User:Mr.snowland
གྲྭ་བ་དང་གྲྭ་རྫུན་གྱི་སྐོར་གྱི་སྐད་ཆ་འགའ།
ཆོས་དཔལ་བཟང་བོས།
ཉེ་ཆར་དྲ་ངོས་ནས་གྲྭ་ལྭ་མནབས་ཡོད་པའི་མི་ཞིག་དང་རྒྱ་མོ་ཞིག་ཡིན་ནམ་སྙམ་པའི་བུད་མེད་ཅིག་གཉིས་ཀྱིས་ལག་རྡང་སྦྲེལ་ནས་འགྲོ་བཞིན་པའི་པར་འགའ་མཐོང་ལ། པར་དེ་དག་རྒྱ་བོད་གཉིས་པོའི་དྲ་ངོས་ན་མཐོང་རྒྱུ་འདུག མི་མང་པོས་ཁོང་ཚོར་དམོད་མོ་གཏོང་གི་འདུག་ལ། ལ་ལ་ཞིག་གིས་པར་དེ་དག་གཞི་འཛིན་ས་བྱས་ནས་བོད་ཀྱི་བན་སེར་མོ་བ་བྱིངས་ཀྱི་ཀུན་སྤྱོད་དང་བསམ་བློ་ལ་ཐེར་འདོན་དང་སུན་འབྱིན་བྱེད་ཀྱིན་འདུག དེའི་རྐྱེན་གྱིས་ངས་ནི་རང་གི་བསམ་ཚུལ་འགའ་བརྗོད་འདོད་སྐྱེས་ཏེ།
དེང་སང་རྒྱ་ནག་གི་ཡུལ་ན་ཁྲིམས་ཤོར་ཉེས་ཅན་ལ་ལ་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་དང་ཉེས་མིང་འགེབས་གསང་བྱེད་པར་ཆེད་དུ་གྲྭ་ལྭ་གོན་པ། ལྷག་པར་ཏུ་བོད་ལུགས་གྲྭ་ལྭ་གོན་ནས་ཡར་བོད་ཡུལ་གྱི་ས་ཆ་ག་གེ་མོར་བྲོས་བྱོལ་བྱེད་དུ་ཡོང་ཡོད་པའི་གནས་ཚུལ་ཐོས་ལ། བོད་རང་ཉིད་ཀྱི་ཚོང་བ་མ་རྩ་རྡིབ་སོང་བ་ལ་ལས་ཀྱང་ཆེད་དུ་ཧེ་ལོང་ཅང་དང་ཀྭང་ཀྲུའུ་སོགས་ལ་སོང་ནས་ཆོས་ཚོགས་རྫུན་མ་སྤེལ་གྱིན་པའི་གནས་ཚུལ་ཐོས་མྱོང༌། དེའི་མི་ཚད་ཁྲི་འདུ་ན་རྐུན་མ་དང་ཇག་པ་ལ་ལས་ཀྱང་གཞན་གྱིས་དོགས་པ་མི་ཟ་བའི་ཆེད་དུ་གྲྭ་ལྭ་གོན་ནས་རྐུན་ཇག་བྱེད་བཞིན་པའི་གནས་ཚུལ་ཐེངས་མང་དུ་ཐོས་པས། དེང་སང་ནི་གྲྭ་ལ་གོན་པ་ཙམ་གྱིས་གྲྭ་བ་རེད་ཅེས་ཁ་ཚོན་གཅོད་མི་ཆོག་པ་ཞིག་རེད། དེའི་རྐྱེན་གྱིས། ང་ཚོའི་སྤུན་ཟླ་ལ་ལས་གྲྭ་ལྭ་གོན་ཡོད་པའི་མི་རེ་དང་རྒྱ་མོ་རེའམ་བོད་མོ་རེའི་འདྲ་པར་ལྐོགས་ལེན་བྱས་ཏེ་དེ་དྲ་ངོས་སུ་ཡར་བརྒྱུད་བྱེད་སྐབས་ངེས་པར་ཏུ་འདང་རྒྱག་ཞིབ་མོ་རེ་བྱེད་དགོས་ཚོད་འདུག་སྙམ་སྟེ།
