་མེད་སྤྱོད་ཚུལ་དགོས་ཡོད་སྐད།།
རང་ཉིད་གང་དུ་འདུག་པ་ཨེ་ཤེས་ཡ།།
ངོ་མ་ངོ་མཚར་བ་ལ།
དམ་ཆོས་རྒན་པོས་ཁྲི་སྟེགས་མཐོན་པོ་ནས།།
གསུང་གི་དབྱངས་སུ་སྙན་པའི་དགེ་སྒྲུབ་ཀྱི།།
སྦྱོར་ཚུལ་སྣ་ཚོགས་རྣ་བས་ཐོས་ན་ཡང་།།
རང་ཉིད་གང་དུ་འདུག་པ་ཨེ་ཤེས་ཡ།།
ངོ་མ་ངོ་མཚར་བ་ལ།།
མཁན་པོ་ཡིན་ཞེས་འཇིག་རྟེན་ཡོངས་ལ་སྒྲོགས།།
ཆོས་པ་ཡིན་ཞེས་ངུར་སྨྲིག་གོས་ཀྱིས་ངོམ།།
སྒོམ་པ་ཡིན་ཞེས་ལོ་རྒྱུས་རྫུན་མས་སྤེལ།།
རང་ཉིད་གང་དུ་འདུག་པ་ཨེ་ཤེས་ཡ།།
ངོ་མ་ངོ་མཚར་བ་ལ།
ནང་པ་ཡིན་ཡིན་བག་འདི་གདོང་ལ་གོན།།
དགེ་སྒྲུབ་ཡིན་ཡིན་ཉམས་ཀྱི་ཚུགས་ཀ་བཟུང་།།
ཕར་གཅིག་ལྟ་དུས་སེམས་སུ་སྐྲག་དགོས་པའི།།
ཕྱོགས་རེ་སྲིད་དང་འབྲེལ་བའི་རྫུན་ཚིག་མང་།།
ངོ་མ་ངོ་མཚར་བ་ལ།
འགོ་དཔོན་མདུན་དུ་དྲང་པོའི་གཤིས་དེ་བཙོང་།།
གྲོགས་པོའི་མདུན་དུ་དྲང་པོའི་ངག་གི་དཀྱོག །
རང་ཉིད་རང་ལ་བརྟག་དུས་རང་ཉིད་བཙོང་།།
བཙོང་བཙོང་ལས་ཀྱིས་རང་གི་རིན་ཐང་བཙོང་།།
སྦྲང་ཆར་ཕོ་ཉ་ནས།།