User:ལི་ཐང་བློ་བསྟན།
དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།
༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ།
༄༅། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་
རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་དམིགས་བརྩེ་བའི་
གསོལ་འདེབས་དང་འབྲེལ་བའི་བླ་མའི་
རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་
ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་
ཞེས་བྱ་བཞུགས་སོ།།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྤྲོས་བྲལ་ངང་དུ་ཞུགས་པའི་མཁྱེན་རབ་ཀྱི།། རལ་གྲིས་འཁོར་བའི་འཆིང་རྒྱ་ཀུན་བཅད་ཀྱང་།། སྲིད་འཁྱམས་འགྲོ་ལ་བུ་གཅིག་ལྟར་འཁྱུད་པའི།། འཇམ་མགོན་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ།། གངས་ཅན་ལེགས་བྱས་སྐྱ་རེངས་ཁ་ལོ་བས།། ཉེར་དྲངས་ཐུབ་བསྟན་ཡོངས་རྫོགས་སྣང་ཟེར་གྱིས།། སྲིད་ཞིའི་རྒུད་མུན་མཐར་མཛད་རྟ་ལྗང་ཅན།། བློ་བཟང་གྲགས་པས་བྱང་ཆུབ་བར་དུ་སྐྱོངས།། བློ་གྲོས་འཇམ་དབྱངས་གཞོན་ནུ་ལ་འཁྱུད་པའི།། རྗེས་ཆགས་སྙིང་རྗེའི་རང་གཟུགས་གྲུབ་འཛིན་བདག། མཐུ་སྟོབས་གསང་བ་ཀུན་འཛིན་ཁྲོ་རྒྱལ་གྱི།། རིགས་གསུམ་གཅིག་ཏུ་འདུས་འདི་ཁྱད་པར་ཆོས།། རྙོག་བྲལ་ཡིད་ཀྱི་མེ་ལོང་གཙང་མའི་ངོས།། མགོན་ཁྱོད་བཀའ་དྲིན་གཟུགས་ཀྱི་སྣང་རིས་གསལ།། ཡང་ཡང་ཤར་བའི་ངོ་མཚར་འདི་མཐོང་ཚེ།། ཐ་མལ་འཁྲུལ་པའི་འཁོར་ལོ་ཞིག་པ་སྙམ།། དེ་ཕྱིར་སྐྱབས་ཀུན་ངོ་བོ་བླ་མ་རྗེར།། དུང་དུང་ཡིད་ཀྱིས་གསོལ་འདེབས་རྣལ་འབྱོར་རིམ།། འཁྲུལ་བྲལ་དམ་པའི་ཞལ་ལུང་བླ་ན་མེད།། མཆོག་ཐུན་དངོས་གྲུབ་ཡོངས་ཀྱི་བྱེད་པོ་སྤེལ།། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ།། ས་ཡི་སྟེང་འདི་སྟོངས་པ་ན།། ཁྱོད་ཉིད་བྱིས་པའི་གཟུགས་ཅན་གྱིས།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། དེ་ཚེ་དགོན་ཆེན་རབ་དགའ་བ།། ཁ་བ་ཅན་ནང་ཡོད་པ་ཡིན།། ཞེས་དུས་ཀྱི་མཐར་རྗེ་བཙུན་འཇམ་དབྱངས་ཉིད་བྱིས་པ་ཐ་མལ་པའི་གཟུགས་སུ་བསྟན་ནས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་། དེའི་ཚེ་དགོན་པའི་མིང་དགའ་ལྡན་དུ་ཐོགས་པར་གསལ་བར་ལུང་བསྟན་པ་སོགས་མཁྱེན་བརྩེ་ནུས་གསུམ་འཕགས་པ་རིགས་གསུམ་མགོན་པོ་དང་དབྱེར་མེད་པར་ལུང་དང་རྣམ་པར་ཐར་པ་མཐའ་ཡས་པས་རྩོད་མེད་དུ་འགྲུབ་ཅིང་། མདོ་སྔགས་ཀྱི་ཐུབ་བསྟན་ཡོངས་སུ་རྫོགས་པ་ལ་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་མཐའ་དག་རྒྱང་རིང་དུ་བསྲིངས་ནས་སྐལ་ལྡན་ཀུན་ལ་ཚུལ་ཇི་ལྟ་བ་བཞིན་དུ་འདོམས་པར་མཛད་པས་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་གྱུར་པའི་བཀའ་དྲིན་བླ་ན་མེད་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ནས་གསོལ་བ་འདེབས་པ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་མ་ཟད། གསོལ་འདེབས་དམིགས་བརྩེ་མར་གྲགས་པ་འདི་རྒྱུད་ཀྱི་གསང་སྔགས་ཟབ་དགུ་ལས་ཀྱང་ལྷག་པ་ལྟ་བུའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། འདི་ལ་བརྟེན་ནས་འཕྲིན་ལས་ཀྱི་རིམ་པའང་ཇི་སྙེད་ཅིག་སྒྲུབ་ཏུ་ཡོད་པ་བཅས་གསོལ་འདེབས་འདི་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་ཡིན་པའི་རིམ་པ་སྣ་ཚོགས་པ་ལས་འདིར་སྲད་རྒྱུད་པའི་དམ་པ་གོང་མ་མཁས་གྲུབ་ཤ་སྟག་ཏུ་བྱོན་པ་རྣམས་ཀྱི་ཞལ་བཞེས་སྙན་བརྒྱུད་དུ་བཞུགས་པ་ལས་རིམ་གྱིས་བདག་གི་དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཁྲི་ཆེན་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ལས་ལེགས་པར་ནོས་པའི་གདམས་པ་ཁྱད་པར་ཅན་དགའ་ལྡན་ལྷ་བརྒྱ་མར་གྲགས་པ་འདི་ཉིད་དམིགས་རིམ་སྙིང་པོར་འདྲིལ་ཞིང་ཉམས་སུ་ལེན་བདེ་བ་དང་། འདིའི་བརྒྱུད་པའི་བླ་མ་གོང་མ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྲད་ཀྱི་ནང་དུ་ཁྱིམ་བདག་ཞིག་ལ་རྒྱལ་པོ་པེ་ཧར་གྱི་གནོད་པས་མི་མང་པོ་གུམ་ཞིང་ལྷག་པར་ཤིན་ཏུ་གཅེས་པའི་བུ་ཞིག་གི་ཁོག་ཏུ་བརླམས་ནས་གནོད་པ་བྱེད་པ་བཏུལ། དེའི་ཚེ་འདུལ་ནག་པས་བཀའ་བསྒོས་པ་བཞིན་པེ་ཧར་གྱིས་བླ་མའི་རྣལ་འབྱོར་འདི་དང་འབྲེལ་བའི་དམིགས་བརྩེ་མ་འདོན་མི་ལ་བར་གཅོད་མི་བྱེད་པར་བྲོ་བོར་བ་ལྟར། རྣལ་འབྱོར་འདི་དང་འབྲེལ་བར་དམིགས་བརྩེ་མ་འདོན་པ་སུ་ལའང་སྡེ་བརྒྱད་སྤྱི་དང་ཁྱད་པར་པེ་ཧར་སོགས་རྒྱལ་གདོན་གྱིས་གནོད་མི་ནུས་པར་འདུག་ཅེས་གོང་མ་རྣམས་ཀྱི་གསུང་ལས་བྱུང་བ་བཞིན་བར་གཅོད་བཟློག་པ་སོགས་གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་མཆོག་ཡིན་པས་འདི་ཉམས་སུ་ལེན་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ། དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་སུ་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྗེ་བླ་མའི་བྲིས་འབུར་གྱི་སྐུ་གང་ཡང་རུང་བ་བཞུགས་པའི་སྤྱན་སྔར་མཆོད་པ་དང་མཎྜལ་སོགས་བཀོད་པས་མཛེས་པར་བཤམ། རང་ཉིད་སྟན་བདེ་བ་ལ་འཁོད་ནས་དགེ་སྦྱོར་གང་ལའང་ཀུན་སློང་གི་བསམ་པ་ལ་བརྟགས་ནས་འཆོས་པ་གལ་ཆེ་བས་ན། ཁ་ཕྱིར་བལྟས་སུ་མ་སོང་བར་ད་རེས་བདག་གིས་དལ་འབྱོར་གྱི་མི་ལུས་རང་གཞན་ཐམས་ཅད་ཀྱི་འདི་ཕྱིའི་དོན་བདེ་བླག་ཏུ་བསྒྲུབ་པར་ནུས་པ་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ་འདི་རྙེད། དུད་འགྲོ་ལ་སོགས་པ་ངན་སོང་རྣམས་ལྟ་ཅི། མི་ཡི་ལུས་རྙེད་པ་ཕལ་ཆེ་བ་འདི་དག་ཀྱང་ཚེ་འདི་འབའ་ཞིག་བདེ་སྐྱིད་ཀྱི་ཐབས་ཁོ་ན་བསམས་ནས་སྡིག་པ་དང་སྤྱོད་ལམ་ལུང་མ་བསྟན་གྱི་ངང་དུ་མི་ཚེ་ཟད་ནས་མཐར་ཤི་བའི་འོག་ཏུ་ངན་སོང་མུ་མཐའ་མེད་པར་སྐྱེ་དགོས་པ་འདི་རྣམས་དང་འདྲ་བར་བདག་ཀྱང་ཚེ་འདིའི་བདེ་ཐབས་ཁོ་ན་བསམ་ན་དུད་འགྲོར་སྐྱེ་དགོས་པ་འདི་རྣམས་དང་འདྲ་བར་བདག་ཀྱང་ཚེ་འདིའི་བདེ་ཐབས་ཁོ་ན་བསམ་ན་དུད་འགྲོར་སྐྱེས་པ་དང་ཁྱད་པར་མི་འདུག་པས། རྟེན་འདི་ཆུད་མ་ཟོས་པར་འདི་ཕྱི་ཐམས་ཅད་དུ་ཕན་ངེས་པའི་དམ་པའི་ཆོས་ཀྱི་སྙིང་པོ་ལོན་པ་ཞིག་བྱ་དགོས་པར་འདུག། དམ་པའི་ཆོས་བསྒྲུབ་པ་དེ་ཡང་སང་བྱ་གནངས་བྱའི་ངང་དུ་ལུས་ན། ལུས་སྲོག་ལ་ཡིད་བརྟན་གང་ཡང་མེད་པས་དེ་རིང་རང་ཡང་མི་འཆི་བའི་ངེས་པ་ཅི་ཡོད། གལ་ཏེ་དེ་རིང་ལྟ་བུར་ཤི