User:Pema Gojor Dolpo
དོལ་པོ་ཀ་རང་བྱམ་ཆེན་ཕོ་བྲང་དགོན།
ཀ་རང་བྱམས་ཆེན་ཕོ་བྲང་ངམ་མཚན་གཞན་༼ཀ་རང་ལྷ་ཁང་།༽ནི་དོལ་པོ་ཤེལ་ཕུ་སུམ་མདོ་ཡུལ་སྡེ་ལྷན་ཁང་ཁོངས་ཡུལ་ཚོ་དགུ་ཡོད་པ་ལས་ཡུལ་ཚོ་གཉིས་པ་ཀ་རང་ཡུལ་གྱི་སྡེ་དགོན་ཞིག་ཡིན། དགོན་པའི་མཚན་བྱམ་ཆེན་ཕོ་བྲང་དུ་ཐོགས་ཚུལ་ནི་སྔོན་ཀ་རང་ཉིན་གངས་སྟོད་དུ་དགོན་པ་ཞིག་ཆགས། དགོན་དེར་བྱམ་པའི་སྐུ་བརྙན་ཞིག་བཞུགས་སུ་གསོལ་བ་དང་། གནས་དེའི་མིང་ལའང་བྱམ་པའ་ཞེས་ད་ལྟའང་ཡུལ་མི་ཚོས་འབོད། བྱམ་པའི་སྐུ་བརྙན་དེ་འཕུར་ནས་ཡུལ་དགོན་དུ་བྱམ་ཆེན་ཕོ་བྲང་བོས། ད་ལྟ་དགོན་དེའི་སྐུ་རྟེན་གཙོ་བོ་འཇིམ་སྐུ་བྱམ་པའི་གཟུངས་སུ་བཞུགས་སུ་གསོལ་ཡོད། སྡེ་མི་རྣམས་ཆོས་རྒྱུད་གཙོ་བོ་བཀའ་རྙིང་ཟུང་སྦྲེལ་ཡིན་སྟབས་དགོན་པར་དགུན་གྱི་ཚེས་བཟང་དུས་བཟང་ལ་དཀོན་མཆོག་སྤྱི་འདུས་དང་།སྒྲོལ་མ་གཡུལ་མདོས།སོགས་འཚོགས་སྲོལ་ཡོད། ཡུལ་མི་རྒན་གྲས་ཚོས་དགོན་པའི་ཀ་གདུང་གི་བརྐོས་རིས་དག་བྱི་གཅེར་གནས་གསར་དང་འདྲ་བས་ན་དུས་རབས་བཅོ་ལྔའི་ནང་ལ་བཞེངས་པར་འདོད།དེང་སྐབས་བྱམ་པའི་སྐུ་བརྙན་རྩ་ཆེན་དེ་གཟུངས་གཞུག་གཙོ་བོར་བྱས་པའི་བྱམ་ཆེན་ཐོག་ཚད་གཅིག་ཅན་ཞིག་མཇལ་རྒྱུ་ཡོད། ཤེལ་བསྟན་འཛིན་རས་པའི་སྐུ་དུས་སུ་བྱོན་པའི་ལྕགས་རི་མཁས་གྲུབ་བླ་མ་བློ་གྲོས་དབང་ཕྱུག་གིས་ཉམས་གསོ་མཛད་སྐོར་དམ་པ་དེ་ཉིད་ཀྱི་མགུར་འབུམ་ནང་གསལ། དེ་ཡང་ལོ་རེའི་དུས་ཆེན་ཁག་ནི་བོད་ཟླ་དང་པོའི་ནང་དཔལ་མོ་ལུགས་ཀྱི་སྒོ་ནས་མི་དམངས་རྣམས་སྨྱུང་གནས་ཆ་བཞི་དང་བརྒྱད་གང་རུང་ལ་དུས་སྐབས་དང་བསྟུན་ནས་འཚོགས་པ་དང་།བོད་ཟླ་༩ནང་ཡུལ་སྤྱིའི་རིམ་གྲོ་ཤེར་སྙིང་བདུད་ཟློག་དང་།སྒྲོལ་མའི་གཡུལ་མདོས།རིག་འཛིན་འཇའ་མཚོན་སྙིང་པོའི་དཀོན་སྤྱིའི་ཆོ་ག་སོགས་ཀྱི་སྒོ་ནས་ཚོགས་མཆོད།བོད་ཟླ་༡༠ནས་ཚེས་བཟང་ནམ་ཡིན་ལ་སོས་ཀའི་ཞིང་ལས་འགོ་མ་བཙུགས་བར་གནམ་ཆོས་རྩ་གསུམ་གྱི་ཚོགས་མཆོད་དང་།དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད་རེ་མོས་ཀྱི་འཚོགས།དགོན་པའི་འཛིན་སྐྱོང་ནི་གྲྭ་པ་རྒན་གྲས་རྣམས་ལོ་གསུམ་རེ་བསྐོ་བཞག་གིས་བྱེད་པ་ཡིན།དགོན་པའི་ནུབ་ཕྱོགས་སུ་འདྲེན་མཆོག་ཆོས་སྐྱབས་དཔལ་བཟང་གི་གདུང་རྟེན་༼སྐུ་གདུང་རིང་སྲེལ་ལ་མ་ཎི་འབྲུ་དྲུག་འཁྲུངས་པར་གྲགས་ལ་ཎི་རང་བྱོན་དེ་ཀ་རང་ན་ཡོད་པའི་སྐུ་གདུང་མཆོད་རྟེན་ནང་གཟུངས་འཇུག་བཞུགས་སུ་གསོལ་ཡོད།༽དང་།དགོན་པའི་མདུན་ན་ལྕགས་རི་མཁས་གྲུབ་བླ་མ་བློ་གྲོས་དབང་ཕྱུག་གི་གདུང་རྟེན་བཅས་བཞུགས།