User:འོད་ཡུག་དར་རྒྱས།

ཡོང་ཁུངས་Wikipedia


༄༸གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་ལ་དགོངས་དག་ཞུས། བོད་པར་ནོར་ལྷ་ཛམ་བྷ་ལ་སོགས་ཡོད་ན་ཡང་བོད་པ་དངུལ་སྒོར་ས་ཡའི་བདག་པོ་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱ་མི་གུང་ཁྲན་ལ་ནོར་ལྷ་མེད་ཀྱང་ས་ཡ་བདག་པོ་མང་པོ་འདུག ཕྱི་རྒྱལ་བ་ཚོའང་དེ་བཞིན་རེད། ང་ཚོ་བོད་པ་ཚོར་ཛམ་བྷ་ལ་གྲོད་པ་ལུག་པ་དེ། ལྷ་ཁོང་རང་ས་ཡ་བདག་པོ་ཡིན་ན་མ་གཏོགས་ང་ཚོ་ས་ཡ་བདག་པོ་བཟོ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ལས་བརྒྱབ་ནས་དངུལ་བཟོ་དགོས་པ་རེད་མ་གཏོགས་ལྷ་གསོས་ནས་དངུལ་བཟོ་ཐུབ་ཀྱི་མེད་པས་ཁྱེད་རང་ཚོས་བྱེད་ཐུབ་ན་སྐྱག་རྫུན་དང་ཧམ་པ་མིན་པར་དྲང་པོ་དྲང་བཞག་ཐོག རང་ངོས་ནས་བཟོ་གྲྭ་དེ་འདྲ་བཙུགས་ཏེ་གང་ཐུབ་ཐུབ་ཀྱིས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་ཡག་པོ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་ལ། ཚོགས་འདུ་དེའི་སྟེང་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་པའི་ཁྱད་ལས་མི་སྣ་ ༨༠ ཙམ་མཉམ་ཞུགས་བྱས་ཡོད། ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གིས་ཁྱད་ལས་མི་སྣར་དམིགས་བསལ་མཇལ་འཕྲད་དང་བཀའ་སློབ་གསུང་བཤད་གནང་ཡོད་ཅིང་། མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་ཆེད་ལས་མི་སྣ་རྣམས་ལ་གསུང་བཤད་གནང་དོན། ང་ཚོ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༤ བའི་ནང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཡོད། སྐབས་དེར་མི་ལོ་ ༥༠ ཕྱིན་རྗེས་བཟོ་ལྟ་གང་འདྲ་ཆགས་གྲབས་ཡོད་མེད་སུ་གཅིག་གི་བསམ་བློའི་ནང་མེད། ཡིན་ནའང་། ང་ཚོར་བདེན་པ་ཡོད་སྟབས་བདེན་པའི་ནུས་པ་གསལ་ངེས་པའི་སེམས་ཤུགས་ཡོད་ལ། སེམས་ཤུགས་དེའི་ཐོག་ཨུ་ཚུགས་བརྒྱབ་པའི་དབང་གིས་མི་མང་པོ་ཞིག་གི་བསམ་བློའི་ནང་ལོ་འགའ་ཤས་ནང་འགྱུར་ཡོང་གི་རེད་བསམ་སྟེ་རེ་བ་རྒྱག་མཁན་མང་པོ་བྱུང་ཡོད། ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པའི་བསམ་ཚུལ་འཁྱེར་ཏེ་གཞིས་ཆགས་གསར་འཛུགས་བྱས་ཡོད། ལོ་ ༥༡ ཕྱིན་པའི་ད་ལྟ་བོད་པའི་གནས་སྟངས་ལ་ཕྱིར་བལྟས་བྱས་ན། ང་དགུ་ལོར་རྒྱ་གཞུང་གིས་བོད་ས་ཡོངས་དྲག་གནོན་བྱེད་སྐབས། ལོ་ལྔ་བཅུའི་རྗེས་སུ་བོད་པ་ཚོས་རྒྱ་ནག་གཞུང་ལ་མུ་མཐུད་སུན་པོ་བཟོ་གི་རེད་བསམ་པ་ཕལ་ཆེར་མེད། བོད་ཀྱི་གནད་དོན་ཡལ་འགྲོ་བའི་ཚོད་དཔག་བྱས་ཀྱང་ཡལ་མེད། དེ་ཡང་གཙོ་བོ་དེ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧ་ལས་པ་ཡོད་པའི་དབང་གི་རེད་ལ། རྒྱ་ཆེའི་མི་མང་ལ་སེམས་ཤུགས་དེ་འདྲ་ཡོད་པ་དེའང་རྒྱ་ནག་གཞུང་གི་བཀའ་དྲིན་རེད། བོད་པར་སྡུག་ཐག་ཆོད་བྱས་སྟབས་སོ་སོ་ལོ་རྒྱུས་དང་སྐད་ཡིག་ཡོད་པའི་མི་རིགས་ཤིག་དང་། སངས་རྒྱས་པའི་ལྟ་གྲུབ་ཟབ་ཤོས་བོད་ཡིག་ནང་ཡོད་པའི་མི་རིགས་ཤིག་ལ་རྒྱ་མིས་མཛུབ་མོ་གང་བསྟན་ཤར་རེད་ཟེར་ན་ཉན་གྱི་མ་རེད། དེར་བརྟེན། དྲག་གནོན་བྱེད་སྐབས་བོད་པའི་སེམས་ནང་ལ་ན་ཚ་གཏོང་གི་ཡོད། ང་ཚོ་བོད་པ་སེམས་ཤུགས་མཁྲེགས་པོ་ཡོང་བ་དེ་རྒྱ་མིའི་བཀའ་དྲིན་རེད། ཅེས་གསུངས་ཡོད།

ཡང་༸གོང་ས་མཆོག་གིས། ང་ཚོ་རྒྱ་གར་དུ་སླེབས་ཏེ་རང་དབང་ཞིག་ཐོབ་ཡོད་སྟབས། བོད་པའི་ཕྲུ་གུས་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་སྦྱོང་བྱེད་རྒྱུ་གཅིག་མཚུངས་སླེབས་ཐུབ་ཀྱི་ཡོད། ཆ་རྐྱེན་དང་མཐུན་རྐྱེན་འཛོམས་མིན་གྱི་ཁྱད་པར་ཕྲན་བུ་ཡོང་གི་རེད་མ་གཏོགས་བོད་པ་ཡག་ཐག་ཆོད་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་བོད་པ་ཧ་ལས་པ་རེད། སོ་སོའི་མི་རིགས་ཀྱི་ཞེན་ཁོག་སྙིང་སྟོབས་དང་དཀའ་ལས་རྒྱག་ཐུབ་མཁན་གྱི་རྣམ་དཔྱོད་ཡོད་མཁན་ཞིག་ཡིན་པ་ང་ཚོས་ཤེས་དགོས། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་བོད་པ་འགའ་རེས་བོད་པའི་གྱོན་གོས་གྱོན་རྒྱུར་ངོ་ཚ་མཁན་འདུག་ཟེར་མཁན་བྱུང་བ་རེད། བོད་པར་སྐྱེས་པ་དེས་གྱོང་རག་འདུག་ཟེར་མཁན་ཡང་བྱུང་བ་རེད། དུས་དེར་ང་ཚོས་འཛམ་གླིང་འདིའི་སྟེང་ཕར་དྲིལ་བསྒྲགས་བྱེད་ཐུབ་ཀྱི་མེད་ལ་བྱས་ཀྱང་མེད། འོན་ཀྱང་། འཛམ་གླིང་ཐོག་བློ་གཟུ་བོར་གནས་མཁན་མང་པོས་བོད་པ་ཞེས་བརྗོད་སྐབས་ཡ་རབས་དང་དྲང་པོ། སེམས་པ་བཟང་པོ་ཡིན་པ་ཞིག་ལ་ངོས་འཛིན་བྱས་པར་བརྟེན་བོད་པའི་སྤུས་ཚད་དང་ཆེ་མཐོང་ཇེ་ཆེར་ཕྱིན་ཡོད། ཡིན་ནའང་། དེང་སང་བོད་པ་སྐྱག་རྫུན་ཤོད་མཁན་མང་དུ་ཕྱིན་ཏེ་ཨ་རིའི་གཞུང་ཚབ་ཁང་གིས་མཐོང་མཆན་སྤྲོད་རྒྱུ་དེའང་དཀའ་ལས་ཁག་པོ་ཆགས་པ་དང་། ལྡི་ལི་དོན་གཅོད་ཀྱི་ངོས་སྦྱོར་ཡོད་ནའང་ངོས་ལེན་བྱེད་ཀྱི་མེད་ཚུལ་བརྗོད་ཀྱིན་འདུག དོན་གཅོད་ཀྱིས་ངོས་སྦྱོར་བཏང་བའི་མི་འགའ་ཤས་ཨ་རིར་ཕྱིན་སྟེ་ཚུར་མ་ལོག་པར་བརྟེན་དོན་གཅོད་ལའང་ཡིད་ཆེས་བརླག་ཡོད་པ་རེད། ལོ་སྔོན་མར་ང་ཨ་རིའི་གཞུང་ཚབ་གསར་པ་དང་ཐུག་སྐབས་ངས་ཁོང་ལ་དེང་སང་བོད་པ་མགོ་སྐོར་གཏོང་མཁན་དེ་འདྲ་ཡོད་པ་འདྲ། དགོངས་དག་ཅེས་བརྗོད་པ་ཡིན་ལ། ངས་དགོངས་དག་ཞུ་དགོས་བྱུང་བ་རེད། དགོངས་དག་ཞུས་ན་ཡག་གི་རེད། བོད་པས་ཞབས་འདྲེན་ཞུས་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན། ང་ཚོའི་སྤུས་ག་ཏོག་ཙམ་སྡུག་ཏུ་འགྲོ་བཞིན་ཡོད་པ་ལྟ་བུ་འདུག ང་ཚོའི་བདེན་པའི་རྣམ་པ་དེ་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་དེ་བོད་མི་རིགས་ཀྱི་སྟོབས་ཤུགས་རེད། ཡིན་ནའང་། ཞབས་འདྲེན་ཞུ་མཁན་ཁ་ཤས་ཡོང་གི་ཡོད་པ་དེ་ཡང་ང་ཚོས་མཐོང་དགོས་པ་རེད། མ་འོངས་པར་ང་ཚོས་དེ་འདྲའི་རིགས་མ་ཡོང་བ་བྱ་དགོས། ཁྱེད་རང་ཚོས་བོད་པ་ཞབས་འདྲེན་ཞུ་མཁན་དེ་འདྲ་མི་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་གང་བྱེད་དགོས་པ་དེ་བྱ་དགོས་པ་རེད་ཅེས་ནན་གྱིས་གསུངས་ཡོད།

ཁོང་གིས་མུ་མཐུད་དུ་གསུངས་དོན། ཁྱེད་རང་ཚོས་ཆེད་ལས་པ་ཡིན་ཟེར་ཡང་དོན་དངོས་ཐོག་ཆེད་ལས་པ་མེད་པ་ལྟ་བུ་བྱུང་ན་ཡག་པོ་མེད། དངོས་ནས་དྲང་པོ་དྲང་བཞག་དང་བདེན་པ་བདེན་གཏུགས་བྱེད་དགོས་པ་རེད། འཛམ་གླིང་སྟེང་དཔལ་འབྱོར་དཀའ་ངལ་དེ་དག་ཡོང་དགོས་པའི་རྒྱུ་རྐྱེན་གང་ཡིན་ངོས་ཀྱི་གྲོགས་པོ་ཚོར་དྲིས་པར། ཁོང་ཚོས་དངོས་ཡོད་གནས་ཚུལ་མ་ཤེས་པར་ཚོང་ཡོང་བའི་དོན་དུ་སྒྲོ་བཏགས་ཀྱི་སྐད་ཆ་བཤད་པ་དང་། ཕྱོགས་ཡོངས་ཀྱི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་མི་ཤེས་པ་དེ་ཚོ་ཡིན་སྐོར་བརྗོད་ཀྱི་འདུག