་ན་སྔོན་སེམས་ལ་བརྟན་པ་མ་ཐོབ་པས་སྡིག་པ་དེ་ཙམ་ཞིག་བསགས། དགེ་བ་བློ་བདེ་ངེས་པ་གང་ཡང་བསགས་པ་མི་དྲན་འདུག་པས་ཅི་རང་དྲག། ཤི་བའི་འོག་ཏུ་ངན་སོང་ལོག་པའི་གནས་ཁོ་ནར་འགྲོ་བ་ལས་མ་འདས་འདུག། ད་རང་གིས་རང་སྡུག་ཏུ་མ་བཅུག་པར་ད་ལྟ་ཤི་ཡང་མི་འགྱོད་པའི་ཆོས་ཤིག་དེ་རིང་རང་ནས་བྱ་དགོས་པ་ལ། རྗེ་བཙུན་ཙོང་ཁ་ཆེན་པོ་རིགས་གསུམ་གྱི་བདག་ཉིད་དུ་གསོལ་བ་འདེབས་པའི་རྣལ་འབྱོར་འདི་ཉིད་ལམ་གྱི་རྩ་བར་འདུག་པས་ཉམས་སུ་ལེན་པ་ལ་འབད་པར་བྱ་སྙམ་དུ་བསམ། དེ་ཡང་བདག་གི་འཁོས་ཀ་འདི་ལ་སྤྱིར་འཁོར་བ་ཁྱད་པར་ངན་སོང་གི་སྡུག་བསྔལ་ལས་ཐར་པ་ཞིག་གི་ནུས་པ་མ་མཆིས་པས། བདག་དང་ཉམ་ཐག་པའི་སེམས་ཅན་ཐམས་ཅད་གནས་སྐབས་ཐམས་ཅད་དུ་སྐྱོབ་ནུས་པའི་ཡུལ་ཁྱད་པར་ཅན་ཞིག་ལ་བརྟེན་དགོས་པར་འདུག། དེ་ཡང་སངས་རྒྱས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་གྱི་མགོན་པོ་ཐུགས་རྗེ་ཉེ་རིང་མེད་པ། ཤེས་བྱ་ཐམས་ཅད་གཟིགས་པ་ཡིན་པས་བདག་ནམ་ཡང་མི་བསླུ་བར་སྐྱོབ་པར་ནུས་པས་དེ་ལ་སྐྱབས་གནས་དང་སྟོན་པ་ཞུ། བདག་གཞན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་བར་བྱེད་པའི་ཐབས་དངོས་ནི་དམ་པའི་ཆོས་ཁོ་ནར་འདུག་པས། དེ་སྐྱབས་དངོས་སུ་བསྟེན་པ་དང་། ཆོས་དེ་བསྒྲུབ་པའི་གྲོགས་མི་བསླུ་བ་དགེ་འདུན་ཡིན་པས་དེ་ལ་ལམ་བསྒྲུབ་པའི་ཟླ་གྲོགས་ཞུས་ནས། བདག་གིས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་དཀོན་མཆོག་གསུམ་ལ་བརྟེན་པར་བྱའོ་སྙམ་དུ་བསམས་ནས། མདུན་དུ་པད་མའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། གཡས་གཡོན་དུ་སྲས་ཀྱི་ཐུ་བོ་གཉིས། དེའི་མཐའ་སྐོར་དུ་དངོས་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་གསལ་ལེགས་པར་བཏབ། སྐྱབས་ཡུལ་དེ་རྣམས་ཀྱི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པའི་ཡོན་ཏན་དྲན་ནས་དད་གུས་ཤུགས་དྲག་པོ་དང་། རང་ཉིད་འཁོར་བ་སྤྱི་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ལ་ཤིན་ཏུ་སྐྲག་པའི་བློ་དང་། སྐྱབས་ཡུལ་རྣམས་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་སྒོ་ནས་འདི་ཕྱི་བར་དོའི་གནས་སྐབས་གང་དུ་མཐོ་དམན་ཅིར་འགྱུར་ཡང་བླ་མ་དཀོན་མཆོག་ཁྱེད་རྣམས་མཁྱེན་སྙམ་པ་དང་། མཐར་སྐོར་དུ་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་འཁོད་པས་སྐྱབས་ཡུལ་རྣམས་ལེགས་པར་མཐོང་བས་རང་དང་འདྲ་བར་ཡིད་ཁྱེད་ཤེས་ཀྱི་མོས་གུས་དང་འཇིགས་སྐྲག་གི་བློ་ཤུགས་དྲག་པོས་སྐྱབས་སུ་འགྲོ་བ་དང་། རང་གིས་སྐྱབས་འགྲོའི་ཚིག་འདོན་པ་དང་མཉམ་དུ་དེ་རྣམས་ཀྱིས་ཀྱང་བརྗོད་པར་མོས་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ།། རྫོགས་པའི་སངས་རྒྱས་བཅོན་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།། དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་པའི་སྐྱབས་འགྲོ་བཞི་སྐོར་ལན་གསུམ་ལ་སོགས་པར་བརྗོད། དེ་ནས། སེམས་ཅན་ཐམས་ཅད་རང་གི་ཚེ་རབས་སྔོན་མ་མང་པོར་ཕན་པ་ཚད་མེད་པས་བསྐྱངས་ཏེ་རང་གི་ཕྱིར་སྲོག་དོར་བའང་གྲངས་མེད་པ་ཞིག་བྱས་པའི་མ་ཡིན་ལུགས་དང་། དེའི་དྲིན་དྲན་པ་དང་དྲིན་གཟོ་བའི་བློ་སྔོན་དུ་བཏང་ནས། མ་འདི་རྣམས་བདག་ལ་དེ་ཙམ་གྱི་དྲིན་ཆེ་བ་ཡིན་པ་ལ། འཁོར་བའི་སྡུག་བསྔལ་མཐའ་དག་མུ་མེད་པས་བར་མཚམས་མེད་པར་མནར་བའི་གནས་སྐབས་འདི་འདྲ་ཤིན་ཏུ་སྙིང་རེ་རྗེ། ད་དེ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་པའི་ཁུར་བུ་བདག་ལ་བབས་མོད་ཀྱང་། དེ་རྣམས་སྐྱོབ་པའི་ནུས་མཐུ་གང་ཡང་མེད་པས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་ན། རང་ངོས་ནས་སྤངས་རྟོགས་ཐམས་ཅད་མཐར་ཕྱིན་པའི་བདེ་བ་བླ་ན་མེད་པ་རྙེད་པ་དང་། སེམས་ཅན་རྣམས་ཀྱང་སྒྲོལ་ནུས་པར་འདུག་པས། ཅི་ནས་ཀྱང་སངས་རྒྱས་ཀྱི་གོ་འཕང་མྱུར་བ་མྱུར་བར་ཐོབ་པ་བྱའོ་སྙམ་པའི་བློ་ཤུགས་དྲག་པོ་བསྐྱེད་ནས། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་བྱང་ཆུབ་སེམས་གཟུང་གི་ཚིག་ལན་གསུམ་བརྗོད། དེ་ནས་སེམས་ཅན་རྣམས་བདེ་བས་ཕོངས་ལུགས་དང་སྡུག་བསྔལ་གྱིས་མནར་ཚུལ་བསམ་ནས་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུར་ཅིག། ལྡན་པར་བདག་གིས་བྱའོ་སྙམ་པ་སོགས་ཀྱི་སྒོ་ནས། སེམས་ཅནཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། ཅེས་པ་ལན་གསུམ་གྱིས་ཚད་མེད་བཞི་སྒོམ་མོ།། གཉིས་པ་དངོས་གཞི་ལ། ཚོགས་ཀྱི་ཞིང་སྤྱན་འདྲེན་པ་དང་། དེ་ལ་ཚོགས་བསག་པ་དང་། གསོལ་བ་བཏབ་ནས་དངོས་གྲུབ་ཞུ་བ་གསུམ་ལས། དང་པོ་ནི། རི་རབ་ཀྱི་སྟེང་དུ་སུམ་ཅུ་རྩ་གསུམ་དང་། དེའི་སྟེང་གི་ནམ་མཁར་འཐབ་བྲལ། དེའི་སྟེང་གི་ནམ་མཁར་དགའ་ལྡན་གྱི་ལྷ་གནས་ཡོད་ཅིང་། དགའ་ལྡན་གྱི་ལྷ་བྱིངས་ཀྱི་གནས་ནས་གྲོང་ལས་དགོན་པ་ལྟར་འཕགས་པའི་ཆར། རྗེ་བཙུན་བྱམས་མགོན་གྱི་ཕོ་བྲང་རྒྱལ་མཚན་མཐོན་པོ་དང་། དེའི་མདུན་དུ་རྗེ་བཙུན་གྱིས་ཆོས་གསུང་སའི་ཀུན་དགའ་ར་བ་ཡིད་དགའ་ཆོས་འཛིན་ཞེས་བྱ་བ་ཡོད་པར་གསུངས་པས། རང་ཁ་རི་རབ་ལ་ཕྱོགས་པར་མོས་པའི་སྟེང་གི་ནམ་མཁར་རྗེ་བཙུན་གྱི་ཞིང་ཁམས་ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་མནན་ན་ནེམ་དང་བཏེག་ན་སྦར་བྱེད་པའི་མཉེན་པ་ལ། མཚོ་དང་། རྫིང་བུ་དང་། འབབ་ཆུ་དང་། བསམས་པ་ཙམ་གྱིས་དགོས་འདོད་ཐམས་ཅད་རང་གི་མདུན་དུ་འབྱུང་བའི་དཔག་བསམ་གྱི་ཤིང་དང་། གཞན་ཡང་ཤིང་དང་མེ་ཏོག་གི་ཚལ་ལ་སོགས་པ་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་དགའ་བ་བསྐྱེད་ནུས་པའི་དབུས་སུ་ཁང་བཟང་རྒྱལ་མཚན་མཐོན་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་ཉི་ཟླ་ཟིལ་གྱིས་གནོན་ནུས་པ་ལྟ་བུའི་འོད་ཟེར་འཕྲོ་བ། རིན་པོ་ཆེའི་དྲ་བ་དང་། དྲ་ཕྱེད་དང་། དྲིལ་བུ་དང་། རྔ་ཡབ་ལ་སོགས་པའི་རྒྱན་དུ་མ་འཕྱང་འཕྲུལ་དུ་གཡོ་བ། དེའི་མདུན་དུ་ཡིད་དགའ་ཆོས་འཛིན་གྱི་ཀུན་དགའ་ར་བ་གསེར་གྱི་ས་གཞི་ལ་བཻཌཱུརྱའི་མིག་མང་རིས་སུ་བྲིས་པ། དྲི་ཞིམ་ཞིང་རོ་མངར་གྱི་འབྲས་བུ་དང་ལྡན་པའི་ཤིང་དང་། ཁ་དོག་ཁྱད་པར་འཕགས་པའི་མེ་ཏོག་ལ་སོགས་པ་བལྟ་བས་མི་ངོམས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རྗེ་བཙུན་བྱམས་པ་མགོན