དང་པོ། མི་ཉེས་ཅན་དང་ཉེས་མེད་སུ་ཞིག་ཡིན་རུང་ཁོང་གི་པར་དབང་ལ་བརྩི་འཇོག་མ་བྱས་པ་ནི་ཁྲིམས་འགལ་ཞིག་ཡིན་པ་ངེས་པར་ཏུ་ཤེས་དགོས།
གཉིས་པ། མི་སུ་དང་སུ་ཞིག་ཡིན་རུང་རང་ཉིད་ཀྱི་གསང་བ་འགེབས་གསང་བྱེད་ཆོག་པའི་དབང་ཆ་ཡོད་པས། གྲྭ་བའང་དེ་ལས་མ་འདས། རྒྱུ་མཚན་དེའི་ཕྱིར་ཏུ་ང་ཚོའི་མི་རེ་ཟུང་གི་སྐྱོན་ཆ་འདོན་སྐབས། ཁོང་ས་ཆ་གང་ཞིག་ནས་ཡིན་པ་དང་མིང་ལ་ཅི་ཟེར་བ། ཉེ་སྐོར་སུ་སུ་ཡོད་པ་སོགས་འབྲི་མི་རིགས་ལ། གལ་ཏེ་འདྲ་པར་རེ་དྲ་ངོས་སུ་སྤེལ་རུང་མི་དེ་ཚོའི་གདོང་ནི་ངེས་པར་ཏུ་མི་མཐོང་བ་བྱེད་དགོས།
གསུམ་པ། མི་དེ་དག་དང་མཉམ་འགྲོགས་བྱེད་བཞིན་པའི་བུད་མེད་དེ་ཁོང་ཚོའི་སྲིང་མོ་ཡིན་ནམ་དགའ་རོགས་ཡིན་མིན་གསལ་ཐག་ཆོད་དགོས་ལ། ཁོ་རང་ཉིད་ཀྱང་རབ་བྱུང་ངུར་སྨིག་གི་སྡོམ་ལུང་བླངས་ཡོད་པའི་གྲྭ་བ་ཞིག་ཡིན་མིན་སོགས་ལ་ཞིབ་ཏུ་མ་དཔྱད་པར་སེར་མོ་བའི་སྡེ་ཡོངས་དང་སྤྲགས་ནས་མི་ཉེས་མེད་མང་པོ་ཞིག་ལ་མ་ཉེས་ཁག་གཡོག་བྱེད་གཏན་ནས་མི་ཆོག
ཡིན་ནའང༌། བཟང་བོར་བསྟོད་པ་དང་ངན་པར་སུན་འབྱིན་མ་བྱས་ན་འཇིག་རྟེན་ཆོས་ཉིད་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བརྩི་སྲུང་མ་བྱས་པ་ཡིན་ལ། མི་རིགས་འདི་དང་འདིའི་ཆོས་ལུགས་ལ་འགན་ཁུར་མ་བྱས་པའི་རྟགས་མཚན་ཞིག་ཀྱང་ཡིན་པས་གལ་ཏེ་ང་ཚོས་ཉེས་ཅན་རེ་ཟུང་གི་སྐྱོན་ཆ་ཐེར་འདོན་བྱེད་དགོས་ན་འདི་ལྟར་བྱེད་འོས་སྙམ་སྟེ།
གལ་ཏེ་མི་ཞིག་གིས་རྒྱ་ནག་སོགས་ན་ཆོས་མིན་ཁྲིད་བཞིན་པའི་གནས་ཚུལ་ཤེས་ཚེ། གལ་ཏེ་མི་དེ་དགོན་པ་ཅན་གྱི་གྲྭ་བ་ཞིག་ཡིན་ན་དགོན་པའི་བདག་གཉེར་བར་ཡར་ཞུ་བྱས་ནས་གྲྭ་ས་ནས་ལམ་སང་ཕྱིར་འཕུད་བྱེད་དུ་འཇུག་པ་དང་དེ་ཕུད་ཟིན་པའི་གནས་ཚུལ་ཁྱབ་སྒྲོག་བྱེད་དགོས་ལ། དགོན་པ་མེད་པའི་གྲྭ་རྫུན་ཞིག་ཡིན་ན་ངེས་པར་ཏུ་ས་གནས་དེའི་བདེ་འཇགས་དོ་དམ་ལས་ཁུངས་ལ་སོང་ནས་ཁོའི་ངན་སྐྱོན་ཐེར་འདོན་བྱེད་པ་དང་མགོ་སྐོར་ཐེབས་བཞིན་པའི་ཉམ་ཐག་ཚོར་སློབ་གསོ་བཏང་ནས་རྗེས་སུ་གནད་དོན་དེ་རིགས་མི་བྱུང་བའི་སྔོན་འགོག་བྱེད་དགོས། རྒྱུ་མཚན་ནི། དེང་སང་རྒྱ་ཡུལ་ན་ཆོས་མིན་ཁྲིད་བཞིན་པའི་མི་ཕལ་མོ་ཆེ་ནི་གྲྭ་བ་མིན་ལ། གྲྭ་བའི་སྡོམ་ལུང་ཙམ་འབོགས་པར་བྱས་རུང༌། གྲྭ་ལོག་གམ་ཡང་ན་སྤྱོད་པ་ཐ་ཤལ་ཅན་གྱི་གྲྭ་བ་རྐྱང་རྐྱང་ཡིན་པས་ཁོང་ཚོར་གུ་ཡངས་ཀྱི་སྟོང་ཆ་སྤྲད་པ་ནི་ང་ཚོས་མི་རིགས་ཀྱི་ཆེད་དུ་བསམ་བློ་མ་བཏང་བ་ཡིན། འོན་ཀྱང༌། ང་ཚོས་དགག་གཞག་གང་ཞིག་བྱེད་པའི་སྐབས་སུ། གནས་ལུགས་ངོ་མའི་རལ་གྲི་ཁྱེར་ཏེ་མི་དེའི་ལྟ་བའམ་སྤྱོད་པ་ངན་པ་གང་ཞིག་རེ་རེ་ནས་ཚོད་མ་གཏུབ་གཏུབ་བྱེད་དགོས་པ་ལས། དམོད་མོ་སོགས་ཚིག་རྫབ་རྐྱང་རྐྱང་གིས་མི་དེ་འམ་དེའི་ཁོར་ཡུག་ཡོད་ཚད་ལ་སྐྱོན་འཛུགས་དང་ཐེར་འདོན་བྱེད་པ་ནི་རིག་གནས་བ་ཞིག་གི་དཔལ་ཡོན་ལྡན་པའི་སྐད་ཆ་ཤོད་སྟངས་ཤིག་རྩ་བ་ནས་མ་རེད་སྙམ།
ད་དུང་བཤད་རྒྱུ་གཞན་ཞིག་ལ། དེང་སང་གང་ས་གང་དུ་མི་ལོ་ཉུང་ཤ་སྟག་གིས་(ལྷག་པར་ཏུ་རྒྱ་ཡུལ)གྲྭ་ལྭ་གོན་ནས་སློང་མོ་བྱེད་བཞིན་པའི་གནས་ཚུལ་འདུག ང་ཚོས་ཁོང་ཚོ་གྲྭ་བ་ངོ་མ་ཡིན་མིན་རྩད་དགོས་བྱེད་དགོས་ལ། གལ་ཏེ་གྲྭ་རྫུན་ཡིན་ན་ངེས་པར་ཏུ་ས་གནས་དེ་གའི་ཁྲིམས་གཅོད་ལས་ཁུངས་དང་འབྲེལ་བ་བྱས་ནས་ཁོང་ཚོར་མང་ཚོགས་མགོ་བསྐོར་གྱི་ཁྲིམས་ཆད་ཕོག་གི་འཇུག་དགོས། བརྒྱ་ལ་ཁོང་ཚོ་གྲྭ་བ་ངོ་མ་རེ་ཡིན་རུང༌། འདི་འདྲའི་ལུས་ཁམས་བདེ་ཐང་ཡིན་ལ་ལང་ཚོ་དར་ལ་བབས་པའི་གྲྭ་ཆུང་རེར་སྦྱིན་པ་གཏོང་དགོས་པའི་གནས་ཚུལ་ཅི་ཡང་མ་མཐོང༌། ཤར་སྐར་ལྡན་རྒྱ་མཚོས། མི་གཞན་གྱིས་གང་བྱིན་མ་ལེན་དང༌། ཆོས་ནུས་ན་ལྟོགས་གྲིར་འཆི་དོགས་མེད་གསུངས་བ་ཅི་བཞིན། ཁོང་ཚོ་གྲྭ་བ་རྣམ་དག་ཅིག་ཡིན་ན་དམ་པའི་ལྷ་ཆོས་ལ་སྒྲུབ་སྦྱངས་དང་ཉམས་ལེན་བྱས་ན། ད་དུང་བོད་ཡུལ་ན་ལྟོགས་ཤིར་ཐེབས་དགོས་པའི་ཚད་ལ་གཏན་ནས་ཐོན་མེད། ཁོང་ཚོས་འདི་ལྟར་བྱེད་པ་ནི་ལྟོ་ཡི་ཆེད་དུ་དཀའ་བ་སྤྱད་པ་ཙམ་ལས་ཆོས་ཀྱི་ཆེད་དུ་དཀའ་བ་སྤྱད་པའི་ཚད་ལ་ཅི་ཡང་མི་འགྲོ་བས(དྲང་མོར་བཤད་ན་དེ་དཀའ་ལས་ཤིག་རྩ་བ་ནས་མིན)། ཁོང་ཚོའི་འཚོ་བ་དང་དམིགས་ཡུལ་ལ་རྩད་གཅོད་བྱས་ཤིང་དམིགས་ཡུལ་མི་གཙང་བ་འམ་འཚོ་བར་འབད་རྩོལ་མི་འདོད་པའི་མི་ཞིག་ཡིན་ན། མི་དེ་ཚོ་ཕྱི་མི་ཚོས་ང་ཚོར་ཀླད་རྡོ་སྤྲད་པའི་ལག་ཆ་རུ་མ་གྱུར་བའི་སྔོན་ནས། བོད་རང་གི་མི་ཚོས་བཀག་སྡོམ་མ་བྱས་ན་ང་ཚོའི་ཆོས་སྲིད་གཉིས་པོར་ཤུགས་རྐྱེན་ངན་པ་འཇོག་པར་སྙམ།
གོང་གི་ངན་སྐྱོན་དག་བཀག་སྡོམ་བྱེད་དགོས་ན། དགོན་པ་རྐྱང་རྐྱང་གིས་འགྲུབ་ཐབས་མེད་པས། ངེས་པར་ཏུ་སྤྱི་ཚོགས་འདི་དང་ཁོང་ཚོའི་ཕ་མ་ཚོས་རླུང་ནང་གི་མར་མེ་ལྟ་བུར་གྱུར་ཡོད་པའི་ང་ཚོའི་དེང་དུས་ཀྱི་ལས་དབང་ལ་བསམ་བློ་ཞིབ་ཚགས་ཤིག་བཏང་ནས་རང་གི་བུ་ཕྲུག་དང་གྲོགས་པོ། ཤེས་ས་དང་ཉེ་རིང་ཀུན་ལ་ལྷག་བསམ་རྣམ་པར་དག་པའི་སློབ་གསོ་རེ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ།
མཇུག་ཏུ་ཞུ་འདོད་པ་ནི། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་ཅི་བཞིན། བླ་གྲྭ་ཟེར་རུང་མི་རེད། ཆོས་གོས་ཟེར་རུང་རས་རེད། སྐྱོན་ཅུང་ཙམ་རེ་མེད་མཁན་སུ་ཡོད། གལ་ཏེ་ཁོང་ཚོར་སྐྱོན་ཅུང་ཙམ་རེ་བྱུང་ལ་མ་བྱུང་བའི་སྐབས་སུ་ཁྱེད་ཀྱིས་དེའི་རྨ་ཐོག་ལ་ཆུ་འཕྱར་ནས་ཁོང་ལ་རང་སྐྱོན་ལ་ངོས་ཟིན་དང་ཉེས་བཤེགས་སྡིག་སྦྱངས་ཙམ་བྱེད་ལོངས་མེད་པར་དམྱལ་ཁམས་བཅོ་བརྒྱད་ཀྱི་འོག་ཏུ་འཕེན་པ་ཡང་མི་རིགས་ལ་འདང་རྒྱག་མ་བྱས་བའི་ཚུལ་དུ་འགྲོ་བར་དོགས་པས་ཀུན་གྱིས་གཟབ་ནན་རེ་བྱེད་དགོས་སྙམ།