Jump to content

User:Pecha-Tsewang/sandbox/ལོ་འགོ་འཛིན་ཚུལ།

ཡོང་ཁུངས་Wikipedia

བེ་དཀར་གཡའ་སེལ།

ནག་རྩིས་གཏེར་གཞུང་གི་ལོ་འགོའི་སྐོར།

༈ བཅུ་བཞི་པ་ནག་རྩིས་གཏེར་གཞུང་གི་ལོ་འགོའི་སྐོར་རྒྱ་རྩིས་རྙིང་མ་མངའ་བདག་རལ་པ་ཅན་ཡན་གྱི་སྐུ་རིང་ལ་འགྱུར་བའི་རྒྱུད་རྣམས་དང༌། ཡང་འགྱུར་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཧོར་ཟླ་བཅུ་གཅིག་པར་དཔྱིད་ར་སྟག་ཟླར་འཛིན་པ་དང་། ཡང་བར་འགྱུར་འགའ་ཞིག་གི་ལུགས་དང་། གསལ་སྒྲོན་སྦས་བཅད་ཅན་ལུགས་སོགས་ཟླ་བ་བཅུ་གཉིས་པར་དཔྱིད་ར་སྟག་ཟླར་འཛིན་པའི་ལུགས་དང༌། འདིས་མཚུངས་གསང་སྔགས་རྙིང་མའི་ལུགས་གཏེར་བྱོན་བླ་མ་དགོངས་འདུས་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་ནས་གསུངས་པ་དང་། ཡང་སློབ་དཔོན་ཀུན་དགའ་དཔལ་བའི་དུས་ཚིགས་འཁོར་ལོ་བཅུ་པའི། དྲུག་པའི་ཁ་བྱང་། མུ་ཁྱུད་དྲུག་པ་དེང་སང་རབ་གྲགས་པ། །ཧོར་ཟླ་དང་པོ་དཔྱིད་ར་སྟག་ཟླ་ཞེས། །སྐར་མ་མཆུ་ཡིས་ཉ་བའི་ཟླ་བ་ལ། །ཡར་ངོ་སྔོན་འགྲོ་ལོ་གསར་ཟླ་བར་བྱེད། །རྒྱ་ནག་མདོ་ཁམས་དབུས་གཙང་ཀུན་ལ་གྲགས། །འདི་ནི་སྟོན་པ་མྱ་ངན་འདས་པ་ནས། །ལོ་ཚོགས་སྟོང་དང་དགུ་བརྒྱ་བདུན་འདས་དུས། །མེ་མོ་ཡོས་ཞེས་རབ་བྱུང་དང་པོའི་ལོ། །འཕགས་པའི་ཡུལ་དུ་དུས་ཀྱི་འཁོར་ལོ་ཕབས། །དེ་ནས་རིང་པོར་མ་ཐོགས་རྒྱ་ནག་དང་། །བོད་ཁམས་ཀུན་ཏུ་ཚུལ་འདི་དར་ཞིང་འགྱུར། །ཁྱད་པར་རྒྱ་ནག་མི་ཉག་རྒྱལ་རབས་དུས། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་བཟང་ལ། །མཁས་པའི་པཎྜི་ཏ་ཞིག་རྒྱ་ནག་བྱོན། །དེ་ཡི་ལེགས་བཤད་ངོ་མཚར་དཔལ་མང་ལ། །མི་ཉག་རྒྱལ་བློན་མངོན་པར་དད་པའི་མཐུས། །ཟླ་བའི་ར་འབྲིང་རྣམས་ཀྱང་དུས་འཁོར་ལུགས། །རྩིས་མཁན་རྣམས་ལ་བཀའ་ཡིས་བསྒོ་བ་བྱས། །རྒྱལ་པོའི་ལུང་ལས་འགོང་བར་མ་ནུས་ནས། །དཔྱིད་ར་ཡིན་ན་སྟག་ཟླ་ཡིན་པར་བསམས། །དེ་ནས་ད་ལྟའི་བར་གྱི་རྒྱ་རྩིས་པས། །མཆུ་ཡི་ཟླ་བ་དཔྱིད་ར་སྟག་ཟླར་བྱེད། །དཔྱིད་ར་ཟེར་ཀྱང་སྟག་ཟླར་བྱེད་པ་འཁྲུལ། །འོན་ཀྱང་ཞིབ་མོའི་བློ་ཅན་ཡོད་ངེས་པས། །ཕོ་བྲང་ནང་གི་རྩིས་ཀྱི་ཁྲིམས་ར་ན །དགུན་ཉི་ལྡོག་པ་མགོ་ཟླའི་ཚེས་གཅིག་ལ། །རྩིས་མཁན་རྣམས་ཀྱི་ལོ་གསར་ཆུང་བ་ཞེས། །དུས་སྟོན་ཆེན་པོ་བྱེད་པ་ཁྲིམས་ཀྱི་ལུགས། །ད་ལྟ་རྒྱ་ནག་རྒྱལ་པོའི་ལུགས་བཟང་ལ། །གསེར་མཁར་ནང་ན་ཡོད་ཅེས་རླུང་ལྟར་གྲགས། །དེ་ཕྱིར་མིང་ཙམ་གྲགས་པ་མ་གཏོགས་པ། །སྔོན་གྱི་ལུགས་བཟང་ཉམས་པ་མེད་པར་ངེས། །འདི་ཡི་ར་འབྲིང་གྲུབ་མཐའི་ལུགས་དང་མཐུན། །ས་དེར་འོས་པའི་ར་འབྲིང་ཐ་མ་ཡིན། །ཞེས་གསུངས་པ་ལྟར། འདིའི་རྗེས་ཞུགས་ཀྱི་ཡིག་ཆ་འགར་བརྟེན་མཁས་དབང་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་བཞེད་པ་དང་བཅས་པའི་ལུགས་དང་། འདུལ་མངོན་མདོ་ཕྱོགས་ཇི་སྙེད་པའི་ལུགས་ཡོད་པ་དག སློབ་དཔོན་ཀུན་དགའ་དཔལ་བ། དཔལ་མགོན་འཕྲིན་ལས། ཁྱད་པར་རྗེ་བླ་མ་ཕྱག་ན་པདྨའི་རྩིས་སྐར་ནག་གི་དྲི་ལན་སོགས་ལས་ལེགས་པར་གསུངས་ཤིང༌། དགག་བཞག་གི་འཁྲུན་ཐག་ཆོད་ཟིན་པའི་ཆར་སྐྱོར་ཟློས་མི་བྱེད་ལ་རབ་འབྲིང་ཐ་ཞེས་པ་ཡང་རྒྱ་ནག་གི་བརྡ་ལས་འབྱུང་བའི་དབང་གིས་བོད་དུ་བརྗོད་པ་ལས། རྒྱ་གར་ལུགས་སུ་མགོ་ཟླ་ལྟ་བུར་རྒྱ་དཔེར་མཱརྒ་ཤིརྵ་ཞེས་པ་ལས་ར་བའི་སྐད་དོད་མི་འབྱུང་ཞེས་རྩིས་སྐར་ནག་གི་ལན་དུ་གནང་བ་ལྟར་ཤེས་དགོས་ཤིང་། འོན་ཀྱང་བླ་མ་དགོངས་འདུས་སོགས་གཏེར་གཞུང་ཚད་ལྡན་ནས་ཟླ་བ་བཅུ་གཉིས་པ་དཔྱིད་ར་སྟག་ཟླར་བཤད་པ་སོགས་རྗེ་བླ་མས་རྩིས་སྐར་ནག་གི་དྲི་ལན་དུ་ཐུགས་ཚོམ་དཔྱད་བྱ་ལྟ་བུར་གནང་བ་བླུན་པོ་སྙིང་ཁམས་ཅན་འགས་སློབ་དཔོན་གྱི་གསུང་ཡང་ཚོང་འདུས་ཀྱི་ཟོག་ངན་ལྟར་བྱེད་པ་དག་འགོག་བྱེད་དགོངས་པ་ཅན་གྱི་ཚིག་སྦྱོར་གནང་བའི་དོན་མ་ཁྲོལ་བ་རེ་གཉིས་དང་བཅས། ཧོར་ཟླ་བཅུ་གཅིག་པར་ཟླ་འགོ་འཛིན་པའི་རྗེས་ཞུགས་རྣམས་རྙིང་མའི་གཏེར་བྱོན་གྱི་ལུགས་རྣམས་རྣམ་པར་མ་དག་པའི་འཕྱ་གླེང་དང་། རྙིང་མའི་ལུགས་སུ་ཞུགས་པ་རྣམས་བཅུ་གཅིག་པ་རྣམ་པར་མ་དག་པའི་ཞེ་ལོག་སོགས་དགོངས་པའི་མཐའ་མ་ཆོད་པའི་ལོག་ལྟས་སྒྲིབ་པ་གསོག་པ་ཞིག་སྣང་བས། དེའི་རྒྱུ་མཚན་ཞལ་ཆེ་བར་མཚམས་ཀྱི་ལེགས་འདུམས་ལྟ་བུའི་འཐད་ལེགས་ནི་མ་ཡིན་པ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གཙུག་ལག་རྩིས་ཀྱི་ཚུལ་ནི་མི་ཡུལ་གྲགས་པ་རྣམས་རྒྱ་ནག་གདུལ་བྱའི་གཙོར་གྱུར་ཀྱང་། འདི་སྐབས་སྤྱི་ཁྱབ་ཀྱི་དགོངས་པ་ལྷོ་གླིང་གི་གདུལ་བྱའི་ངོར་གསུངས་ཤིང་། དེའི་རྒྱུ་མཚན་ནི་སྤྲུལ་སྐུའི་རུས་སྦལ་མགོ་ལྷོར་སྟོན་པའི་རྒྱུ་མཚན་གྱིས་གྲུབ། འཛམ་གླིང་ཆུང་ངུའི་ས་ཚིགས་ཀྱི་དབུས་དྲང་པོ་དང་སྦྱར་ནས་མི་འགྱུར་བའི་གཟེར་ཉི་ལྡོག་གིས་མཚོན་པའི་དཔྱིད་ར་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སའི་ཆར་ཧོར་ཟླ་དང་ཉ་སྐར་རྒྱལ་གྱི་ཟླ་བའི་མིང་དང་སྦྱར་ན། དེ་ཉིད་ཀྱི་ཉི་ལྡོག་གི་ཚད་ཞིབ་པ་དུས་འཁོར་ལ་མཚོན་ན་ཉི་ཤུ་བཅོ་ལྔའི་ཚད་དེ་ཧོར་ཟླ་བཅུ་གཉིས་པ་ལས་མི་འདའ་བའི་ཕྱིར་དེར་མཚོན་ཏེ་གསུངས་པ་དང༌། དགོངས་པ་དེ་ལྟར་དཔྱད་ན་རང་ཅག་བོད་ཀྱིས་འདིར་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཉི་མ་ལྡོག་ལྟ་བུ་ཡོད་ཚེ། ཟླ་བ་བཅུ་པར་དཔྱིད་ར་བྱེད་དགོས་པ་འབྱུང་བ་འཕེལ་རིམ་ནས་བཅུ་པ་སོགས་འཁྲུགས་གཏོ་སོགས་ལས་བཤད་པ་ལྟར་ཏེ། དེས་ན་རྒྱུད་ཚིག་ཏུ་བཅུ་གཉིས་པ་རྒྱལ་ཟླ་མ་གསུངས་པར་དགག་བྱ་མི་རུང་བ་དང་། རང་ཅག་བོད་ཀྱིས་ཡུལ་འདིར་རྒྱུད་ཚིག་ཏུ་དེ་ལྟར་ཚད་མར་གསུངས་ཀྱང་། དགོངས་པ་ཉི་ལྡོག་གི་དབང་གིས་དཔྱིད་ར་བཅུ་གཅིག་པ་ལས་མ་འདས་ཤིང་། རྒྱུད་ཀྱི་དགོངས་པ་ཁོ་ན་ལྟར་བརྩིས་པ་ལས་འགལ་བའི་སྐྱོན་མེད། རྩིས་རྒྱུད་རེ་གཉིས་དང་རྙིང་མའི་ལུགས་སུ་གསུངས་པ་ནི་འཛམ་གླིང་ཆུང་ངུའི་ཚངས་ཐིག་ཉི་ཤུ་བཅོ་ལྔར་དགུན་ཉི་ལྡོག་པའི་ས་ཡུལ་ལ་མཚོན་ཏེ་གསུངས་ཤིང་། ཚད་དེ་ཧོར་ཟླ་བཅུ་གཉིས་པ་ལས་མ་འདས་ཤིང་སྤྱིར་བཏང་རགས་པའི་དགོངས་པས་གསུངས་པ་ཡིན་པས་གཏེར་ལ་སྐྱོན་ཞུགས་སོགས་ཀྱི་ལོག་ལྟ་མི་རུང་མོད། ཡིན་ཀྱང་ས་འདིར་བཅུ་གཉིས་པ་སྟག་ཟླར་བྱེད་པ་ནི་རགས་པའི་དབང་ལས་རྣམ་དག་གི་དགོངས་པ་མིན་པས་འཁྲུལ། མདོར་ན་དེ་དག་ནི་རགས་ཞིབ་ལས་དགོངས་པ་མི་འགལ་ཞིང་གཅིག་ཏུ་འགྲུབ་པ་ཞིག་ཡིན་འདུག་པས། དེས་ན་སོ་སོའི་རྨོངས་ཞེན་ཨ་འཐས་ཀྱིས་ཐེན་པའི་ལོག་ལྟ་མེད་པར་ཡང་དག་གམ་ཞིབ་ཆ་དགོངས་པའི་ལམ་ལ་བཀྲི་བར་མཛད་དགོས་པར་ཚོམ་པ་མི་འཚལ་ལོ།།

བླ་མ་དགོངས་འདུས། ལས་རྩིས་ཀྱི་ཟླ་ཚེས་དགོས་པ་ཀུན་ཚང་ཞེས་བྱ་བ་བཞུགས་སོ།། ༼ བླ་མ་དགོངས་འདུས་རྩིས་ཡིག ༽གཏེར་སྟོན་སངས་རྒྱས་གླིང་པ།

https://library.bdrc.io/show/bdr:MW18978?s=%2Fosearch%2Fsearch%3Fq%253D%2525E0%2525BD%252596%2525E0%2525BE%2525B3%2525E0%2525BC%25258B%2525E0%2525BD%252598%2525E0%2525BC%25258B%2525E0%2525BD%252591%2525E0%2525BD%252582%2525E0%2525BD%2525BC%2525E0%2525BD%252584%2525E0%2525BD%2525A6%2525E0%2525BC%25258B%2525E0%2525BD%2525A0%2525E0%2525BD%252591%2525E0%2525BD%2525B4%2525E0%2525BD%2525A6

https://library.bdrc.io/show/bdr:MW18978_0C34B2?s=%2Fshow%2Fbdr%3AMW18978_0C34B2#open-viewer