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཉི་མ་འབུམ་དང་འདྲ་བའི་འོད་ཟེར་ཅན། རིན་པོ་ཆེའི་རྒྱན་དང་ལྷ་རྫས་ཀྱི་དར་གྱི་ན་བཟའ་གསོལ་བ་ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་ཞལ་རང་ལ་ཕྱོགས་པར་བཞུགས་པའི་མཐའ་སྐོར་དུ། ཇོ་བོ་ཨ་ཏི་ཤ་དང་། རྗེ་ཡབ་སྲས་ལ་སོགས་པ་ཕྱོགས་བཅུ་ནས་འདུས་པའི་དག་པའི་འཁོར་ཚོགས་གྲངས་མེད་པས་བསྐོར་བར་གསལ་བཏབ་ནས་རང་ཡང་གནས་དེར་བསླེབས་ནས་ཞིང་གི་ཡོན་ཏན་ཐམས་ཅད་མིག་གིས་མཐོང་བ་སྙམ་བྱེད་པ་དང་། རྗེ་བཙུན་གྱི་གསུང་ཆོས་ཀྱི་སྒྲ་རྣ་བས་ལྷང་ལྷང་བར་ཐོས་པའི་མོས་པ་ཤུགས་དྲག་པོ་ཡུན་མི་ཐུང་ཙམ་བྱ་སྟེ་དག་པའི་ཞིང་སྦྱོང་དུ་འགྲོ་བ་དང་ཕྱི་མར་གནས་དེར་སྐྱེ་བའི་བག་ཆགས་འཇོག་པ་སོགས་ཀྱི་དགོས་པ་ཤིན་ཏུ་ཆེ། དེ་ནས་རྗེ་བཙུན་གྱི་ཐུགས་ཀ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་ལ་དཔལ་བེའུའི་དྲ་མིག་ཁྲ་སེང་བའི་དབུས་སུ་སྤྲིན་དཀར་པོ་ལྡིང་བའི་སྟེང་ན་རྗེ་བླ་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ་ལས་གཡས་གཏོན་དུ་གྱེས་པའི་ཨུཏྤ་ལའི་འདབ་པ་སྙན་གྱི་ཐད་སོར་གནས་པའི་གཡས་སྟེང་ཤེས་རབ་ཀྱི་རལ་གྲི་དང་། གཡོན་སྟེང་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། དབུ་ལ་གསེར་མདོག་གི་པཎ་ཞྭ་དང་། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གཡས་ཕྱོགས་རྒྱལ་ཚབ་ཐམས་ཅད་མཁྱེནཔ་དབུ་ཅུང་ཟད་འདུད་པའི་རྣམ་པ་དང་། གཡོན་ཕྱོགས་མཁས་གྲུབ་ཐམས་ཅད་མཁྱེན་པ་སྐུ་ཅུང་ཟད་འགྱིང་བ་ལྟ་བུ། གཉིས་ཀའང་སྐུ་མདོག་དང་ན་བཟའ་སོགས་གཙོ་བོ་དང་འདྲ་བ་ལ་ཕྱག་གཡས་ཆོས་འཆད་དང་། གཡོན་མཉམ་གཞག་གི་སྟེང་གི་གླེགས་བམ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གསུམ་གསལ་ལེགས་པར་བཏབ་ཅིང་། གཞན་ཡང་བྱམས་མགོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣེ་ལ་གང་འདུལ་གྱི་སྤྲུལ་པ་མུ་མེད་དུ་འཕྲོ་བ་དང་། སྡུད་པར་མཛད་པར་བསམ། དེ་ནས་རྗེ་བླ་མ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་དད་གུས་ཆེན་པོའི་སྒོ་ནས་བདག་གི་མགོན་སྐྱབས་དང་དཔུང་གཉེན་གྱི་སླད་དུ་འདིར་གཤེགས་ན་ཅི་མ་རུང་སྙམ་པའི་གདུང་ཤུགས་དྲག་པོས། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ན།། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས།། སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།། ཞེས་སྤྱན་དྲངས་པས་བྱམས་མགོན་གྱི་ཐགས་ཀ་ནས་སྤྲིན་དཀར་པོ་དར་དཀར་བརྐྱང་བ་འདྲ་བའི་སྣེར་རྗེ་ཡབ་སྲས་གསུམ་བཞུགས་རང་གི་མདུན་ཐད་ཡེར་གྱིས་བྱོན་པའི་མཐའ་སྐོར་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཁྲོམ་ཚོགས་ལྟ་བའམ། ཡང་ན་རྗེ་ཡབ་སྲས་གསུམ་པོ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་མོས་པས་ཀྱང་ཆོག་སྟེ་ཕྱི་མ་ཀུན་འདུས་ནོར་བུ་ལུགས་སོ།། དེ་ཡང་གསང་བདག་ལས་ཀྱི་རྡོ་རྗེར། ཡི་དམ་ལྷས། བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཞེས་ལུང་བསྟན་པ་ལྟར་རྗེ་ཙོ་ཁ་པར་བསླབ་བཏུས་གནང་པའི་ཚེ། གྲུབ་ཐོབ་རིན་པོ་ཆེས་རྗེའི་དབུ་སྟེང་དུ་བྱམས་པ། སྐུ་དཔུང་གཡས་པར་འཇམ་དབྱངས། གཡོན་པར་ལྷ་མོ་དབྱངས་ཅན་མ་བཞུགས་པར་གཟིགས་པ་དང་། རྗེ་སྐུ་དྲུང་དུ་ཕེབས་པར་ཉེ་སྐབས། མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་ལུང་བསྟན་བྱུང་བ་སོགས་རྗེ་བླ་མ་བྱམས་པ་དང་ངོ་བོ་གཅིག་ཡིན་པ་དང་། ཐ་མལ་པའི་ངོར་སྐུ་ཚེ་དེའི་རྗེས་མ་དགའ་ལྡན་དུ་རྒྱལ་སྲས་འཇམ་དཔལ་སྙིང་པོ་ཞེས་པར་འཁྲུངས་པའི་ལུང་བསྟན་ཞིག་སྤྲུལ་པ་ཞིག་ཞིང་དེར་བྱམས་མགོན་གྱི་སྲས་ཀྱི་ཐུ་བོར་བཞུགས་པའི་ཚུལ་བསྟན་པ་སོགས་ལ་དགོངས་ནས་འདིར་རྗེ་བཙུན་གྱི་ཐུགས་ཀ་ནས་སྤྱན་འདྲེན་པར་མཛད་པ་ཡིན་ཞེས་གསུངས། གཉིས་པ་ནི། དེ་ལྟར་བསོད་ནམས་ཀྱི་ཞིང་སྤྱན་དྲངས་པ་ལ་ཡན་ལག་བདུན་གྱིས་ཚོགས་གསོག་པའི་ཐོག་མར་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། མདུན་གྱི་ཐད་དྲང་དུ་སེང་གེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། གཡས་གཡོན་དུ་དེ་ལས་དམའ་བའི་སེང་གེའི་ཁྲིར་པད་མ་དང་ཟླ་བའི་གདན་ལ་རྗེ་ཡབ་སྲས་གསུམ་བཞུགས་པར་མོས་ནས། བདག་དང་བདག་འདྲའི་སེམས་ཅན་བླང་དོར་གྱི་གནས་ལ་མིག་ལོང་བ་ལྟ་བུ་རྣམས་ཀྱི་ལོང་ཁྲིད་དང་། ཉོན་མོངས་པའི་ནད་ཤུགས་དྲག་པོས་གཙེས་པ་རྣམས་གསོ་བྱེད་ཀྱི་སྨན་པ་དང་། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ཀློང་དུ་བྱིང་བ་རྣམས་འབྱིན་བྱེད་ཀྱི་མཉན་པ་ལྟ་བུར་མགོན་མེད་སྐྱབས་མེད་དུ་ལུས་པ་བདག་ཅག་གི་སྐྱབས་གནས་ཁྱེད་ལས་གཞན་སུ་ལ་རེ་བས་བདག་ཅག་གི་མགོན་དང་། མདོ་སྔགས་ཀྱི་བསྟན་པའི་གནད་དྲི་མ་མེད་པ་རྣམས་བཤད་སྒྲུབ་ཀྱིས་དར་ཞིང་རྒྱས་པའི་སླད་དུ་བསྐལ་བརྒྱར་མི་གཡོ་བར་བཞུགས་སུ་གསོལ་ལོ་སྙམ་ནས། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང།། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།། བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།། བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། ཞེས་གསོལ་བ་གདབ། འདིར་ཐོག་མར་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་འབྱུང་བ་ནི། ཚོགས་གསོག་པའི་ཞིང་འགྲན་ཟླ་མེད་པ་ནི་བླ་མ་ཡིན་ལ། དེ་ལ་ཚོགས་གསོག་པ་ལ་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་པ་ཞིག་དགོས་པས་ཐོག་མར་བརྟན་བཞུགས་ཀྱི་གསོལ་བ་གདབ་པ་ཡིན་གསུངས། ཕྱག་འཚལ་བའི་ཡན་ལག་ནི། རང་གི་ལུས་ཞིང་གི་རྡུལ་གྲངས་དང་མཉམ་པར་སྤྲུལ་པ་རྣམས་དང་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ལུས་ཀྱིས་ཕྱག་འཚལ་བ་དང་ངག་གིས་བསྟོད་དབྱངས་བརྗོད་པ་དང་ཡིད་ཀྱིས་དད་གུས་ཆེན་པོས་གསོལ་བ་གདབ་པར་མོས་ནས། ཤེས་བྱ་ཐམས་ཅད་རེས་འཇོག་མ་ཡིན་པར་སྐད་ཅིག་གཅིག་གིས་དུས་ཅིག་ཅར་དུ་མངོན་སུམ་དུ་གཟིགས་པའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པ་དང་བརྗོད་པ་གཅིག་ལ་ཡང་སྐལ་ལྡན་གྱི་འགྲོ་བ་རང་རང་གི་སྐད་དང་དབང་པོར་འཚམས་པའི་ཆོས་སུ་གོ་ནས་གནས་སྐབས་དང་མཐར་ཐུག་གི་དགེ་ལེགས་སྟེར་བར་མཛད་པའི་གསུང་དང་། འཁོར་ལོའི་སྒྱུར་བ་དང་། ཉན་རང་དང་སོ་སྐྱེ་ཕལ་པ་ཐམས་ཅད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས་བ་སྤུ་གཅིག་འགྲུབ་པ་སོགས། བསོད་ནམས་མཐའ་ཡས་དཔག་ཏུ་མེད་པས་བསྐྲུན་པའི་མཚན་དཔེ་གསལ་རྫོགས་ཀྱི་སྐུའི་ཡོན་ཏན་རྣམས་དྲན་པར་བྱས་ལ། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་།། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།། མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ།། ཞེས་བརྗོད། མཆོད་པའི་ཡན་ལག་ནི། མཛེས་ཤིང་ཡིད་དུ་འོང་བའི་མིག་དང་ཡིད་ལ་དགའ་བ་བསྐྱེད་ནུས་པའི་མཆོད་པའི་ལྷ་མོའི་ལག་ན་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། སིལ་མ་དང་སྡོང་པོའི་མེ་ཏོག་དྲི་ཞིམ་ཞིང་ཁ་དོག་རྣམ་པར་བཀྲ་བ། བདུག་སྤོས་ཀྱི་དུད་སྤྲིན། མུན་སེལ་གྱི་སྣང་བ། བྱུག་པའི་དྲི་ཆབ། རོ་བརྒྱ་ལྡན་པའི་བཟའ་བཏུང་གི་བྱེ་བྲག། འབུད་དཀྲོལ་བརྡུང་རྒྱུད་ཀྱི་རོལ་མོའི་བྱེ་བྲག་ཐོགས་པ་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པའི་འདོད་ཡོན་སྣ་ལྔ་དང་། རྒྱལ་སྲིད་རིན་ཆེན་བདུན། བཀྲ་ཤིས་པའི་རྟགས་རྫས་ལ་སོགས་པ་དང་། བདག་པོས་མ་བཟུང་བའི་ཆུ་མཚོ། ནགས་ཚལ་མེ་ཏོག། སྨན་གྱི་རི་བོ་སོགས་མདོར་ན་མཉེས་བྱེད་ཀྱི་མཆོད་པའི་བྱེ་བྲག་གང་ཡང་མ་ཚང་བ་མེད་པ་དང་། རྒྱལ་བ་སྲས་བཅས་ཀྱི་ཏིང་ངེ་འཛིན་གྱི་རོལ་པ་ལས་བྱུང་བའི་ཀུན་བཟང་མཆོད་སྤྲིན་གྱི་ཚོགས་ཀྱང་བློས་བླངས་ཏེ་ཕུལ་བར་བསམས་ལ། ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།། དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་དང་།། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།། ཞེས་བརྗོད་པས་མཆོད་པ་རྣམས་བདག་གིར་བཞེས་ཏེ་ཐུགས་རྒྱུད་ལ་བདེ་བ་ཁྱད་པར་ཅན་འཁྲུངས་ཏེ་མཉེས་ཤིང་ཚིམ་པར་བསམ། བཤགས་པའི་ཡན་ལག་ནི། རང་གིས་ཐོག་མེད་ནས་འཁོར་བ་འདིར་འཁྱམས་པའི་ཚེ་རབས་སུ་བསགས་པའི་སྡིག་ལྟུང་མཐའ་ཡས་པ་ཞིག་འབྲས་བུ་ཕྱུང་མ་ཟིན་པར་ཡོད་པ་རྣམས་དང་། ཁྱད་པར་ཚེ་འདིར་སྡོམ་གསུམ་དང་འགལ་བའི་བཅས་རང་གི་ཉེས་ལྟུང་ཇི་སྙེད་བསགས་པ་དྲན་པའི་ཡུལ་དུ་གྱུར་པ་རྣམས་ལ་བསྔོ་བགྲང་བྱས་ནས། འདི་དག་དང་གཞན་ཡང་དྲན་པས་མ་ཟིན་པའམ་མཐའ་ཡས་པ་ཞིག་ཡོད་པས་འདི་རྣམས་ཀྱི་འབྲས་བུ་ལ་བདག་ཕྱི་མར་དམྱལ་བར་སྐྱེ་བ་སོགས་སྡུག་བསྔལ་ཚད་མེད་པ་མྱོང་དགོས་པར་མ་ཟད། ཚེ་འདི་ལ་ཡང་ཡོན་ཏན་སྐྱེ་བ་ལ་གེགས་བྱེད་པ་སོགས་ཀྱི་ཉེས་དམིགས་ཤིན་ཏུ་ཆེ་བར་འདུག་པས་ཅི་རང་དྲག། འདི་ལྟ་བུའི་སྡིག་པ་བསགས་པ་ལ་ཨང་སྙམ་པའི་འགྱོད་སེམས་དུག་ཁོང་དུ་སོང་བ་ལ་འགྱོད་པ་ལྟར་ཤུགས་དྲག་པོ་དང་། ད་ཕྱིན་ཆད་འདི་འདྲའི་སྡིག་པ་མི་བགྱིད་སྙམ་པའི་སྡོམ་སེམས་ཀྱི་སྒོ་ནས། སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་སྡིག་པ་རྣམས་མི་འཆབ་པར། གདུང་བའི་འོ་དོད་ཀྱིས་བཤགས་པར་མོས་ཏེ། བདག་གིས་ཐོག་མེད་དུས་ནས་བསགས་པ་ཡི།། ལུས་ངག་ཡིད་ཀྱི་སྡིག་པ་ཅི་བགྱིས་དང་།། ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།། ཞེས་བརྗོད་པས་བཤགས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པ་རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་ཟེར་ཞུགས་པ་བཞིན་སངས་ཀྱིས་སྦྱངས་པའི་མོས་པ་བྱ་ལ། གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བའི་དམིགས་པ་བྱས་ནའང་ལེགས་པས་ཞིབ་པར་མན་ངག་ལས་ཤེས་པར་བྱ། བཤགས་ཡུལ་གསལ་བཏབ་པ་ལ་མོས་གུས་ཀྱིས་སྐྱབས་སུ་འགྲོ་བ་དང་། རང་འདྲའི་འགྲོ་བ་སྡིག་པའི་རྒྱུ་འབྲས་ལ་སྤྱོད་པ་རྣམས་ཀྱི་ངང་ཚུལ་བསམ་ནས་སྙིང་རྗེ་ཤུགས་ཅན་བསྐྱེད་དེ་ཉམས་ཐག་འདི་རྣམས་ཀྱི་ཕྱིར་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་ན་སྙམ་པའི་བྱང་ཆུབ་ཀྱི་སེམས་དུ་རེ་བ་བསྐྱེད་པ་གཉིས་ནི་རྟེན་གྱི་སྟོབས། སྔོན་ཆད་སྡིག་པ་བྱས་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་མི་བྱེད་པར་སྡོམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས། བླ་མ་ཚོགས་ཞིང་དུ་གསལ་བ་ལ་ཕྱག་འཚལ་མཆོད་འབུལ་སོགས་བགྱིས་པ་དང་། བཤགས་པའི་འཁོར་གསུམ་ལ་མི་དམིགས་པས་རྒྱས་འདེབས་པ་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ཡིན་པས་དེ་བཞི་ཚང་བའི་སྒོ་ནས་སྡིག་པ་བཤགས་པས་ཤིན་ཏུ་སྟོབས་ཆེ་བའང་སྦྱང་བར་ནུས་པའི་ཐབས་བླ་ན་མེད་པའོ།། རྗེས་སུ་ཡི་རང་བའི་ཡན་ལག་ནི། རྗེ་བླ་མའི་སྐུ་ཚེ་གཞན་དང་འདིར་ཕལ་བའི་བློས་དཔག་པར་མི་ནུས་པའི་གསང་བ་གསུམ་གྱི་མཛད་པ་རྣམས་ལྟ་ཅི། ཚུར་མཐོང་གི་བློ་རང་ག་བས་གཞལ་བར་ནུས་པའི་སྐུ་ཚེ་འདིའི་མཛད་པ་སྐུ་ན་ཕྲ་མོ་ནས་མདོ་སྔགས་ཀྱི་གཞུང་ཕྱོགས་རེ་བ་ཙམ་མ་ཡིན་པར་རྒྱུད་སྡེ་བཞི་དང་ཕར་ཕྱིན་ཐེག་པའི་སྡེ་སྣོད་གསུམ་ལ་འགྲེལ་བྱེད་ཚད་མར་གྱུར་པའི་མཁས་གྲུབ་རྣམས་དང་གྲུབ་མཐའ་བཞིའི་བཞེད་སྲོལ་ཕྲ་ཞིང་ཕྲ་བ་ལའང་ཕུ་ཐག་ཆོད་པར་སྦྱངས་པས་མཁས་པ་གངས་ཅན་གྱི་སྟོན་ཆེན་སུས་ཀྱང་འགྲན་ཟླ་མེད་པར་གྱུར་པ་དང་། གང་ཐོས་པ་དེ་རྣམས་ཀྱང་ཐོས་ལོ་ཙམ་མ་ཡིན་པར་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་ནས། ཐོས་དོན་མཐའ་དག་ལ་འདོར་རྒྱུ་སྤུ་ཙམ་ཡང་མེད་པར་སྨིན་གྲོལ་གྱི་ཐབས་ཟབ་མོར་གཟིགས་ནས་བསམ་པ་དང་བསྒོམ་པས་ཚུལ་བཞིན་སྒྲུབ་པ་ལ་བརྩོན་པ་དང་། དེ་ཡང་ཆོས་བརྒྱད་ཀྱི་བསླད་པ་ཕྲ་མོ་ཙམ་ཡང་མ་ཞུགས་པར། བསྟན་པ་དང་གཞན་གྱི་དོན་ཁོ་ནར་ཐུགས་ཉམས་སུ་བཞེས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བརྙེས་ནས་རང་ཉིད་གྲུབ་པ་མཆོག་གི་སར་གཤེགས། སྐལ་ལྡན་གྱི་གདུལ་བྱ་ལ་བླ་མེད་ཀྱི་རིམ་པ་གཉིས་ལ་སོགས་པ་རྒྱུད་སྡེ་བཞིའི་ཐུན་མོང་མ་ཡིན་པ་དང་། ཟབ་མོ་དབུ་མའི་ལྟ་བ་ལ་སོགས་པ་ཕར་ཕྱིན་ཐེག་པའི་ཐུན་མོང་བའི་ལམ་གྱི་གནད་ཐམས་ཅད་གསལ་ལ་རྫོགས་པ་གངས་ཅན་འདིར་སྔོན་བྱོན་གྱི་མཁས་གྲུབ་སུས་ཀྱང་སྟོན་པར་མ་ནུས་པའི་ལེགས་བཤད་ཀྱིས་ལྷུག་པར་བསྟན་ནས་ད་ལྟའི་བར་དུའང་མཐའ་དབུས་ཀུན་ཏུ་བསྟན་པ་ཡོངས་རྫོགས་ལ་ཕྱོགས་མཐོང་ཙམ་གྱིས་ཐོས་བསམ་སྒོམ་པ་བྱེད་པ་འདི་ཐམས་ཅད་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཡིན་པ་གཟུར་གནས་ཀྱིས་བལྟས་ན་ཤེས་པས་དེ་འདྲའི་རྣམ་པར་ཐར་པ་དྲན་པར་བྱས་ལ་སེམས་དགའ་བའི་ཡི་རང་བ་དང་། བདག་གིས་ཀྱང་འདི་ལྟ་བུའི་རྣམ་ཐར་སྐྱོང་ནུས་པར་ཤོག་ཅིག་སྙམ་ནས། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱེད།། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། ཞེས་བརྗོད། ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། རྗེ་ཡབ་སྲས་རྣམས་ཀྱི་ཐུགས་སྒྲིབ་པ་བག་ཆགས་དང་བཅས་པ་དག་པའི་བདེ་སྟོང་གི་འོད་གསལ་ལས་ནམ་ཡང་གཡོ་བ་མེད་བཞིན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་ཀྱིས་གང་འདུལ་གྱི་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་སྣང་བ་འབད་མེད་ལྷུན་གྲུབ་ཏུ་འཆར་བས་ན། དཔེར་ན་ནམ་མཁའ་གཡའ་དག་པ་ལ་སྤྲིན་འཁྲིགས་པ་ལས་ཆར་གྱི་རྒྱུན་ས་གཞིར་འབད་མེད་དུ་འབབ་པ་བཞིན་ཆོས་སྐུའི་མཁའ་དབྱིངས་སུ་མཁྱེན་དང་བརྩེ་བའི་སྤྲིན་འཁྲིགས་པ་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་ཀྱི་ཆར་བདག་ཅག་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་ས་གཞིར་ཆད་མེད་དུ་དབབ་ཏུ་གསོལ་སྙམ་པས། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།། ཆོས་སྐུའི་མཁའ་ལ་མཁྱེན་བརྩེ་སྤྲིན་འཁྲིགས་ནས།། ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ།། ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།། ཞེས་བརྗོད་ལ། འདི་དང་མྱ་ངན་ལས་མི་འདའ་བར་གསོལ་བ་གཉིས་ལ་གང་གསོལ་བ་ལྟར་ཞལ་གྱིས་བཞེས་པའི་མོས་འདུན་བྱ། བསྔོ་བའི་ཡན་ལག་ནི། བདག་གིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམས་པ་འདིས་མཚོན་དུས་གསུམ་བསགས་དང་གསོག་བཞིན་གསོག་འགྱུར་གྱི་དགེ་ཚོགས་ཇི་སྙེད་པ་ཐམས་ཅད་སྤྱིར་བསྟན་པ་རྒྱས་པ་དང་། མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་ལ་གང་ཕན་པའི་ཐབས་དང་། ཁྱད་པར་རྗེ་བླ་མའི་མདོ་སྔགས་ལུང་རྟོགས་ཀྱི་བསྟན་པ་དྲི་མེད་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མི་མཐུན་ཕྱོགས་ཀྱི་དྲི་མས་མ་གོས་པར་ཉི་མ་བཞིན་དུ་གསལ་བར་བྱེད་ནུས་པའི་རྒྱུར་གྱུར་ཅིག་སྙམ་དུ་བསམས་ནས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།། བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག། ཅེས་བརྗོད་ལ། འདི་ནི་དགེ་བ་ཆུང་ངུ་ཡང་རྒྱ་ཆེར་འཕེལ་ཞིང་། བྱང་ཆུབ་ཀྱི་བར་དུ་མི་འཛད་པའི་ཐབས་བླ་ན་མེད་པ་ཡིན་པར་མ་ཟད་རྒྱལ་བའི་བསྟན་པ་འཛིན་པའི་སྨོན་ལམ་འདི་ཉིད་རྒྱལ་སྲས་ཀྱི་སྨོན་ལམ་བཏབ་པ་ཇི་སྙེད་ཐམས་ཅད་དམ་ཆོས་འཛིན་པའི་སྨོན་ལམ་གྱི་ནང་དུ་འདུས་པར་གསུངས་པས་བསྔོ་བ་སྨོན་ལམ་ཐམས་ཅད་འདུས་པའི་སྡོམས་ལྟ་བུ་མཆོག་གོང་ན་མེད་པའོ།། གསུམ་པ་གསོལ་བ་བཏབ་ནས་དངོས་གྲུབ་ཞུ་བ་ནི། དམིགས་བརྩེ་མ་ཅི་འགྲུབ་ཀྱི་སྒོ་ནས་གསོལ་བ་གདབ་པར་བྱ་ལ། དེ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནང་ནས། དམིགས་པ་མེད་པའི་བརྩེ་བ་ཆེན་པོའི་གཏེར་ཆེན་པོ་མངའ་བ་ལ་འཕགས་པ་སྤྱན་རས་གཟིགས་འགྲན་ཟླ་དང་བྲལ་བ་དང་། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་ཐམས་ཅད་ལ་དྲི་མ་མེད་པའི་མཁྱེན་རབ། བྱང་སེམས་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་འཇམ་དཔལ་དབྱངས་ཡིན་པ་དང་མཚུངས་པར། བོད་འདིར་སྔོན་བྱོན་གྱི་མཁས་པ་ཐམས་ཅད་ཀྱི་ནང་ན་མདོ་སྔགས་གང་གི་སྐབས་སུའང་གཟུ་བོའི་བློས་ཞིབ་པར་བརྟགས་ན་རྗེ་འདི་ཉིད་ཀྱི་མཁྱེན་པ་དང་མཉམ་པ་སུ་ཡང་མེད་པར་ལེགས་བཤད་རྣམས་ལས་དཔགས་ཏེ་ཤེས་ནུས་པ་བཞིན་གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་ནང་ན་འགྲན་ཟླ་མེད་པས་གཙུག་གི་རྒྱན་དུ་གྱུར་པ་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པ་བློ་བཟང་གྲགས་པའི་དཔལ་གྱི་སྐུའི་ཆ་དམའ་ཤོས་ཞབས་ཀྱི་པད་མོ་ལ་བདག་གི་སྤྱི་བོས་བཏུད་ནས་གསོལ་བ་འདེབས་སོ།། བདག་ཀྱང་ཁྱེད་རང་ལྟ་བུར་མཁས་པའི་ཡོན་ཏན་ཕུལ་དུ་ཕྱིན་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སེམས་པ་ནི་ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་གདབ་པ་རྗེ་བླ་མའི་ཕྱི་སྒྲུབ་ཡིན་ལ། གསོལ་བ་ནི་ཞུ་བ་དང་འདེབས་པ་ནི་འབུལ་བའི་དོན་ཏེ་ཞུ་བ་འབུལ་ཞེས་པའོ།། ཡང་དམིགས་པ་མེད་པའི་སྙིང་རྗེ་ཆེན་་པོས་འགྲོ་ལ་རྟག་ཏུ་གཟིགས་པའི་ཡོན་ཏན་མངའ་བ་ལ་སྤྱན་རས་གཟིགས་དང་། བདེན་གཉིས་ཀྱི་ཤེས་བྱའི་གནས་ཐམས་ཅད་ལ་མཁྱེན་པ་དྲི་མ་མེད་པ་མངའ་བའི་དབང་པོར་གྱུར་པ་ལ་རྗེ་བཙུན་འཇམ་དཔལ་དབྱངས་དང་འདྲ་བ་སྟེ། མདོར་ན་སྙིང་རྗེ་དང་མཁྱེན་རབ། སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་མངའ་བ་དེ་ལྟ་བུ་དང་ལྡན་པའི་རྗེ་ཙོང་ཁ་པ་ལ་གསོལ་བ་འདེབས་སོ།། བདག་ཀྱང་སྒྲུབ་པ་ལྷུར་བླངས་ནས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་དེ་ལྟ་བུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་ནི་ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ་རྗེ་བླ་མའི་ནང་སྒྲུབ་བོ།། ཡང་རྒྱལ་བ་ཐམས་ཅད་ཀྱི་བརྩེ་བ་གཅིག་ཏུ་བསྡུས་པའི་ངོ་བོ་ལྷར་ཤར་བ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ལ། རྗེ་འདི་ཡང་དེ་དང་ངོ་བོ་གཅིག་ཡིན་པས་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་བདག་ཉིད་ཡིན་ཅིང་། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་ངོ་བོ་ནི་རྗེ་བཙུན་འཇམ་དབྱངས་ཡིན་ལ། རྗེ་འདི་རྗེ་བཙུན་འཇམ་པའི་དབྱངས་ཉིད་མིའི་རྣམ་པར་བསྟན་པ་ཡིན་པས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་མཐུ་ནུས་གཅིག་ཏུ་བསྡུས་པའི་ངོ་བོ་ལྷར་ཤར་བ་ནི་དཔལ་གསང་བའི་བདག་པོ་ཡིན་ལ། རྗེ་འདི་ཡང་དེ་དང་ངོ་བོ་གཅིག་ཡིན་པས། རྒྱལ་བ་ཀུན་གྱི་མཐུ་སྟོབས་ཀྱི་བདག་ཉིད་དུའང་གྲུབ་ལ། དེ་ལྟར་རིགས་གསུམ་གྱི་ངོ་བོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྐུའི་ཆ་དམའ་ཤོས་ཞབས་ཀྱི་པདྨོར་བདག་གི་མགོ་བོས་བཏུད་དེ་གསོལ་བ་འདེབས་སོ།། བདག་ཀྱང་ཁྱེད་རང་ལྟ་བུར་ལྷག་པའི་ལྷ་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། དམིགས་མེད་བརྩེ་བས་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།། བདུད་སྤུངས་མ་ལུས་འཇོམས་མཛད་གསང་བའི