User:Lekbhum
དྷཱི་ལྷ་ལྡན།
ངག་རིག་སྨྲ་བ་དྷཱི་ལྷ་ལྡན་ལགས་ནི་སྤྱི་ལོ་༡༩༨༢ལོར་རྨ་ཡུལ་མགོ་ལོག་གི་ཆར་གཏོགས་དྷཱི་མདའ་ཡུལ་ཚོ་རུ་སྐྱེས། ལོ་བཅུ་གསུམ་གྱི་སྟེང་རང་དགོན་དུ་ཚོགས་ཞུགས་བྱས་ཏེ་སྤྱོད་འཇུག་དང་། རྒྱལ་སྲས་ལག་ལེན་སོགས་བློ་རྒྱུགས་སུ་ཕུལ། ལོ་བཅོ་ལྔའི་སྟེང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱིན་ནས་སློབ་གཉེར་བྱས། དེ་ནས་རང་གི་ཕུ་བོ་དང་། དགེ་རྒན་བཀའ་དྲིན་ཅན་དག་གི་བདག་རྐྱེན་ལས་སློབ་སྦྱོང་ཕྱོགས་ལ་སྤྲོ་བ་བླ་ལྷག་ཏུ་རྒྱས། ལྷག་པར་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་ནས་གཞུང་བཀའ་པོད་ལྔ་གཙོས་པའི་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་བྱས་རྗེས་དགུང་ལོ་ཉེར་བདུན་སྟེང་སློབ་གླིང་དེ་ག་ནས་ཕར་ཕྱིན་འཛིན་གྲྭ་དང་། ཚད་མ། མངོན་པའི་འཛིན་གྲྭ་སོགས་ཀྱི་དགེ་རྒན་བྱས། ད་དུང་སེ་ར་དང་། འབྲས་སྤུང་། ཀིརྟི་སོགས་སུ་ཡང་སློབ་གཉེར་དུ་ཕྱིན་ཞིང་། ལྷ་སའི་སྨིན་གླིང་དགོན་དང་། རང་རྫོང་གི་བོད་ཡིག་བྱམས་སྐྱོང་སློབ་གྲྭ་སོགས་སུ་ཕྱིན་ནས་ཕར་ཕྱིན་དང་། ཚད་མ། བརྡ་སྤྲོད། ལོ་རྒྱུས་སོགས་ཀྱི་འཆད་འཁྲིད་བྱས། ཉིས་སྟོང་བརྒྱད་ལོར་དར་ལག་རྫོང་གི་དགེ་རྒན་གསབ་སྦྱོང་འཛིན་གྲྭ་གཙོས་པའི་ས་ཕྱོགས་གང་སར་དགེ་རྒན་ཚོར་འཆད་ཁྲིད་བྱེད་དུ་ཕེབས། རང་ཡུལ་དུ་སློབ་གྲྭ་བ་དང་ཡིག་རྨོངས་པ་སོགས་ཀྱི་བློ་ཚོད་དང་བསྟུན་ཏེ་འཛིན་གྲྭ་གསུམ་གྱི་བདག་ཉིད་ཅན་གྱི་གསབ་སྦྱོང་འཛིན་གྲྭ་བཙུགས། རང་ལོ་བཅོ་བརྒྱད་ཙམ་གྱི་སྟེང་རྩོམ་རིག་ལ་སྤྲོ་མོས་བརྟས་ཏེ་སྔ་ཕྱིར་དུས་དེབ་བཅུ་ཕྲག་ཁ་ཤས་སྟེང་དཔྱད་རྩོམ་དང་སྙན་རྩོམ་གང་མང་བཀོད། ཉིས་སྟོང་དྲུག་ལོར་ལོ་དེབ་ཉིན་བྱེད་སྣང་བའི་གཙོ་སྒྲིག་གི་ལས་འགན་འཁུར། ཉིས་སྟོང་བརྒྱད་ལོར་སྟོན་པ་ཚད་གྲུབ་སྐོར་གྱི་དཔྱད་རྩོམ་དངོས་སྟོབས་རིག་ལམ་གསར་བའི་འཁྲི་ཤིང་སོགས་འདུ་བའི་དཔྱད་རྩོམ་ཕྱོགས་སྒྲིགས་འགན་འཁྲིའི་འདུ་ཤེས་སམ་རིག་གཞུང་གླིང་ག་འགྲིམས་པའི་ཟིན་ཐོ་ཞེས་པའི་སྒེར་དེབ་ཞིག་པར་བསྐྲུན་བྱས། ཉིས་སྟོང་དགུ་ལོར་གཞུང་བརྒྱའི་བགྲོ་གླིང་རྟགས་མའི་ཕུལ་་བྱུང་རྩོམ་རིག་བྱ་དགའ་ཐོབ།