User:Gedunlobsang

ཡོང་ཁུངས་Wikipedia
File:ལྕོག་རི་དགོན། png
ལྕོག་རི་དགོན།

ལྕོག་རི་དགོན།

   དེའང་མདོ་ཁམས་ཏྲེ་ཧོར་ཁུལ་དུ་ཡོད་པའི་ཅོག་རོ་དགོན་ནི་ཧོར་དགོན་སྡེ་བཅུ་གསུམ་ཞེས་ཡོངས་སུ་གྲགས་པའི་རི་བོ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་ནང་གི་གཅིག་ཡིན་ཞིང་།  དགོན་འདི་ཐོག་མར་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་བོད་ཀྱི་ལོ་ཙྭ་བ་ཆེན་པོ་སྐ་ཅོག་ཞུང་གསུམ་ཞེས་གྲགས་པའི་ཡ་གྱལ་ཅོག་རོ་གླུའི་རྒྱལ་མཚན་གྱིས་ཕྱག་བཏབ་པར་གྲགས། འོན་ཀྱང་ལོ་ཙྭ་བ་ཅོག་རོ་ཀླུའི་རྒྱལ་མཚན་མཆོག་གང་དུ་སྐུ་བལྟམས་པ་དང་འཁྲུངས་འདས་ཀྱི་ལོ་ཚིགས། སྐུའི་རྣམ་ཐར་ཇི་ལྟར་བསྐྱངས་བ་སོགས་གསལ་པོར་འཁོད་པའི་ལོ་རྒྱུས་ཤིག་ད་རེབ་བར་རང་རེའི་མཐོང་ཆོས་སུ་མ་གྱུར་བར་བརྟེན།


ཡོངས་གྲགས་ཀྱི་ལོ་རྒྱུས་ལ་གཞིར་བཅོལ་ཏེ་ཁོང་གིས་ཕྱག་བཏབ་པ་ཡིན་པའི་སྒྲུབ་བྱེད་དེ་ཙམ་ཁུངས་བཙན་པ་ཞིག་མེད་མོད་ཀྱང་། ང་ཚོས་མཐའ་གཅིག་ཏུ་འདི་ནི་བཤད་སྒྲོས་ཙམ་དང་ངག་རྒྱུན་ཞིག་ཏུ་ངོས་འཛིན་བྱས་ཏེ་བདེན་པ་མིན་པའི་ངོས་འཛིན་གཏན་ནས་བྱེད་མི་རུང་བར་བསམས། དགོན་པ་ཆགས་སའི་ས་གནས་ཏྲེ་ཧོར་ཡུལ་གྱི་དམངས་ཁྲོད་དུ་འདིའི་ལོ་རྒྱུས་ཆ་ཚང་བ་ཞིག་ད་ལྟའི་བར་ཀུན་ལ་རླུང་ལྟར་གྲགས་ནས་ཡོད་པ་མ་ཟད། ཡིག་ཐོག་ཏུ་འཁོད་པའི་དགོན་པའི་འབྲེལ་ཡོད་ཀྱི་ལོ་རྒྱུས་དག་ལས་ཀྱང་དེ་མཚུངས་ཀྱི་བཤད་ཚུལ་ཞིག་ཡོད།