ང་ཆེད་ལས་པ་ཡིན་ཟེར་ནས་ལག་ཤེས་དང་སྦྱོང་བརྡར་ཞེ་དྲག་ཡག་པོ་ཡོད་ནའང་རྩ་བའི་ལྷག་བསམ་དང་ཕྱོགས་ཡོངས་ཀྱི་ལྟ་ཚུལ་དེ་འདྲ་མེད་པ་ཡིན་ན་གྱོང་རག་རྒྱུ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཐུབ་པ་ཞིག་ཡོང་བར་སངས་རྒྱས་པའི་ལྟ་གྲུབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུང་ཡོད། ང་ཚོ་ནང་པ་སངས་རྒྱས་པ་ཚོས་ལོ་སྟོང་ཕྲག་རིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བ་དེ་ཤོད་ཀྱི་ཡོད། དེ་ང་ཚོ་མི་སུ་འདྲ་ཞིག་ལའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བ་དེ་ཤེས་ན་དེ་ཆོས་ཀྱི་སྐད་ཆ་ཙམ་མིན་པར་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས་ཁྱེད་ཚོས་དོ་སྣང་བྱ་དགོས། མདོར་ན། ངོས་ཀྱིས་ཁྱེད་ཚོར་བརྗོད་དོན་རིམ་པ་དང་པོ་དེ་བོད་པ་ཞིག་ཡིན་པའི་ངོས་ནས་སོ་སོར་སྤོབས་པ་བྱེད་དགོས་པ་ལས་ང་བོད་པ་སྐྱབས་མེད་མགོན་མེད་ཡིན་བསམ་ནས་ཞུམ་འདུག་རྒྱུ་མེད། བོད་པ་ཞེས་དུས་ཡུན་ལོ་སྟོང་ཕྲག་རིང་ནས་ལོ་རྒྱུས་ཡོད་པ། དངོས་གནས་དབུས་ཨེ་ཤ་ཡའི་བྱས་རྗེས་ཡོད་པའི་མི་རིགས་ཤིག་ཡིན་བསམ་པ། འདས་པའི་ལོ་ ༦༠ ནང་བོད་པའི་ཞབས་འདྲེན་ཞུས་མེད། བོད་པས་རང་ཚུགས་ཟིན་ནས་བསྡད་པ་དེ་ཤེས་པའི་ཐོག་ནས་སོ་སོར་སྤོབས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ནས་ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད། ང་ཚོར་རང་དབང་གི་གོ་སྐབས་ཡོད། རང་དབང་ཡོད་དུས་ལས་རིགས་གང་དང་གང་བྱས་ཀྱང་སོ་སོས་འཇོན་ན་གོ་སྐབས་ཡོད། ཁྱེད་རང་ཚོ་སྤྱི་ཚོགས་ཁྲོད་འབད་བརྩོན་དང་ལམ་ལྷོང་བཅས་ཕྱོགས་མང་པོའི་ཐོག་ནས་ཤེས་ཡོན་ཡོད་མཁན་གཏེ་པོའི་ནང་ནས་གཟུགས་བཟང་ཆགས་ཡོད། ཅི་ཙམ་གྱི་རང་ངོས་ནས་བྱེད་ཐུབ་པའི་གོ་སྐབས་ཡོད་པ་དེའི་ཚོད་ཀྱིས་ལས་འགན་ཞིག་ཆགས་ཀྱི་ཡོད། གཞིས་ཆགས་ནང་སྐྱོ་པོ་ཡིན་མཁན་ཚོར་ལྷག་བསམ་དང་སེམས་ཤུགས་ཡོད་ནའང་བྱ་རྒྱུ་གང་ཡང་མེད། ཁྱེད་རང་ཚོ་འགྲོ་སྟངས་གང་ལ་གང་འཚམ་ཆགས་ཏེ་ལས་ཀ་བྱེད་ཐུབ་པའི་སྐབས་འདིར་འགན་མ་བརྗེད་པ་བྱ་དགོས། ཞེས་གསུངས་བ་དང་།

