User:བསོད་ནམས་རྒྱལ

ཡོང་ཁུངས་Wikipedia
Jump to navigation Jump to search

ཡུ་རོབ་ནང་གི་བོད་སྐད་འགྲན་བསྡུར། འདོན་སྤེལ། ༢༠༡༢/༡༢/༠༢

ཁ་སང་སུད་སིའི་ཨོ་ཙི་ཝེལ་དུ་སྐབས་དང་པོའི་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་ཞེས་པ་དེ་བསྡུས་སོང་།

ཁ་སང་སུད་སིའི་མངའ་སྡེ་སངྒ་ལེན་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭའི་གོ་སྒྲིག་འོག ཨོ་ཙི་ཝེལ་དུ་སུད་སིའི་བོད་ཡིག་སློབ་གྲྭ་ཁག་གི་བོད་རིགས་སློབ་ཕྲུག་ཚོར་༼ སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ༽ཞེས་པ་ཞིག་ཚོགས་སོང་།

ཐེངས་འདིའི་ཕ་སྐད་གཙང་མའི་འགྲན་བསྡུར་མཛད་སྒོ་དེར་སུད་སི་རི་ཀོང་མཁན་རིན་པོ་ཆེ་མཆོག་དང་སུད་སི་སྐུ་ཚབ་དོན་གཅོད། སྤྱི་ཟུར། དེ་བཞིན་སུད་སི་དང་ལེཀ་ཏེན་སིཊཡན་བོད་མི་མང་གི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་གཙོས་པའི་མི་མང་བརྒྱ་ལྷག་འདུ་འཛོམས་བྱུང་སོང་།

ལས་འགུལ་འདིའི་དམིགས་ཡུལ་ནི། སུད་སི་གཙོས་པའི་ཡུ་རོབ་ཡུལ་གྲུ་ཁག་གི་བོད་རིགས་འདུས་སྡོད་ཁུལ་དུ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་། ལྷག་པར་དུ་ཡུ་རོབ་ཁུལ་གྱི་བོད་པའི་ཕྲུ་གུ་ཚོར་མི་རིགས་རང་གི་སྐད་ཡིག་ལ་གོམས་བྱང་དང་། བོད་པའི་འདུ་ཤེས་གོང་མཐོར་གཏོང་ཆེད་ཡིན་འདུག

འགྲན་བསྡུར་འདིར་ཆེད་དུ་གཟུ་དཔང་བ་གསུམ་གདན་འདྲེན་གནང་ཡོད་པ་དག་ནི། སུད་སི་ནས་ཕེབས་པའི་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་དང་། ཧྥ་རན་སི་ནས་ཕེབས་པ་མདོ་སྨད་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས། སུད་སི་ནས་ཕེབས་པ་དགེན་དཀོན་མཆོག་ལགས་བཅས་ཡིན་འདུག

ལས་འགུལ་གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་དོན། “ བོད་པའ་འཐབ་རྩོད་གནང་སྟངས་དེ་སྐད་འབོད་གཅིག་པུ་མིན་པར། མི་རིགས་ཀྱི་རྒྱུ་རྩལ་ཀྱི་ཕྱོགས་དང་། རྩོམ་འབྲི། རི་མོ། རོལ་མོ་སོགས་ཀྱི་ཐོག་ནས་འཐབ་རྩོད་བྱེད་སྟངས་ཡོད་པ་རེད། ལྷག་པར་དུ་བོད་པའི་འཐབ་རྩོད་ཀྱི་གཞི་བཅོལ་ས་གཙོ་བོ་ཞིག་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དེ་ཆགས་ཡོད་དུས། ང་ཚོས་སྐད་ཡིག་སྲུང་སྐྱོབ་དར་སྤེལ་གྱི་ལས་འགུལ་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དོན། “ང་ཚོ་རང་དབང་ལུང་བར་སྡོད་པའི་བོད་པ་ཚོས་སོ་སོའི་ཕྲག་ཏུ་བབ་པའི་ལས་དོན་མང་པོ་ཞིག་ལ་དོ་སྣང་མི་སྤྲོད་པར། སྒྲུབ་མི་ཐུབ་པ་དང་མི་སྙོབས་ས་མང་པོ་ཞིག་ལ་ཨུ་ཚུགས་རྒྱག་གི་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་རེད། ཕྱི་རྒྱལ་ལུང་པའི་བོད་པ་ཚོ་དཔལ་འབྱོར་གྱི་ཐད་ནས་ཕྱི་རྒྱལ་བ་ཚོའི་རྗེས་ཟིན་ཀྱི་ཡོད་པ་མ་རེད། ཁ་ཕྱིར་འཁོར་ནས་ང་ཚོའི་བོད་པའི་གྲས་སུ་ཡང་མི་ཚུད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བས་ང་ཚོ་མི་སྒེར་སུས་ཀྱང་སྒྲུབ་ཐུབ་པ་དང་འཇོན་ཐུབ་པ། དཔེར་ན། སོ་སོའི་བྱིས་པ་ལ་བོད་སྐད་བཤད་པ་དང་། སོ་སོ་རང་ཉིད་ཀྱིས་དུས་རྒྱུན་བོད་དོན་ལ་དོ་སྣང་སྤྲོད་རྒྱུ་སོགས་ཕྲག་ཏུ་བབ་པའི་འགན་འཁྲི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཕ་སྐད་གཙང་མའི་འགྲན་བསྡུར་འདི་བཞིན་ཡུ་རོབ་སྤྱིའི་ནང་གི་བོད་རིགས་ན་ཆུང་བྱིས་པ་རྣམས་ཀྱི་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་གི་ངོ་བོར་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད” ཅེས་སོགས་བརྗོད་བྱུང་།

ཕ་སྐད་གཙང་མ་འགྲན་བསྡུར་དེ་ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ནས་དགོང་མོའི་ཆུ་ཚོད་ ༡༠ བར་གནང་ཡོད་ཅིང་། གཟུ་དཔང་བ་གསུམ་ཀྱིས་འགྲན་ཞུགས་པ་དག་གི་བོད་སྐད་སྐྱོན་སྟངས་དང་སྒྲ་གདངས། བརྗོད་གཞི་གསུམ་ལ་སྐར་གྲངས་སྤྲད་ཡོད་པ་རེད།

མཇུག་མཐར་སངྒ་ལེན་སློབ་གྲྭའི་སློབ་མ་བསྟན་འཛིན་བཟང་མོ་ལགས་སུ་ཨང་དང་པོ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༥༠༠ དང་། ཨང་གཉིས་པ་ཧོར་གྷན་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༣༠༠ ། ཨང་གསུམ་པ་སཱོ་ལོ་ཊོན་སློབ་གྲྭའི་སློབ་མ་ངག་དབང་ཆོས་སྐྱིད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༢༠༠ བཅས་གསོལ་རས་སུ་བསྩལ་སོང་།