User:ཚེ་འབར
༼ མི་ལ་རས་པའི་མགུར་གླུ ༽
འཆི་བ་ནམ་ཡོང་ཆ་མེད་པས།། དོ་ནུབ་ཡིན་ཡང་འཆི་ཉེན་ཡོད།། ཅིས་ཀྱང་དགེ་བ་་མི་ཉམས་པས།། བླ་མ་དེ་ལ་གུས་ཕྱག་འཚལ།། ནམ་འཆི་ཆ་མེད་མ་དྲན་པར།། ཚེ་འདིའི་ཅི་འདོད་དབང་དུ་སོང་།། ནུས་མེད་ཉམ་པ་ལྟ་བུར་ལ།། ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས།། དེ་ཙམ་ཤེས་རབ་སྙིང་རྗེ་ཅན།། སློབ་བུ་ཀུང་བཟང་གཞན་ཕན་སྙིང་།། མི་རྟག་འཆི་བ་མ་དྲན་ན།། ཚེ་འདི་བློ་ཡིས་གཏོང་བར་དཀའ།། མི་རྟག་འཆི་བ་དྲན་གྱུར་ན།། ཚེ་འདིའི་བྱ་བ་བློ་ཡིས་གཏོང་།། མི་རྟག་འཆི་བ་དྲན་གྱུར་ན།། གཅིག་ཀྱང་དགོས་མེད་ཁོ་ནར་ཤར།། མི་རྟག་འཆི་བ་དྲན་གྱུར་ན།། གང་ལ་འདོད་པ་མེད་པར་གྱུར།། མི་རྟག་འཆི་བ་དྲན་གྱུར་ན།། བླ་མ་རྣམས་ལ་དད་པ་བྱེད།། མི་རྟག་འཆི་བ་དྲན་གྱུར་ན།། ཆོས་གྲོགས་རྣམས་ལ་དག་སྣང་འབྱོང་།། མི་རྟག་འཆི་བ་དྲན་གྱུར་ན།། མི་དགེ་སྡིག་པ་ངང་གིས་འཛེམ།། མི་རྟག་འཆི་བ་དྲན་གྱུར་ན།། རྣམ་དཀར་དགེ་བའི་ལས་ལ་འབད།། མི་རྟག་འཆི་བ་དྲན་གྱུར་ན།། སྐྱོ་ཤས་དམུས་ལོང་ཡང་ཡང་གདོང་།། མི་རྟག་འཆི་བ་དྲན་གྱུར་ན།། སྒྲུབ་ལ་བརྩོན་འགྲུས་ཆེན་པོ་འབྱུང་།། མི་རྟག་འཆི་བ་དྲན་གྱུར་ན།། སྔར་གྱི་སྡིག་ལ་འཇིགས་པ་བྱེད།། མི་རྟག་འཆི་བ་དྲན་གྱུར་ན།། ཕྱིན་ཆད་མི་བྱེད་དམ་བཅའ་འབྱུང་།། འཆི་བ་དྲན་པ་ཡོངས་བསྟེན་ན།། བཤད་ན་བརྗོད་ཀྱིས་མི་ལང་བས།། དེའི་ཕྱིར་སྐལ་ལྡན་སློབ་བུ་མཆོག། ད་ནི་ཉིན་མཚན་དུས་དྲུག་ཏུ།། མི་རྟག་འཆི་བ་དྲན་པར་ཤོག། མི་རྟག་འཆི་བ་མ་ངེས་ཀྱང་།། ནམ་འཆི་ཆ་མེད་ཡང་ཡང་སོམས།། སང་ལོ་མི་འཆི་ངེས་པ་མེད།། དེའི་ཕྱིར་སང་ལོར་ཅི་ཞིག་བྱ།། མཉམ་དུ་ཚེ་འདི་བློ་ཡིས་ཐོངས།། འདས་པའི་ཉི་མ་ཤོར་བར་སོང་།། དོ་ནུབ་ཡང་ཡང་འཆི་ཉེན་ཡོད།། སང་གནངས་བྱ་བས་ཅི་ཞིག་བྱ།། མཉམ་དུ་ཚེ་འདི་བློ་ཡིས་ཐོངས།། བླ་མའི་ཐུགས་རྗེ་མ་ཤར་ན།། སུ་ལ་སྡོད་རྒྱུ་ག་ན་ཡོད།། མཉམ་དུ་ཆོས་ལ་འབད་པར་མཛོད།། དེ་སྐད་སྨྲས་པ་དེ་བཞིན་གྱིས།། ཚེ་འདི་བློ་ཡིས་ཐོངས་པར་ཤོག། གཞན་ཡང་སྐལ་ལྡན་གྱི་སྐྱེས་བུ་མང་བོ་ཞིག་ལ་ཞལ་གདམས་ཀྱི་མགུར་དབྱངས་འདི་ལྟར་བསྩལ་ཏོ།།
རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་།།
རྟེན་སྤྱི་གཙུག་འཁོར་ལོ་རྒྱན་དུ་བཞུགས།། འདིར་ཚོགས་སྐལ་ལྡན་ཕོ་མོ་ཡི།། བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས།། ང་རྒྱལ་ཁམས་འགྲིམ་པའི་རྣལ་འབྱོར་བས།། གདངས་སྙན་མོས་གླུ་དབྱངས་འདི་ལྟར་འཐེན།། ཀྱེ་ལན་གཅིག་གསོན་དང་སྐལ་ལྡན་ཀུན།། རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ།། ཕྱིར་ཡང་ཡང་ཐོབ་པར་འདོད་མ་སྐྱེས།། རྟེན་ད་རེས་ལན་གཅིག་ཐོབ་དུས་འདིར།། ཚེ་ཐུང་ཐུང་མ་བྱེད་སྐལ་ལྡན་ཀུན།། དེ་སོ་སོ་འཁྲུལ་བ་སྐྱེས་པའི་ཡུལ།། ཉིན་རེ་རེ་སོང་གིན་འཆི་ལ་ཉེ།། ཡུན་རིང་བོར་འདུག་པའི་གདེངས་མ་མཆིས། ཚེ་མི་རྟག་སོམས་ཞིག་སྐལ་ལྡན་ཀུན།། ནོར་མི་རྟག་རྩྭ་རྩའི་ཟིལ་བ་འདྲ།། ཡུན་རིང་བོར་མི་རྟག་མྱུར་དུ་འཛད།། སེམས་ཆོག་ཤེས་སེར་སྣ་མི་ཆེ་བར།། ཀུན་ཆོས་ཕྱོགས་ཐོངས་དང་སྐལ་ལྡན་ཀུན།། ཁྱིམ་བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ།། ཡུན་རིང་བོར་མི་སྡོད་སོ་སོར་གྱེས།། ཚེ་ཕྱི་མའི་ཡུལ་དུ་མྱུར་དུ་འགྲོ།། ད་མཐུན་པར་འགྲོགས་ཤིག་སྐལ་ལྡན་ཀུན།། དགྲ་ཚེ་རབས་སྔོན་མའི་ཕ་མ་ཡིན།། ཚེ་འདི་རུ་སྐྱོངས་ཤེས་འདོད་ན་ཡང་།། ཡུན་རིང་བོར་མི་སྡོད་ཁོ་ཡང་འཆི།། སེམས་ཞེ་སྡང་མ་བྱེད་སྐལ་ལྡན་ཀུན།། ཚེ་ཕྱི་མའི་ཡུལ་ལ་འགྲོ་བའི་ཚེ།། མར་ངན་སོང་གསུམ་གྱི་སྡུག་བསྔལ་དེ།། རང་ཐོག་ཏུ་བབ་ན་བཟོད་པར་དཀའ།། ལས་མི་དགེ་སྤོངས་ཤིག་སྐལ་ལྡན་ཀུན།། ཡར་མཐོ་རིས་ཐར་བའི་གནས་མཆོག་འདིར།། བགྲོད་ནུས་ན་གཏན་དུ་བདེ་ཞིང་སྐྱིད།། དེ་འཐོབ་པའི་ཐབས་མཆོག་ལྷ་ཆོས་ཡིན།། ཆོས་དགེ་བ་སྒྲུབས་ཤིག་སྐལ་ལྡན་ཀུན།། སྐྱབས་བསླུ་བ་མེད་པ་དཀོན་མཆོག་ལ།། དུས་ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས།། སེམས་བཟང་ན་ཅི་བྱེད་ཆོས་སུ་འགྲོ།། ཡར་སེམས་བསྐྱེད་མཛོད་ཅིག་སྐལ་ལྡན་ཀུན།། ཚོགས་གསོགས་ཤིང་སྒྲིབ་པ་ཀུན་སྦྱོངས་པའི།། ཐབས་མནྜལ་ཡིག་བརྒྱ་ནན་ཏན་གྱིས།། རྗེ་བྱིན་རླབས་ཅན་གྱི་བླ་མ་ལ།། རང་གསོལ་བ་ཐོབས་དང་སྐལ་ལྡན་ཀུན།། བོད་ཁ་བ་ཅན་གྱི་ལྷ་སྐལ་མཆོག། ལྷ་འཕགས་པ་སྤྱན་རས་གཟིགས་དབང་སྒོམས།། ཆོས་ཀུན་གྱི་སྙིང་པོ་མ་ཎི་ཡིན།། དུས་རྒྱུན་དུ་བསྒྲོངས་ཤིག་སྐལ་ལྡན་ཀུན།། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན།། དྲིན་ཆེ་བ་ཨོ་རྒྱན་པདྨ་ཡིན།། ལྷ་སྤྱན་རས་ཐུགས་རྗེ་བྱིན་རླབས་མྱུར།། དེ་གསོལ་བ་ཐོབས་ཅིག་སྐལ་ལྡན་ཀུན།། དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་།། ནོར་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན།། གཞན་ནོར་ལ་བརྣབ་སེམས་མ་ཆེ་བར།། སེམས་ཆོག་ཤེས་བསྟེན་ཞིག་སྐལ་ལྡན་ཀུན།། མི་སྐྱོན་མེད་ཡོན་ཏན་ལྡན་པ་དེ།། ད་དུས་ཀྱི་དབང་གིས་དཀའ་མོ་གདའ།། གྲོགས་གཞན་གྱིས་བྱིན་རླབས་མ་རྟོགས་པར།། ཀུན་གོང་དུ་བཀུར་ཅིག་སྐལ་ལྡན་ཀུན།། རང་དམན་ས་ཟུངས་ཤིག་དགེ་སྦྱོར་གྱིས།། དགེ་གང་བྱས་རྣམས་ཀྱི་མཇུག་དེ་ལ།། སྔོན་སྨོན་ལམ་རང་གིས་གང་ཤེས་ཐོབས།། དགེ་འཛིན་མེད་སྤེལ་ལོ་སྐལ་ལྡན་ཀུན།། གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས།། མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག། ཡུལ་འདི་རུ་བཀྲ་ཤིས་ཡོངས་ཁྱབ་ཞིང་།། བཀྲ་ཤིས་པས་ས་གསུམ་ཁྱབ་གྱུར་ཅིག།