མཐའ་མར་༸གོང་ས་མཆོག་གིས། ཁྱེད་རང་ཚོས་སྤྱི་ཚོགས་ལ་ཕན་པ་བསྒྲུབ་པར་ངེས་པར་བཙན་བྱོལ་ནང་སྡོད་མི་དགོས་པར་འཛམ་གླིང་ས་ཆ་གང་སར་བོད་པའི་མིང་བཟོ་རྒྱུ་དང་མིང་ཐོན་པར་བྱ་རྒྱུ། དེ་བཞིན་དཔལ་འབྱོར་གྱི་ཕྱོགས་ནས་ལས་ཀ་བྱ་ཐུབ་མཁན་ཡོད་ཚེ་ག་ལེར་བོད་པ་སྒོར་ས་ཡའི་བདག་པོ་དེ་འདྲ་ཡོང་དགོས་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དངུལ་མེད་ན་བྱ་རྒྱུ་གང་ཡང་མེད། ངོས་ཀྱིས་དུས་རྒྱུན་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། བོད་པར་ནོར་ལྷ་ཛམ་བྷ་ལ་སོགས་ཡོད་ན་ཡང་བོད་པ་དངུལ་སྒོར་ས་ཡའི་བདག་པོ་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱ་མི་གུང་ཁྲན་ལ་ནོར་ལྷ་མེད་ཀྱང་ས་ཡ་བདག་པོ་མང་པོ་འདུག ཕྱི་རྒྱལ་བ་ཚོའང་དེ་བཞིན་རེད། ང་ཚོ་བོད་པ་ཚོར་ཛམ་བྷ་ལ་གྲོད་པ་ལུག་པ་དེ། ལྷ་ཁོང་རང་ས་ཡ་བདག་པོ་ཡིན་ན་མ་གཏོགས་ང་ཚོ་ས་ཡ་བདག་པོ་བཟོ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ལས་བརྒྱབ་ནས་དངུལ་བཟོ་དགོས་པ་རེད་མ་གཏོགས་ལྷ་གསོས་ནས་དངུལ་བཟོ་ཐུབ་ཀྱི་མེད་པས་ཁྱེད་རང་ཚོས་བྱེད་ཐུབ་ན་སྐྱག་རྫུན་དང་ཧམ་པ་མིན་པར་དྲང་པོ་དྲང་བཞག་ཐོག རང་ངོས་ནས་བཟོ་གྲྭ་དེ་འདྲ་བཙུགས་ཏེ་གང་ཐུབ་ཐུབ་ཀྱིས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་ཡག་པོ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་བརྟན་པོ་ཆགས་རྒྱུ་དང་། ཤེས་ཡོན་ལ་མཚོན་ནའང་གཞི་རྩ་ཡག་ཐག་ཆོད་བཙུགས་ཡོད། ད་དུང་དཔལ་འབྱོར་དང་ཤེས་ཡོན་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་སྟབས་ང་ཚོ་ཕྱར་གྲུ་མཉམ་འདེགས་དང་ཁུར་མཉམ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་འདུག་ལ། ཁྱེད་ཚོ་ས་ཆ་གང་དུ་སོང་ཡང་བོད་པ་ཟེར་བའི་མིང་ཞིག་ཡོད་སྟབས། དེ་དང་འབྲེལ་བའི་བོད་པའི་ཡ་རབས་ཀྱི་གཤིས་ཀ་དེ་སྟོན་ཐུབ་དགོས། ཞེས་ལམ་སྟོན་བཀའ་སློབ་གནང་ཡོད།