་བདག། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་བརྗོད་པ་ནི་གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ་རྗེ་བླ་མའི་གསང་སྒྲུབ་ཡིན་ལ། དེ་ཡང་། བདག་ཉིད་ཆེན་པོ་འདི་མགོན་པོ་འཇམ་དབྱངས་ཡིན་པར་སྔར་དྲངས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་སོགས་ལས་གསལ་བར་འགྲུབ་ཅིང་། དེ་ལྟར་ན། བཀའ་གདམས་གླེགས་བམ་ལས། འཕགས་པ་རིགས་གསུམ་མགོན་པོ་ངོ་བོ་གཅིག་པར་གསུངས་པས། རྗེ་འདི་རིགས་གསུམ་གཞན་གཉིས་ཀྱི་རྣམ་རོལ་ཡིན་པའང་འགྲུབ་པར་མ་ཟད་གསང་བའི་རྣམ་པར་ཐར་པར་ཟུར་ཙམ་གསལ་བས་མཚོན་ཚད་མའི་ལུང་རིགས་གཞན་གྱིས་ཀྱང་སྤྱན་རས་གཟིགས་དང་གསང་བདག་དང་ངོ་བོ་གཅིག་པར་སྒྲུབ་ཏུ་ཡོད། དེ་ནི་རྗེ་བླ་མ་རིགས་གསུམ་གྱི་བདག་ཉིད་དུ་མོས་ནས་གསོལ་བ་འདེབས་པ་ཡིན་ལ། ཡང་རྗེ་འཇམ་དབྱངས་དང་། རྒྱལ་ཚབ་སྤྱན་རས་གཟིགས། མཁས་གྲུབ་གསང་བདག་གི་ངོ་བོར་མོས་ནས་དམིགས་བརྩེ་མའི་གསོལ་བ་འདེབས་པའི་འཁྲིད་ཚུལ་ཀྱང་ཡོད་པར་གསུངས། དེ་ལྟར་གསོལ་བ་འདེབས་ཚུལ་གསུམ་གྱི་སྔ་མ་ནི། གཙོ་བོར་མཁས་པའམ་ལུང་གི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང་། ཕྱི་མ་གཉིས་ནི་གྲུབ་པའམ་རྟོགས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ལ། དེ་རྣམས་དྲན་བཞིན་པའི་སྒོ་ནས་ལེགས་པར་གསོལ་བ་བཏབ་ན་རིགས་གསུམ་མགོན་པོ་ལ་གསོལ་བ་བཏབ་པར་འགྱུར་བ་དང་། དེ་རྣམས་ཀྱི་གཟུང་སྔགས་ཟབ་མོ་བཟླས་པ་དང་འདྲ་བའི་ཕན་ཡོན་སོགས་ཐོབ་པར་འགྱུར་བ་གདོན་མི་ཟའོ།། ཚུལ་དེ་ལྟ་བུའི་གསོལ་བ་འདེབས་བཞིན་པར་དངོས་གྲུབ་ཞུ་བའི་དམིགས་པ་བྱ་ཚུལ་ནི། མ་དག་འཁྲུད་དང་མི་ཤེས་གསལ།། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ།། ས་བོན་མྱུར་བ་ཕྱག་མཚན་ཟབ།། གླེགས་བམ་རལ་གྲི་གླེགས་རལ་གྱིས།། འཆད་དང་རྩོད་དང་རྩོམ་པའོ།། ཞེས་པའི་སྡོམ་ཚིག་ལྟར། མ་དག་པ་འཁྲུད་པའི་དམིགས་སྐོར་སྔོན་དུ་བཏང་ནས་དངོས་གཞི་ལ། སྐུའི་སྒོ་ནས་ཤེས་རབ་ཆེ་བ། གསུང་གི་སྒོ་ནས་གསལ་བ། ཐུགས་ས་བོན་གྱི་སྒོ་ནས་མྱུར་བ། ཕྱག་འཚལ་གྱི་སྒོ་ནས་ཟབ་པ། གླེགས་བམ་གྱི་སྒོ་ནས་འཆད་པ། རལ་གྲིིའི་སྒོ་ནས་རྩོད་པ། གླེགས་རལ་གཉིས་ཀའི་སྒོ་ནས་རྩོམ་བའི་ཤེས་རབ་སྒྲུབ་ཚུལ་བདུན་ལས། དང་པོ་ནི། དེ་ལྟར་གསོལ་བ་བཏབ་པའི་རྗེ་ཡབ་སྲས་གསུམ་མཉེས་ནས་ཐུགས་ཀ་ནས་འོད་དཀར་པོའི་སྦུ་གུ་ཕུ་དུང་ལྟ་བུ་བརྐྱང་བའི་སྣེ་མོ་གཅིག་ཏུ་གྱུར་པ་རང་གི་སྤྱི་བོའི་ཚངས་བུག་ལ་ཟུག། དེའི་ནང་བརྒྱུད་ངོ་བོ་ཡེ་ཤེས་ལ་རྣམ་པ་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་དཔག་ཏུ་མེད་པ་བབས། སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་མི་ཤེས་པ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ། ནད་གདོན་ཐམས་ཅད་སྡོམ་དང་སྡིག་པ་སྦལ་ལྕོང་ལ་སོགས་པའི་རྣམ་པར། ཕུ་ཆུ་ཆེན་པོའི་རྩྭ་སྦུར་ལ་སོགས་པ་དེད་པ་བཞིན་དུ་བ་སྤུའི་སྒོ་ཐམས་ཅད་ནས་ཕྱིར་དེད། ལུས་ཡེ་ཤེས་ཀྱི་བདུད་རྩིས་ཁྲིག་མེར་གྱིས་གང་ཞིང་གསལ་སིང་ངེ་བར་སོང་བར་བསམ། སླར་ཡང་གསོལ་བ་བཏབ་པས། སྦུ་གུ་ནས་འོད་ཟེར་དམར་སེར་གྱི་རྒྱུན་བབས་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཁྱད་པར་བདུད་རྩིའི་རྡུལ་ཕྲ་རབ་ཐམས་ཅད་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པས་བར་མཚམས་མེད་པར་གཏམས་པ། དེ་ཐམས་ཅད་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་རབ་ཐམས་ཅད་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས། ལུས་ཀྱི་ནང་གི་འཇམ་དབྱངས་རྣམས་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་ལྷ་སྐུ་འོད་ཟེར་དང་བཅས་པས་གསལ་སིང་སིང་བར་བྱས་ནས་མ་རིག་པའི་མུན་པ་དང་ཁྱད་པར་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་པ་ལ་རྨོངས་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་རྒྱས། བྱེ་བྲག་གསུང་རབ་ཀྱི་དགོངས་དོན་སོགས་བླང་དོར་གྱི་གནས་ཐམས་ཅད་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་བྱུང་སྙམ་པའི་དམིགས་པ་མ་ཡེངས་པར་བྱ། གཉིས་པ་གསུང་གི་སྒོ་ནས་ཤེས་རབ་གསལ་བ་སྒྲུབ་པ་ལ། མ་དག་པ་འཁྲུད་ཚུལ་སྔར་བཞིན་བྱས་ནས་གསོལ་བ་བཏབ། བདུད་རྩི་དམར་སེར་གྱི་རྒྱུན་བྱུང་། ལུས་ཀྱི་ནང་ཐམས་ཅད་གང། ཁྱད་པར་བདུད་རྩིའི་རྡུལ་ཕྲ་རབ་ཐམས་ཅད་ཨ་ར་པ་ཙ་ན་དང་། དམིགས་བརྩེ་མའི་ཡིག་འབྲུའི་རྣམ་པས་ལུས་ཀྱི་ནང་ཁྱབ། དེ་དག་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་གསལ་བའི་ཤེས་རབ་ལ་སོགས་པའི་མཁྱེན་རབ་རྣམས། ཨ་ར་པ་ཙ་ན་དང་དམིགས་བརྩེ་མའི་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ལུས་ཀྱི་ནང་གི་ཡིག་འབྲུ་རྣམས་ལ་ཐིམ་པས། ལུས་ཡིག་འབྲུ་འོད་ཟེར་དང་བཅས་པས་གང་བས་མི་ཤེས་པའི་མུན་པ་སྤྱི་བྱེ་བྲག་རྣམས་བསལ། ཀུན་བྱང་གི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཇི་ལྟ་བ་བཞིན་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་བྱུང་སྙམ་དུ་བསམ། གསུམ་པ་ཐུགས་ས་བོན་གྱི་སྒོ་ནས་ཤེས་རབ་མྱུར་བ་སྒྲུབ་པ་ནི། མ་དག་པ་འཁྲུད་པ་དང་གཞན་ཐམས་ཅད་སྔར་བཞིན་ལ། བདུད་རྩིའི་རྡུལ་ཕྲ་རབ་རྣམས་དྷཱིཿཡིག་གི་རྣམ་པ་དང་། སྤྱན་དྲངས་པའི་མཁྱེན་རབ་རྣམས་ཀྱང་དྷཱིཿཡིག་གི་རྣམ་པར་བསྟིམ་པའི་འོད་ཟེར་གྱིས་མི་ཤེས་པ་སྤྱི་བྱེ་བྲག་སྦྱངས། མ་རྟོགས་པ་དང་ཕྱིན་ཅི་ལོག་ཏུ་རྟོག་པ་དང་ཐེ་ཚོམ་གྱི་བློ་སྐྱེས་མ་ཐག་འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་བྱུང་སྙམ་དུ་བསམ། བཞི་པ་ཕྱག་མཚན་གྱི་སྒོ་ནས་ཟབ་པའི་ཤེས་རབ་སྒྲུབ་པ་ནིི། མ་དག་པ་འཁྲུད་པ་སོགས་སྔར་བཞིན་ལ། བདུད་རྩིའི་རྡུལ་ཕྲ་རབ་རྣམས་རལ་གྲི་དང་གླེགས་བམ་གྱི་རྣམ་པ་དང་། སྤྱན་དྲངས་པའི་མཁྱེན་རབ་རྣམས་ཀྱང་གླེགས་རལ་གྱི་རྣམ་པར་ཐིམ་པ་ལས་མི་ཤེས་པ་སྦྱངས། གསུང་རབ་ཀྱི་ཚིག་དོན་གང་ལ་ཡང་ཐོགས་རྡུག་མེད་ཅིང་རིགས་པ་མཐའ་ཡས་པའི་རྣམ་པར་འབྱེད་པ་འཇུག་ནུས་པའི་ཤེས་རབ་ཟབ་མོ་ཚད་བཟུང་མེད་པ་ཐོབ་བྱུང་སྙམ་དུ་བསམ། ལྔ་པ་གླེགས་བམ་གྱི་སྒོ་ནས་འཆད་པའི་ཤེས་རབ་སྒྲུབ་ཚུལ་ནི། མ་དག་པ་འཁྲུད་པ་སོགས་སྔར་བཞིན་ལ། བདུད་རྩིའི་རྡུལ་ཕྲ་རབ་ཐམས་ཅད་གང་འཆད་རྒྱུའི་གླེགས་བམ་གྱི