 བཤད་རྒྱུན་ལྟར་ན། སློབ་དཔོན་བི་མཱ་མི་ཏྲ་རྒྱ་ནག་ཏུ་ཞབས་བཅགས་གནང་བར་ཅོག་རོ་ཀླུའི་རྒྱལ་མཚན་མཆོག་ཞབས་འབྲིང་དུ་ཕེབས་ཏེ་ས་གནས་དེར་སླེབས་སྐབས། ཁོང་ལ་དད་པའི་རྟེན་སྒྲོལ་མ་ལྗང་མའི་ལུ་སྐུ་མཐོ་གང་བ་སྐུ་ལུས་དང་འབྲལ་མེད་དུ་སྣམ་པ་ ཞིག་མཆིས་པ་དེས་དངོས་སུ་ཞལ་བྱོན་ཏེ།  ང་ནི་མི་འགྲོ་འདིར་གནས་ཞེས་གསུངས་པས་ན། དེའི་བཀའ་ལྟར་ས་བརྟགས་ནས་ལྷ་ཁང་ཆུང་ཆུང་ཞིག་བཞེངས་པ་དང་། རྟེན་གྱི་གཙོ་བོ་སྒྲོལ་མ་སྔོ་ལྗང་མ་དེ་དང་། ད་དུང་གླེགས་བམ་ཤེར་ཕྱིན་མ། ཏིང་ཕོར་རྒྱ་མཚོ་མ། མཆོད་རྟེན་གངས་རི་མ་བཅས་གསོལ་བ་ནས་ཁོང་རང་ཉིད་ཀྱང་གནས་དེར་དུས་ཡུན་རིང་ཙམ་བཞུགས་སྐད། དེ་བཞིན་ཐོག་མར་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཕྱག་བཏབ་པའི་ལོ་རྒྱུས་ཀྱི་བཤད་སྲོལ་ལྟར། དགོན་འདི་ཐོག་མར་རྙིང་མ་བའི་ཆོས་རྒྱུན་བསྐྱངས་པའི་དགོན་སྡེ་ཞིག་ཡིན་ངེས་ཏེ།  སྐབས་དེ་དུས་ནི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དང་ཁེལ་ཞིང་བོད་དུ་ནང་པ་སངས་རྒྱས་པར་རྙིང་མ་བ་རྐྱང་པ་ལས་གཞན་གྲུབ་མཐའ་ཁག་བྱུང་མེད་པ་གསལ་པོ་ཡིན། ཅོག་རོ་ལྷ་ཁང་དང་ཅོག་རོ་དགོན་ཞེས་མིང་རིམ་པ་བྱུང་ཏེ་དགེ་བསྙེན་གྱི་སྡོམ་རྒྱུད་མ་ཆད་ཅིང་བསྟན་པའི་རྒྱུན་སྐྱོང་ནས་མི་ལོ་དུ་མ་འདས་པ་དང་། རབ་བྱུང་གཉིས་པའི་ནང་ཁམས་ཏྲེ་ཧོར་གངས་ཀྱི་ར་བར་འཁྲུངས་པའི་རྒྱལ་དབང་རྐརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་དགོན་དེར་བཀའ་རྒྱུད་པའི་ཆོས་རྒྱུན་སྤེལ། དེ་ནས་དུས་ཡུན་གང་འཚམས་ཕྱིན་པའི་བར་དུ་བཀའ་རྒྱུད་པའི་གྲུབ་མཐའ་འཛིན་པའི་དགོན་པའི་ངོ་བོར་གནས་པ་དང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་སུ་བཀའ་རྒྱུད་དང་དགེ་ལུགས་པའི་དབར་གྲུབ་མཐའི་འཐབ་རྩོད་ཆེན་པོ་བྱུང་ཏེ། བཀའ་རྒྱུད་པར་ཕམ་ཉེས་ཆེན་པོ་བྱུང་བ་དང་སྔོན་གྱི་བཀའ་རྒྱུད་ཀྱི་ཆོས་རྒྱུད་མང་པོ་དགེ་ལུགས་པར་བསྒྱུར་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་དེའི་དུས་སྐབས་སུ། ཏྲེ་ཧོར་དཔོན་གྱི་རིགས་རྒྱུད་དུ་གཏོགས་པའི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་བཞིན་ཧོར་གྱི་དགོན་སྡེ་བཅུ་གསུམ་ཕྱག་བཏབ་པར་གྲགས་པ་ལྟར། བཀའ་རྒྱུད་པའི་ཆོས་རྒྱུད་འཛིན་པའི་ཅོག་རོ་དགོན་ཡང་དགེ་ལུགས་དགེ་སྡེ་བཅུ་གསུམ་གྱི་གྲས་སུ་འཇོག་ཡོད་པ་དང་། དགོན་མིང་དུ་སྔོན་གྱི་ཅོག་རོ་ཞེས་པའི་ཅོག་ལ་ལ་མགོ་ཅན་གྱི་ལྕོག་ཞེས་དང་རོ་ལ་རི་ཞེས་བཅོས་བསྒྱུར་གནང་ཏེ། ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་གླིང་མིང་པ་དགོན་སྡེ་བཅུ་གསུམ་གྱི་ཁོངས་སུ་བསྒྱུར་བར་མཛད་པ་ནི་ལོ་རྒྱུས་དངོས་ལས་གསལ་བ་ལྟར་རེད།
 དེ་ལྟར་གོང་གི་དགོན་པའི་ལོ་རྒྱུས་ཀྱི་བཤད་སྲོལ་གཞིར་བཞག་གིས་ཐོག་ནས་ལྟས་པ་ཡིན་ན།  ཅོག་རོ་ཀླུའི་རྒྱལ་མཚན་ནི་ཆོས་རྒྱལ་ཁྲི་སྲུང་སྡེ་བཙན་གྱི་སྐུ་དུས་སུ་བྱུང་བ་ཡོངས་གྲགས་ཡིན་པ་དང་། ཆོས་རྒྱལ་ཁྲི་སྲུང་སྡེ་བཙན་གྱི་འཁྲུངས་ལོ་མི་མཐུན་པ་འགའ་ཞིག་མཆིས་ཀྱང་ཡོངས་གྲགས་ལྟར་ན་རབ་བྱུང་མ་ཚུགས་གོང་གི་དྲུག་ཅུ་སྐོར་ལྔ་པའི་ཆུ་རྟ་(༧༤༢)ལོར་སྐུ་འཁྲུངས། དེ་ལྟར་རགས་རྩིས་ལྟར་ནའང་དགོན་འདིར་ཕྱག་བཏབ་ནས་ད་ལྟའི་བར་མ་མཐའ་ཡང་མི་ལོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རེད། སྤྱིར་རང་རེའི་བོད་དུ་སྔོན་དུས་སུ་ས་གནས་བྱེ་བྲག་པའི་སྐོར་གྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་ལུགས་སྲོལ་ཆེ་མ་དར་བ་དང་། གཉིས་ནས་ལོ་ཙྭ་བ་མཆོག་གི་རྣམ་ཐར་རྒྱས་པ་ཞིག་ད་ལྟའི་བར་རང་རེའི་མཐོང་ཆོས་སུ་མ་གྱུར་བའི་སྟོབས་ཀྱིས་ཡིག་ཐོ་རུ་འཁོད་པའི་ལོ་རྒྱུས་གསལ་ཁ་ལྡན་པ་ཞིག་ལག་སོན་ཡོང་ཐབས་བྲལ་ཡང་། ངག་རྒྱུན་ལོ་རྒྱུས་ནི་ཆེས་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་ལྟར། དུས་ད་ལྟའི་བར་ཏྲེ་ཧོར་ལུང་པའི་ཡུལ་དུ་ཡོངས་སུ་གྲགས་པའི་ངག་རྒྱུན་གྱི་ལོ་རྒྱུས་དེར་བདེན་པའི་ཆ་མེད་པ་གཏན་ཡིན་མི་སྲིད་པ་མ་ཟད། ཅོག་རོའམ་ཅོག་རི་ཞེས་པའི་མིང་མ་ཉམས་པར་ད་ལྟའི་བར་མཐོང་ཐོས་སུ་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་དྲན་རྟེན་རིང་མོ་ཞིག་མིན་པ་སུས་བསྙོན་ནུས།
"https://bo.wikipedia.org/w/index.php?title=User:Gedunlobsang&oldid=134487"ལས་སླར་རྙེད་སོང།