་རྣམ་པ་དང་། རྒྱལ་བ་སྲས་བཅས་སྤྱི་དང་བྱེ་བྲག་འཆད་པ་ལ་ཐོགས་པ་མེད་པའི་མཁས་པ་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཆད་པའི་ཤེས་རབ་ཐམས་ཅད་སྔར་ལྟ་བུའི་གླེགས་བམ་གྱི་རྣམ་པར་སྤྱན་དྲངས་ནས་ཐིམ་པ་ལས་ལུས་ཀྱི་ནང་གླེགས་བམ་འོད་ཟེར་དང་བཅས་པས་གང་། གསུང་རབ་ཀྱི་ཚིག་དོན་ལ་རྨོངས་པའི་མི་ཤེས་པ་ཐམས་ཅད་སྦྱངས་ནས། ཚིག་དོན་ཇི་ལྟ་བ་བཞིན་ཁོང་དུ་ཆུད་ནས། གཞན་ལ་སྟོན་ནུས་པའི་ཤེས་རབ་ཐོབ་བྱུང་སྙམ་པ་བྱེད། དྲུག་པ་རལ་གྲིའི་འཁོར་ལོའི་སྒོ་ནས་རྩོད་པའི་ཤེས་རབ་སྒྲུབ་པ་ནི། གཞན་ཐམས་ཅད་སྔར་བཞིན་ལ། བདུད་རྩིའི་རྡུལ་ཕྲ་རབ་རྣམས་རལ་གྲིའི་འཁོར་ལོ་ལྟེ་བར་རལ་གྲི་སོ་ཉིས་མ་གྱེན་འགྲེང་གི་ཡུ་བ་གཡེར་ཁའི་ཁ་ལྟ་བུ་ནས་འཐོན་པའི་རལ་གྲིའི་རྩིབས་དྲུག། དབུས་ཀྱི་རལ་གྲིའི་ཡུ་བའི་མཚམས་སུ་ཟླ་གདན་ལ་དྷཱིཿཕྱི་ནང་གཉིས་ཀར་གསལ་བ་དང་། རྩིབས་དྲུག་གི་སྟེང་དུ་མ་རེག་ཙམ་གྱི་ཟླ་གདན་ལ་ཨོཾ་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་རེ་རེའམ་དམིགས་བརྩེ་མ། མཚམས་རྣམས་སུ་ཟླ་གདན་ལ་དྷཱིཿརེ་དང་བཅས་པའི་འཁོར་ལོའི་རྣམ་པར་གྱུར་པ་དང་། སྤྱི་བྱེ་བྲག་གི་མཁྱེན་རབ་ཀྱང་དེ་ལྟ་བུའི་འཁོར་ལོའི་རྣམ་པར་སྤྱན་དྲངས་ནས་ཐིམ། འཁོར་ལོ་གཡས་སྐོར་དུ་མྱུར་བར་འཁོར་བས་ཕས་རྒོལ་གྱི་ལོག་རྟོག་ཐམས་ཅད་འཇོམས་པ་ལ་རྨོངས་པའི་དྲ་བ་ཐམས་ཅད་བཅད། རྩོད་པ་ལ་ཐོགས་པ་མེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་བྱུང་སྙམ་པ་བྱེད། བདུན་པ་གླེགས་རལ་གཉིས་ཀའི་སྒོ་ནས་རྩོམ་པའི་ཤེས་རབ་སྒྲུབ་ཚུལ་ནི། གཞན་སྔར་བཞིན་ལ། བདུད་རྩིའི་རྡུལ་ཕྲ་རབ་རྣམས་གླེགས་བམ་དང་རལ་གྲིའི་འཁོར་ལོ་སྔར་ལྟ་བུའི་རྣམ་པ་དང་། སྤྱི་དང་བྱེ་བྲག་གི་མཁྱེན་རབ་ཀྱི་ཡོན་ཏན་རྣམས་ཀྱང་དེ་འདྲའི་གླེགས་རལ་གྱི་རྣམ་པར་སྤྱན་དྲངས་ནས་ཐིམ་པས་གང་རྩོམ་པ་ལ་རྨོངས་པའི་མི་ཤེས་པ་ཐམས་ཅད་སྦྱངས་ཤིང་རལ་གྲིས་བཅད། རྩོམ་པ་ལ་ཐོགས་མེད་ཀྱི་ཤེས་རབ་ཁྱད་པར་ཅན་ཐོབ་བྱུང་སྙམ་པ་བྱེད། དམིགས་སྐོར་བདུན་ལས་རང་གང་སྒྲུབ་འདོད་པ་དེ་ཉིད་བྱ་བ་ལས། ཐམས་ཅད་རིམ་བཞིན་བྱ་དགོས་པ་མིན་ཞིང་། གཞན་ཡང་ནད་ཞི་བའི་ཆེད་དུ་བྱེད་ན། བད་ཀན་ལ་བདུད་རྩི་སྔོན་པོ་བསིལ་བའི་རང་བཞིན་ཅན་དང་། མཁྲིས་པ་ལ་དཀར་པོ་བསིལ་བའི་རང་བཞིན་ཅན་དུ་བསྒོམ་པ་ལྟ་བུ་ནད་སོ་སོར་བདུད་རྩིའི་ཁ་དོག་དང་རེག་བྱའི་ཁྱད་པར་བསྒྱུར་བ་དང་། མགོན་པོ་འཇམ་དབྱངས་ཀྱི་དཀའ་ལས། ཞི་བ་དཀར་པོ་པད་དཀར་འཛིན།། མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཅན།། བུམ་ཆུ་མེ་ལོང་ལ་སོགས་ཏེ།། ཞེས་སོགས་གསུངས་པའི་ཁ་དོག་དང་ཕྱག་མཚན་གྱི་ཁྱད་པར་སོགས་ལས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རབ་འབྱམས་ཀྱང་སྒྲུབ་ཚུལ་ཡོད་པ་བཞིན་སྐབས་སུ་གང་བབས་ཀྱི་ཁ་བསྒྱུར་ཤེས་པར་བྱས་ནས་ཉམས་སུ་ལེན་པར་བྱ་ཆོག་སྟེ། སྔར་བཀོད་པ་དེ་དག་དང་བཅས་པ་ལ་ད་དུང་རྒྱུད་དོན་མན་ངག་ཏུ་ཤར་བའི་བླ་མ་དམ་པའི་ཞལ་ལས་ཤེས་དགོས་པའི་གནད་ཀྱི་དོན་ཀྱང་མང་དུ་ཡོད་པར་སྣང་ངོ།། གསུམ་པ་མཇུག་གི་བྱ་བ་ནི། དེ་ལྟར་དམིགས་བརྩེ་མའི་སྒོ་ནས་གསོལ་འདེབས་ཇི་ཙམ་རིགས་པ་བྱས་རྗེས་སླར་ཡང་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དམིགས་ཀྱིས་བསལ་བ་བྱེད་པར་འདོད་ན་འདི་ལྟར་བྱ་སྟེ། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས།། རིགས་དྲུག་འགྲོ་ལ་སྙིང་རྗེས་པད་དཀར་ཅན།། མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན་པའི་ལྷ།། རིགས་གསུམ་སྒྱུ་འཕྲུལ་རྡོ་རྗེ་ཙོང་ཁ་པ།། མགོན་ཁྱོད་སྐུ་གསུང་ཐུགས་གསང་ལས་འོངས་པའི།། བྱིན་མཐུས་རྡོ་རྗེ་གསུམ་དུ་བདག་སྒྲུབ་ཅིང་།། དེང་ནས་བརྩམས་ཏེ་སྐྱེ་བ་ཐམས་ཅད་དུ།། མཉེས་བཞིན་རྗེས་སུ་འཛིན་པར་མཛད་དུ་གསོལ།། དལ་འབྱོར་ཡོན་ཏན་ཚང་བའི་རིན་ཆེན་ལུས།། རྣམ་དག་བསྟན་པའི་སྲོལ་དང་མཇལ་དུས་འདིར།། འགྲུབ་ཀྱང་དེ་ཡི་མོད་ལ་འདོར་དགོས་པའི།། ཆོས་བརྒྱད་སྣང་ཤས་ལྡོག་པར་བྱིན་གྱིས་རློབས།། འཆི་བདག་སྲོག་ལ་རྒོལ་བའི་ཆད་པ་དེ།། ནམ་ཡོང་ངེས་པ་མེད་པས་ཞེ་སྐྲག་ནས།། གནས་སྐབས་ཀུན་ཏུ་ཕན་ངེས་དམ་ཆོས་ལ།། བརྩོན་འགྲུས་དྲག་པོས་འབད་པར་བྱིན་གྱིས་རློབས།། མཁན་སློབ་ཡི་དམ་སྤྱན་སྔར་ཁས་བླངས་པའི།། སྡོམ་པ་གསུམ་གྱི་བཅས་མཚམས་ལ་སོགས་པ།། དཀར་ནག་ལས་རྣམས་ཕྲ་ཞིང་ཕྲ་བ་ལའང་།། བླང་དོར་ཚུལ་བཞིན་བྱེད་པར་བྱིན་གྱིས་རློབས།། ཐོག་མེད་ཞིག་ནས་རིགས་དྲུག་གནས་ངན་འདིར།། སྡུག་བསྔལ་འབའ་ཞིག་མྱོང་བའི་སྣང་ཚུལ་ལ།། གཏིང་ནས་ངེས་འབྱུང་སྐྱོ་ཤས་དྲག་པོ་ཡིས།། ཐར་པ་དོན་གཉེར་སྐྱེ་བར་བྱིན་གྱིས་རློབས།། གངས་མེད་སྐྱེ་བར་བདག་གི་དོན་གྱི་སླད།། སྡིག་དང་སྡུག་བསྔལ་ཟུག་རྔུས་ཆེས་མནར་བའི།། འགྲོ་རྣམས་ཕ་མར་མཐོང་ནས་སྙིང་རྗེ་དང་།། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།། གདོད་ནས་སྤྲོས་པ་བྲལ་བའི་ཆོས་ཀྱི་དབྱིངས།། ལེགས་པར་རྟོགས་པའི་ཡང་དག་ལྟ་བ་དང་།། སྦྱིན་སོགས་བསོད་ནམས་རྒྱ་ཆེན་སྡུད་པའི་ཚོགས།། ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས།། ལས་རླུང་ཀུན་རྟོག་སྲིད་པའི་དྲ་བ་རྣམས།། མྱུར་ལམ་འཁོར་ལོའི་མཚོན་གྱིས་རབ་བཅད་ནས།། ཚེ་འདི་ཉིད་ལ་ཁྱབ་བདག་རྡོ་རྗེ་འཆང་།། སྐུ་བཞིའི་དབང་ཕྱུག་ཐོབ་པར་བྱིན་གྱིས་རློབས།། ཞེས་པ་རྣམས་དོན་དྲན་བཞིན་པར་བརྗོད་ཅིང་བསྡུས་སྐབས་མ་བྱས་ཀྱང་ཆོག་གོ། དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་གར་པདྨོའི་སྟེང་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་གསོལ་བ་བཏབ་པས། འཁོར་གསལ་བཏབ་ཡོད་ན་དེ་རྣམས་ཡབ་སྲས་གསུམ་ལ་ཐིམ་ཞིང་། སྲས་གཉིས་གཙོ་ལ་ཐིམ། དེ་གཉིས་ཀྱི་སེང་ཁྲི་ཡང་གཙོ་བོའི་ཁྲི་ལ་ཐིམ། ཡང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། ཞེས་སོགས་ཀྱིས་གསོལ་བཏབ་པས། རྗེ་བླ་མའི་སེང་ཁྲི་པད་ཟླ་དང་བཅས་པ་རང་གི་ལུས་ཀྱི་དབུས་དྲང་ཐད་དུ་རྩ་དབུ་མ་གསལ་བཏབ་པའི་ཡར་སྣེ་ཚངས་བུག་ཏུ་ཁ་གདངས་ངེར་ཡོད་པ་ནས་ཞུགས། དབུ་མའི་ནང་གི་སྙིང་གའི་ཐད་དུ་རང་གི་སྙིང་བློས་གྱེན་དུ་བསླང་ནས་ཚལ་པ་བརྒྱད་དུ་གྱེས་པ་ལ་ཐིམ་པས་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གྱུར་པར་བསམ། ཡང་སྔར་བཞིན་གསོལ་བ་བཏབ་པས་རྗེ་བླ་མ་རང་དང་ཁ་བལྟ་ཕྱོགས་མཐུན་པར་སྤྱི་གཙུག་ནས་དབུ་མའི་ནང་བརྒྱུད་བྱོན། སྙིང་གའི་པད་མོའི་དབུས་སུ་རང་གི་རླུང་སེམས་ལ་ཐིམས་ནས་དབྱེར་མེད་དུ་འདྲེས་པ་ལས། དེ་ཉིད་རྗེ་བླ་མའི་སྐུར་གྱུར་པར་བསམས་ནས་པད་འདབ་རྣམས་སྤུངས་སྐུ་ཁ་བསྡུས་པ་ལྟར་འདུས་པའི་ནང་འོད་ཟེར་སྣ་ལྔས་ཞལ་ཞལ་བྱས་པ་ལྟ་བུའི་ཕྱིར་དམིགས་བརྩེ་མ་དང་ཨ་ར་པ་ཙ་ནའི་སྔགས་ཕྲེང་གིས་བཅིངས་པར་བསམ་པའི་རྩེར་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཕྱེད་པའི་ཏོག་ལྕི་བས་མནན་པར་བསམ་ཞིང་། རྡོ་རྗེ་བསྒོམ་པ་འདི་མ་བྱས་ཀྱང་རུང་ལ་མཁས་གྲུབ་རྗེར་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་ལས། རྩ་དབུ་མའི་ཡར་སྣེ་འགག་ནས། ནང་འོད་ཟེར་སྣ་ལྔས་ཞལ་ཞལ་བྱས་པའི་མོས་པ་བྱ་བར་ཡང་གསུངས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། ཞེས་སོགས་ཀྱི་གསོལ་འདེབས་ལན་གཅིག་ལས་མི་བྱེད་པ་ཡང་ཡོད་པས་གང་བདེ་བྱ། དེ་ནས་རྗེས་བསྔོ་བ་དང་སྨོན་ལམ་བྱ་བ་ནི། དེ་ལྟར་དངོས་གྲུབ་མ་ལུས་འབྱུང་བའི་གནས།། རྗེ་བཙུན་བླ་མ་མཆོད་ཅིང་གསོལ་བཏབ་མཐུས།། སྐྱེ་བ་ཀུན་ཏུ་འཇམ་དབྱངས་བླ་མ་ཡིས།། མཉེས་བཞིན་རྗེས་སུ་འཛིན་པ་ཉིད་གྱུར་ཅིག། རིན་ཆེན་དུ་མ་ལས་གྲུབ་དགའ་ལྡན་ཞིང་།། ངོ་མཚར་བྱེ་བའི་དབུས་ན་མི་ཕམ་མགོན།། ལེགས་པར་བསྒོམས་པས་རྣམ་དག་ཞིང་འགྲུབ་ཅིང།། ཚེ་འཕོས་མོད་ལ་གནས་དེར་སྐྱེ་བར་ཤོག། རྗེ་བཙུན་ཐུགས་ཀ་ནས་འཕྲོས་སྤྲིན་དཀར་ཡུག། བརྐྱང་བའི་སྣེ་མོར་བླ་མ་སྲས་དང་བཅས།། སྤྱན་དྲངས་ཡན་ལག་བདུན་གྱིས་ཚོགས་བསགས་པས།། བདག་རྒྱུད་བདེ་བླག་ཉིད་དུ་སྨིན་པར་ཤོག། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས།། ཟུང་འཇུག་སྤྲུལ་སྐུར་ཤར་བའི་རྣམ་འདྲེན་གང་།། རིགས་གསུམ་ངོ་བོར་ཐག་བཅད་གསོལ་བཏབ་མཐུས།། མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་ཐོབ་ཤོག། ཁྱད་པར་དག་པ་ཡེ་ཤེས་བདུད་རྩིའི་ཆུས།། སྒོ་གསུམ་སྡིག་སྒྲིབ་མི་ཤེས་ཀུན་འཁྲུད་ཅིང་།། འཆད་རྩོད་རྩོམ་སོགས་མཐའ་ཡས་ཤེས་བྱ་ལ།། བློ་གྲོས་མགོན་པོ་འཇམ་དབྱངས་མཚུངས་པར་ཤོག། བྱང་ཤར་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་།། རྣམ་འདྲེན་སེང་གེའི་ང་རོའི་ཞབས་དྲུང་དུ།། འཁོར་གྱི་ཐོག་མར་སྐྱེས་ནས་མདོ་སྔགས་ལ།། ཐོས་བསམ་བསྒོམ་པས་རྟག་ཏུ་འདའ་བར་ཤོག། མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།། རྗེ་བཙུན་བློ་བཟང་གྲགས་པ་ཡབ་སྲས་དང་།། མི་འབྲལ་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་ནས།། བསྟན་དང་འགྲོ་བའི་དོན་ཆེན་ལྷུར་ལེན་ཤོག། ཅེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་པར་བྱ། སྙིང་གའི་བླ་མའི་སྐུའི་བཀོད་པ་འཆི་ཁ་བར་དུ་མི་བསྡུ་བར་འཇོག་པས་ཐུན་རྗེས་མ་སོགས་ཀྱི་ཚེ་མདུན་གྱི་གསོལ་བ་འདེབས་ཡུལ་རིམ་གྱིས་བྱོན་པ་སྙིང་གའི་སྔགས་འཕྲེང་གི་ཐག་པ་དཀྲོལ་ནས་པད་འདབ་རྣམས་སྔར་ལྟར་གྱེས་པའི་དབུས་ཀྱི་བླ་མ་ལ་ཐིམ་པར་བསམ་ཞིང་། རྒྱུན་དུ་སྙིང་གའི་རང་སེམས་བླ་མའི་ངོ་བོར་གསལ་བ་ཡང་ཡང་དྲན་ནས་དེ་ལ་གསོལ་བ་གདབ་པ་དང་། ཁ་ཟས་ཀྱི་ཚེ་བཟའ་བཏུང་བདུད་རྩིར་མོས་ནས་སྙིང་གའི་བླ་མ་ལ་ཕུལ་ནས་མཆོད་པའི་མོས་པ་བྱ་ལ། གཞན་ཡང་ཅིར་སྣང་ཐམས་ཅད་བླ་མའི་གསང་བ་གསུམ་གྱི་ངོ་བོར་བསྒོམས་ནས་གསོལ་བ་འདེབས་པ་དང་། དེ་ཐམས་ཅད་ཀྱང་རང་གི་བློས་ཕར་བཏགས་པ་ཙམ་མ་གཏོགས་ཡུལ་གྱི་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པའི་ལྟ་བས་རྒྱས་བཏབ་སྟེ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤར་བའི་ངང་ནས་དགེ་སྦྱོང་ཐམས་ཅད་ཀྱི་མཆོག་བླ་མའི་རྣལ་འབྱོར་སྦྱོང་བ་ལ་འབད་པར་བྱའོ།། སྲས་བཅས་རྒྱལ་བའི་མཁྱེན་རབ་འཆི་མེད་བཅུད།། རིངས་པར་འཐུང་བའི་མཚན་བཟང་འདབ་བརྒྱའི་ཁ།། ལུས་ཅན་ཡོངས་ལ་མ་འདྲིས་མཛའ་བཤེས་སུ།། ཉེ་བར་འཛུམ་པའི་མགོན་གཅིག་ཙོང་ཁ་པ།། མཐའ་དང་ཐོགས་པ་ཡོངས་བྲལ་ནམ་མཁའི་དབྱིངས།། ཕྱོགས་བཅུ་གར་ཡང་མི་འཇུག་གོ་སྐབས་ཅི།། དེ་བཞིན་འཇམ་དབྱངས་བླ་མའི་འཕྲིན་ལས་ཀྱིས།། ཉེ་བར་མ་བཟུང་ལུས་ཅན་དམིགས་སུ་མེད།། འོན་ཀྱང་དངོས་གྲུབ་བླ་མེད་འདུས་པའི་ཆབ།། དག་བྱེད་གངྒཱ་གསར་པ་དེ་ཡི་སླད།། མི་ཕྱེད་དད་གུས་སྐལ་ལྡན་ཤིང་རྟ་ཡི།། བརྩོན་པའི་གོ་ཆ་ལ་བལྟོས་རྟེན་འབྲེལ་མཐུ།། དེ་ཕྱིར་གསོལ་འདེབས་རྣལ་འབྱོར་བྱ་བའི་རིམ།། འདི་བཀོད་དགེ་བས་ཚེ་རབས་ཐམས་ཅད་དུ།། བློ་བཟང་གྲགས་པའི་བཤད་དང་སྒྲུབ་པའི་བསྟན།། བཟུང་ལ་སྙིང་སྟོབས་བརྩོན་པ་མི་ལྷོད་ཤོག། ཁྱད་པར་དུས་ཀྱི་མཐའ་འདིར་མདོ་སྔགས་བསྟན།། ཉན་བཤད་སྒྲུབ་པས་ཚུལ་བཞིན་གསལ་ནུས་ཤིང་།། དེ་ཡི་འགལ་རྐྱེན་མི་མཐུན་ཀུན་ཞི་ནས།། མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་ལྷུན་གྲུབ་ཤོག། ཅེས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་ལ་དམིགས་བརྩེ་མའི་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱ་ཚུལ་དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་དམིགས་སྐོར་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་འདི་ནི་མཚན་བརྗོད་པར་དཀའ་བའི་དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས་མཆོག་ཁྲི་ཆེན་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཀྱིས་འདིའི་ཁྲིད་ཡིག་ཅིག་རྩོམས་ཤིག་བཀས་གནང་བ་དང་། བསྟན་པའི་གསལ་བྱེད་ད་ཡ་པཎྜི་ཏ་ཧུ་ཐོག་ཐུས་ཀྱང་བསྐུལ་མ་མཛད་པ་བཅས་རྩོམ་འདུན་གྱི་ཐོག། ཁལ་ཁ་གཡོན་རུ་ཐུ་ཤེ་ཡེ་གུང་རྒྱལ་མཚན་གྱི་ཤོག། ཏཱ་བླ་མ་ཨེརྟེ་ནི་དར་ཧན་ཤི་རཱེ་གེ་ཐུ་བློ་བཟང་བསོད་ནམས་དང་། ནང་སོ་བློ་བཟང་བརྩོན་འགྲུས། དཀའ་བཅུ་བློ་བཟང་ཆོས་དབང་གསུམ་གྱིས་བླ་མའི་རྣལ་འབྱོར་འདི་གའི་དམིགས་རིམ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཁ་གསལ་ཁྱེར་བདེར་ཞིག་དགོས་ཚུལ་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་འདི་གའི་ཁྲིད་ཡིག་གྲུབ་མཆོག་འཇམ་དཔལ་རྒྱ་མཚོས་མཛད་པ་ལ་གཞི་བྱས་ཏེ་རྗེ་བླ་མའི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སུག་བྲིས་སུ་བགྱིས་པ་འདིས་འགྲོ་བ་མཐའ་དག་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག།